རིག་འཛིན་སྙིང་གི་ཡང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐུལ་བྱང་ཞིང་བཅུ་ཚར་གཅོད༔

From Dudjom Wiki
TTDL-ZABTER-05-CA-048
Wylie title rig 'dzin snying gi yang thig las: dpal chen rdo rje gzhon nu'i bskul byang zhing bcu tshar gcod: TTDL-ZABTER-05-CA-048.pdf
Location bdud 'joms gling pa zab gter
Volume 5, Text 48, Pages 463-464 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rig 'dzin snying gi yang thig las dpal chen rdo rje gzhon nu'i bskul byang zhing bcu tshar gcod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 463-464. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang ba   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle རིག་འཛིན་སྙིང་གི་ཡང་ཐིག་ (rig 'dzin snying gi yang thig)
Deity rdo rje phur pa
Colophon

ཞེས་པ་འདི་སློབ་བུ་ཀུན་བཟང་ཆོས་གྲགས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་ཕབ་པའི་ཡི་གེ་པ་ནི་བསྐུལ་བ་པོ་དེ་ཉིད་དོ། །བཀྲ་ཤིས།

zhes pa 'di slob bu kun bzang chos grags kyis nan du bskul ngor bdud 'joms rdo rjes ye shes mkha' 'gro'i brda ris las dag phab pa'i yi ge pa ni bskul ba po de nyid do/_/bkra shis/

[edit]
འུ༔ རིག་འཛིན་སྙིང་གི་ཡང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐུལ་བྱང་ཞིང་བཅུ་ཚར་གཅོད་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དབྱིངས་ནས་ཡེ་ཤེས་བསྐུལ་བ་ལ༔ ཤ་ཁྲག་དམར་གཏོར་སྐྱེམས་ཕུད་བཤམས༔ ཧ་ཧོ་ཧྲཱི་ཡིས་འདོད་རྒུར་སྤེལ༔ རང་གི་སྙིང་གའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་མི་མངོན་དབྱིངས་ནས་བསྐུལ༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་སྲིན་པོའི་དུས་ལ་བབ༔ ཤྭ་ན་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ སྒྲོལ་གིང་རྣམ་བཞིའི་དུས་ལ་བབ༔ དབང་ཕྱུག་མ་བརྒྱད་དུས་ལ་བབ༔ གིང་ཆེན་ལང་ཀ་འབར་མའི་ཚོགས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ ཤ་ཁྲག་གཏོར་སྐྱེམས་འདི་བཞེས་ལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ལས༔ གནོད་བྱེད་དྲག་ཤུལ་རྒོལ་སྡང་བའི༔ སེམས་ལྡན་གཟུགས་ཅན་དགྲ་བོ་དང་༔ གཟུགས་མེད་གནོད་པར་བྱེད་པའི་བགེགས༔ ཕྲིན་ལས་མངོན་སྤྱོད་དྲག་ཤུལ་གྱིས༔ ཚར་གཅོད་རྡུལ་དུ་བརླག་མཛོད་ལ༔ ཤ་ཁྲག་རུས་པ་ཟས་སྐལ་རོལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་རོལ༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ རང་དམ་གཉན་པོ་དཔང་བཙུགས་ཏེ༔ མ་འདའ་བཛྲ་ས་མ་ཡ༔ ཅེས་བརྗོད་གཏོར་སྐྱེམས་ཕྱི་རུ་དོར༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་སློབ་བུ་ཀུན་བཟང་ཆོས་གྲགས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་ཕབ་པའི་ཡི་གེ་པ་ནི་བསྐུལ་བ་པོ་དེ་ཉིད་དོ། །བཀྲ་ཤིས།