ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ བཀའ་སྲུང་གཉན་པོའི་བསྐང་གསོལ༔

From Dudjom Wiki
TTDL-ZABTER-05-CA-043
Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi: bka' srung gnyan po'i bskang gsol: TTDL-ZABTER-05-CA-043.pdf
Location bdud 'joms gling pa zab gter
Volume 5, Text 43, Pages 427-431 (Folios 1a1 to 3a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi bka' srung gnyan po'i bskang gsol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 427-431. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཐུགས་སྒྲུབ་གསང་བའི་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་ངས། །གསེར་ཤོད་རྔ་ལ་སྟག་རྩེའི་མགུལ་ནས་བཏོན། །མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ། །རྟེན་འབྲེལ་དུས་བབ་མེ་ཕོ་བྱི་བའི་ལོར། །བི་མའི་རྣམ་འཕྲུལ་ཆོས་ཀྱི་བདག་པོ་ལ། །གཏད་རྒྱ་བཀྲོལ་བའི་དུས་ཚིགས་མཁའ་འགྲོས་བསྟན། །དེ་ཕྱིར་སྨར་མདོ་དགའ་བ་འཁྱིལ་ནས་བྲིས། །ཡི་གེ་རིས་བྱེད་རིག་པའི་རྡོ་རྗེས་སོ། །དགེའོ། །དགེའོ། །དགེའོ།།

sbas pa'i rnal 'byor bdud 'joms rdo rje ngas/_/gser shod rnga la stag rtse'i mgul nas bton/_/mi lo bco brgyad bar du bka' rgyas btab/_/rten 'brel dus bab me pho byi ba'i lor/_/bi ma'i rnam 'phrul chos kyi bdag po la/_/gtad rgya bkrol ba'i dus tshigs mkha' 'gros bstan/_/de phyir smar mdo dga' ba 'khyil nas bris/_/yi ge ris byed rig pa'i rdo rjes so/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ བཀའ་སྲུང་གཉན་པོའི་བསྐང་གསོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) སྲུང་མ་གཉན་པོ་མི་འབྲལ་ཕྱིར༔ གཙོ་འཁོར་དྲིལ་ཏེ་བསྒོམས་ནས་སུ༔ སྙིང་པོའང་གཅིག་ཏུ་དྲིལ་དུ་བཟླ༔ གསོལ་མཆོད་འདི་ལ་རྟག་ཏུ་བརྩོན༔ འབྱོར་ཚོགས་འདོད་ཡོན་གཏོར་སྐྱེམས་བཤམ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ ཀུན་བཟང་མཆོད་སྤྲིན་བླ་ན་མེད༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན༔ ལྷ་ཡི་ང་རྒྱལ་ལས་མི་འདའ༔ དམ་ཚིག་དབང་བཙུག་བསྟན་ལ་སེམས༔ འདི་ནི་སྲུང་མ་བསྒྲུབ་པའི་གནད༔ དང་པོ་འབོད་ཅིང་རྟེན་དབབ་ལ༔ ཧཱུྃ་༔ སྔོན་ཚེ་སྤྱི་དཔལ་ཧེ་རུ་ཀ༔ བཅོམ་ལྡན་བཛྲ་ཀུ་མཱ་ར༔ དཔལ་ལྡན་རྡོ་རྗེ་འཆང་དབང་པོ༔ རིག་འཛིན་པདྨ་ཐོད་ཕྲེང་སོགས༔ བརྒྱུད་གསུམ་བླ་མའི་བཀའ་དམ་ལུང་༔ དཔང་དུ་བཙུགས་ཏེ་སྲུང་མར་འབོད༔ ཛཿདད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཕུར་སྲུང་དམ་ཅན་རྣམས༔ ཤྭ་ན་མུ་ཁ་གཤེགས་སུ་གསོལ༔ སྲི་ཀ་མུ་ཁ་གཤེགས་སུ་གསོལ༔ སྲི་ལ་མུ་ཁ་གཤེགས༴ ཀུ་ཀུ་མུ་ཁ་གཤེགས༴ རེ་ཏཱི་ཆེན་མོ་གཤེགས༴ རེ་ཛ་ཆེན་མོ་གཤེགས༴ རེ་ཏྲི་ཆེན་མོ་གཤེགས༴ རེ་ཛུ་ཆེན་མོ་གཤེགས༴ རྡོ་རྗེ་ཡ་བྱིན་གཤེགས་སུ་གསོལ༔ རྡོ་རྗེ་དེ་བྱིན་གཤེགས༴ རྡོ་རྗེ་བསྭེ་བྱིན་གཤེགས༴ རྡོ་རྗེ་ཕག་བྱིན་གཤེགས༴ སྤྲུལ་འཁོར་དང་བཅས་གཤེགས༴ དུང་གི་སྐྱེས་བུ་གཤེགས༴ ལྕགས་ཀྱི་སྐྱེས་བུ་གཤེགས༴ བསྭེ་ཡི་སྐྱེས་བུ་གཤེགས༴ ཏ་ཀི་ནག་པོ་གཤེགས༴ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ ཧཱུྃ་༔ བཀའ་སྡོད་ལས་ཀྱི་སྲུང་མ་རྣམས༔ དགྱེས་པའི་གདན་ལ་བཞུགས་ནས་ཀྱང་༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཅིང་༔ ཚེ་རབས་གཏན་གྱི་སྲུང་མ་མཛོད༔ ཧཱུྃ་༔ ཕུར་སྲུང་དམ་ཅན་རྒྱ་མཚོ་ལ༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ དགྲ་བགེགས་དབང་པོའི་མེ་ཏོག་དང་༔ ཤ་ཆེན་གསུར་དུད་ཞུན་ཆེན་མེ༔ མཁྲིས་པའི་དྲི་ཆབ་ཤ་རུས་སྤུང་༔ རྐག་གླིང་ཐོད་པའི་རྔ་སྒྲ་ཡིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་མི་ཟད་གཏེར་ཆེན་གྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དམ་རྫས་དཔལ་གྱི་གཏོར་མ་དང་༔ བདུད་རྩི་སྨན་དང་རཀྟའི་མཚོ༔ ནང་གི་མཆོད་པ་སྣ་ཚོགས་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ མི་དབང་ནལ་བུའི་ཤ་རུས་དང་༔ རྒྱལ་མཚན་ཕྱར་དར་གཡབ་དར་སོགས༔ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དཀར་དམར་སྐྱེམས་ཕུད་སྣ་ཚོགས་དང་༔ ཤ་ཁྲག་དམར་གཏོར་གྷ་ཎ་ཚོགས༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རྟ་དང་བོང་དྲེལ་བྱ་ནག་སོགས༔ རི་དྭགས་གཡུང་དྭགས་ཆུ་གནས་དང་༔ བྱ་རིགས་གཟུགས་འགྲོས་སྣ་ཚོགས་ཀྱིས༔ གསོལ་ལོ་མཆོད་དོ༴ དར་ཟབ་ཟ་འོག་རེ་ལྡེ་དང་༔ སྟག་གཟིག་གཅན་ཟན་སྣ་ཚོགས་ལྤགས༔ གོ་ཁྲབ་མཚོན་ཆ་ལ་སོགས་པས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གསེར་དངུལ་ཟངས་ལྕགས་ནོར་བུ་མཆོང་༔ གཡུ་དང་མུ་མེན་རཱ་ག་སྤུག༔ ཨིནྡྲ་བྱེ་རུ་གཟི་དུང་ཤེལ༔ རིན་ཆེན་ནོར་གྱི་རིགས་བྱེད་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ནས་འབྲས་གྲོ་དང་ཡུངས་དཀར་དང་༔ ཏིལ་དང་སོ་བ་ལ་སོགས་པའི༔ འབྲུ་སྣ་རྣམ་པ་སྣ་ཚོགས་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྨན་སྣ་ཤིང་ཐོག་སྤོས་ཀྱི་རིགས༔ རང་རང་དགྱེས་པའི་མཐུན་རྫས་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འདོད་ཡོན་ནམ་མཁའ་མཛོད་ཀྱི་སྤྲིན༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཛཿཕུར་པའི་སྲུང་མ་དམ་ཚིག་ཅན༔ མིང་པོ་སྒྲོལ་གིང་སྐྱེས་བུ་བཞི༔ སྲིང་མོ་མ་མོ་བཅུ་གཉིས་པོ༔ སྤྲུལ་འཁོར་བྱེ་བ་འབུམ་དང་བཅས༔ མ་གཡེལ་བརྩེ་བ་ཆེན་པོས་དགོངས༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ ལྷ་མཆོག་རྡོ་རྗེ་ཕུར་པ་ཡི༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ རབ་འབྱམས་ཕྲིན་ལས་ཡོངས་བསྒྲུབ་མཛོད༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀུན༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ མི་འབྲལ་བྱམས་དང་བརྩེ་བས་སྐྱོངས༔ ཉམས་དང་རྟོགས་པའི་ཡོན་ཏན་བསྐྱེད༔ ས་དང་ལམ་གྱི་བར་ཆད་སོལ༔ བློ་སྣ་དམ་པའི་ཆོས་ལ་བསྒྱུར༔ མི་ལྡོག་གདོད་མའི་ས་རུ་སྐྱོལ༔ སྲིད་པའི་གནས་སུ་ཇི་སྲིད་བར༔ གདུལ་བྱ་སྙན་གྲགས་ལོངས་སྤྱོད་སྤེལ༔ འཁོར་འབངས་རྩ་ལག་རྒྱས་པར་མཛོད༔ ནད་གདོན་གོད་ཡམས་སྡུག་བསྔལ་ཟློག༔ སད་སེར་བཙའ་ཐན་མེད་པར་མཛོད༔ དགྲ་ཇག་ཆོམ་རྐུན་གནོད་བྱེད་ཐུལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ༔ བསམ་དོན་ཡིད་བཞིན་འགྲུབ་པར་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཕུར་པ་བསྒྲུབ་པའི་རྣལ་འབྱོར་གྱིས༔ རྟག་ཏུ་འདི་ལ་བརྩོན་པར་གྱིས༔ ཕྱི་ནང་བར་ཆད་ཀུན་བྲལ་ཞིང་༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་འགྲུབ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་ངས། །གསེར་ཤོད་རྔ་ལ་སྟག་རྩེའི་མགུལ་ནས་བཏོན། །མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ། །རྟེན་འབྲེལ་དུས་བབ་མེ་ཕོ་བྱི་བའི་ལོར། །བི་མའི་རྣམ་འཕྲུལ་ཆོས་ཀྱི་བདག་པོ་ལ། །གཏད་རྒྱ་བཀྲོལ་བའི་དུས་ཚིགས་མཁའ་འགྲོས་བསྟན། །དེ་ཕྱིར་སྨར་མདོ་དགའ་བ་འཁྱིལ་ནས་བྲིས། །ཡི་གེ་རིས་བྱེད་རིག་པའི་རྡོ་རྗེས་སོ། །དགེའོ། །དགེའོ། །དགེའོ།། །།