ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པའི་ལས་བྱང་དོན་གསལ་སྒྲོན་མེ་བྱིན་རླབས་ཆར་འབེབས༔

From Dudjom Wiki
TTDL-ZABTER-06-CHA-019
Wylie title zab gsang mkha' 'gro'i snying thig las: bde gshegs bka' brgyad gsang ba 'dus pa'i las byang don gsal sgron me byin rlabs char 'bebs: TTDL-ZABTER-06-CHA-019.pdf
Location bdud 'joms gling pa zab gter
Volume 6, Text 19, Pages 195-259 (Folios 1a1 to 33a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bde gshegs bka' brgyad gsang ba 'dus pa'i las byang don gsal sgron me byin rlabs char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 195-259. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms bka' brgyad gsang 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ (bde gshegs bka' brgyad gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
Colophon

ཞེས་པ་འདི་ཉིད་ས་མོ་ལུག་གི་ལོར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་དྲུག་ཅུའི་བར་དུ་བཀའ་རྒྱས་བཏབ་མཐར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་སོགས་སློབ་འབངས་དུ་མས་ཡང་ཡང་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་དམ་པ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ།།འཁོར་བ་མ་སྟོང་བར་དུ་ཆོས་འདི་རྫོགས་པར་མ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di nyid sa mo lug gi lor gser smad rnga la stag rtse'i g.yas logs shwa brag rdo rje can nas gdan drangs te mi lo drug cu'i bar du bka' rgyas btab mthar chos kyi bdag po sna tshogs rang grol mkhyen rab rgya mtsho klong chen rdo rje sogs slob 'bangs du mas yang yang nan du bskul ngor khrag 'thung bdud 'joms rdo rjes shog ser las zhal bshus te dag par phab pa'i yi ge pa ni smon lam las kyis 'brel ba'i skyes bu dam pa tshul khrims rdo rjes bgyis pa'o//'khor ba ma stong bar du chos 'di rdzogs par ma gyur cig_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པའི་ལས་བྱང་དོན་གསལ་སྒྲོན་མེ་བྱིན་རླབས་ཆར་འབེབས་བཞུགས༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཤྲཱི་ཧེ་རུ་ཀ་ལ་ཡེ༔ (བརྡ་ཡིག་) སྔོན་ཚེ་ཐོག་མའི་བསྐལ་པ་ལ༔ བདུད་དང་རཱུ་ཏྲ་འདུལ་བའི་ཕྱིར༔ ཀུན་ཏུ་བཟང་པོ་ཐུགས་ཁྲོས་ནས༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀར༔ ཡོངས་བཞེངས་རྡོ་རྗེ་འཛིན་ཕྱག་འཚལ༔ མ་འོངས་ལྔ་བརྒྱ་སྙིགས་མའི་དུས༔ སྐྱེ་འགྲོའི་ཤེས་རྒྱུད་བདུད་ཀྱིས་བརླབས༔ ཕྱི་འཁྲུགས་མཚོན་གྱི་བསྐལ་པ་དར༔ ནང་དུ་ནད་ཡམས་མུ་གེ་དར༔ གསང་བ་ཉོན་མོངས་དུག་ལྔ་རགས༔ མི་ཐུབ་ལྔ་འབྱུང་གཏེར་བཅུད་ཉམས༔ རྒྱལ་བསྟན་ཟུང་དུ་གླེང་བའི་ཚེ༔ བདག་ཉིད་ཆེན་པོ་པདྨ་འབྱུང་༔ ཐོག་མེད་སྔོན་ནས་སངས་རྒྱས་ཀྱང་༔ འགྲོ་བ་ཇི་སྲིད་གནས་ཀྱི་བར༔ ཐུགས་རྗེའི་འཇུག་པ་རྒྱུན་མི་ཆད༔ བསྐལ་པ་མར་གཤམ་དུས་དེ་རུ༔ ང་ཉིད་བདུད་འཇོམས་རྡོ་རྗེར་བཞེངས༔ གདུལ་བྱའི་ལྷག་མ་སྐྱོང་ཞིང་སྡུད༔ སླར་ཡང་རྔ་ཡབ་དཔལ་རིར་ཡིབ༔ ས་མ་ཡ༔ དེ་ལ་ཟབ་མོའི་གཏེར་བཅུད་ནི༔ ས་གཏེར་གསུམ་དང་དགོངས་གཏེར་གསུམ༔ དེ་བཞིན་བླ་རྫོགས་ཐུགས་གསུམ་སྐོར༔ སྒྲུབ་ཕྲིན་ཡན་ལག་སྐོར་དང་བཅས༔ མ་ཚང་ལས་ཅན་དོན་དུ་འདོན༔ ཁྱད་པར་མཁའ་འགྲོའི་སྙིང་ཐིག་སྐོར༔ བདག་ཉིད་མཱ་ར་ཏི་ཀ་རུ༔ རྡོ་རྗེ་གཞོན་ནུས་ཞལ་གཟིགས་ཤིང་༔ དབང་བསྐུར་བྱིན་རླབས་ཐོབ་པའི་དུས༔ སྒྲུབ་ཐབས་ཟབ་མོ་གནང་ཞིང་བཙལ༔ བྲག་དམར་ཀེའུ་ཚང་གནས་མཆོག་ཏུ༔ དགོངས་པ་མི་འགྱུར་གཏེར་རྒྱས་བཏབ༔ བདུད་རྒྱལ་སེ་ཕུང་ནག་པོ་སོགས༔ མི་སྲུན་རཱུ་ཏྲའི་སྡེ་དར་ཚེ༔ དེ་དག་སྲོག་གི་གཤེད་མ་རུ༔ ཆོས་གཏེར་ཟབ་མོ་འདི་ཉིད་བཞག༔ ལས་ཅན་བུ་དང་འཕྲད་པར་སྨོན༔ དེ་ལྟར་སྨོན་ལམ་མཐུ་བཙན་པས༔ ང་སྤྲུལ་ང་དང་གཉིས་མེད་ལ༔ དྲུག་ལྡན་དབང་གི་ཆུ་བོ་རྫོགས༔ གཞི་དབྱིངས་རིག་པ་བྱང་ཆུབ་སེམས༔ སངས་རྒྱས་ཀུན་གྱི་ངུར་པ་སྟེ༔ རང་ངོ་མཐོང་བའི་རྣལ་འབྱོར་ལ༔ སངས་རྒྱས་ཀུན་གྱི་བྱིན་བརླབས་ནི༔ རྒྱལ་བ་དགོངས་པའི་བརྒྱུད་པ་རྫོགས༔ དངོས་ཉམས་རྨི་ལམ་ཐམས་ཅད་དུ༔ ང་ཡི་ཞལ་གཟིགས་ལུང་བསྟན་ཐོབ༔ གཏེར་ཤོག་མཐོང་ཙམ་བག་ཆགས་སད༔ གདམས་པ་ཡོངས་རྫོགས་སེམས་ལ་འཆར༔ རིག་འཛིན་བརྡ་ཡི་བརྒྱུད་པ་རྫོགས༔ ཡི་གེ་ཡོད་མེད་འཕྲུལ་ཡིག་སྐོར༔ བྱིན་རླབས་ཡེ་ཤེས་རླུང་གིས་བསྐུལ༔ ཤེས་རབ་ཆེན་པོས་མངོན་སུམ་མཐོང་༔ སྙན་ནས་སྙན་བརྒྱུད་བསྩལ་པ་ཡིས༔ དོན་རྣམས་འབད་མེད་ལྷག་གེར་མཐོང་༔ གང་ཟག་སྙན་ཁུང་བརྒྱུད་པ་རྫོགས༔ ས་གཏེར་གནམ་གཏེར་དགོངས་པའི་གཏེར༔ གནས་གསུམ་མཁའ་འགྲོའི་བརྡས་སྤྲད་ནས༔ འདོན་པའི་དུས་ཚིགས་རྟེན་འབྲེལ་རྣམས༔ མངོན་སུམ་ལུང་བསྟན་ཚུལ་དུ་བྱུང་༔ མཁའ་འགྲོའི་གཏད་རྒྱའི་བརྒྱུད་པ་རྫོགས༔ དེང་དུས་རྗེ་འབངས་མ་གཏོགས་པའི༔ ཕལ་གྱི་གཏེར་སྟོན་འབྱུང་མི་སྲིད༔ དེ་ཕྱིར་ངེས་སྨོན་རྒྱས་འདེབས་པའི༔ སྨོན་ལམ་དབང་བསྐུར་བརྒྱུད་པ་རྫོགས༔ ཟབ་མོའི་ཆོས་བཅུད་མ་ལུས་པ༔ ཡེ་ཤེས་རྩལ་གྱིས་ཡི་གེར་བཏབ༔ ལས་ལྡན་རང་གི་སྤྱི་བོར་བཞག༔ སྤྲོས་བཅས་སྤྲོས་མེད་རབ་སྤྲོས་མེད༔ ཤིན་ཏུ་་སྤྲོས་པ་མེད་པའི་དབང་༔ བསྐུར་ནས་སྐྱེ་བ་བརྒྱུད་གྱུར་ཀྱང་༔ ཤོག་སེར་མཐོང་ཙམ་སྔོན་སྦྱངས་ཀྱི༔ ལས་ཀྱི་འཕྲོ་སད་རྒྱུ་དང་རྐྱེན༔ གཞན་ལ་མི་ལྟོས་རང་ཉིད་ཀྱིས༔ ཅི་བཞིན་མངོན་སུམ་རྟོགས་པས་ན༔ ཤོག་སེར་ཚིག་གི་བརྒྱུད་པ་རྫོགས༔ དེ་ལྟར་བརྒྱུད་ཚུལ་དྲུག་ལྡན་པའི༔ པདྨའི་ཟབ་གཏེར་བདག་པོ་རྣམས༔ འདིར་སྣང་རྨི་ལམ་སྒྱུ་མ་བཞིན༔ མཐོང་ནས་དབེན་པའི་རི་སུལ་བརྟེན༔ སྙིང་པོའི་དམ་ཆོས་མཆོག་ཏུ་འཛིན༔ ཆོས་བརྒྱད་ཡུལ་ལ་མི་ཞེན་ཅིང་༔ ཐུགས་རྒྱུད་ཆོས་དང་འདྲེས་པ་ཡིན༔ དེར་བརྟེན་གང་ཟག་ཕོ་མོ་རྣམས༔ འཁོར་བའི་ལམ་ལས་བློ་ལྡོག་ཅིང་༔ སྙིང་པོའི་སྒྲུབ་ལ་རྟག་ཏུ་གཞོལ༔ གསང་གསུམ་མི་འགྱུར་རྟགས་ཀྱིས་སྤྲས༔ ལྟ་བ་རྦད་ཁམ་མཐོ་བ་དང་༔ བློ་སྣ་ཐུང་ཞིང་ངང་རྒྱུད་འཇམ༔ བླ་མ་ལྷ་དང་ཡི་དམ་ལྷ༔ སྙིང་མིག་སྲོག་ལྟར་གཅེས་པར་འཛིན༔ ཟོག་པོ་བདུད་ཀྱིས་བསླུས་པ་ལ༔ ཡང་དག་རྟགས་རྣམས་ཚང་མི་སྲིད༔ དེ་ཕྱིར་ཤན་འབྱེད་མཆོག་ཏུ་གཅེས༔ ས་མ་ཡ༔ བདེ་གཤེགས་འདུས་པའི་དཀྱིལ་འཁོར་འདིར༔ འཇུག་འདོན་ལས་ཅན་སྐལ་ལྡན་རྣམས༔ དུར་ཁྲོད་ནགས་ཚལ་མཚོ་གླིང་ངམ༔ དམ་པས་ཞབས་བཅག་བྱིན་བརླབས་གནས༔ ཡར་ལུང་ལྷ་ས་ཁྲ་འབྲུག་དང་༔ ཁྱད་པར་མཆིམས་ཕུའི་གནས་རྣམས་མཆོག༔ མིན་ཀྱང་དགྲ་རྐུན་གཅན་གཟན་དང་༔ སྐྱེ་བོ་ངན་པའི་ངང་ཚུལ་ཅན༔ གཞན་གྱི་རྐྱེན་གེགས་མི་འབྱུང་ཞིང་༔ མཐུན་རྐྱེན་ཡོ་བྱད་འཛོམ་པའི་སར༔ དལ་ལ་མདའ་གང་གྲུ་བཞི་པ༔ རྒྱན་གྱིས་རྣམ་པར་མཛེས་པར་བྱ༔ དེ་སྟེང་སྟེགས་བུ་ཁེབས་ལྡན་པར༔ རབ་ན་དཀྱིལ་འཁོར་རས་བྲིས་ནི༔ དབུས་སུ་འཁོར་ལོ་རྩིབས་བརྒྱད་པ༔ ལྟེ་བར་སྲོག་གི་སྙིང་པོ་དང་༔ རྩིབས་རྣམས་ས་བོན་ཧཱུྃ་ཡིག་དགོད༔ དེ་མཐར་སྒོ་རྫོགས་སྤྱི་དང་མཐུན༔ པདྨ་རྡོ་རྗེའི་ར་བ་དང་༔ དུར་ཁྲོད་བརྒྱད་མཐར་མེ་རིས་བསྐོར༔ དེ་སྟེང་མཉྫི་ཁྲི་ཡི་ཁར༔ བུམ་པ་མགུལ་ཆིངས་ལེ་བརྒན་མཐིང་༔ ནང་དུ་སོ་ལྔའི་བཅུད་ཀྱིས་གཏམས༔ ཁ་རྒྱན་སྒྲོ་བཅས་ལེགས་པར་འཛུག༔ གཡས་སུ་བྷནྡྷ་ཨ་མྲྀ་ཏས༔ བཀང་བ་གསུང་གི་རྟེན་དུ་འཇོག༔ ཁ་ཁེབས་མེ་ལོང་སིནྡྷུ་ར༔ བྱུགས་པར་པདྨ་འདབ་བཅུ་བྲིས༔ དབུས་སུ་ཧཱུྃ་ཡིག་དབུ་ཅན་ལ༔ འདབ་མར་རིགས་ལྔ་ཡབ་ཡུམ་བརྒྱད༔ ས་བོན་དགོད་ཅིང་དེའི་ཕྱི་རིམ༔ རྟེན་འབྲེལ་སྙིང་པོའི་སྔགས་ཀྱིས་བསྐོར༔ དེ་སྟེང་འཇའ་ཤེལ་བཞི་པའི་རྟེན༔ གཡོན་དུ་བྷནྡྷ་རིལ་བུས་བཀང་༔ དར་དམར་ལེ་བརྒན་གྱིས་བཀབ་པ༔ ཐུགས་ཀྱི་རྟེན་དུ་དགོད་པར་བྱ༔ རྒྱབ་ཏུ་མཉྫི་ཆུང་བའི་ཁར༔ རིན་ཆེན་སྣོད་དུ་འབྲུ་ཁེབ་སྟེང་༔ བང་རིམ་བཞི་དང་འཁོར་རྩིབས་བརྒྱད༔ དེ་སྟེང་དཔལ་གྱི་གཏོར་མ་ནི༔ པད་འདབ་བཞི་ལྡན་རྒྱན་དང་ནི༔ དར་མཐིང་གདུགས་ཀྱང་ཕུབ་པར་བྱ༔ དེ་རྒྱབ་རྩ་གསུམ་སྤྱི་དང་ནི༔ གཡོན་དུ་དཔལ་གྱི་སྲུང་མའི་ཚོགས༔ རང་རང་གཞུང་དང་མཐུན་པར་བཤམས༔ གཏོར་མ་རྣམས་ལ་སྐུ་ཙཀ་འཛུག༔ མདུན་དུ་ཉེར་སྤྱོད་སྤྱི་དང་མཐུན༔ སྨན་གཏོར་རཀྟ་གསང་བའི་རྫས༔ མ་ཚང་མེད་པ་ལེགས་པར་བཤམས༔ གཙང་ཞིང་གཙང་མར་སྦྱར་བར་བྱ༔ ས་མ་ཡ༔ དེ་ནས་སྔོན་དུ་འགྲོ་བ་ནི༔ བདེ་བའི་སྟན་ལ་སྐྱིལ་ཀྲུང་གིས༔ འདུག་ཅིང་བྱང་ཆུབ་སེམས་མཆོག་བསྐྱེད༔ བླ་མ་སྤྱི་བོར་བསྒོམ་པ་དང་༔ དབང་ལེན་ཐུགས་ཡིད་རོ་གཅིག་བསྲེ༔ དེ་མཐར་རྡོ་རྗེ་སེམས་དཔར་བསྒྱུར༔ ཡི་གེ་དྲུག་པའི་འོད་ཟེར་གྱིས༔ སྒྲིབ་སྦྱངས་འགྲོ་དྲུག་བདེ་ལ་བཀོད༔ ཚུར་འདུས་དཀྱིལ་འཁོར་གསུམ་དུ་བསྒྲུབ༔ དེ་ནས་ཡུལ་ལྷ་གཞི་བདག་སྤྱིར༔ སྡེ་བརྒྱད་ཆ་སྙོམས་མཆོད་པས་བསྐང་༔ སྒོས་སུ་དཀར་དམར་གཉིས་སྐྱོང་ཚོགས༔ ཀུན་ཀྱང་འདོད་ཡོན་རྒྱན་གྱིས་མཆོད༔ ནག་ཕྱོགས་བགེགས་ལ་འབྲས་ཆན་བཏང་༔ ཏིང་འཛིན་ཁྲོས་པའི་སྟོབས་ཀྱིས་བསྐྲད༔ རྗེས་སྣང་བསྲུང་བའི་འཁོར་ལོར་བསྒོམ༔ དངོས་གཞི་སྔོན་དང་རྗེས་ཀྱི་འཇུག༔ དང་པོ་སྔོན་འགྲོའི་ཆོ་ག་ནི༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཚོགས༔ མདུན་གྱི་ནམ་མཁར་གསལ་གདབ་ལ༔ བདག་གཞན་མཁའ་མཉམ་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ དཀོན་མཆོག་སྐྱབས་སུ་འཛིན་པའི་བློས༔ ན་མོ༔ བྱིན་རླབས་ཀུན་འདུས་བླ་མ་དང་༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ལྷ༔ གནས་གསུམ་དཔའ་བོ་མཁའ་འགྲོ་དང་༔ ནོར་ལྷ་གཏེར་བདག་སྲུང་མར་བཅས༔ སྐྱབས་འོས་མཆོག་གྱུར་ཐམས་ཅད་ལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ བསྒྲལ་ནས་སངས་རྒྱས་ས་རུ་སྐྱོལ༔ ལན་གསུམ་མཐར༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧོཿ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་མ་ལུས་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱི༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ བསླབ་ལ་ཇི་བཞིན་གནས་པ་ལྟར༔ བདག་ཀྱང་དེ་ལྟར་བསྒྲུབ་པར་བགྱི༔ འཇུག་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ་མཐར༔ གསུམ་པ་ཡན་ལག་བདུན་པ་ནི༔ ན་མོ༔ དུས་གསུམ་རྒྱལ་བ་སྲས་བཅས་དང་༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལ༔ ཞིང་རྡུལ་ཉམས་པའི་ལུས་སྤྲུལ་ནས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ཆོས༔ ཀུན་ཀྱང་མཆོད་པའི་སྤྲིན་དུ་བསྒྱུར༔ སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ ཐོག་མེད་ནས་བསགས་སྡིག་པའི་ཚོགས༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཐེག་པ་གསུམ་དུ་རབ་ཞུགས་པའི༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཁམས་གསུམ་འཁོར་བ་མ་སྟོང་བར༔ རང་རང་དབང་པོ་དང་མཐུན་པའི༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ རྒྱལ་རྣམས་རྡོ་རྗེའི་སྐུར་བཞུགས་ནས༔ དུས་ལ་མི་འདའ་ཐུགས་རྗེའི་སྟོབས༔ འགྲོ་ཀུན་རྒྱུད་ལ་རབ་ཞུགས་ནས༔ རྣམ་མཁྱེན་སངས་རྒྱས་ས་རུ་དྲོངས༔ བདག་གི་དུས་གསུམ་དགེ་ཚོགས་རྒྱུན༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ གདོད་མའི་གཞི་ལ་བྱང་ཆུབ་ཤོག༔ བཞི་པ་མཎྜལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་རི་རབ་གླིང་བཞི་དང་༔ བདག་ལུས་ཕུང་པོ་ཁམས་སྐྱེ་མཆེད༔ ཀུན་གཞི་སེམས་དང་སེམས་བྱུང་བཅས༔ བླ་མ་སྤྲུལ་སྐུའི་ཞིང་དུ་འབུལ༔ ལྷུན་གྲུབ་འོད་ལྔའི་ཞིང་ཁམས་སུ༔ སྐུ་དང་ཡེ་ཤེས་ཚོམ་བུ་བཀོད༔ རང་སྣང་དག་པའི་རྒྱན་གྱིས་སྤྲས༔ བླ་མ་ལོངས་སྐུའི་ཞིང་དུ་འབུལ༔ གཞོན་ནུ་བུམ་སྐུའི་གཞལ་ཡས་སུ༔ ཡེ་ཤེས་རང་གསལ་ཚོམ་བུ་བཀོད༔ འོད་གསལ་བཀྲགས་མདངས་འོད་དུ་འབར༔ བླ་མ་ཆོས་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བར་བཞེས་ནས་ཀྱང་༔ མི་འགྱུར་ཆོས་སྐུའི་ས་རུ་དྲོངས༔ ཏྲཾ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ལྔ་པ་རིགས་ལྔའི་སྡོམ་བཟུང་ནི༔ ཧོཿ དུས་གསུམ་གཤེགས་བཞུགས་སངས་རྒྱས་དང་༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ རྡོ་རྗེ་སློབ་དཔོན་མི་སྤང་ངོ་༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ སེམས་ཅན་རྣམས་ལ་འཚེ་བ་སྤང་༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་གསུམ་ལ་རྟག་གནས་ཤིང་༔ ཐེག་པ་གསུམ་གྱི་ཆོས་རྣམས་སྤྱད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་ལ་རྟག་གནས་ཤིང་༔ འཁོར་བའི་སྣང་སེམས་སྦྱང་བར་བགྱི༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ གསང་སྔགས་དོན་ལ་རྟག་ཏུ་གནས༔ སྦྱོར་སྒྲོལ་ཏིང་ངེ་འཛིན་ལ་བསླབ༔ སྔགས་ཀྱི་རྫས་རྣམས་མི་སྤང་ཞིང་༔ རྟག་ཏུ་སྡོམ་ལ་གནས་པར་བྱ༔ མདོར་ན་ལུས་ངག་ཡིད་ཀྱི་སྒོ༔ རིག་འཛིན་སྔགས་ཀྱིས་བསྡམ་པར་བགྱི༔ དྲུག་པ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཡེ་ཤེས་རོལ་པའི་མཚོན་ཆ་འཛིན༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཞབས་བཞི་པད་ཉི་བམ་གདན་བརྫིས༔ སྣང་སྟོང་སྒྱུ་མའི་སྐུ་རུ་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ དཔལ་ཆེན་ཆེ་མཆོག་བཀའ་ལས་མ་འདའ་ཞིག༔ འདོད་ཡོན་ལྔ་ལྡན་གླུད་ཀྱི་གཏོར་མ་འདི༔ ཁྱེར་ལ་གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་བཀའ་ལ་མི་ཉན་འདའ་བྱེད་ན༔ བདག་ཉིད་ཆེ་མཆོག་དཔལ་ཆེན་ཐུགས་ཁྲོས་ནས༔ སྐུ་གསུང་ཐུགས་ལས་མཚོན་ཐུན་ཕོ་ཉ་འཕྲོས༔ མགོ་འགས་ལུས་སེམས་བསྲེག་ཅིང་རྡུལ་དུ་བརླག༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ རྩ་སྔགས་དང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་གུ་གུལ་གྱིས་བདུག༔ ཡུངས་ཐུན་གྱིས་བྲབ༔ བསྡིགས་མཛུབ་ཀྱིས་གཟིར༔ ལྟ་བའི་གདིང་བསྐྱེད་ཅིང་ཕྱོགས་བཅུ་ཀུན་ཏུ་ལྟ་སྟངས་བྱའོ༔ བདུན་པ་སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཧཱུྃ༔ ཡེ་ཤེས་རོལ་པའི་ཁྲོ་ཚོགས་མཚོན་ཆའི་ཐུན༔ ཚུར་འདུས་རྡོ་རྗེ་སྲུང་བའི་གུར་ཁང་ནི༔ མི་འགྱུར་མི་ཤིགས་རྡོ་རྗེའི་ཆོས་དང་ལྡན༔ མ་བསྐྱེད་ཡེ་ཡིན་རྫོགས་པའི་འཁོར་ལོར་བསྒོམ༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་འཁོར་ལོའི་གུར་ཁང་ལ༔ འཁོར་ལོ་འབར་བའི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ གཏི་མུག་གདོན་བགེགས་གདུག་པའི་མཚམས་ཆོད་ཅིག༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར་ཁང་ལ༔ རྡོ་རྗེ་འབར་བའི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ ཞེ་སྡང་གདོན་བགེགས་གདུག་པའི་མཚམས་ཆོད་ཅིག༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་རཏྣའི་གུར་ཁང་ལ༔ རིན་ཆེན་འབར་བའི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ ང་རྒྱལ་གདོན་བགེགས་གདུག་པའི་མཚམས་མཆོད་ཅིག༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་པདྨའི་གུར་ཁང་ལ༔ པདྨ་འབར་བའི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ འདོད་ཆགས་གདོན་བགེགས་གདུག་པའི་མཚམས་ཆོད་ཅིག༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་རྒྱ་གྲམ་གུར་ཁང་ལ༔ རྒྱ་གྲམ་འབར་བའི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ ཕྲག་དོག་གདོན་བགེགས་གདུག་པའི་མཚམས་ཆོད་ཅིག༔ ཧཱུྃ༔ ཕྱོགས་བཅུ་ཀུན་ཏུ་ཡེ་ཤེས་མེ་དཔུང་དང་༔ རྡོ་རྗེ་ཆུ་བོ་རྦ་རླབས་རབ་ཏུ་འཁྲིགས༔ སྤུ་གྲི་རེག་གཅོད་རླུང་གི་འཁོར་ལོ་འཁོར༔ སྲ་བརྟན་རི་རབ་འབར་བས་ཡོངས་སུ་གཏམས༔ གཟུང་འཛིན་གཉིས་སྣང་རྟོག་པའི་གདོན་བགེགས་རྣམས༔ ཡེ་ཤེས་རོལ་པའི་མཚམས་ལས་མ་འདའ་ཞིག༔ ཧཱུྃ༔ གཞོམ་ཞིག་བྲལ་བ་རྡོ་རྗེའི་གུར་ཁང་ནང་༔ ཀེཾ་ལས་གནམ་ལྕགས་འཁོར་ལོ་རྩིབས་བཅུ་པ༔ རྣོ་ངར་ཚ་ཟེར་འབར་བའི་རྩིབས་ནང་དུ༔ པདྨ་དང་ནི་ཉི་མའི་གདན་གྱི་སྟེང་༔ ཤར་དུ་རྣམ་རྒྱལ་དཀར་པོ་ཐོ་བ་གདེངས༔ ལྷོ་རུ་གཤིན་རྗེ་གཤེད་སེར་བེ་ཅོན་འཛིན༔ ནུབ་ཏུ་རྟ་མགྲིན་དམར་པོ་རལ་གྲི་ཕྱར༔ བྱང་དུ་བདུད་འཁྱིལ་ལྗང་ནག་རྒྱ་གྲམ་འཛིན༔ ཤར་ལྷོ་དབྱུག་པ་སྔོན་པོ་དབྱུག་ཏོ་ཕྱར༔ ལྷོ་ནུབ་མི་གཡོ་མགོན་པོ་སྤུ་གྲི་འཛིན༔ ནུབ་བྱང་འདོད་རྒྱལ་དམར་པོ་བ་དན་ཕྱར༔ བྱང་ཤར་ཁམས་གསུམ་རྣམ་རྒྱལ་ཁ་ཊྭཱྃ་གདེངས༔ སྟེང་ཕྱོགས་ཧཱུྃ་མཛད་མཐིང་ནག་རྡོར་དྲིལ་བསྣོལ༔ འོག་ཕྱོགས་སྟོབས་ཆེན་ནག་པོ་དབྱུག་ཏོ་འཛིན༔ ཀུན་ཀྱང་གཡོན་རྣམས་གནམ་ལྕགས་ཕུར་པ་གཟིར༔ ཁྲོ་བོའི་ཆས་རྫོགས་གྱད་ཀྱི་འདོར་སྟབས་བཞུགས༔ གདོན་བགེགས་འབྱུང་པོ་སྲུང་བཟློག་ཕྲིིན་ལས་མཛོད༔ འཁོར་ལོའི་ལྟེ་བར་བྷྲུྃ་ཡིག་ཡོངས་གྱུར་ལས༔ འཁོར་ལོས་སྒྱུར་བ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་སེར་གསལ་ཞལ་གདངས་མཆེ་བ་གཙིགས༔ སྤྱན་གཉིས་ཉི་ཟླའི་འོད་ཟེར་རབ་ཏུ་འབར༔ ཤངས་ནས་ཧཱུྃ་གི་སྣང་གླུས་གདོན་བགེགས་བརྒྱལ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་སྡིག་མཛུབ་དྲིལ་བུ་དཀུ་ལ་བརྟེན༔ སྟག་ཤམ་མི་མགོ་སྦྲུལ་གྱི་ཕྲེང་བས་བརྒྱན༔ ཞབས་གཉིས་གྱད་སྟབས་པད་ཉི་བམ་གདན་བརྫིས༔ ཐོད་སྐམ་དབུ་རྒྱན་ཉི་ཟླའི་སྙན་རྒྱན་མཛེས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་གསལ༔ དེ་ཡི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ནང་༔ བདག་དང་བསྲུང་བྱའི་གནས་ལུས་ལོངས་སྤྱོད་བཅས༔ དཔལ་ཆེན་ཧེ་རུ་ཀ་ཡི་སྐུར་བསྒོམ་པའི༔ གདོན་བགེགས་ཐར་བའི་སྐབས་མེད་མཚམས་བཅད་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཀྱི་དགྲ་བགེགས་གནོད་བྱེད་ཐམས་ཅད་གརྫ་ཧ་ན་པ་ཙ་ཧུ་ལུ་ཚིནྡྷ་ད་ཧ་བྷནྡྷ་ཏིཥྛ་བྷིནྡྷ་སྥོ་ཊ་ཡ་བཛྲ་ཛྭ་ལ་རཾ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་རཀྵ༔ རཾ་རཀྵ༔ ཁཾ་རཀྵ༔ ཡཾ་རཀྵ༔ སུཾ་རཀྵ༔ རཀྵ་རཀྵ་ཧཱུྃ་ཕཊ་སྭཱ་ཧཱ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་སྲུང་བའི་འཁོར་ལོ་རབ་ཏུ་འབར་ཞིང་འཁྲིགས་པས་གདོན་བགེགས་ལོག་འདྲེན་ཐམས་ཅད་མཚམས་བཅད་པར་བསམ༔ བརྒྱད་པ་བརྡ་སྒོ་དབྱེ་བ་ནི༔ ན་མོ༔ གཞི་དབྱིངས་རིག་པ་འོད་གསལ་བྱང་ཆུབ་སེམས༔ ཡེ་ནས་བདག་དང་དབྱེར་མེད་རོ་གཅིག་ཀྱང་༔ རང་སྣང་གཞན་བཟུང་འཁྲུལ་པའི་འཁོར་ལོར་འཕྱན༔ ད་ནི་མཁྱེན་རབ་ཐུགས་རྗེའི་འོད་ཕྱུང་ལ༔ མ་རིག་གཟུང་འཛིན་ལྷན་སྐྱེས་བསྒྲིབ་པ་ཕྱེས༔ སྐུ་དང་ཡེ་ཤེས་ཆེན་པོའི་རང་ཞལ་སྤྲོད༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་རང་སྣང་ཡེ་ཤེས་འཁོར་ལོའི་རང་ཞལ་མཇལ་བར་བསམ༔ དགུ་པ་བརྡ་ཕྱག་འཚལ་བ་ནི༔ ན་མོ༔ ཀུན་ཁྱབ་རིག་པ་མི་འགྱུར་གཞིའི་རྡོ་རྗེ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཆེ༔ རང་ངོ་རང་ཞལ་མཐོང་ཕྱིར་བརྡ་ཕྱག་འཚལ༔ གཞི་སྣང་སྐུ་དང་ཡེ་ཤེས་མངོན་གྱུར་མཛོད༔ ན་མོ་ན་མ་ ཧོཿ བཅུ་པ་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱིཿམ་བཅོས་སྐྱེ་འགགས་འགྱུར་མེད་གདོད་མའི་གཞི༔ ཀུན་ཁྱབ་རིག་སྟོང་འོད་གསལ་གཞལ་ཡས་སུ༔ རང་མདངས་མ་འགགས་ཞི་དང་ཁྲོ་བོར་སྟོན༔ ཁྱད་པར་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ༔ ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེ་ཡེ་ཤེས་རོལ་པའི་སྐུར་བཞེངས་ལ༔ གློག་ལྟར་མྱུར་བའི་ཤེས་རབ་སྤྱན་གྱིས་གཟིགས༔ འདིར་གཤེགས་བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ ཕྱི་སྣོད་ཧེ་རུའི་ཞིང་དང་ནང་བཅུད་ལྷ༔ སྒྲ་གྲགས་བདེ་ཆེན་སྔགས་ཀྱི་འཁོར་ལོར་རློབས༔ སྒྲུབ་ཁང་གཞལ་ཡས་སྒྲུབ་རྫས་མྱོང་གྲོལ་དང་༔ སྒྲུབ་པོ་བདག་དང་སྒྲུབ་པའི་མཆེད་ལྕམ་དྲལ༔ ཚོམ་བུ་དགུ་ཡི་ལྷ་རུ་བྱིན་གྱིས་རློབས༔ མ་དག་འཁྲུལ་སྣང་ཡེ་ཤེས་རྒྱས་ཐོབ་ཅིག༔ ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཕོབ་ཅིག༔ ངག་ལ་ཚངས་དབྱངས་གསུང་གི་བྱིན་ཕོབ་ཅིག༔ སེམས་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཕོབ་ཅིག༔ ཡོན་ཏན་འགྲན་ཟླ་བྲལ་བའི་བྱིན་ཕོབ་ཅིག༔ ཕྲིན་ལས་འགྲོ་བ་འདུལ་བའི་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་གཉིས་ཀྱི་བྱིན་ཕོབ་ཅིག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨེ་ཨ་རལླི་ཕེཾ་ཕེཾ༔ བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ས་ཡ་ཨ་ཨ༔ ཞེས་བྱིན་དབབ་པར་བྱའོ༔ བཅུ་གཅིག་པ་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ དབང་པོའི་ཡུལ་དུ་སྣང་བའི་འདོད་ཡོན་ཀུན༔ ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ༔ ཀུན་བཟང་མཆོད་པའི་སྤྲིན་དུ་བྱིན་རླབས་ནས༔ རྒྱལ་བའི་དཀྱིལ་འཁོར་མཉེས་པའི་དཔྱིད་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཨཱཿཧཱུྃ༔ ཨོཾ་རཱུ་པ་ཤཔྡ་སོགས་དྷརྨ་ཨཱཿཧཱུྃ༔ ཨོཾ༔ བདེ་ཆེན་དབྱེར་མེད་ཡེ་ཤེས་ཀ་པཱ་ལར༔ རིགས་ལྔ་ཡབ་ཡུམ་འོད་ཞུ་བདུད་རྩིར་གྱུར༔ སླར་ཡང་ཁམས་གསུམ་སྐུ་གསུང་ཐུགས་སུ་ཞུ༔ བཤམས་པའི་རྫས་དང་དབྱེར་མེད་རོ་གཅིག་གྱུར༔ རྒྱལ་བའི་ཞིང་ཁམས་མ་ལུས་མཉེས་བྱེད་ཅིང་༔ ཉོན་མོངས་བདུད་འཇོམས་ཡེ་ཤེས་མཆོག་གི་རྩི༔ རང་མདངས་མ་འགགས་འོད་ཟེར་ཕྱོགས་ཀུན་འཕྲོ༔ ངད་རླངས་འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ༔ ལན་གསུམ་བརྗོད༔ ཧཱུྃ༔ བདེ་ཆེན་ལྕང་ལོར་བཅས་པའི་བྷནྡྷ་རུ༔ ཕྱི་ནང་སྣོད་བཅུད་ཆོས་ཀུན་གཏོར་མར་སྦྱར༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ ལྷ་དང་མི་ཡི་ལོངས་སྤྱོད་སྐར་ལྟར་འཁྲིགས༔ ཀུན་འབྱུང་སྣང་སྟོང་ཆོས་ཉིད་གཏོར་མར་ཤར༔ ཡེ་ཤེས་ལྷ་ཚོགས་མཆོད་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋ༔ ལན་གསུམ་བརྗོད༔ ཨཱཿདུང་ཆེན་སྣོད་དུ་དམར་ཆེན་རཀྟ་འཁྱིལ༔ རྟེན་འབྲེལ་བཅུ་གཉིས་གིརྟིའི་མཁའ་རུ་བསྡུས༔ འཁོར་བ་སྟོང་བྱེད་ཁྲག་གི་རྒྱུན་བབ་པས༔ བྷནྡྷའི་ནང་གང་ཁོལ་ཞིང་ལུད་པ་ལས༔ ངད་པར་ཡེ་ཤེས་ལྔ་ཡི་སྤྲིན་དཔུང་འཕྲོ༔ རླངས་ལས་ཀུན་སྣང་བདེ་ཆེན་བདུད་རྩིར་བསྡུས༔ ཟུང་འཇུག་ཡེ་ཤེས་དོན་དམ་རཀྟ་འཁྱིལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋ༔ ལན་གསུམ་བརྗོད༔ ཅེས་ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་དུ་བྱིན་གྱིས་བརླབས་པར་བསམ༔ སྔོན་དུ་འགྲོ་བའི་ལེའུ་བཅུ་གཅིག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་ལྷ་བསྐྱེད་ལ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨོཾ༔ སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན༔ རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་དབྱིངས༔ སྐྱེ་འགགས་གནས་གསུམ་བྲལ་བ་ཆེན་པོར་ཞིག༔ ཆོས་ཉིད་དོན་གྱི་རིག་པ་ཀུན་ཏུ་བཟང་༔ སྨྲ་བསམ་བརྗོད་བྲལ་ཡེ་ཤེས་ཟང་མ་ཐལ༔ དུས་གསུམ་འགྱུར་མེད་ནམ་མཁའ་ལྟ་བུར་གནས༔ པདྨ་ཐོད་ཕྲེང་རྩལ་གྱིས་འདི་དོན་བརྗོད༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ ཧོཿ ཞེས་སྨྲ་བསམ་བརྗོད་པ་དང་བྲལ་བའི་གནས་ལུགས་སྟོང་པའི་འོད་གསལ་ལ་མཉམ་པར་བཞག་གོ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཨཱཿརང་གསལ་མ་འགགས་ཡེ་ནས་བདེ་བ་ཆེ༔ སྐུ་དང་ཡེ་ཤེས་ཆེན་པོའི་བདག་ཉིད་ལས༔ འགྲོ་ལ་མ་འགགས་སྙིང་རྗེའི་གདངས་ཤར་བ༔ ཀུན་ཁྱབ་ཀུན་སྣང་ཀུན་གཟིགས་ཡེ་ཤེས་ཉིད༔ མ་བསྐྱེད་མ་གསལ་རང་བྱུང་ཆེན་པོར་བསྒོམ༔ ཕྱོགས་སུ་མ་ལྷུང་རྣམ་ཀུན་བདེ་བ་ཆེ༔ གཞོམ་ཞིག་བྲལ་ཞིང་བློ་ལས་འདས་པའོ༔ ཨཱཿདྷརྨ་དྷརྟུ་ཛྙཱ་ན་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ ཞེས་རང་གསལ་སྙིང་རྗེ་ཆེན་པོ་སྟོང་གསལ་ཟུང་འཇུག་བློ་འདས་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ༔ གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ སྟོང་ཆེན་ཡེ་ཤེས་ཟུང་དུ་འཇུག་པ་ལས༔ རྒྱུ་ཡི་ཡི་གེ་རྡོ་རྗེ་ཧཱུྃ་མཐིང་མཚན༔ འོད་ཟེར་འཕྲོ་འདུས་དོན་གཉིས་མཛད་པ་བསྒྲུབས༔ སྐད་ཅིག་ཡོངས་གྱུར་རྒྱུ་ཡི་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཛིན༔ དུར་ཁྲོད་ཆས་རྫོགས་པད་ཉི་བམ་གདན་འགྱིང་༔ གར་དགུའི་ཉམས་ལྡན་མེ་དཔུང་ཀློང་དུ་གསལ༔ ཧཱུྃ་བཛྲ་ཙིཏྟ་ཨཱཿཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་སྟྭཾ༔ ཞེས་མཁའ་ལས་གློག་འཁྱུགས་པ་བཞིན་དུ་རྒྱུའི་རྡོ་རྗེ་འཛིན་པ་ཆེན་པོ་སྣང་སྟོང་འོད་ཀྱི་སྐུ་རུ་ལམ་གྱིས་བསྒོམ་མོ༔ བཞི་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཧེ་རུ་ཀ་དཔལ་ཡབ་ཡུམ་སྦྱོར་བ་ལས༔ ཐུགས་ལས་ཨེ་ཡཾ་ར་ལཾ་ཀེཾ་རཾ་འཕྲོས༔ ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ་བརྡལ༔ ཡཾ་ལས་སྟོབས་ལྡན་རླུང་གི་དཀྱིལ་འཁོར་ལྗང་༔ ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲིགས༔ ལཾ་ལས་དབང་ཆེན་གསེར་གྱི་ས་གཞི་བརྡལ༔ ཀེཾ་ལས་རུས་པའི་རི་རབ་སུམ་བརྩེགས་བརྗིད༔ རཾ་ལས་ཡེ་ཤེས་བསྐལ་པའི་མེ་དཔུང་འབར༔ དེ་སྟེང་སྲུང་བའི་འཁོར་ལོ་རིམ་དགུའི་ནང་༔ འཁོར་ལོས་སྒྱུར་བའི་ལྟོ་བ་ཡངས་པའི་དབུས༔ བྷྲུཾ་ལས་རིན་ཆེན་སྣ་ཚོགས་ས་གཞིའི་སྟེང་༔ མཐའ་མར་ཚོགས་ཡུལ་གནས་དག་དུར་ཁྲོད་བརྒྱད༔ པདྨ་ཉི་གདན་སྣ་ཚོགས་རྡོ་རྗེའི་ལྟེར༔ བྷྲུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་འདོད་སྣམ་ཕ་གུ་མཛེས༔ ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ༔ བཻ་ཌཱུཪྻ་ཕུབ་བུམ་བྲེ་ཆོས་འཁོར་གདུགས༔ ཉི་མ་ཟླ་བ་ནོར་བུའི་ཏོག་གིས་མཛེས༔ རྟ་རྐང་ཆུ་སྐྱེས་སྒྲོམ་དང་ཟ་ར་ཚག༔ སྣ་འཕྱང་ཆུན་འཕྱང་ཤར་བུ་མདའ་ཡབ་དང་༔ པུ་ཤུད་གསེང་མ་ཆོས་ཉན་ཆོས་འཁོར་གདུགས༔ ཕྱོགས་བཅུར་མི་ནུབ་རྒྱལ་མཚན་བཅུ་ཡིས་བརྒྱན༔ སྒོ་ཁང་གཡས་གཡོན་ཉི་ཟླའི་སྐར་ཁུང་མཛེས༔ ཡེ་ཤེས་ལྔ་རྫོགས་རྩིག་པ་ལྔ་དང་ལྡན༔ ནང་ནི་ཁྲོ་བོ་རོལ་པའི་གཞལ་ཡས་ཁང་༔ སྐམ་པོ་རྨང་དང་ར་རིས་རྩིག་པ་བྱས༔ རློན་པའི་ཁ་བད་ཁྲག་གི་ཞམ་ཆུ་འབེབས༔ གྲུ་ཆད་གློ་འབུར་རིགས་བཞིའི་ཁ་དོག་མཛེས༔ རུ་བརྒྱད་ཀ་གདན་ཀླུ་ཆེན་ཚུལ་དུ་གནས༔ ཐེག་བརྒྱད་ཀྭ་བ་འབྲས་བརྒྱད་གདུང་མ་བཀའ༔ ལྷ་བརྒྱད་གཟའ་དང་ཕྱོགས་སྐྱོང་གདུང་དུ་བྲིས༔ རྒྱུ་སྐར་ཉེར་བརྒྱད་གྲལ་གཤམ་ཚུལ་དུ་བཀོད༔ མཚན་ཉིད་ཀུན་ལྡན་རྣམ་བྱང་ཆོས་ཀུན་རྫོགས༔ དེ་དབུས་གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ལྟེར༔ བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་རིན་ཆེན་ཁྲི༔ པདྨ་ཟླ་བ་ཉི་མའི་གདན་གྱི་སྟེང་༔ ལྷ་ཀླུ་གཟའ་དང་སྡེ་བརྒྱད་བསྣོལ་བའི་ཁྲིར༔ རྒྱུ་ཡི་རྡོ་རྗེ་འཛིན་པ་བབ་པ་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་མཐུ་སྟོབས་ནུས་པ་བསྡུས་ཏེ་བསྟིམས༔ མར་འཕྲོས་ཁམས་གསུམ་འཁོར་བ་ཆོས་སྐུར་བསྒྲལ༔ འབྱུང་ལྔའི་དྭངས་བཅུད་དཔལ་ཡོན་ཐིམ་པ་ལས༔ སྐད་ཅིག་ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔ དཔལ་ཆེན་ཆེ་མཆོག་བཛྲ་ཁྲོ་བོའི་རྒྱལ༔ ཆོས་སྐུ་སྐྱེ་མེད་སྐུ་མདོག་མཐིང་འོད་འབར༔ ཉི་ཤུ་རྩ་གཅིག་དབུ་ནི་ས་དང་སྦྱོར༔ བཞི་བཅུ་རྩ་གཉིས་ཕྱག་གི་གདན་སྟེང་ནི༔ ཀུན་ཏུ་བཟང་པོ་རྣམ་པར་སྣང་མཛད་དང་༔ རྡོ་རྗེ་སེམས་དཔའ་རིན་འབྱུང་སྣང་མཐའ་ཡས༔ དོན་གྲུབ་ས་སྙིང་བྱམས་པ་ཀུན་ཏུ་བཟང་༔ སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་མཐུ་ཆེན་ཐོབ༔ ཤཱཀ་ཐུབ་ལྷ་དབང་བཅོམ་ལྡན་ཐག་བཟང་རིས༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ཀུན་ཏུ་བཟང་མོ་དབྱིངས་ཕྱུག་མཱ་མ་ཀཱི༔ སངས་རྒྱས་སྤྱན་མ་གོས་དཀར་དམ་ཚིག་སྒྲོལ༔ ལ་སེ་པུཥྤེ་མ་ལེ་དྷུཥྤེ་མ༔ གིརྟི་ཨཱ་ལོ་གནྡྷེ་ནིརྟི་མ༔ སེང་གེ་རབ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་རྫོགས༔ ཡེ་ཤེས་ཆེན་པོའི་སྤྱན་གྱིས་སྒྲིབ་མེད་གཟིགས༔ ཤངས་ནས་ཧཱུྃ་གི་སྣང་གླུས་དགྲ་བགེགས་བརྒྱལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ ཧཱུྃ་ཕཊ་སྒྲ་ཡིས་སྲིད་གསུམ་འཁོར་བ་འཇིགས༔ ཉི་ཟླའི་སྙན་རྒྱན་མ་རིག་མུན་པ་སེལ༔ རྣམ་པར་རྒྱལ་བའི་རྡོ་རྗེའི་གཤོག་པ་གདེངས༔ རྣམ་ཐར་བཅོ་བརྒྱད་ཞབས་ཀྱིས་དགྲ་གདོན་མནན༔ སྐུ་ཆེ་ཡན་རགས་ནམ་མཁའི་མཐའ་དང་མཉམ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ༔ ཁྲག་འཐུང་ལྔ་རྫོགས་ཐོད་སྐམ་དབུ་ལ་བརྒྱན༔ ཡེ་ཤེས་རྒྱན་རྫོགས་དར་གྱི་ཅོད་པན་འཕུར༔ ཐལ་ཚོམ་ཁྲག་ཐིག་ཞག་གི་ཟོ་རིས་མཛེས༔ གླང་ཆེན་སྟོད་གཡོགས་ཞིང་ཆེན་སྐེད་དཀྲིས་དང་༔ མི་སྲུན་སྟག་གི་ལྤགས་པའི་ཤམ་ཐབས་གསོལ༔ སྦྲུལ་ནག་དོ་ཤལ་མི་མགོ་ཁྲག་འཛག་པ༔ ལྔ་བཅུའི་དོ་ཤལ་ཕྱག་ཞབས་མགུལ་ཆུ་ཀུན༔ སྦྲུལ་རིགས་ལྔ་དང་རུས་པའི་རྒྱན་གྱིས་བྱས༔ དེ་ཡི་པང་དུ་གནམ་ཞལ་དབྱིངས་ཕྱུག་མ༔ ཁྲོ་མོ་སྔོ་སྐྱ་དབུ་དགུ་བཅོ་བརྒྱད་ཕྱག༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྤྱན་བསྒྲད་ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ ཁ་ཊྭཱྃ་དུང་དམར་ཡབ་ཀྱི་མགུལ་ནས་འཁྱུད༔ ལྷག་མའི་ཕྱག་ན་ཀོའུ་རི་སེང་ཧ་བསྣམས༔ གཟིག་ཤམ་མི་ལྤགས་གཡང་གཞི་རུས་རྒྱན་གསོལ༔ ཐོད་སྐམ་དབུ་རྒྱན་ཉི་ཟླའི་སྙན་རྒྱན་མཛེས༔ དབུ་སྐྲ་དམར་སེར་སྐུ་ཡི་རྒྱབ་ཏུ་འཕྱང་༔ ཞབས་གཡོན་ཡབ་འཁྱུད་གཡས་པས་རཱུ་དྲ་མནན༔ གར་དགུའི་ཉམས་ལྡན་ཡེ་ཤེས་མེ་དཔུང་འབར༔ སྤྱི་བོར་ཡེ་ཤེས་ག་རུ་ཌ་ཡིས་བརྒྱན༔ རྭ་བར་རིགས་བདག་ཀུན་ཏུ་བཟང་པོ་ཤར༔ ཡབ་ཡུམ་སྣང་སྟོང་གཉིས་མེད་སྐུ་རུ་བསྒོམ༔ ཀྲོ་ཏ་རིགས་ལྔ་ལ་སོགས་ཡོན་ཏན་ལྷ༔ མ་འདྲེས་ཡོངས་རྫོགས་གཙོ་འཁོར་ཚུལ་དུ་བསྒོམ༔ ཕྱོགས་བཞི་མཚམས་བརྒྱད་འཁོར་ལོའི་རྩིབས་སྟེང་དུ༔ བྱོལ་སོང་གཙོ་བརྒྱད་རིན་ཆེན་ཁྲི་རྐང་དང་༔ པད་ཟླ་ཉི་མ་བམ་བཅས་སོ་སོར་བསྐྱེད༔ གཙོ་བོ་ཡབ་ཡུམ་ཞུ་བདེའི་སྦྱོར་བ་ལས༔ བྱང་ཆུབ་སེམས་སྤྲིན་ཧཱུྃ་ཡིག་རྣམ་པར་ཐོན༔ ཕྱོགས་བཞི་མཚམས་བརྒྱད་གདན་ལ་བབ་པ་ལས༔ ཤར་དུ་ཐུགས་མཆོག་ཡང་དག་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྒོད་གཤེ་གཏུམ་པའི་ཞལ༔ རྡོ་རྗེ་ཁ་ཊྭཱྃ་རྔེའུ་ཆུང་གཡས་ན་བསྣམས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་རཱུ་ཏྲ་མནན༔ བཛྲ་ཀྲོ་ཏ་སྔོ་སྐྱ་གཡོན་ནས་འཁྲིལ༔ གྲི་གུག་དུང་དམར་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་གཉིས་མེད་འཁྲིལ༔ དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་གདེངས༔ ཁྲག་འཐུང་རིགས་ལྔ་ལ་སོགས་འཁོར་བཅས་གསལ༔ ལྷོ་ཕྱོགས་འཇམ་དཔལ་གཤིན་རྗེ་གཤེད་པོ་ནི༔ སྐུ་མདོག་སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྒོད་གཤེ་གཏུམ་པའི་ཞལ༔ བེ་ཅོན་རལ་གྲི་དགྲ་སྟྭ་གཡས་ན་འཛིན༔ ཐོད་ཁྲག་སྡིགས་མཛུབ་མདུང་ཐུང་གཡོན་ན་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཆུ་གླང་མནན༔ བྷེ་ཏ་ནག་མོ་ཞལ་གཅིག་ཕྱག་གཉིས་མ༔ དགྲ་སྟྭ་ཐོད་ཁྲག་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཡོན་ཡབ་འཁྱུད་གཡས་པས་ཏི་ར་མནན༔ དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་གདེངས༔ ཟ་གསོད་ཁྲོ་བཅུ་ལ་སོགས་འཁོར་བཅས་གསལ༔ ནུབ་ཕྱོགས་དབང་ཆེན་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་རྒོད་གཤེ་གཏུམ་པའི་ཞལ༔ རྡོ་རྗེ་ཁ་ཊྭཱྃ་སྦྲུལ་ཞགས་གཡས་ན་བསྣམས༔ དྲིལ་བུ་ཐོད་ཁྲག་ལྕགས་སྒྲོག་གཡོན་ན་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཀླུ་དབང་མནན༔ པདྨ་གཟི་ལྡན་ཁྲོ་མོ་གཡོན་ནས་འཁྲིལ༔ ཁ་ཊྭཱྃ་ཐོད་ཁྲག་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་བརྐྱང་བསྐུམ་གར་གྱི་གདན་ལ་བརྫིས༔ དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་གདེངས༔ ཟིལ་གནོན་ཁྲོ་བཅུ་ལ་སོགས་འཁོར་བཅས་གསལ༔ བྱང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྒོད་གཤེ་གཏུམ་པའི་ཞལ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས་ན་བསྣམས༔ འབར་བའི་མེ་དང་ཁ་ཊྭཱྃ་གཡོན་ན་འཛིན༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ ཞབས་བཞི་གྱད་སྟབས་བདུད་བཞིའི་གདན་ལ་འགྱིང་༔ འཁོར་ལོ་རྒྱས་འདེབས་མཐིང་སྐྱ་གཡོན་ནས་འཁྲིལ༔ ཁ་ཊྭཱྃ་དུང་དམར་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཡོན་ཡབ་འཁྱུད་གཡས་པས་རཱུ་དྲ་མནན༔ དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་གདེངས༔ སྲས་མཆོག་རིགས་ལྔ་ལ་སོགས་འཁོར་བཅས་གསལ༔ ཤར་ལྷོ་བླ་མེད་མངོན་རྫོགས་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྒོད་གཤེ་གཏུམ་པའི་ཞལ༔ རྡོ་རྗེ་བྱ་ཁྱུང་ཞགས་པ་གཡས་ན་བསྣམས༔ ཐོད་ཁྲག་ཞིང་དབྱུག་གྭའུ་གཡོན་ན་འཛིན༔ ཞབས་བཞི་གྱད་སྟབས་མ་མོའི་གདན་ལ་འགྱིང་༔ མུ་ཁ་འབྱུང་བཞིའི་མདོག་ཅན་གཡོན་ནས་འཁྲིལ༔ ཕྱག་དྲུག་རྡོ་རྗེ་སྦྲུལ་ཞགས་བུམ་པ་དང་༔ དྲིལ་བུ་ཐོད་ཁྲག་རྩ་ཕྱག་ཡབ་མགུལ་འཁྱུད༔ ཞབས་བཞི་ཡབ་དང་གཉིས་མེད་འཁྲིལ་སྦྱོར་རོལ༔ དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་གདེངས༔ མ་ལྔ་ལ་སོགས་འཁོར་དང་བཅས་པ་གསལ༔ ལྷོ་ནུབ་རིག་འཛིན་རྡོ་རྗེ་ཐོད་པ་རྩལ༔ སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་སྣང་སྟོང་རྡོལ་དྲིལ་ཐུགས་ཀར་བསྣོལ༔ ཞབས་གཉིས་པད་ཉི་དར་ཟབ་གདན་ལ་བརྫིས༔ རྡོ་རྗེ་ཕག་མོ་མཐིང་ནག་གཡོན་ནས་འཁྲིལ༔ གྲི་གུག་ཐོད་ཁྲག་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་རོལ༔ དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ རིག་འཛིན་རྣམ་བཞི་འཁོར་དང་བཅས་པ་གསལ༔ ནུབ་བྱང་གསང་བདག་དྲེགས་པ་ཀུན་འདུལ་ནི༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དམར་གཡོན་སྨུག་རྒོད་གཤེ་གཏུམ་པའི་ཞལ༔ རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས་ན་བསྣམས༔ ཐོད་ཁྲག་ཀླུ་བརྒྱད་མགོ་བོ་གཡོན་ན་འཛིན༔ ཞབས་བཞི་བདུད་བཞི་གདུག་པའི་སྤྱི་ནས་བརྫིས༔ ཁམས་གསུམ་སྤྱི་འདུལ་ཁྲོ་མོ་གཡོན་ནས་འཁྲིལ༔ རྡོ་རྗེ་དུང་དམར་ཡབ་ཀྱི་མགུལ་ནས་འཁྱུད༔ གཡས་བསྐུམ་གཡོན་བརྐྱང་ཏི་ར་བམ་ཆེན་མནན༔ དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་གདེངས༔ དབང་ཕྱུག་ཨུ་མ་ལ་སོགས་འཁོར་བཅས་གསལ༔ བྱང་ཤར་སྟོབས་ལྡན་རྡོ་རྗེ་ཁྲོས་པའི་སྐུ༔ ཆར་སྤྲིན་མདོག་ཅན་ཞལ་གསུམ་ཕྱག་དྲུག་པ༔ གཡས་ལྗང་གཡོན་སེར་རྒོད་གཤེ་གཏུམ་པའི་ཞལ༔ རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས་ན་བསྣམས༔ ཐོད་ཁྲག་ཀླུ་བརྒྱད་ཙིཏྟ་གཡོན་ན་འཛིན༔ ཞབས་བཞི་གྱད་ཀྱི་འདོར་སྟབས་གདུག་པ་མནན༔ འབྱུང་ལྔའི་བདག་མོ་མཐིང་ནག་གཡོན་ནས་འཁྲིལ༔ ཕྱག་གཡས་མཁར་བཏེགས་དམོད་པའི་ཕྱག་རྒྱ་མཛད༔ ཕྱག་གཡོན་སར་གཏད་ཀླུ་གདོན་ཟིལ་གྱིས་མནན༔ གཡས་བསྐུམ་གཡོན་བརྐྱང་ལོག་འདྲེན་སྤྱི་ནས་བརྫིས༔ དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་གདེངས༔ དྲེགས་ཆེན་བཅོ་བརྒྱད་ལ་སོགས་འཁོར་བཅས་གསལ༔ ལྷ་ཚོགས་ཀུན་ཀྱང་ཁྲོ་གཏུམ་བལྟར་མི་བཟོད༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་ཕྱོགས་བཅུ་ཀུན་ཏུ་གཟིགས༔ ཐོད་སྐམ་དབུ་རྒྱན་དར་གྱི་ཅོད་པན་འཕུར༔ ཉི་ཟླའི་སྙན་རྒྱན་དཔལ་གྱི་ཆས་བཅུ་རྫོགས༔ གར་དགུའི་ཉམས་ལྡན་སྤྱི་བོར་ཁྱུང་གིས་བརྒྱན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་གསལ༔ ཁྲག་ཁྱམས་མ་བདུན་སྲིང་བཞི་འབར་མ་བརྒྱད༔ མཁའ་འགྲོ་སུམ་ཅུ་གིང་ཆེན་བཅོ་བརྒྱད་དང་༔ ལངྐ་བཅུ་དང་བརྟན་མ་བཅུ་གཉིས་དང་༔ གསེར་ཁྱམས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་འཁོར་དང་བཅས༔ ཤིན་ཏུ་མི་སྲུན་གདུག་པའི་མཚོན་ཆ་འཛིན༔ མི་ལྤགས་གོས་སོགས་འཇིགས་པའི་རྒྱན་རྣམས་རྫོགས༔ རང་རང་ལས་བྱེད་སྤྲུལ་པ་བསམ་མི་ཁྱབ༔ ངོ་བོ་གཅིག་ལ་རྣམ་པ་ཐ་དད་པ༔ སྒྱུ་འཕྲུལ་བཀོད་པ་བསམ་གྱིས་མི་ཁྱབ་ཅིང་༔ ཞི་རྒྱས་དབང་དྲག་ལས་ཀུན་ཐོགས་མེད་སྒྲུབ༔ ཤར་སྒོར་པྲཛྙཱ་ཏ་ཀྲྀཏ་ཁྲོ་བོའི་རྒྱལ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞབས་གྱད་སྟབས༔ པད་ཉི་རཱུ་ཏྲ་བཾ་གྱི་གདན་ལ་བརྫིས༔ ཕྱག་གཡས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཡིས༔ དྲེགས་པ་བྲན་དུ་བཀུག་ཅིང་ལས་ལ་བཀོལ༔ ཁྲོ་བོའི་ཆས་རྫོགས་ཡེ་ཤེས་མེ་དཔུང་འབར༔ ལྕགས་ཀྱུ་ཁྲོ་མོ་རང་སྣང་ཡུམ་དང་སྦྱོར༔ ལྷོ་སྒོར་ཡ་མཱནྟ་ཀྲྀཏ་ཁྲོ་བོའི་རྒྱལ༔ སེར་ནག་ཞལ་གཅིག་ཕྱག་གཉིས་ཞབས་གྱད་སྟབས༔ པད་ཉི་གཟུང་འཛིན་བམ་གྱི་གདན་ལ་བརྫིས༔ ཁྲོ་བོའི་ཆས་རྫོགས་ཡེ་ཤེས་མེ་དཔུང་འབར༔ ཕྱག་གཡས་ཁམས་གསུམ་འཆིང་བྱེད་ཞགས་པ་ཡིས༔ ལོག་འདྲེན་གདོན་བགེགས་འབྱུང་པོ་བཅིང་སྡོམས་བྱེད༔ ཞགས་པ་སེར་མོ་རང་སྣང་ཡུམ་དང་སྦྱོར༔ ནུབ་སྒོར་པདྨ་ཏ་ཀྲྀཏ་ཁྲོ་བོའི་རྒྱལ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ཞབས་གྱད་སྟབས༔ པད་ཉི་མི་སྲུན་ཕོ་མོའི་གདན་ལ་འགྱིང༔ ཁྲོ་བོའི་ཆས་རྫོགས་ཡེ་ཤེས་མེ་དཔུང་འབར༔ ཕྱག་གཡས་སྲིད་གསུམ་སྡོམ་མཛད་ལྕགས་སྒྲོག་བསྣམས༔ འཇིག་འདས་དྲེགས་པའི་ཚོགས་རྣམས་འཆིང་བར་བྱེད༔ ལྕགས་སྒྲོག་དམར་མོ་རང་སྣང་ཡུམ་དང་སྦྱོར༔ བྱང་སྒོར་བིགྷྣཱན་ཏ་ཀྲྀཏ་ཁྲོ་བོའི་རྒྱལ༔ ལྗང་ནག་ཞལ་གཅིག་ཕྱག་གཉིས་ཞབས་གྱད་སྟབས༔ པད་ཉི་དྲེགས་པ་ཕོ་མོའི་སྤྱི་ནས་བརྫིས༔ དུར་ཁྲོད་ཆས་རྫོགས་ཡེ་ཤེས་མེ་དཔུང་འབར༔ ཕྱག་གཡས་སྲིད་པ་མྱོས་མཛད་དྲིལ་བུ་བསྣམས༔ ལོག་རྟོག་མི་སྲུན་ཚོགས་རྣམས་གཏུམ་པར་མཛད༔ དྲིལ་བུ་ལྗང་མོ་རང་སྣང་ཡུམ་དང་སྦྱོར༔ ཀུན་ཀྱང་གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ མ་རིག་རྟེན་འབྲེལ་བཅུ་གཉིས་ཁྲག་ཏུ་རོལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྤྱན་བསྒྲད་ཤངས་ནས་ཧཱུྃ་གི་སྣང་གླུ་ལེན༔ ཉི་མ་ཟླ་བའི་སྙན་རྒྱན་བཀྲག་ཏུ་འབར༔ སྨར་སྨིན་རྡོ་རྗེའི་ཚྭ་ཚྭས་ལོག་འདྲེན་བསྲེགས༔ རང་རང་ལས་བྱེད་སྤྲུལ་པ་ཁྲ་ཐབས་འགྱེད༔ སྒྲུབ་སྡེ་དགུ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྣང་སྟོང་གཉིས་མེད་ཆུ་ཟླ་འཇའ་ཚོན་བཞིན༔ མ་འདྲེས་ཡོངས་རྫོགས་ཏིལ་གོང་ཕྱུར་བཞིན་གསལ༔ ལྔ་པ་དབང་བསྐུར་བ་ནི༔ གཙོ་བོའི་སྤྱི་བོར་འཁོར་ལོ་ལ་གནས་པའི་ཡི་གེ་ཨོཾ་དཀར་པོ༔ མགྲིན་པར་པདྨ་ལ་གནས་པའི་ཡི་གེ་ཨཱཿདམར་པོ༔ སྙིང་གར་ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་མཐིང་ནག་བཀྲག་མདངས་གཟི་བརྗིད་འབར་བར་བསྒོམ༔ དེ་དག་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཞིང་ན་བཞུགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ ཀུན་ཀྱང་བདེ་གཤེགས་རིགས་ལྔའི་རྣམ་པར་བྱོན་ནས་བདག་ལ་མངོན་པར་དབང་བསྐུར་བས༔ སྒོ་གསུམ་གྱི་དྲི་མ་ཉེས་སྐྱོན་ཐམས་ཅད་སངས་ཀྱིས་དག་པར་བྱས༔ དབང་བཞི་གཅིག་ཆར་དུ་རྫོགས་ཤིང་ཕུང་ཁམས་བདེ་གཤེགས་ཡབ་ཡུམ་དུ་སངས་རྒྱས༔ ཀུན་བཏགས་འཁོར་བའི་དྲི་མ་སྦྱང་ནས༔ གཞན་དབང་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོར་རྒྱས་གདབ༔ ཡོངས་གྲུབ་མཉམ་ཉིད་ཆོས་སྐུའི་དཀྱིལ་འཁོར་ཆེན་པོར་རྫོགས་པར་བསམ༔ ཨོཾ་བུདྡྷ་དྷ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱཾ་པདྨ་དྷ་ར་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བཛྲ་དྷ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ་རཏྣ་དྷ་ར་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དབང་གི་ཆུ་བོ་གྱེན་དུ་བརྟན་པ་ལས་རྡོ་རྗེ་མི་བསྐྱོད་པས་དབུ་བརྒྱན་པར་བསམ༔ དྲུག་པ་རྒྱས་གདབ་པ་ནི༔ སླར་ཡང་རང་གི་གནས་ལྔར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿརྣམས་གསལ་བ་ལ་རིགས་ལྔ་རིམ་གྱིས་ཐིམ་པ་ལས༔ སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ༔ མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ༔ སྙིང་གར་མི་བསྐྱོད་པ་མཐིང་ནག་རྡོ་རྗེ་འཛིན་པ༔ ལྟེ་བར་རིན་འབྱུང་སེར་པོ་རིན་ཆེན་འཛིན་པ༔ གསང་གནས་སུ་དོན་གྲུབ་ལྗང་གུ་རལ་གྲི་འཛིན་པ༔ ཀུན་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་གཡོན་རྣམས་དྲིལ་བུ་དཀུར་བརྟེན་པ༔ སྣང་སྟོང་གཉིས་མེད་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོར་བཞུགས་ཤིང༔ སྲིད་ཞི་དབྱེར་མེད་མཉམ་ཉིད་བདེ་ཆེན་མི་འགྱུར་རྡོ་རྗེ་གདོད་མའི་སྤྱི་དཔལ་ཆེན་པོར་རྒྱས་ཐེབས་པར་བསམ༔ ཨོཾ་ཛི་ན་ཛིཀ་ས་མ་ཡ་སྟྭཾ༔ ཏིཥྛ་བཛྲ༔ ཨཱཾ་ཨ་རོ་ལིཀ་ས་མ་ཡ་སྟྭཾ༔ ཏིཥྛ་བཛྲ༔ ཧཱུྃ་བཛྲ་དྷྲྀཀ་ས་མ་ཡ་སྟྭཾ༔ ཏིཥྛ་བཛྲ༔ སྭཱ་རཏྣ་དྷྲྀཀ྄་ས་མ་ཡ་སྟྭཾ༔ ཏིཥྛ་བཛྲ༔ ཧཱ་པྲཛྙཱ་དྷྲྀཀ་ས་མ་ཡ་སྟྭཾ༔ ཏིཥྛ་བཛྲ༔ ཞེས་རྒྱས་གདབ་པས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་ཉིད་ཡི་དམ་ལྷའི་སྐུ་གསུང་ཐུགས་དང་སོ་སོར་དབྱེར་མི་ཕྱེད་ཅིང་ཐ་མི་དད་པར་དུ་མ་རོ་གཅིག་ཏུ་བརྟན་པར་བསམ༔ བདག་ཉིད་ཡི་དམ་ལྷའི་གནས་གསུམ་རྡོ་རྗེ་གསུམ་གྱི་སྙིང་པོ་ལས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ ཕྱོགས་བཅུ་དུས་བཞི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྣམ་པར་བཞེངས་ནས༔ རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་བཞིན་དུ་བདག་གནས་སྒྲུབ་པའི་རྫས་ཡོ་བྱད་རྣམས་ལ་ཐིམ་པས༔ མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྐད་ཅིག་ཉིད་ལ་ཐོབ་པར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ བདུན་པ་སྤྱན་འདྲེན་པ་ནི༔ གསུར་ཆེན་གྱི་དུད་པ་བདུག༔ ཐོད་རྔ་རྐང་གླིང་བཤུག་པའི་སྒྲ་དང་བཅས་ཏེ༔ སྙན་པའི་དབྱངས་ཀྱིས་རྟ་ལ་བསྐྱོན་ནས་འདི་སྐད་བརྗོད་དོ༔ ཧཱུྃ༔ གཞོམ་ཞིག་བྲལ་བ་མི་འགྱུར་རྡོ་རྗེའི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་མཛད་བཅོམ་ལྡན་འདས༔ ཐུགས་རྗེས་གདུལ་དཀའ་འདུལ་མཛད་ཁྲོ་བོའི་རྒྱལ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ སྣང་སྟོང་བདེ་ཆེན་རྒྱས་འདེབས་གནམ་ཞལ་ཡུམ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི་བདག་ཉིད༔ དུག་ལྔ་གཤེད་དུ་ཁྲོས་པའི་ཁྲོ་རྒྱལ་ལྔ༔ ཡབ་ཡུམ་དགྱེས་ཆགས་སྦྱོར་བས་སྒྱུ་འཕྲུལ་འཁོར༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་རྣམས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ ཤར་ཕྱོགས་ཟླ་གམ་གདེངས་པ་ཨེ་ཡི་ཀློང་༔ རྔམས་བརྗིད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས༔ མ་བཅོས་དོན་གྱི་ལྷ་མཆོག་ཧེ་རུ་ཀ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ སེར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ མི་སྲུན་གཤིན་རྗེ་ཕོ་མོ་བསྣོལ་བའི་ཁྲིར༔ རྔམས་བརྗིད་ཁྲག་འཐུང་ཁྲོས་པའི་ཧེ་རུ་ཀ༔ གཤིན་རྗེ་གཤེད་པོ་དུར་ཁྲོད་བདག་མོ་ཡུམ༔ སྙིང་རྗེ་ཁྲོས་པའི་གར་ལས་སྤྲུལ་པར་འགྱེད༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ ཆུ་ལྷ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་༔ དཔའ་བརྗིད་འཇིགས་རུང་ཁྲག་འཐུང་ཁྲོས་པའི་གར༔ ཧྱ་གྲཱི་ཝ་པདྨ་གཟི་ལྡན་ཡུམ༔ སྤྲུལ་པ་ཕྱག་བརྙན་བྱི་ལ་པུ་ཤུད་མགོ༔ ཡང་སྤྲུལ་སྒྱུ་འཕྲུལ་བཀོད་པ་བསམ་ཡས་པ༔ པདྨ་གསུང་གི་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ ལྗང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ ལོག་རྟོག་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་༔ རྒྱལ་ཀུན་ཕྲིན་ལས་ལྷ་མཆོག་ཧེ་རུ་ཀ༔ ཁྲོ་རྒྱལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ གཉིས་མེད་བདེ་སྦྱོར་འཁོར་ལོ་རྒྱས་འདེབས་ཡུམ༔ སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཟ་གསོད་སོགས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ ཁམས་གསུམ་ཁྲག་ཏུ་རོལ་པའི་དུར་ཁྲོད་ནས༔ མི་སྲུན་ཞིང་བཅུ་ཕོ་མོ་བསྣོལ་བའི་ཁྲིར༔ སྟོབས་ལྡན་འཇིགས་བྱེད་ཁྲག་འཐུང་ཁྲོས་པའི་རྒྱལ༔ བླ་མེད་ཧེ་རུ་ཉིད་བཞི་མུ་ཁ་ཡུམ༔ མ་ལྔ་ལ་སོགས་སྤྲུལ་པ་བསམ་ཡས་འགྱེད༔ རྦོད་གཏོང་མ་མོའི་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ གསང་ཆེན་རོལ་པ་བདེ་ཆེན་ཆོས་དབྱིངས་ཞིང་༔ མི་འཇིགས་དར་ཟབ་རིན་ཆེན་བརྩེགས་པའི་ཁྲིར༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་ཧེ་རུ་ཀ༔ རྡོ་རྗེ་ཐོད་ཕྲེང་བདེ་སྦྱོར་ཕག་མོ་ཡུམ༔ རྣམ་སྨིན་ཚེ་ལ་དབང་བའི་རིག་འཛིན་སོགས༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ བདེ་ཆེན་དབང་དྲག་རོལ་པ་ཨེ་ཡི་ཞིང་༔ བསྟན་དགྲ་གནོད་བྱེད་ཕོ་མོ་བསྣོལ་པའི་ཁྲིར༔ རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་ཧེ་རུ་ཀ༔ བཛྲ་པཱ་ཎི་ཁམས་གསུམ་སྤྱི་འདུལ་ཡུམ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པ༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ རབ་འཇིགས་ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ གདོན་བགེགས་ཞིང་བཅུ་བསྣོལ་བའི་བམ་སྟེང་ནས༔ སྟོང་གསུམ་སྲིད་པ་འཇིགས་མཛད་ཧེ་རུ་ཀ༔ སྟོབས་ལྡན་ནག་པོ་འབྱུང་ལྔའི་བདག་མོ་ཡུམ༔ ངོ་བོ་གཅིག་ལ་རྣམ་རོལ་དུ་མར་བསྒྱུར༔ འཇིག་རྟེན་འདས་ཀྱང་དྲེགས་པའི་ཚུལ་སྟོན་པ༔ དྲེགས་ཆེན་བཅོ་བརྒྱད་ལ་སོགས་བསྟན་སྲུང་སྡེ༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐད་ཅིག་ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བའི་ཕོ་བྲང་ནས༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཐོགས་མེད་སྒྲུབ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མཛད༔ ཉམས་པ་ཅན་ལ་བཀའ་ཡི་ཆད་པ་གཅོད༔ སྒྲུབ་པ་པོ་ལ་མཆོག་ཐུན་དངོས་གྲུབ་འབེབས༔ དབང་ཕྱུག་འབར་མ་གིང་དང་ལངྐ་སོགས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་དད་ཅིང་གདུང་བས་སྤྱན་འདྲེན་ནོ༔ ཐུགས་དམ་གཡེལ་མེད་དམ་བཅའ་རྗེས་དགོངས་ལ༔ དབང་བསྐུར་བྱིན་ཕོབ་ཕྲིན་ལས་སྒྲུབ་པ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ འབད་མེད་སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ༔ ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ སརྦ་ལོ་ཀ་པཱ་ཤཾ་སིདྡྷི་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ མི་འགྱུར་མི་འགགས་ཆོས་ཉིད་བདེ་བའི་ཞིང་༔ མ་བཅོས་ལྷུན་གྲུབ་ཡེ་རྫོགས་དོན་གྱི་ལྷ༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་དང་༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་དང་ནི༔ གདངས་ལས་ཤར་བའི་དཔལ་ཆེན་ཁྲོ་བོའི་ཚོགས༔ སྣང་སྲིད་ཕྱི་ནང་སྣོད་བཅུད་རྟེན་འབྲེལ་ཆོས༔ དག་པ་རབ་འབྱམས་འཁོར་ལོར་རྫོགས་པའི་རྩལ༔ མ་རྒྱུད་མཁའ་འགྲོ་ཌཱ་ཀི་དམ་ཅན་སྡེ༔ རང་སྣང་ཡེ་ཤེས་འཁོར་ལོར་ལྷན་སྐྱེས་ལྷ༔ འཁོར་འདས་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ བརྒྱུད་འཛིན་ཐུགས་རྗེས་འཛིན་ཕྱིར་གནས་འདིར་གཤེགས༔ སྣོད་ཀྱི་འཇིག་རྟེན་ཧེ་རུའི་ཞིང་དུ་རློབས༔ ནང་བཅུད་སེམས་ཅན་ཁྲག་འཐུང་རོལ་པའི་དལ༔ སྒྲུབ་ཁང་གཞལ་ཡས་སྒྲུབ་པོ་ཡེ་ཤེས་ལྷ༔ སྒྲུབ་རྫས་བདུད་རྩི་དཀྱིལ་འཁོར་བཀོད་པའི་དབྱིངས༔ ལྷུན་རྫོགས་བདེ་ཆེན་རྒྱན་གྱི་འཁོར་ལོར་རློབས༔ སྒྲུབ་མཆོག་མོས་ལྡན་བུ་ལ་དབང་བཞི་བསྐུར༔ བྱང་ཆུབ་སྒྲུབ་པའི་རྐྱེན་ངན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་བཛྲ་ས་མ་ཡ་ཛ་ཛ༔ བརྒྱད་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཆོས་ཀུན་མཉམ་ཉིད་བདེ་ཆེན་དག་པའི་ཞིང་༔ རང་སྣང་མ་འགགས་ལོངས་སྐུའི་དཀྱིལ་འཁོར་ངོམས༔ སྒྱུ་མ་ཆུ་ཟླ་འཇའ་ཚོན་ཅི་བཞིན་དུ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ལྷར་སྣང་བཀོད༔ སྣང་སྟོང་བདེ་ཆེན་ཟུང་འཇུག་ཡབ་དང་ཡུམ༔ དགྱེས་ཆགས་མཉམ་པར་སྦྱོར་བས་རོལ་རྩལ་ལས༔ སྤྲུལ་པ་ཡང་སྤྲུལ་སྒྱུ་འཕྲུལ་བསམ་མི་ཁྱབ༔ མདོར་ན་ཁྲག་འཐུང་རོལ་པ་ཧེ་རུའི་ཞིང་༔ དཀྱིལ་འཁོར་གསུམ་ལྡན་མ་བཅོས་ཁྱབ་གདལ་ངང་༔ དམ་ཡེ་དབྱེར་མེད་རོ་གཅིག་བརྟན་པར་བཞུགས༔ དཔེར་ན་ཆུ་ལ་ཆུ་བཞག་ཅི་བཞིན་དུ༔ ལྷན་སྐྱེས་ཡེ་ཤེས་གཉིས་མེད་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དགུ་པ་ཕྱག་འཚལ་བ་ནི༔ ན་མོ༔ རང་རིག་གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ རང་མདངས་མ་འགགས་སྒྱུ་འཕྲུལ་ཞི་ཁྲོར་ཤར༔ ཐུགས་རྗེ་གདུལ་དཀའ་དུལ་མཛད་དྲག་པོར་བཞེངས༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ ཀུན་གཞི་ཆོས་ཁམས་གནས་དག་རྡོ་རྗེ་འཛིན༔ ཕུང་ཁམས་བཅོམ་ལྡན་རིགས་ལྔ་ཡབ་ཡུམ་སྦྱོར༔ ཚོགས་ཡུལ་གནས་དག་སྒྲུབ་སྡེ་དཀྱིལ་འཁོར་ཤར༔ བདེ་གཤེགས་ཁྲོས་པའི་ལྷ་ལ་ཕྱག་འཚལ་ལོ༔ ངོ་བོ་མི་འགྱུར་ཡེ་ཤེས་ཀུན་ཏུ་བཟང་༔ རང་བཞིན་རྣམ་དག་ཡེ་ཤེས་ལྔ་རྫོགས་དབྱིངས༔ མཁྱེན་པ་མ་འགགས་རྟོག་པའི་དྲྭ་བ་གཅོད༔ གཉུག་མ་མི་འགྱུར་ལྷ་ལ་ཕྱག་འཚལ་ལོ༔ ངོ་བོ་གཅིག་ལ་རྣམ་པ་ཐ་དད་པ༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ དུས་གསུམ་རྒྱལ་ཀུན་དཀྱིལ་འཁོར་རྫོགས་པའི་དབྱིངས༔ བདེ་ཆེན་འགྱུར་མེད་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ ཧོཿ པྲ་ཏཱིཙྪ་ ཧོཿ བཅུ་པ་མཆོད་པ་ལ༔ དང་པོ་གར་མཆོད་ནི༔ ཧཱུྃ༔ དོན་དམ་མི་ཤིགས་རྫོགས་པ་ཆེན་པོའི་དབྱིངས༔ སྣང་སྟོང་དབྱེར་མེད་དཔའ་བོ་མཁའ་འགྲོ་ཡིས༔ འཁྲུལ་པ་གཞི་རུ་འཇིག་ཕྱིར་རོལ་གར་བསྒྱུར༔ བདེ་གཤེགས་ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་འབུལ༔ མཉེས་ནས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཛྙཱ་ན་ཏེ་ན་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ གཉིས་པ་གླུ་ཡི་མཆོད་པ་ནི༔ ཧཱུྃ༔ གྲགས་སྟོང་བརྗོད་བྲལ་གསང་སྔགས་རང་སྒྲ་ལྡིར༔ ངག་རླུང་འཁོར་ལོ་གསུང་གི་གསང་བར་སྦྱོར༔ སྐྱེ་འགགས་མཐའ་བྲལ་སྒྲ་ཡི་མཆོད་པ་འདི༔ བདེ་གཤེགས་ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་འབུལ༔ བྱིན་རླབས་བདེ་ཆེན་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཛྙཱ་ན་དྷརྨ་དྷུརྟུ་སརྦ་པཱུ་ཛ་ ཧོཿ གསུམ་པ་ཕྱི་མཆོད་འབུལ་བ་ནི༔ ཨོཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ རོ་ནུས་དྲུག་ལྡན་མཆོད་ཡོན་ཅི་མཆིས་པ༔ བདེ་གཤེགས་གསང་བ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ དྲི་ཞིམ་ཡིད་འོང་ཞབས་བསིལ་ཅི་མཆིས་པ༔ བདེ་གཤེགས་གསང་བ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་པཱདྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ སྣ་ཚོགས་མདངས་བཀྲའི་མེ་ཏོག་ཇི་སྙེད་པ༔ བདེ་གཤེགས་གསང་བ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ དུ་རུ་ཨ་ཀར་རང་བྱུང་བདུག་སྤོས་ཚོགས༔ སྨན་སྦྱར་དྲི་བསུང་བདུག་སྤོས་ཇི་སྙེད་པ༔ བདེ་གཤེགས་གསང་བ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་དྷུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ རྩི་མར་འབྲུ་མར་སྦྱར་བའི་སྣང་གསལ་དང་༔ ཉི་ཟླ་ནོར་བུ་ལ་སོགས་རང་བྱུང་འོད༔ མ་རིག་མུན་སེལ་སྒྲོན་མེ་ཅི་མཆིས་པ༔ བདེ་གཤེགས་གསང་བ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ ཛ་ཏི་སི་ལ་ཙན་དན་དཀར་དམར་དང་༔ དྲི་ཞིམ་ལྡེ་གུ་སྦྱར་བའི་དྲི་ཆབ་ཀུན༔ བདེ་གཤེགས་གསང་བ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ འབྲུ་བཅུད་དྭངས་མ་སྦྱར་བའི་ཞལ་ཟས་རིགས༔ རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་བཤོས༔ ཉི་མ་ཟླ་བའི་བཀྲག་མདངས་འོད་དུ་འབར༔ བདེ་གཤེགས་གསང་བ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་ནཻ་ཝིདྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ རྔ་གླིང་རོལ་མོ་རང་བྱུང་ཐུགས་ཆོམ་སྒྲ༔ སྙན་འགྱུར་ཡིད་འོང་རོལ་མོ་ཇི་སྙེད་པ༔ བདེ་གཤེགས་གསང་བ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ བཞི་པ་ནང་མཆོད་འབུལ་བ་ནི༔ ཨཱཿབདེ་སྟོང་ཡེ་ཤེས་རྟོགས་པའི་རོལ་རྩལ་ལས༔ དགྱེས་ཆགས་བདེ་སྟེར་གཟུགས་ཀྱི་ལྷ་མོ་མཐིང་༔ རྣམ་པ་ཅིར་ཡང་འཆར་བའི་ཨ་དཪྴ༔ མཛུབ་མོས་བསྒྲེངས་ཤིང་ལྷ་མིའི་ལོངས་སྤྱོད་སྤྲོ༔ བདེ་གཤེགས་གསང་བ་འདུས་པའི་ལྷ་ལ་འབུལ༔ བཞེས་ནས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱུ་པ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨཱཿབདེ་སྟོང་ཡེ་ཤེས་རྟོགས་པའི་རོལ་རྩལ་ལས༔ དགྱེས་ཆགས་བདེ་སྟེར་སྒྲ་ཡི་ལྷ་མོ་སེར༔ སྙན་འགྱུར་ཡིད་འོང་བཻ་ཌཱུར་ཏམྦུ་ར༔ སྣ་ཚོགས་སྒྲ་ཡི་མཆོད་པ་ཇི་སྙེད་ཀུན༔ བདེ་གཤེགས་གསང་བ་འདུས་པའི་ལྷ་ལ་འབུལ༔ བཞེས་ནས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨཱཿབདེ་སྟོང་ཡེ་ཤེས་རྟོགས་པའི་རོལ་རྩལ་ལས༔ དགྱེས་ཆགས་བདེ་སྟེར་དྲི་ཡི་ལྷ་མོ་དམར༔ རིན་ཆེན་སྤོས་ཕོར་ཐོགས་པའི་ཡིད་འོང་དྲིས༔ ཐུགས་ཀྱི་དགྱེས་པ་ཅིར་ཡང་བསྐང་བར་བྱེད༔ བདེ་གཤེགས་གསང་བ་འདུས་པའི་ལྷ་ལ་འབུལ༔ བཞེས་ནས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨཱཿབདེ་སྟོང་ཡེ་ཤེས་རྟོགས་པའི་རོལ་རྩལ་ལས༔ དགྱེས་ཆགས་བདེ་སྟེར་རོ་ཡི་ལྷ་མོ་ལྗང་༔ ནུས་བཅུད་ཕུན་སུམ་ཚོགས་པའི་ཞལ་ཟས་ཐོགས༔ གཅིག་ལས་དུ་མར་འཕྲོ་བའི་མཆོད་སྤྲིན་གཡོ༔ བདེ་གཤེགས་གསང་བ་འདུས་པའི་ལྷ་ལ་འབུལ༔ བཞེས་ནས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱ་ས་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨཱཿབདེ་སྟོང་ཡེ་ཤེས་རྟོགས་པའི་རོལ་རྩལ་ལས༔ དགྱེས་ཆགས་བདེ་སྟེར་རེག་བྱའི་ལྷ་མོ་སྔོ༔ དར་ཟབ་སྣ་ཚོགས་མཛུབ་མོས་བསྒྲེངས་ཤིང་གཡོ༔ བདེ་གཤེགས་གསང་བ་འདུས་པའི་ལྷ་ལ་འབུལ༔ བཞེས་ནས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨཱཿབདེ་སྟོང་ཡེ་ཤེས་རྟོགས་པའི་རོལ་རྩལ་ལས༔ དགྱེས་ཆགས་བདེ་སྟེར་ཆོས་ཀྱི་ལྷ་མོ་དཀར༔ ཕྱག་ན་རིན་ཆེན་ཆོས་འབྱུང་ཟུར་དྲུག་བསྣམས༔ དབང་དྲུག་ཚིམས་པའི་སྣ་ཚོགས་མཆོད་སྤྲིན་གཡོ༔ བདེ་གཤེགས་གསང་བ་འདུས་པའི་ལྷ་ལ་འབུལ༔ བཞེས་ནས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་དྷརྨ་དྷརྟུ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྔ་པ་གསང་མཆོད་ནི༔ ཧཱུྃ༔ གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས༔ བདེ་ཆེན་ཡེ་ཤེས་སྐུ་ཡི་དགྱེས་པ་བསྐང་༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་དཪྴེ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོགས་མ༔ བདེ་ཆེན་ཡེ་ཤེས་གསུང་གི་དགྱེས་པ་བསྐང་༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་མུརྫ་ཀ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི༔ སྐུ་མདོག་མཐིང་མཛེས་པི་ཝཾ་སྒྲ་སྒྲོགས་མ༔ བདེ་ཆེན་ཡེ་ཤེས་ཐུགས་ཀྱི་དགྱེས་པ་བསྐང་༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཝི་ནི་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ནི༔ སྐུ་མདོག་སེར་མཛེས་གླིང་བུའི་སྒྲ་སྒྲོགས་མ༔ བདེ་ཆེན་ཡེ་ཤེས་ཡོན་ཏན་དགྱེས་པ་བསྐང་༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཝཾ་སེ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི༔ སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོགས་མ༔ བདེ་ཆེན་ཡེ་ཤེས་ཕྲིན་ལས་དགྱེས་པ་བསྐང་༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་མེ་དྷེ་ཀེ་ཨཱཿཧཱུྃ༔ དྲུག་པ་སྨན་གྱི་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ རང་བྱུང་ལྷུན་གྲུབ་ཡེ་ཤེས་ཀ་པཱ་ལར༔ རང་གསལ་འགགས་མེད་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡེ་ཤེས་ལྔ་ལྡན་སྨན་ཆེན་པོ༔ ཉོན་མོངས་འཇོམས་མཛད་པཉྩ་ཨ་མྲྀ་ཏ༔ འདོད་ཡོན་ལྷ་མོའི་རྣམ་རོལ་སྒྱུ་འཕྲུལ་བཅས༔ མཁའ་ཁྱབ་རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད༔ གང་ཟག་སྙན་བརྒྱུད་ཤོག་སེར་ཚིག་བརྒྱུད་དང་༔ མཁའ་འགྲོ་གཏད་བརྒྱུད་སྨོན་ལམ་དབང་བསྐུར་བརྒྱུད༔ བརྒྱུད་པ་དྲུག་ལྡན་དཔལ་མགོན་བླ་མ་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ པདྨ་གསུང་གི་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ བྱང་ཤར་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཡེ་ཤེས་ཁྲོ་བོའི་ཞིང་༔ ལས་མཛད་ཁྲོ་བཅུ་ཡབ་ཡུམ་འཁོར་དང་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ དཀྱིལ་འཁོར་ཁྲག་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད༔ དཔལ་གྱི་བཀའ་སྡོད་རང་རང་སྤྲུལ་འཁོར་བཅས༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཕྱི་ཁྱམས་དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ གིང་དང་ལངྐ་ཟོ་དོར་བརྟན་མར་བཅས༔ དཔལ་གྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་ཕག་མོ་ཆོས་སྐུའི་མཁའ་འགྲོའི་གཙོ༔ རྡོ་རྗེ་རྣལ་འབྱོར་ལོངས་སྤྱོད་རྫོགས་མཛད་མ༔ ཡེ་ཤེས་མཚོ་རྒྱལ་སྤྲུལ་པ་ལས་ཀྱི་བདག༔ མ་རྒྱུད་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ལ༔ དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་འབུལ༔ ཐུགས་རྗེའི་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདུད་རྩི་སྙིང་པོ་ཅན་གྱི་དངོས༔ རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས༔ དབྱེར་མེད་བདེ་ཆེན་ཡེ་ཤེས་མཆོག༔ དངོས་གྲུབ་མ་ལུས་འདུས་པའི་དཔྱིད༔ འབྲུ་གསུམ་ནུས་པ་བཅུད་དུ་བླངས༔ སྐུ་གསུམ་ཐུགས་དང་དབྱེར་མེད་པར༔ ཟུང་འཇུག་བདེ་བ་ཆེན་པོར་སྦྱོར༔ སྣང་སྟོང་ཡེ་ཤེས་ཕྱག་རྒྱ་ཆེ༔ མཆོག་ཐུན་དངོས་གྲུབ་ཨ་ལ་ལ༔ རྩ་སྔགས༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿབདུན་པ་རཀྟ་ནི༔ ག༔ དུང་ཆེན་སྣོད་དུ་དམར་ཆེན་རཀྟ་འཁྱིལ༔ གིརྟིའི་མཁའ་ལས་རཀྟའི་རྒྱུན་བབ་པས༔ རྟེན་འབྲེལ་བཅུ་གཉིས་སྟོང་མཛད་ཁྲག་ཆེན་པོ༔ བདེ་སྟོང་ཡེ་ཤེས་མཆོག་ཏུ་བསྐྱེད་མཛད་ཅིང་༔ ཀུན་ཁྱབ་ཡེ་ཤེས་རཀྟའི་རྒྱུན་ཆེན་པོ༔ ཡེ་ཤེས་ཀློང་དགུ་ཁྲོ་བོའི་དཀྱིལ་འཁོར་ལྷ༔ བདེ་གཤེགས་གསང་བ་འདུས་པའི་ལྷ་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ བརྒྱད་པ་གཏོར་མ་ནི༔ ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷ་ཡངས་པའི་ནང་༔ ཁམས་གསུམ་སྣོད་བཅུད་དཔལ་གྱི་གཏོར་མར་སྦྱར༔ འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན་དཔུང་འཁྲིགས༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ སྣང་སྲིད་གཞིར་བཞེངས་མ་ཧཱ་བ་ལིཾ་ཏ༔ ཡེ་ཤེས་ཀློང་དགུ་སྒྱུ་འཕྲུལ་ཁྲོ་བོའི་གར༔ བདེ་གཤེགས་གསང་བ་འདུས་པའི་ལྷ་ལ་འབུལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ དགུ་པ་སྦྱོར་མཆོད་ནི༔ ཨེ་ཝཾ༔ སྣང་སྟོང་ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཆེ༔ གཉིས་མེད་ཟུང་འཇུག་བདེ་བ་ཆེན་པོར་སྦྱོར༔ གཏུམ་མོའི་འོད་ཀྱིས་ཐབས་མཆོག་ཧེ་རུ་བསྐུལ༔ དགྱེས་ཆགས་དགའ་བཞིའི་བདུད་རྩིའི་རྒྱུན་བབ་པ༔ འདོད་ཡོན་ལྷ་མོས་སྟོང་ཆེན་སྣོད་དུ་བསྐྱིལ༔ ཡེ་ཤེས་ཀློང་དགུ་སྒྲུབ་པ་བཀའ་བརྒྱད་ལྷར༔ ག་ན་བདེ་ཆེན་མཆོད་པའི་གཏེར་ཆེན་པོ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་སུ་ཁ་པཱུ་ཛ་ཁཱ་ཧི༔ བཅུ་པ་སྒྲོལ་མཆོད་ནི༔ ཨེ་རཾ༔ སྟོང་ཉིད་བདེ་ཆེན་བཙུན་མོའི་མཁའ་གསང་དུ༔ གཟུང་འཛིན་གཉིས་སྣང་རྟོག་པའི་རཱུ་ཏྲ་བསྡུས༔ བདེ་ཆེན་ཐབས་མཆོག་ཧེ་རུའི་རྡོ་རྗེས་བརྡུང་༔ དུག་གསུམ་རྟོག་པ་སྐུ་གསུམ་ངང་དུ་བཅོམ༔ ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་བརྡལ༔ འཁོར་བ་སྟོང་མཛད་ཏ་ནའི་མཆོད་ཆེན་པོ༔ ཡེ་ཤེས་ཀློང་དགུ་སྒྱུ་འཕྲུལ་ཁྲོ་བོའི་གར༔ བདེ་ཆེན་གསང་བ་འདུས་པའི་ལྷ་ལ་འབུལ༔ བཞེས་ནས་དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ༔ རཱུ་ཏྲ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ སརྦ་ཛྭ་ལ་ཁྭ་ཧི༔ བཅུ་གཅིག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཨ༔ ཆོས་རྣམས་རང་བཞིན་ཡེ་ནས་སྐྱེ་བ་མེད༔ མ་བཅོས་ཁྱབ་བརྡལ་འོད་གསལ་ཟུང་འཇུག་སྐུ༔ སྤངས་བླངས་མཐའ་བྲལ་རང་བཞིན་གནས་ལུགས་དོན༔ བདེ་ཆེན་ཡེ་ཤེས་གཉིས་མེད་ངང་དུ་མཆོད༔ མ་ཧཱ་སུ་ཁ་སིདྡྷི་ ཧོཿ ས་མ་ཡ་སྟྭཾ༔ ས་མ་ཡ་ ཧོཿ བཅུ་གཉིས་པ་བསྟོད་པ་ནི༔ ཧཱུྃ༔ ཆོས་ཉིད་དོན་ལ་འགྱུར་བ་མི་མངའ་ཡང་༔ ལོངས་སྤྱོད་རྫོགས་མཛད་ཞི་དང་ཁྲོ་བོར་ངོམས༔ ཐུགས་རྗེའི་གདུལ་དཀའ་འདུལ་ཕྱིར་དྲག་པོར་བཞེངས༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་སྤྲོས་པའི་མཚན་མ་ཉེར་ཞི་ཡང་༔ ཕྲིན་ལས་མཐར་ཕྱིན་མ་ངེས་རྣམ་རོལ་ངོམས༔ སྲིད་དང་ཞི་བའི་ཆོས་ཁམས་དབྱིངས་སུ་སྡུད༔ ཀུན་བཟང་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ལྔ་རྫོགས་བཅོམ་ལྡན་རིགས་ལྔ་ཡབ༔ འབྱུང་ཁམས་གནས་དག་རྒྱལ་བ་བསྐྱེད་པའི་ཡུམ༔ སྣང་སྟོང་གཉིས་མེད་ཐབས་དང་ཤེས་རབ་སྦྱོར༔ རིགས་ལྔ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་སྟོང་ཆེན་སེམས་མར་སྦྱོར༔ འདོད་ཡོན་མ་སྤངས་རྒྱན་དང་ཆ་ལུགས་རྫོགས༔ སེམས་དཔའ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཉོན་དྲུག་གནས་དག་ཐུབ་པ་དྲུག་ཏུ་བཞེངས༔ འགྲོ་བ་འདུལ་ཕྱིར་སྤྲུལ་སྐུའི་ཆ་ལུགས་སྟོན༔ གང་ལ་གང་འདུལ་མཛད་པ་མཐར་ཕྱིན་པ༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ རྟག་ཆད་བདག་མཚན་ལུས་ཀྱི་རྣམ་པར་ཤེས༔ དབང་པོ་རེག་བྱ་རེག་ཤེས་གནས་དག་པ༔ ཚད་མེད་བཞི་ལྡན་ཡབ་ཡུམ་ཚུལ་དུ་སྟོན༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད༔ དུག་ལྔ་གནས་དག་ཁྲག་འཐུང་རིགས་ལྔར་བཞེངས༔ འབྱུང་ཁམས་དག་པ་ཀྲོ་ཏི་ཡུམ་ལྔར་སྦྱོར༔ གདུག་པ་འདུལ་ཕྱིར་དྲག་པོའི་ཚུལ་དུ་སྟོན༔ ཁྲག་འཐུང་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོད༔ ཚོགས་ཡུལ་གནས་དག་ཀོར་སེང་བཅུ་དྲུག་དང་༔ ཉོན་མོངས་དབྱིངས་སྤོར་སྤོར་བྱེད་ཆེན་མོ་བརྒྱད༔ འཁོར་བ་འཇིགས་མཛད་དབང་ཕྱུག་སྒོ་མར་བཅས༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཡེ་ཤེས་སྒྱུ་འཕྲུལ་བཀོད་པ་བསམ་མི་ཁྱབ༔ གཞན་སྣང་གདུག་པ་འདུལ་ཕྱིར་ཁྲོ་བོར་བཞེངས༔ རང་རིག་མ་བཅོས་དཔལ་ཆེན་ཧེ་རུ་ཀ༔ ཆོས་ཉིད་འགྱུར་མེད་སྐུ་མདོག་མཐིང་འོད་འབར༔ དབུ་ནི་ཉི་ཤུ་རྩ་གཅིག་པ་དང་སྦྱོར༔ ཡེ་ཤེས་ལྷུན་རྫོགས་ཕྱག་གི་གདན་སྟེང་ནས༔ སྒྱུ་འཕྲུལ་ཞི་དང་ཁྲོ་བོའི་རོལ་པར་ངོམས༔ རྣམ་ཐར་བཅོ་བརྒྱད་ཞབས་ཀྱིས་ལོག་འདྲེན་མནན༔ སྐུ་གསུམ་རྫོགས་པའི་སྤྱན་ནས་རྡོ་རྗེ་འཁྲུགས༔ དོན་གཉིས་དབྱེར་མེད་ཤངས་ནས་ཧཱུྃ་གླུ་ལེན༔ ཉག་གཅིག་ཞལ་གྱི་དཀྱིལ་འཁོར་རྣམ་པར་གདངས༔ ཞི་བའི་དཀྱིལ་འཁོར་ཚེམས་ཕྲེང་ཟླ་ལྟར་བཀྲ༔ ཚད་མེད་བཞི་ལྡན་མཆེ་བ་རྣོ་དབལ་གཙིགས༔ འགགས་མེད་བདེན་གསུང་ལྗགས་པད་གློག་ལྟར་འཁྱུགས༔ སྣང་སྟོང་གཉིས་མེད་སྨར་སྨིན་མེ་འོད་འཕྲོ༔ བདེན་པ་གཉིས་ལྡན་སྙན་གྱི་པདྨོ་མཛེས༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་སྙན་རྒྱན་དང་༔ ཁྲག་འཐུང་ལྔ་རྫོགས་ཐོད་སྐམ་དབུ་ལ་རྒྱན༔ ཡེ་ཤེས་ལྔ་རྫོགས་དར་གྱི་ཅོད་པན་འཕུར༔ གདོད་ནས་མ་འཁྲུལ་དབུ་སྐྲ་སྲིད་རྩེར་འཁྱིལ༔ ཚོགས་ཡུལ་གནས་དག་དུར་ཁྲོད་དཔལ་ཆས་རྫོགས༔ འཁོར་འདས་བདེ་ཆེན་རྒྱས་འདེབས་གནམ་ཞལ་ཡུམ༔ ཐེག་པ་དགུ་རྫོགས་དབུ་དང་སྟོང་པ་ཉིད༔ བཅོ་བརྒྱད་རྫོགས་པའི་ཕྱག་ན་རང་རྩལ་གྱི༔ མཚོན་ཆའི་ཚོགས་ནི་ལོག་རྟོག་གདོན་ལ་གདབ༔ ཕྱིན་དྲུག་ཞབས་ནི་ཡབ་དང་གཉིས་མེད་སྦྱོར༔ དུག་གསུམ་ཚོགས་དྲུག་གནས་དག་རུས་རྒྱན་དང་༔ གཟིག་ཤམ་ལ་སོགས་ཁྲོ་མོའི་ཆས་ཀུན་རྫོགས༔ སྟོབས་བཅུ་མངའ་བའི་གཙོ་བརྒྱད་བཏེགས་པའི་ཁྲིར༔ མ་ཆགས་སྐྱོན་བྲལ་པདྨ་ཉི་མའི་གདན༔ ལྷ་ཀླུ་གནོད་སྦྱིན་བསྣོལ་བའི་གདན་གྱི་སྟེང༔ སྒེག་པ་འཇིགས་རུང་སྐུ་ཡི་གར་གསུམ་ལྡན༔ གཙོ་མཆོག་ཡུབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ གསང་ཆེན་རོལ་པ་ཡེ་ཤེས་ལྔ་རྫོགས་ཞིང་༔ ལོངས་སྤྱོད་རྫོགས་སྐུ་དཔལ་ཆེན་ཧེ་རུ་ཀ༔ ཆོས་ཉིད་འགྱུར་མེད་སྐུ་མདོག་མཐིང་འོད་འབར༔ ཐེག་པ་རིམ་དགུ་རྫོགས་པའི་དབུ་དགུ་པ༔ རྣམ་ཐར་བཅོ་བརྒྱད་ཕྱག་ན་མཚོན་ཆ་གདེངས༔ ཕར་ཕྱིན་དྲུག་ལྡན་ཞབས་ཀྱི་རཱུ་ཏྲ་མནན༔ འཁོར་འདས་ཆོས་ཉིད་དབྱིངས་སྡུད་ཡུམ་དང་སྦྱོར༔ མཆོག་ཏུ་མི་འགྱུར་བདེ་ཆེན་རྩལ་རྫོགས་པའི༔ ཡབ་ཡུམ་ཞལ་གསང་རྡོ་རྗེ་སྙོམས་པར་འཇུག༔ ཆགས་བྲལ་ཡོན་ཏན་ཀུན་རྫོགས་རྒྱན་དང་ལྡན༔ འགགས་མེད་གསུང་གི་ང་རོ་སྔགས་ཀྱི་གདངས༔ བདེ་ཆེན་མི་འགྱུར་ཡེ་ཤེས་ལྔ་ལྡན་ཐུགས༔ དཔལ་ཆེན་ཆེ་མཆོག་ཡབ་ཡུམ་སྐུ་ལ་བསྟོད༔ ཆོས་སྐུ་ཐིག་ལེ་ཉག་གཅིག་སྤྲོས་བྲལ་ཞིང་༔ ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་གཞལ་ཡས་དབུས༔ གཡོ་མེད་རྟག་བརྟན་རྡོ་རྗེའི་གདན་སྟེང་ན༔ ངོ་བོ་མི་འགྱུར་ཐིག་ལེ་ཉག་གཅིག་སྐུ༔ རིག་སྟོང་ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ༔ སྐུ་གསུམ་རྫོགས་པའི་དབུ་གསུམ་རྒོད་གཤེ་རྔམས༔ ཡེ་ཤེས་དྲུག་ལྡན་ཕྱག་དྲུག་རྣམ་པར་གདེངས༔ ལོག་རྟོག་གཞོམ་ཕྱིར་ཡེ་ཤེས་མེ་དཔུང་འབར༔ སྐུ་ལྔ་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་གཡས༔ ཁམས་གསུམ་འཁོར་བ་ཁྲག་ཏུ་རོལ་བའི་ཕྱིར༔ བྷནྡྷ་སྐམ་རྙིང་རློན་པ་ཁྲག་བཀང་བསྣམས༔ རྫུ་འཕྲུལ་བཞི་ལྡན་ཞབས་ཀྱི་ལོག་རྟོག་མནན༔ བདེ་ཆེན་རྒྱས་འདེབས་དབྱིངས་ཕྱུག་མཐིང་སྐྱ་འཁྲིལ༔ མཚན་ཉིད་རབ་རྫོགས་རྩེ་གསུམ་ཡབ་མགུལ་འཁྱུད༔ འཁོར་བ་ཁྲག་ཏུ་རོལ་ཕྱིར་དུང་དམར་སྟོབ༔ ཚོགས་ཡུལ་གནས་དག་དུར་ཁྲོད་དཔལ་ཆས་དང་༔ ཡེ་ཤེས་ལྔ་རྫོགས་རུས་པའི་རྒྱན་གྱིས་སྤྲས༔ ཐབས་དང་ཤེས་རབ་གཤོག་པ་མཁའ་ལ་གདེངས༔ རང་གདངས་མ་འགགས་འོད་དང་འོད་ཟེར་འབར༔ རྫུ་འཕྲུལ་བཀོད་པ་དཔག་ཡས་དུས་གཅིག་འགྱེད༔ སྤྱི་དཔལ་ཆེ་མཆོག་ཡབ་ཡུམ་སྐུ་ལ་བསྟོད༔ ཀླུ་གཉན་ས་བདག་གདུག་པ་འདུལ་བའི་ཕྱིར༔ ཡེ་ཤེས་ལུས་ཅན་བྱ་ཁྱུང་ག་རུ་ཌ༔ རྟེན་འབྲེལ་བཅུ་གཉིས་དུག་སྦྲུལ་ཞལ་དུ་གསོལ༔ གནམ་ལྕགས་རྡོ་རྗེའི་མཆུ་དང་རྭ་སྡེར་ཅན༔ སྤུ་གྲིའི་གཤོག་པས་སྟོང་གསུམ་རླབས་ཀྱིས་གཅོད༔ སྤུ་གསེབ་རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ དུག་ལྔའི་གདོན་འཇོམས་ཡེ་ཤེས་ག་རུ་ཌ༔ རྒྱལ་ཀུན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཞལ་ནས་ཧཱུྃ་ཕཊ་སྒྲ་ཡིས་འཁོར་བ་འཇིག༔ རྒོད་གཤེ་དྲག་ཤུལ་གསུང་གིས་ལོག་འདྲེན་དངངས༔ གྲགས་སྟོང་སྐྱེ་མེད་སྔགས་ཀྱི་རང་སྒྲ་ལྡིར༔ དཔལ་ཆེན་ཧེ་རུའི་གསུང་ལ་ཕྱག་འཚལ་བསྟོད༔ ཞི་བའི་ཐུགས་ནི་སྙིང་རྗེའི་ཉམས་བརྒྱར་འབར༔ གདུལ་བྱ་རྗེས་འཛིན་ཞི་བའི་ཚུལ་དང་ལྡན༔ ལོག་རྟོག་འདུལ་ཕྱིར་གཏུམ་རྔམས་དྲག་པོར་སྟོན༔ མི་འགྱུར་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཡབ་ཡུམ་གཉིས་མེད་དགྱེས་ཆགས་སྦྱོར་བ་ལས༔ ཡེ་ཤེས་རྩལ་ལས་ཁྲོ་བོའི་ཕྱག་རྒྱར་བཞེངས༔ ཀྲོ་ཏ་རིགས་ལྔ་ལ་སོགས་རོལ་གར་བསྒྱུར༔ ཆེ་མཆོག་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད༔ ཤར་ཕྱོགས་ཟླ་གམ་གདེངས་པ་ཨེ་ཡི་མཁར༔ པད་ཉི་གདུག་པ་བསྣོལ་བའི་གདན་སྟེང་ནས༔ ཐུགས་ཀྱི་གར་བསྒྱུར་ཡང་དག་ཧེ་རུར་བཞེངས༔ གཙོ་དང་འཁོར་གྱི་རོལ་པ་ཅིར་ཡང་ངོམས༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཐོགས་མེད་བསྒྲུབ༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་འབེབས༔ ཡང་དག་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ སེར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ གཤིན་རྗེ་ཆུ་གླང་བསྣོལ་བའི་གདན་གྱི་སྟེང་༔ རྔམས་འཇིགས་རབ་བརྗིད་ཁྲོ་རྒྱལ་གཤིན་རྗེ་གཤེད༔ ཐབས་ཤེས་དབྱེར་མེད་རོལ་གར་ཅིར་ཡང་བསྒྱུར༔ ཐུགས་རྗེའི་སྒྱུ་འཕྲུལ་བཀོད་པ་བསམ་མི་ཁྱབ༔ སྐུ་མཆོག་འཇམ་དཔལ་སྐུ་ལ་ཕྱག་འཚལ་བསྟོད༔ དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ ཆུ་ལྷ་ཕོ་མོ་བསྣོལ་བའི་བམ་སྟེང་ནས༔ དབང་ཆེན་རྟ་མགྲིན་ཡབ་ཡུམ་ཕྱག་རྒྱར་བཞེངས༔ ཐུགས་རྗེའི་རྣམ་འཕྲུལ་གཙོ་དང་འཁོར་དུ་སྟོན༔ དབང་ཆེན་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ ལྗང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ ལོག་རྟོག་བདུད་བཞི་བསྣོལ་བའི་བམ་གྱི་སྟེང་༔ སྒེག་པ་འཇིགས་རུང་ཁྲོ་བོའི་ཕྱག་རྒྱར་བཞེངས༔ གཙོ་འཁོར་སྒྱུ་འཕྲུལ་བཀོད་པ་ཅིར་ཡང་སྟོན༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཤར་ལྷོ་རབ་འཇིགས་གཏུམ་དྲག་དུར་ཁྲོད་ནས༔ ལོག་རྟོག་མི་སྲུན་ཕོ་མོའི་གདན་གྱི་སྟེང་༔ སྲིད་པ་བདེ་སྦྱོར་བླ་མེད་ཧེ་རུར་བཞེངས༔ གཙོ་འཁོར་སྒྱུ་འཕྲུལ་བཀོད་པ་བསམ་ཡས་སྟོན༔ མ་མོ་རྦོད་གཏོང་ལྷ་ལ་ཕྱག་འཚལ་བསྟོད༔ རང་སྣང་མི་ཤིགས་རྡོ་རྗེའི་ཞིང་ཁམས་ནས༔ རང་རིག་འགྱུར་མེད་རྡོ་རྗེ་ཐོད་པ་རྩལ༔ རང་མདངས་མ་འགགས་གཙོ་དང་འཁོར་དུ་སྟོན༔ རིག་འཛིན་སློབ་དཔོན་ལྷ་ལ་ཕྱག་འཚལ་བསྟོད༔ རྔམས་བརྗིད་འཇིགས་རུང་ཐོད་པའི་སྐུ་མཁར་ནས༔ ཞིང་བཅུ་དགྲ་གདོན་བསྣོལ་བའི་བམ་གྱི་སྟེང་༔ ཐུགས་ཀྱི་བདག་ཉིད་གསང་བདག་རྡོ་རྗེ་འཛིན༔ དྲེགས་པའི་འཁོར་ཚོགས་བསམ་ཡས་ལས་ལ་འགྱེད༔ འཇིག་རྟེན་མཆོད་བསྟོད་ལྷ་ལ་ཕྱག་འཚལ་བསྟོད༔ སྲིད་པ་གསུམ་ལ་མངའ་བསྒྱུར་དྲག་པོའི་ཞིང་༔ གདོན་བགེགས་འབྱུང་པོ་བསྣོལ་བའི་བམ་གྱི་སྟེང་༔ སྟོབས་ལྡན་ནག་པོ་ཡབ་ཡུམ་གཙོ་འཁོར་སྟོན༔ ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་བསྒྲུབ༔ དམོད་པ་དྲག་སྔགས་ལྷ་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ཕྱི་ནང་བར་ཁྱམས་འཁོར་ཡུག་ནས༔ དཔལ་གྱི་བཀའ་ཉན་ལས་ཀུན་ཐོགས་མེད་བསྒྲུབ༔ ཉམས་པ་ཅན་ལ་བཀའ་ཡིས་ཆད་པ་གཅོད༔ སྒྲུབ་མཆོག་རྣམས་ལ་མ་དང་བུ་ལྟར་བརྩེ༔ ཆ་ལུགས་མ་ངེས་སྣ་ཚོགས་གཟུགས་སུ་སྟོན༔ མ་རུངས་འདུལ་ཕྱིར་ཕྱག་མཚན་སྣ་ཚོགས་འཛིན༔ སྟོང་གསུམ་སྲིད་པ་སྐད་ཅིག་རླབས་ཀྱིས་གཅོད༔ ཡེ་ཤེས་འཇིག་རྟེན་རྣམ་པ་ཅིར་ཡང་ངོམས༔ གཅིག་ཏུ་མ་ངེས་ཕྲིན་ལས་བསམ་མི་ཁྱབ༔ དཔལ་གྱི་བཀའ་སྡོད་ཚོགས་ལ་ཕྱག་འཚལ་བསྟོད༔ མདོར་ན་རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ ངོ་བོ་གཅིག་ལ་རྣམ་པ་ཐ་དད་པ༔ གདུལ་བྱའི་དོན་དུ་བཀོད་པ་བསམ་མི་ཁྱབ༔ ཞི་ཆགས་ཁྲོ་གར་བསྒྱུར་བའི་ཡི་དམ་ལྷ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ནི་མ་རིག་བག་མེད་དབང་གྱུར་ཏེ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་༔ ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་སོགས༔ གསང་སྔགས་དམ་ཚིག་སྲུང་མཚམས་ལས་འདས་ཤིང་༔ མ་རིག་བག་མེད་ཉམས་ཆག་ལས་བསགས་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་དྲག་པོས་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཚང་བར་བརྗོད༔ སྲོག་སྡོམ་གཟེར་བཞིའི་མན་ངག་གཅེས༔ གབ་པ་བཞི་ལྡན་མངོན་དུ་བྱུང་༔ ཡང་སྙིང་སྲོག་གི་ཐིག་ལེར་སྦ༔ མི་འགྱུར་སྔགས་ཀྱི་གཟེར་ཆེན་གདབ༔ འོད་ཟེར་སྤྲོ་བསྡུའི་ཕྲིན་ལས་འཇུག༔ རང་སེམས་ཆོས་སྐུ་ལས་གཞན་པའི༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཡང་༔ གཞན་ལ་མེད་དོ་རིག་པར་གྲོལ༔ སྟོང་ཉིད་ནམ་མཁའ་ཆོ་འཕྲུལ་ལས༔ སྣང་སྲིང་དག་པ་རབ་འབྱམས་ཀྱི༔ འཁོར་ལོ་ཆེན་པོར་ཡོངས་བཞེངས་པ༔ དུ་མ་རོ་གཅིག་ཉིད་དུ་བསྒྲུབ༔ རིག་པ་བྱང་ཆུབ་སེམས་ཆེན་པོ༔ སྐུ་དང་ཡེ་ཤེས་ངོ་བོར་བཞུགས༔ གདངས་ལས་ཐུགས་རྗེའི་རོལ་པར་ཤར༔ རྩལ་ལས་ལྷ་ཡི་དཀྱིལ་འཁོར་བཞེངས༔ མི་འགྱུར་ཀློང་ཆེན་གཅིག་ཏུ་བཟླུམ༔ བརྗོད་བྲལ་གྲགས་སྟོང་སྔགས་ཀྱི་སྒྲ༔ ལས་རླུང་རྒྱུ་བ་བཅོམ་པའི་ཕྱིར༔ ཡེ་ཤེས་རླུང་གི་གདངས་སུ་ཞུགས༔ རྣམ་རྟོག་མཚན་འཛིན་ཆོས་སྐུར་འཇིག༔ རྡོ་རྗེ་གསུམ་གྱི་སྙིང་པོར་བཟླུམ༔ ཐུགས་ནི་སྤྲོས་པ་ཉེར་ཞི་ཡང་༔ མཁྱེན་པའི་སྣང་ཆ་མ་འགགས་པའི༔ འོད་གསལ་རིག་སྟོང་ཟུང་འཇུག་སྐུ༔ ཡེ་ནས་ལྷ་དང་དབྱེར་མེད་པ༔ ཀུན་ཀྱང་ངོ་བོ་ཉིད་དུ་གནས༔ དགོངས་པ་མི་འགྱུར་བདེ་ཆེན་དབྱིངས༔ སྐུར་ཐོབ་དང་བྲལ་དབང་རྣམས་རྫོགས༔ དམ་ཚིག་སྲུང་མཚམས་ལས་འདས་ཀྱང་༔ གཉིས་འཛིན་རྟོག་པའི་ཆོ་འཕྲུལ་ལས༔ འོད་ལྔ་ལྷུན་གྲུབ་གདངས་ལ་བསྒྲིབ༔ ཕྱི་ནང་སྣོད་བཅུད་བདག་གཞན་ཆོས༔ མེད་པ་ཟུང་འཇུག་རྨི་ལམ་བཞིན༔ དོན་དུ་གྲུབ་པ་མ་ལགས་ཀྱང་༔ ཡེ་ཤེས་རླུང་རིག་གིས་གཅུན་པའི༔ ཀུན་གཞི་ཚོགས་བརྒྱད་སེམས་སེམས་བྱུང་༔ མ་རིག་སྲིད་པའི་མེ་འཁོར་འཆིང་༔ དེ་བཟློག་གཉེན་པོ་མཐའ་ཡས་པ༔ གདུལ་བྱའི་ཁམས་དབང་མོས་པ་དང་༔ བསྟུན་པའི་ཐེག་པ་གྲངས་མང་ཡང་༔ ཀུན་གྱི་རྟོགས་བྱའི་མཐར་ཐུག་པ༔ སེམས་ཉིད་འོད་གསལ་དབྱིངས་འདིར་ཐུག༔ འདི་ཉིད་མངོན་དུ་བྱེད་པའི་ཐབས༔ བསྐྱེད་དང་རྫོགས་པའི་རིམ་པ་གཉིས༔ འཁྲུལ་སྣང་འོད་གསལ་འཁོར་ལོ་རུ༔ རྒྱས་འདེབས་ཐབས་དང་ཤེས་རབ་ལམ༔ ཐབས་ཀྱི་ཆ་ནི་བསྐྱེད་པ་སྟེ༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྒྲུབ༔ ཡུལ་གསུམ་གྱད་དུ་མ་གྱུར་བར༔ གསལ་དག་བརྟན་གསུམ་གནད་དུ་བསྣུན༔ སྲོག་སྡོམ་གཟེར་བཞིའི་ཆིངས་ཀྱིས་བཅིང་༔ ལྷ་སྔགས་དབྱེར་མེད་དོན་ལ་བསམ༔ རིལ་བསྡུ་རྗེས་གཞིག་བསམ་གཏན་གཉིས༔ ཐུན་དང་མཚམས་ཀྱི་དབྱེ་བས་བསྒྲུབ༔ འཇུག་དང་ལྡང་བའི་རིམ་པ་ཡིས༔ རྟག་དང་ཆད་པའི་མཐའ་བསལ་ཞིང་༔ ཆོས་གཟུགས་གཉིས་ཀའི་རྟེན་འབྲེལ་བསྒྲིགས༔ ཤེས་རབ་རྫོགས་པའི་རིམ་པ་ལ༔ དམིགས་བཅས་དང་ནི་དམིགས་མེད་དོ༔ དམིགས་བཅས་རགས་པའི་རྩ་དང་རླུང་༔ ཐིག་ལེ་གནད་དུ་བསྣུན་པ་ལས༔ ལས་རླུང་ཞུགས་གནས་ཐིམ་གསུམ་གྱིས༔ ཡེ་ཤེས་དབུ་མར་ཚུད་པའི་རྟགས༔ རྟགས་དྲུག་སྟོང་བཞིའི་འོད་གསལ་འབྱུང་༔ སྣང་མཆེད་ཐོབ་དང་ཉེ་བར་ཐོབ༔ དོན་གྱི་འོད་གསལ་ཐོག་ཏུ་ཕེབས༔ གཞི་ཡི་གནས་ལུགས་མངོན་བྱེད་མཐར༔ འཇུག་ལྡང་ཚུལ་གྱིས་ལྷ་སྐུར་བཞེངས༔ དེ་ཡང་གཉུག་སེམས་འཕོས་པ་ཙམ༔ ལྷ་སྔགས་ཆོས་ཉིད་འཁོར་ལོར་འབྱམས༔ ལམ་གྱི་འོད་གསལ་མངོན་དུ་བྱེད༔ དམིགས་མེད་རྫོགས་པའི་རིམ་པ་ནི༔ ཀ་དག་ལྷུན་གྲུབ་དོན་ལ་བལྟ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ དབྱེར་མེད་ངོ་བོ་ཉིད་དུ་བསྒྲུབ༔ རྩལ་སྣང་ཡེ་ཤེས་རོལ་པར་བསྟན༔ གདངས་ཀྱི་སྣོད་བཅུད་སྐུ་གསུམ་ཞིང་༔ ཡེ་ནས་རྣམ་དག་ཆེན་པོར་གནས༔ གློ་བུར་སྣང་ཆ་སྒྱུ་མ་ཙམ༔ རང་ངོ་ཤེས་པས་རང་སར་གྲོལ༔ མཉམ་རྗེས་དབྱེར་མེད་དོན་ལ་བསླབ༔ ལྟ་བ་མཐའ་བྲལ་དགོངས་པ་སྐྱོང་༔ བསྒོམ་པ་འོད་གསལ་སྦུབས་སུ་འཇུག༔ སྤྱོད་པ་རེ་དོགས་བྲལ་བར་སྤྱོད༔ འབྲས་བུ་འོད་གསལ་ཆོས་སྐུར་བལྟ༔ ཉོན་མོངས་སྒྲིབ་ཚོགས་དབྱིངས་སུ་གཏོར༔ ཤེས་སྒྲིབ་འཛིན་སྟངས་མཚང་ལ་རྒོལ༔ བཞི་ལྡན་ཆོས་སྐུའི་རིག་པ་ཆེ༔ མི་གཡོ་མངོན་གྱུར་ངང་ལ་འཇོག༔ རྗེས་ཐོབ་ལུ་གུ་རྒྱུད་ལ་གཟེར༔ སྐུ་གསུམ་རྫོགས་པའི་ཆིངས་ཀྱིས་བཅིང་༔ བཞུགས་སྟངས་གསུམ་ལས་མི་གཡོ་ཞིང་༔ གཟིགས་སྟངས་ལྡན་པའི་དབྱིངས་ལ་བལྟ༔ བཅུད་ཀྱི་སྒྲོན་གསུམ་མངོན་དུ་བྱེད༔ གཡོ་བའི་རླུང་གི་མ་ཡིན་ཏེ༔ རིག་གདངས་དབྱིངས་ཐིག་ར་བར་འཛུད༔ དགོངས་པ་ཆོས་སྐུའི་རང་དུ་ཀློད༔ ཡེངས་མེད་འཛིན་མེད་རྗེན་པར་སྐྱོངས༔ གནད་དང་ལྡན་པའི་རྣལ་འབྱོར་གྱིས༔ སྣང་ཉམས་དབྱིངས་ཐིག་སྐུ་རུ་སྨིན༔ སླར་ཡང་ནང་གསལ་ངང་དུ་ཐིམ༔ ཤེས་ཉམས་བདེ་གསལ་མི་རྟོག་དང་༔ ཇི་ལྟ་ཇི་སྙེད་ཀློང་ཆེན་རྡོལ༔ མཁྱེན་དང་བརྩེ་བའི་ཡེ་ཤེས་ཤར༔ སྤྱན་དང་མངོན་ཤེས་ཐོགས་མེད་འགྲུབ༔ མཐར་ནི་བུམ་སྐུའི་གཤིས་སུ་གྲོལ༔ དོན་གཉིས་ལྡན་པའི་སངས་རྒྱས་འཐོབ༔ ས་མ་ཡ༔ དུས་གསུམ་རྒྱལ་བའི་ཐུགས་བཅུད་འདི༔ སྒྲུབ་ཐབས་ཀུན་གྱི་སྙིང་པོ་ཡིན༔ ཆོས་རྣམས་མ་ལུས་འདི་ལ་འདུས༔ ཉམས་སུ་ལེན་ཀུན་ངེས་པར་གྲོལ༔ ལྷུན་གྲུབ་རིག་འཛིན་མཆོག་ཐོབ་འགྱུར༔ ཨོ་རྒྱན་པདྨ་ཐོད་ཕྲེང་ངས༔ གདུལ་བྱ་འགྲོ་ལ་ཐུགས་བརྩེ་བས༔ འཛམ་གླིང་ས་གནས་ཐམས་ཅད་དུ༔ ཟབ་གཏེར་དུ་མས་བཀང་ནས་བཞག༔ བཀའ་བརྒྱད་སྒྲུབ་ཐབས་མང་སྦས་ཀྱང་༔ འདི་དང་འདྲ་མིན་རྣམ་པ་གསུམ༔ སྒྲུབ་སྡེ་ཀུན་གྱི་སྙིང་པོར་སྦས༔ ཁྱད་པར་སྙིགས་མ་ལྔ་བདོའི་དུས༔ ནད་མཚོན་མུ་གེའི་བསྐལ་པ་དར༔ མཐའ་དམག་ཀླ་ཀློས་ས་སྟེང་ཁྱབ༔ དུ་རུ་ཀ་ཡི་ཡོ་ལང་འགྱེད༔ སེམས་ཅན་ལས་དབང་བསོད་ནམས་ཀྱི༔ ས་བཅུད་ཉམས་ཤིང་མུ་གེས་ཉེན༔ མི་ཕྱུགས་མི་བདེའི་ལ་ཡོག་གིས༔ འཇིག་ཅིང་ཕུང་བའི་དུས་བྱུང་ཚེ༔ ང་ཉིད་བདུད་འཇོམས་རྡོ་རྗེར་བཞེངས༔ སེམས་དཔའ་རྣམ་བརྒྱད་སྤྲུལ་པར་ངོམས༔ རྗེ་འབངས་སྤྲུལ་པའི་གཏེར་སྟོན་དང་༔ རིག་འཛིན་གྲུབ་པའི་ཚོགས་ཀྱིས་བསྐོར༔ གསང་བ་འདུས་པའི་ཆོས་གཏེར་འདི༔ སྨོན་ལམ་མཐུ་ཡིས་བཏོན་པའི་ཚེ༔ བདུད་ཀྱི་སྡེ་དཔུང་བཅུ་གཉིས་འཇོམས༔ འདིར་བརྟེན་སྒྲུབ་མཆོད་བསྙེན་སྒྲུབ་ལས༔ གང་གི་བྱེད་པའི་ཡུལ་དེ་རུ༔ ནད་མུག་མཚོན་གྱི་བསྐལ་པ་ནུབ༔ བཀྲ་ཤིས་བདེ་ལེགས་དཔལ་གྱིས་ཕྱུག༔ དེ་ཕྱིར་གཟུངས་ཐོབ་ཇོ་མོ་ཁྱོད༔ ཆོས་འདི་བརྡ་ཡི་རིས་སུ་ཐོབ༔ ཁམས་ཀྱི་སྟག་ཚང་བྲག་ལ་སྦོས༔ སྨོན་ལམ་གཏད་རྒྱས་རྒྱས་ཐོབ་ཅིག༔ བཀའ་སྲུང་གནོད་སྦྱིན་ཤན་དམར་དང་༔ དབང་ཕྱུག་གཟའ་བདུད་རཱ་ཧུ་ལ༔ བདུན་བརྒྱ་ཉེར་ལྔའི་བཀའ་སྡོད་ཚོགས༔ ཀུན་ལ་གཏད་ཅིང་འདི་གཉེར་རོ༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ དམ་ལྡན་སློབ་མ་བུ་བཞིན་སྐྱོངས༔ དམ་ཉམས་བསྟན་བཤིག་སྲོག་ལ་ཡ༔ ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་ས་མོ་ལུག་གི་ལོར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་དྲུག་ཅུའི་བར་དུ་བཀའ་རྒྱས་བཏབ་མཐར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་སོགས་སློབ་འབངས་དུ་མས་ཡང་ཡང་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་དམ་པ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ།།འཁོར་བ་མ་སྟོང་བར་དུ་ཆོས་འདི་རྫོགས་པར་མ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།