ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་དགུའི་སྒོས་སྲུང་རྣམས་ཀྱི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ༔

From Dudjom Wiki
TTDL-ZABTER-06-CHA-024
Wylie title zab gsang mkha' 'gro'i snying thig las: dpal dgu'i sgos srung rnams kyi gsol mchod phrin las lhun grub: TTDL-ZABTER-06-CHA-024.pdf
Location bdud 'joms gling pa zab gter
Volume 6, Text 24, Pages 357-377 (Folios 1a1 to 11a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal dgu'i sgos srung rnams kyi gsol mchod phrin las lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 357-377. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod   Verso: bdud 'joms bka' brgyad gsang 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ (bde gshegs bka' brgyad gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
Colophon

ཞེས་པ་འདི་ཉིད་ས་མོ་ལུག་ལོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བདག་མི་འགྱུར་རིག་པའི་རྡོ་རྗེ་གར་དབང་བདུད་འཇོམས་གླིང་པས་བཏོན་ནས་མཐར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ཡང་ཡང་ནན་དུ་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་དགེ་བས་བསྟན་དགྲ་གདུག་པ་ཅན་རྣམས་སྒྲོལ་བའི་ནུས་ལྡན་དུ་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

zhes pa 'di nyid sa mo lug lor gser smad rnga rol stag rtse'i g.yas logs rdo rje brag nas bdag mi 'gyur rig pa'i rdo rje gar dbang bdud 'joms gling pas bton nas mthar chos kyi bdag po sna tshogs rang grol mkhyen rab rgya mtsho klong chen rdo rje rnams kyis yang yang nan du bskul ngor shog ser las zhal bshus te dag par phab pa'i dge bas bstan dgra gdug pa can rnams sgrol ba'i nus ldan du gyur cig_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་དགུའི་སྒོས་སྲུང་རྣམས་ཀྱི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས༔


ཐྂ༎༔ ན་མོ་གུ་རུ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ (བརྡ་ཡིག་) བདུད་དང་རཱུ་ཏྲ་བཏུལ་བའི་ཚེ༔ དཔལ་ཆེན་ཐུགས་ལས་སྤྲུལ་པའི་ཚོགས༔ བཀའ་སྡོད་དམ་ཅན་རྒྱ་མཚོར་སྤྲུལ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ གསོད་པ་ལས་ཀྱི་བྱ་བ་བྱེད༔ འཇུག་ནི་འཁོར་འདས་གཉིས་སུ་འཇུག༔ ཉིན་དང་མཚན་ནི་མེད་པ་རུ༔ སངས་རྒྱས་བསྟན་ལ་བྱ་ར་བྱེད༔ རྣལ་འབྱོར་ཕྲིན་ལས་ཐོགས་མེད་སྒྲུབ༔ གོས་སུ་ཞིང་ལྤགས་རློན་པ་གསོལ༔ གསོད་གཅོད་མཚོན་ཆ་ཕྱག་ན་བསྣམས༔ མགོ་བརྙན་སྤྲུལ་པ་ཅིར་ཡང་སྟོན༔ དེ་དག་སྔོན་གྱི་ཐ་ཚིག་བཞིན༔ མཆོད་གསོལ་བྱེད་པར་དམ་བཅས་ཏེ༔ རྣལ་འབྱོར་བུ་བཞིན་སྐྱོང་བར་བཤད༔ དེ་ཕྱིར་མཆོད་གསོལ་བྱེད་པ་གཅེས༔ གཏོར་མ་མཆོད་རྫས་ཡོ་བྱད་བསང་༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བཏབ༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ལྟ་བའི་གནད་དང་ལྡན་པ་ཡི༔ ངང་ནས་སྤོས་བསྲེགས་རོལ་མོ་སྒྲོགས༔ དར་གཡབ་དུང་དཀར་སྒྲ་དང་བཅས༔ རང་གི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་ཏེ་འོག་མིན་གྱི་ཞིང་དང་༔ དུར་ཁྲོད་དང་གནས་ཡུལ་དང་ཧེ་རུའི་གནས་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་བཀའ་སྡོད་དྲེགས་པ་རྣམས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་པདྨ་ཉི་མ་བམ་གྱི་གདན་ལ་འཁོད་ནས་བཞུགས་པར་བསམ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ ཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ དོན་དམ་ཆོས་ཉིད་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེ་ཞི་དང་ཁྲོ་བོའི་སྐུར་སྟོན་པ༔ གདུག་པ་འདུལ་ཕྱིར་འབར་བའི་ཕྱག་མཚན་བསྣམས༔ རྔམས་བརྗིད་ཁྲག་འཐུང་ཁྲོས་པའི་སྐུར་བཞེངས་ནས༔ མཆོད་ཅིང་སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ མ་རུངས་རཱུ་ཏྲ་ཕོ་མོ་བསྣོལ་བའི་སྟེང་༔ དཔའ་བརྗིད་འཇིགས་པའི་གད་རྒྱངས་ཕྱོགས་བཅུར་ངོམས༔ ང་རོ་སྒྲོགས་པས་སྲིད་གསུམ་གཡོ་ཞིང་འཇིགས༔ ཐུགས་ཉིད་ཞི་བའི་ངང་ལས་ཕྱག་རྒྱར་བཞེངས༔ ཡེ་ཤེས་ཁྲོས་པའི་མི་བཟད་གཟུགས་སྐུར་ངོམས༔ དགྲ་བགེགས་བསད་བཅད་བརླག་པའི་ཕྲིན་ལས་མཛོད༔ དགྱེས་བཞིན་དགོངས་ལ་ལྷུན་ཆགས་བརྟན་པར་བཞུགས༔ བདག་གི་ཡེ་ཤེས་ཉིད་ལས་མ་གཡོས་པའི༔ བརྡ་བསྒྱུར་དགྱེས་དགུ་གར་གྱིས་ཕྱག་བགྱིའོ༔ བཛྲ་ས་མ་ཡ་ཛ་ཛཿསྟྭཾ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ ཧོཿ དཔལ་ཆེན་སྤྱན་སྔར་དམ་བཅས་དབང་མོ་ཆེ༔ ལྕེ་སྤྱང་ཆེན་མོ་སེང་གེའི་མགོ་བོ་ཅན༔ ཕྱག་གཉིས་ཤེལ་གྱི་རྡུའུ་ཆུང་བརྡུང་བ་ཡིས༔ དྲི་ཟའི་དམག་ཚོགས་ཐམས་ཅད་དབང་དུ་སྡུད༔ རྒྱན་དང་ཆ་ལུགས་མ་ངེས་ཅིར་ཡང་འགྱེད༔ འདིར་གཤེགས་དམ་རྫས་བདུད་རྩི་སྐྱེམས་གཏོར་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ལྕེ་སྤྱང་ཆེན་མོ་སྟག་གི་མགོ་བོ་ཅན༔ ཕྱག་གཉིས་གསེར་གྱི་རྔེའུ་ཆུང་བརྡུང་བ་ཡིས༔ གྲུལ་བུམ་དམག་ཚོགས་ཐམས་ཅད་དབང་དུ་སྡུད༔ རྒྱན་དང་ཆ༴ འདིར་གཤེགས༴ རྣལ་འབྱོར་བཅོལ༴ ལྕེ་སྤྱང་ཆེན་མོ་གཟིག་གི་མགོ་བོ་ཅན༔ ཕྱག་གཉིས་བྱུ་རུའི་རྔེའུ་ཆུང་བརྡུང་བ་ཡིས༔ ཀླུ་ཡི་དམག་ཚོགས་ཐམས་ཅད་དབང་དུ་སྡུད༔ རྒྱན་དང་ཆ༴ འདིར་གཤེགས༴ རྣལ་འབྱོར་བཅོལ༴ ལྕེ་སྤྱང་ཆེན་མོ་དོམ་གྱི་མགོ་བོ་ཅན༔ ཕྱག་གཉིས་ལྕགས་ཀྱི་རྔེའུ་ཆུང་བརྡུང་བ་ཡིས༔ གནོད་སྦྱིན་དམག་ཚོགས་ཐམས་ཅད་དབང་དུ་སྡུད༔ རྒྱན་དང་ཆ༴ འདིར་གཤེགས༴ རྣལ་འབྱོར་བཅོལ༴ ལྕེ་སྤྱང་ཆེན་མོ་སྤྱང་མོའི་མགོ་བོ་ཅན༔ ཕྱག་གཉིས་གཡུ་ཡི་རྔེའུ་ཆུང་བརྡུང་བ་ཡིས༔ དྲང་སྲོང་དམག་ཚོགས་ཐམས་ཅད་དབང་དུ་སྡུད༔ རྒྱན་དང་ཆ༴ འདིར་གཤེགས༴ རྣལ་འབྱོར་བཅོལ༴ ལྕེ་སྤྱང་ཆེན་མོ་ཀང་ཀའི་མགོ་བོ་ཅན༔ ཕྱག་གཉིས་བསེ་ཡི་རྔེའུ་ཆུང་བརྡུང་བ་ཡིས༔ བདེན་བྲལ་དམག་ཚོགས་ཐམས་ཅད་དབང་དུ་སྡུད༔ རྒྱན་དང་ཆ༴ འདིར་གཤེགས༴ རྣལ་འབྱོར་བཅོལ༴ ལྕེ་སྤྱང་ཆེན་མོ་དུར་བྱའི་མགོ་བོ་ཅན༔ ཕྱག་གཉིས་གསང་བའི་རྔེའུ་ཆུང་བརྡུང་བ་ཡིས༔ རླུང་ལྷའི་དམག་ཚོགས་ཐམས་ཅད་དབང་དུ་སྡུད༔ རྒྱན་དང་ཆ༴ འདིར་གཤེགས༴ རྣལ་འབྱོར་བཅོལ༴ ལྕེ་སྤྱང་ཆེན་མོ་དྲེད་ཀྱི་མགོ་བོ་ཅན༔ ཕྱག་གཉིས་ཟངས་ཀྱི་རྔེའུ་ཆུང་བརྡུང་བ་ཡིས༔ དབང་ལྡན་དམག་ཚོགས་ཐམས་ཅད་དབང་དུ་སྡུད༔ རྒྱན་དང་ཆ༴ འདིར་གཤེགས༴ རྣལ་འབྱོར་བཅོལ༴ ཧཱུྃ་ཧྲཱིཿསྲིན་མོ་སྨུག་ནག་ཚངས་པ་དཀར་སེར་དང་༔ ལྷ་ཆེན་དཀར་ལྗང་གཏོགས་འདོད་དཀར་སྔོ་དང་༔ གཞོན་ནུ་དཀར་དམར་བརྒྱ་བྱིན་དཀར་མོ་སྟེ༔ ཤར་ནས་ཞི་བའི་ལས་མཛད་རྣལ་འབྱོར་དྲུག༔ མགོ་བརྙན་འཇིགས་པའི་མཚོན་ཆ་སྣ་ཚོགས་འཛིན༔ འདིར་གཤེགས་དམ་རྫས་བདུད་རྩི་གཏོར་སྐྱེམས་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ རྡོ་རྗེ་སེར་མོ་ཞི་བ་དམར་སེར་དང་༔ བདུད་རྩི་དམར་སེར་ཟླ་བ་དཀར་སེར་དང་༔ བེ་ཅོན་སེར་ལྗང་སྲིན་མོ་སེར་ནག་སྟེ༔ ལྷོ་ནས་རྒྱས་པའི་ལས་མཛད་རྣལ་འབྱོར་དྲུག༔ མགོ་བརྙན་འཇིགས༴ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཟ་བ་དམར་ལྗང་དགའ་བ་དམར་མོ་དང་༔ སྟོབས་ཆེན་དམར་སྐྱ་སྲིན་མོ་དམར་མོ་དང་༔ འདོད་པ་དམར་མོ་ནོར་སྲུང་དམར་ལྗང་སྟེ༔ ནུབ་ནས་དབང་གི་ལས་མཛད་རྣལ་འབྱོར་དྲུག༔ མགོ་བརྙན་འཇིགས༴ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ རླུང་ལྷ་ལྗང་སྔོན་མི་མོ་ལྗང་དམར་དང་༔ ཕག་མོ་ལྗང་ནག་དགའ་བྱེད་ལྗང་དམར་དང་༔ སྣ་ཆེན་ལྗང་ནག་ཆུ་ལྷ་ལྗང་སྔོན་སྟེ༔ བྱང་ནས་དྲག་པོའི་ལས་མཛད་རྣལ་འབྱོར་དྲུག༔ མགོ་བརྙན་འཇིགས༴ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ སྒོ་མ་ཆེན་མོ་ཁུ་བྱུག་ལྕགས་ཀྱུ་འཛིན༔ ར་གདོང་སེར་མོ་རྡོ་རྗེ་ཞགས་པ་བསྣམས༔ སེང་གདོང་དམར་མོ་པདྨ་ལྕགས་སྒྲོག་སྡོམ༔ སྦྲུལ་གདོང་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན༔ མགོ་བརྙན་འཇིགས༴ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཧཱུྃ་ཧྲཱིཿགྲི་ཐོགས་ཤར་གྱི་གིང་ཆེན་དཀར་ལ་འཚེར༔ དུང་གི་རལ་གྲིས་དགྲ་བགེགས་མགོ་ལུས་ཕྲལ༔ གྲི་ཐོགས་ལྷོ་ཡི་གིང་ཆེན་སེར་ལ་གསལ༔ གསེར་གྱི་རལ་གྲིས་དགྲ་བགེགས་གསོན་སྙིང་འབྱིན༔ གྲི་ཐོགས་ནུབ་ཀྱི་གིང་ཆེན་དམར་ལ་འབར༔ ཟངས་ཀྱི་རལ་གྲིས་དགྲ་བགེགས་སྲོག་དབུགས་སྡུད༔ གྲི་ཐོགས་བྱང་གི་གིང་ཆེན་ལྗང་ལ་ཁྱུག༔ ལྕགས་ཀྱི་རལ་གྲིས་དགྲ་བགེགས་ཚལ་པར་གཏུབ༔ རྔམས་ཆེན་གནོད་སྦྱིན་ཁྲོས་པའི་ཆ་ལུགས་ཅན༔ འདིར་གཤེགས་དམ་རྫས་བདུད་རྩི་སྐྱེམས་གཏོར་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཤར་བདུད་དཀར་པོ་དུང་གི་རལ་པ་ཅན༔ ལྷོ་བདུད་སེར་པོ་སེར་གྱི་སྟྭ་རེ་ཅན༔ ནུབ་བདུད་དམར་པོ་ཟངས་ཀྱི་མཆེ་བ་ཅན༔ བྱང་བདུད་ལྗང་གུ་གཡུ་ཡི་ཞགས་པ་ཅན༔ ཀུན་ཀྱང་བདུད་ཀྱི་ཁྲམ་ཤིང་ཀླད་ལ་བསྐོར༔ འཇིགས་གཟུགས་ཆོ་འཕྲུལ་འགྱེད་པའི་མཐུ་བོ་ཆེ༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཉི་མ་དང་པོའི་རྩིས་བྱེད་དུང་ཤྭ་ཐོགས༔ ཉི་མ་གཉིས་པའི་རྩིས་བྱེད་བསྭེ་ཤྭ་འཕེན༔ ཉི་མ་གསུམ་པའི་རྩིས་བྱེད་ཤྭ་དམར་བཀྲམ༔ ཉི་མ་བཞི་པའི་རྩིས་བྱེད་ཤྭ་ནག་ཐོབ༔ ཀུན་ཀྱང་དགྲ་བོ་ཤྭ་འཕེན་རྩིས་ལ་འདེབས༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ནད་གཏོང་མ་མོའི་ཤན་པ་ནི༔ ནག་པོ་ནད་ཀྱི་རྐྱལ་པ་འཛིན༔ དམར་པོ་བཙན་གྱི་ཤན་པ་ནི༔ དམར་ནག་ཟངས་གྲི་དགྲ་ལ་འདེབས༔ གླེན་པ་ཀླུ་ཡི་ཤན་པ་ནི༔ མཐིང་ནག་སྦྲུལ་ཞགས་ཕྱོགས་བཅུར་འཕེན༔ གདུག་རྩུབ་གཟའ་ཡི་ཤན་པ་ནི༔ ནག་པོ་རུ་མཚོན་དགྲ་ལ་གཟེར༔ མི་སྲུན་གདུག་པའི་ཁ་རླངས་ཅན༔ མི་ལྤགས་གཟིགས་ཤམ་སྦྲུལ་ཆུན་བརྒྱན༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཧཱུྃ་ཧྲཱིཿདབང་ཆེན་སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ༔ ཁམས་བརྒྱ་མ་དྲུག་བུད་མེད་འཇིགས་པའི་གཟུགས༔ ཕྱག་ན་གདུག་པའི་མཚོན་ཆ་སྣ་ཚོགས་འཛིན༔ ཆིབས་སུ་དུང་དྲེད་ཟངས་འཕར་ལྕགས་སྤྱང་མོ༔ གཡུ་སྤྱང་གསེར་སེང་དུང་གི་སེང་དཀར་ཞོན༔ གཅེར་བུ་རལ་པ་ཁྲག་གི་ཆར་པ་འབེབས༔ འདིར་གཤེགས་དམ་རྫས་བདུད་རྩི་སྐྱེམས་གཏོར་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཤར་ཕྱོགས་ལོང་བ་རྒྱབ་འབྲེལ་འབྲུག་ལ་ཆིབས༔ ཕྱག་གཉིས་ལྕགས་ཀྱུ་དགྲ་སྟྭ་དགྲ་ལ་འདེབས༔ ལྷོ་ཕྱོགས་ལོང་བ་རྒྱབ་འབྲེལ་ལྕགས་སྡིག་ཆིབས༔ ཕྱག་གཉིས་ལྕགས་ཀྱི་ཞགས་པ་དགྲ་ལ་འདེབས༔ ནུབ་ཕྱོགས་ལོང་བ་རྒྱབ་འབྲེལ་བ་གླང་ཆིབས༔ ཀླུ་སྦྲུལ་ཞགས་པའི་དགྲ་ལ་ཀླུ་ནད་འབེབས༔ བྱང་ཕྱོགས་ལོང་བ་རྒྱབ་འབྲེལ་དྲེད་མོ་ཆིབས༔ ཕྱག་གཉིས་ཐོག་མདའ་གློག་གི་ཞགས་པ་འཛིན༔ ཀུན་ཀྱང་རེ་བཞིན་དམུས་ལོང་བཅོ་ལྔས་བསྐོར༔ མིག་མེད་སྲིད་གསུམ་ཡེ་ཤེས་སྤྱན་གྱིས་གསལ༔ ཁ་མེད་སྲིད་གསུམ་མ་ལུས་ཟས་སུ་ཟ༔ སྒྲ་མེད་ཁོང་ནས་གཡོ་བྱེད་སྒྲ་ཚན་ལྡིར༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཤར་ལྷོ་ནུབ་བྱང་ཕྱོགས་བཞི་མཚམས་བརྒྱད་ནས༔ རྒྱུག་ཅིང་དགྲ་བོའི་སྙིང་ཁྲག་ཧུབ་ཀྱིས་འདེབས༔ དུང་དང་གསེར་གཡུ་ཟངས་ལྕགས་བྱུ་རུ་མཆོང་༔ བསེ་དང་ཤེལ་གྱི་ཁྱི་མོ་རལ་པ་ཅན༔ རལ་པའི་གསེབ་ནས་ནད་རིམས་ཁྲག་ཆར་འབེབས༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཕྱོགས་མཚམས་དུས་བཞི་ཀུན་ཏུ་ཁྱབ་པར་རྒྱུག༔ འཇིག་རྟེན་ལྷ་སྲུང་མ་ལུས་བྲན་དུ་འགྱེད༔ དགྲ་བགེགས་གདུག་པའི་ཤ་ཟ་ཁྲག་ལ་འཐུང་༔ མཆེ་བ་སྤུ་གྲི་སྡེར་མོ་ལྕགས་ཀྱུ་ཡིས༔ ས་བདག་ཀླུ་གཉན་གདུག་པའི་སྙིང་ནས་འདྲེན༔ སྤྱང་བརྒྱད་ཚུལ་བཟུང་ཟ་བྱེད་ཕོ་ཉ་མོ༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ དཀར་མོ་ཟླ་འདབ་སེར་མོ་ཉི་འདབ་དང་༔ དམར་མོ་མེ་འདབ་སྔོན་མོ་ཆུ་འདབ་དང་༔ ཀུན་ཀྱང་འཇིགས་གཟུགས་གསོད་གཅོད་མཚོན་ཆ་འཛིན༔ ཁ་རླངས་ནད་གཏིབས་མིག་ནས་ཁྲག་ཆར་འབེབས༔ གཅིག་ལས་བརྒྱ་སྟོང་བྱེ་བ་གྲངས་མེད་འགྱེད༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ རླུང་འབྲུག་སྔོན་མོ་གཡུ་ཡི་འདབ་གཤོག་ཅན༔ མེ་འབྲུག་དམར་པོ་རླུང་གི་གཤོག་པ་ཅན༔ ཀླུ་འབྲུག་ལྗང་གུ་སྦྲུལ་གྱི་འདབ་གཤོག་ཅན༔ ཁ་ནས་ཐོག་འབེབས་མིག་ནས་གློག་འགྱུ་ཞིང་༔ འདབ་གཤོག་རྫུ་འཕྲུལ་རླུང་གི་ཡོ་ལང་འགྱེད༔ མི་སྲུན་དགྲ་བོ་ཐོག་རྒོད་རྦབ་ཀྱིས་གསོད༔ ལྟོ་འགྲོས་ལུས་ལ་ཡེ་ཤེས་སྤྱན་དང་ལྡན༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཧཱུྃ་ཧྲཱིཿཤྭ་ན་མུ་ཁ་ལྕགས་ཀྱི་སྤྱང་མོ་ཞོན༔ ཕྱག་ན་ལྕགས་ཀྱི་ཕུར་པ་དགྲ་ལ་གཟེར༔ སྲི་ཀ་མུ་ཁ་གསེར་འཕར་ལྕེ་བརྒྱད་ཞོན༔ ཕྱག་ན་གསེར་གྱི་ཕུར་པ་དགྲ་ལ་གཟེར༔ སྲི་ལ་མུ་ཁ་ཟངས་ཀྱི་ཝ་མོ་ཞོན༔ ཕྱག་ན་ཟངས་ཀྱི་ཕུར་པ་དགྲ་ལ་གཟེར༔ ཤྭ་ན་མུ་ཁ་སྤྱང་མོ་མགོ་དགུ་ཞོན༔ ཕྱག་ན་དུང་གི་ཕུར་པ་དགྲ་ལ་གཟེར༔ འདིར་གཤེགས་དམ་རྫས་བདུད་རྩི་སྐྱེམས་གཏོར་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ རེ་ཏཱི་ནག་མོ་དྲེལ་རྟ་རྐང་གསུམ་ཞོན༔ ཕྱག་གཉིས་ཞིང་དབྱུག་མཆོག་གི་ཕུར་པ་འདྲིལ༔ རེ་ཛི་ནག་མོ་བོང་བུ་གྭ་པ་ཞོན༔ ཕྱག་གཉིས་ཁྲམ་ཤིང་མཆོག་གི་ཕུར་པ་འདྲིལ༔ རེ་ཛ་ནག་མོ་དྲེལ་ནག་སྟེང་ན་འགྱིང་༔ ཕྱག་གཉིས་ནད་རྐྱལ་མཆོག་ཆེན་ཕུར་པ་འདྲིལ༔ རེ་ཛུ་ནག་མོ་དྲེལ་རྟ་རྩལ་དྲུག་ཞོན༔ ཕྱག་གཉིས་གྲི་གུག་མཆོག་ཆེན་ཕུར་པ་འདྲིལ༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ རྡོ་རྗེ་ཡ་བྱིན་བདུད་རྟ་ནག་པོ་ཞོན༔ ལྕགས་ཀྱི་ཕུར་པ་དགྲ་བགེགས་སྙིང་ལ་གཟིར༔ རྡོ་རྗེ་དེ་བྱིན་གཟའ་རྟ་སེར་པོ་ཆིབས༔ གསེར་གྱི་ཕུར་པ་དགྲ་བགེགས་སྙིང་ལ་གཟིར༔ རྡོ་རྗེ་བསེ་བྱིན་བཙན་རྟ་དམར་པོ་ཆིབས༔ བསྭེ་ཡི་ཕུར་པ་དགྲ་བགེགས་སྙིང་ལ་གཟིར༔ རྡོ་རྗེ་ཕག་བྱིན་ཀླུ་རྟ་སྔོན་པོ་ཆིབས༔ གཡུ་ཡི་ཕུར་པ་དགྲ་བགེགས་སྙིང་ལ་གཟིར༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ དུང་གི་སྐྱེས་བུ་རྔ་མོང་མགོ་དགུ་ཆིབས༔ དུང་གི་ཕུར་པས་དགྲ་བགེགས་འགུག་ཅིང་སྒྲོལ༔ བསྭེ་ཡི་སྐྱེས་བུ་སེང་དཀར་སྟེང་དུ་འགྱིང་༔ བསྭེ་ཡི་ཕུར་པས་དགྲ་བགེགས་འགུགས་ཅིང་སྒྲོལ༔ ལྕགས་ཀྱི་སྐྱེས་བུ་ལྕགས་སྤྱང་སྔོན་མོ་ཆིབས༔ ལྕགས་ཀྱི་ཕུར་པས་དགྲ་བགེགས་འགུག་ཅིང་སྒྲོལ༔ ཏ་ཀི་ནག་མོ་མ་ཧེ་རུ་རིང་ཞོན༔ མཆོང་གི་ཕུར་པས་དགྲ་བགེགས་འགུག་ཅིང་སྒྲོལ༔ རང་རང་ལས་མཁན་སྤྲུལ་པ་འབུམ་དང་བཅས༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ཤིག༔ དམ་རྫས་བདུད་རྩི་སྐྱེམས་གཏོར་འདི་བཞེས་ལ༔ རྣལ་འབྱོར་བཅོལ༴ ཧཱུྃ་ཧྲཱིཿམཚོ་སྨན་རྒྱལ་མོ་མཐིང་ག་མེ་ལོང་འཛིན༔ དཀར་མོ་དབུ་དགུ་བྷནྡྷ་དཀྲུག་ཅིང་འཐུང་༔ སྲིད་པའི་བུ་མོ་བྷནྡྷ་སྐམ་པོ་ཐོགས༔ སྨུག་ནག་དབུ་ལྔ་ཞིང་ཆེན་མགོ་ལུས་ཕྲལ༔ ཁྲམ་ཁ་བདག་མོ་ཞིང་གི་དབྱུག་པ་ཕྱར༔ གླིང་བཞིའི་དབང་མོ་བམ་ཆེན་རྒྱུ་མ་ཟ༔ ཐོག་ཆེན་འབེབས་མ་གློག་གི་ཞགས་པ་འཛིན༔ རྒྱ་མཚོའི་དབང་མོ་ཀླུ་སྦྲུལ་ནོར་བུ་འཛིན༔ འདིར་གཤེགས་དམ་རྫས་བདུད་རྩི་སྐྱེམས་གཏོར་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ གནམ་གྱི་ཡེ་བརྡར་དམོད་པའི་ཐལ་མོ་རྡེབ༔ བར་སྣང་གློག་སྤྲིན་ཙིཏྟ་ཟ་ཞིང་འདྲད༔ ས་ཡི་ཕུང་བྱེད་དུར་མོ་ས་ལ་སྡེབ༔ མ་མོ་རྦོད་བྱེད་ནག་མོ་ལྕགས་ཀྱུ་ཐོགས༔ མ་མོ་འཁྲུགས་བྱེད་ཁྲག་རྐོང་དགྲ་ལ་འབེབས༔ མ་མོ་གསོད་བྱེད་གསེར་གྱི་སྤུ་གྲི་འཛིན༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ རོ་ཁ་ནག་མོ་ཞིང་ཆེན་མགོ་ལུས་ཕྲལ༔ ནག་མོ་ཛ་མིན་བམ་གྱི་རྒྱུ་མ་འདྲེན༔ ནམ་གྲི་ནག་མོ་དགྲ་བགེགས་སྙིང་ཁྲག་གསོལ༔ ཟོར་སྲིན་དཀར་པོ་གསེར་གྱི་ཟོར་བ་ཐོགས༔ བམ་སྲིན་ནག་མོ་དུག་གི་རྒྱལ་མཚན་འཛིན༔ རྐོང་སྲིན་དམར་པོ་བྱུ་རུའི་ཕུར་པ་འདྲིལ༔ འབྲོག་སྲིན་ལྗང་ནག་གནམ་ལྕགས་པྲ་མོ་ཐོགས༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཧཱུྃ་ཧྲཱིཿ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ སྔོན་མོ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ སེར་མོ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ པདྨ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ དམར་མོ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ ལྗང་མོ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ འཇིག་རྟེན་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ སྣ་ཚོགས་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ཀུན་ཀྱང་རུས་རྒྱན་དར་གྱི་ཤམ་ཐབས་གསོལ༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ རྡོ་རྗེ་རིགས་ཀྱི་གིང་ཆེན་བྱེ་བ་འབུམ༔ སྔོན་པོ་ཕྱག་ན་རྡོ་རྗེ་ཐོད་ཁྲག་འཛིན༔ རིན་ཆེན་རིགས་ཀྱི་གིང་ཆེན་བྱེ་བ་འབུམ༔ སེར་པོ་ཕྱག་ན་རིན་ཆེན་ཐོད་ཁྲག་འཛིན༔ པདྨ་རིགས་ཀྱི་གིང་ཆེན་བྱེ་བ་འབུམ༔ དམར་པོ་ཕྱག་ན་པདྨ་ཐོད་ཁྲག་འཛིན༔ ལས་ཀྱི་རིགས་ཀྱི་གིང་ཆེན་བྱེ་བ་འབུམ༔ ལྗང་ནག་ཕྱག་ན་རྒྱ་གྲམ་ཐོད་ཁྲག་འཛིན༔ འཇིག་རྟེན་རིགས་ཀྱི་གིང་ཆེན་བྱེ་བ་འབུམ༔ སྣ་ཚོགས་ཕྱག་ན་གསང་བའི་རྔེའུ་ཆུང་འཛིན༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཧཱུྃ་ཧྲཱིཿམ་ཧཱ་དཱེ་ཝ་ལྕགས་ཀྱུ་ཞགས་པ་འཛིན༔ ཨུ་མ་ལྷ་མོ་ལྕགས་ཀྱུ་པདྨ་འཛིན༔ ཡ་མ་རཱ་ཙ་དགྲ་སྟྭ་ཞགས་པ་འཛིན༔ སྲོག་གི་བདག་མོ་བཤན་གྲི་རྩེ་གསུམ་འཛིན༔ སྲིད་པའི་རྒྱལ་མོ་གྲི་གུག་ཐོད་ཁྲག་འཛིན༔ ཨེ་ཀ་ཙ་ཏི་ཞིང་དབྱུག་དགྲ་སྙིང་འཛིན༔ སྐོས་རྗེ་བྲང་དཀར་དར་དཀར་འཁྲུལ་ཞགས་འཛིན༔ ནག་མོ་རེ་ཏི་ཁྲམ་ཤིང་ནད་རྐྱལ་འཛིན༔ རྒྱལ་པོ་པེ་དཀར་གསེག་ཤངས་ལྷུང་བཟེད་འཛིན༔ ཚངས་པ་དཀར་པོ་རྭ་དུང་བསྭེ་ཞགས་འཛིན༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ རྡོ་རྗེ་ལེགས་པ་རྡོ་རྗེ་དགྲ་སྙིང་འཛིན༔ གཟའ་བདུད་ནག་པོ་རྭ་ཡི་མདའ་གཞུ་འཛིན༔ ནག་པོ་གློག་ཕྲེང་བཤའ་གྲི་ཐོད་པ་འཛིན༔ སྦལ་མགོ་ཁྲག་མིག་ཆུ་སྲིན་རྒྱལ་མཚན་འཛིན༔ ཡཀྴ་མེ་དབལ་ཐུན་དང་དགྲ་སྙིང་འཛིན༔ མོན་མོ་ནག་མོ་རྒྱུ་ཞགས་སྤུ་གྲི་འཛིན༔ མ་ཧཱ་ཀཱ་ལ་བིང་དང་ཐོད་ཁྲག་འཛིན༔ རྡོ་རྗེ་བདུད་འདུལ་མདུང་དར་ཐོད་ཁྲག་འཛིན༔ ནག་པོ་བཀྲག་མེད་རལ་གྲི་རྒྱོག་རྡོ་འཛིན༔ གུ་ལང་ནག་པོ་གཡབ་དར་ནག་པོ་འཛིན༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ལྷ་རབ་ཤམ་པོ་གཏེར་བུམ་དར་དཀར་འཛིན༔ ཐོག་གི་བུ་ཡུག་མེ་འབྲུག་དམར་པོ་འཛིན༔ གཡའ་སྤང་སྐྱེས་གཅིག་ནོར་གྱི་གཞོང་པ་འཛིན༔ སྲོག་ཟན་དམར་པོ་མདུང་དར་ཞགས་པ་འཛིན༔ གནམ་ཐིལ་དཀར་པོ་རྩིས་བྱང་ཤོ་རྡེལ་འཛིན༔ ཡམ་ཤུད་དམར་པོ་གྲུ་གུ་སྙིང་ཞགས་འཛིན༔ བི་ན་ཡ་ཀ་རྡོ་རྗེ་ཞགས་པ་འཛིན༔ ལྷ་མོ་མགྱོགས་བྱེད་གློག་གི་ཞགས་པ་འཛིན༔ ཀླུ་བདུད་ནག་པོ་དུག་གི་རྐྱལ་པ་འཛིན༔ ནག་མོ་འགུགས་བྱེད་ཐོད་དབྱུག་བེ་ཅོན་འཛིན༔ སྡེ་དཔོན་སུམ་ཅུ་གཡོག་དང་ཡང་གཡོག་བཅས༔ འདིར་གཤེགས་དམ༴ རྣལ་འབྱོར་བཅོལ༴ ཧཱུྃ་ཧྲཱིཿའཆི་བདག་གཤིན་རྗེ་ནག་པོ་ནི༔ ཆིབས་སུ་བདུད་རྟ་ནག་པོ་ཆིབས༔ གཤིན་རྗེ་བྱེ་བའི་ཚོགས་དང་བཅས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐྱེ་འགྲོའི་སྲོག་དབུགས་བདག་མོ་ནི༔ ཆིབས་སུ་རླུང་དམར་འཁྱུག་པ་ཞོན༔ སྣང་སྲིད་དྲེགས་པའི་ཚོགས་དང་བཅས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འབྱུང་བ་ལྔ་ཡི་བདག་མོ་ནི༔ ཆིབས་སུ་མེ་འབྲུག་དམར་པོ་ཞོན༔ སྣང་སྲིད་མ་མོའི་ཚོགས་དང་བཅས༔ གསོལ་ལོ་མཆོད༴ བདུད་ཕོ་མེ་ཡི་ཁ་རླངས་ཅན༔ གློག་མ་སྤྲིན་གྱི་ལྕུག་མར་ཞོན༔ བདུད་ཕོ་བྱེ་བའི་ཚོགས་དང་བཅས༔ གསོལ་ལོ་མཆོད༴ བདུད་མོ་ནག་མོ་ཁྲག་འཛག་མ༔ ཆིབས་སུ་རོ་ལངས་ཐལ་སྐྱ་ཆིབས༔ སྣང་སྲིད་བདུད་མོའི་ཚོགས་དང་བཅས༔ གསོལ་ལོ་མཆོད༴ མ་ཧཱ་དཱེ་ཝ་ལྷ་ཆེན་པོ༔ འཇའ་ཚོན་སྣ་ལྔའི་ཀློང་ན་འགྱིང་༔ ལྷ་དམག་བྱེ་བ་འབུམ་དང་བཅས༔ གསོལ་ལོ་མཆོད༴ གནོད་སྦྱིན་གང་བ་བཟང་པོ་ནི༔ བྱ་ཁྱུང་རྒྱལ་པོ་ག་རུ་ཆིབས༔ གནོད་བྱིན་བྱེ་བ་འབུམ་དང་བཅས༔ གསོལ་ལོ་མཆོད༴ གནོད་སྦྱིན་ཤ་ཟ་རལ་གཅིག་མ༔ མེ་རླུང་འཚུབས་མའི་ཀློང་ན་འགྱིང་༔ གནོད་སྦྱིན་མོ་རྒྱུད་འབུམ་དང་བཅས༔ གསོལ་ལོ་མཆོད༴ མུ་སྟེགས་ཀ་ལ་ཡཀྴ་ནི༔ བྲམ་ཟེ་ཐོད་པའི་ཕྲེང་ཅན་ཆིབས༔ ཆོ་འཕྲུལ་འགྱེད་མཛད་འཁོར་ཚོགས་བཅས༔ གསོལ་ལོ་མཆོད༴ བན་ཆེན་རྡོ་རྗེ་བདུད་འདུལ་ནི༔ འཕྲུལ་གྱི་རྟ་མཆོག་རྩལ་ལྡན་ཆིབས༔ སྔགས་ནག་བྱེ་བ་འབུམ་དང་བཅས༔ གསོལ་ལོ་མཆོད༴ འགོང་པོ་ཁུ་ལེ་ལག་དགུ་ནི༔ འབྲོང་གཡག་ཞལ་མོ་བརྗིད་ལྡན་ཆིབས༔ འགོང་པོ་འབུམ་གྱི་འཁོར་དང་བཅས༔ གསོལ་ལོ་མཆོད༴ དམ་ཅན་རྡོ་རྗེ་ལེགས་པ་ནི༔ སེང་དཀར་བརྗིད་པ་ཆིབས་སུ་ཆིབས༔ ཐེའུ་རང་བྱེ་བའི་འཁོར་དང་བཅས༔ གསོལ་ལོ་མཆོད༴ རྒྱལ་པོ་ལི་བྱིན་ཧར་ལེགས་ནི༔ གཙུག་ལག་ཆོས་འཁོར་ཀུན་གྱི་བདག༔ རྒྱལ་པོ་བྱེ་བའི་འཁོར་དང་བཅས༔ གསོལ་ལོ་མཆོད༴ དམུ་རྗེ་བཙན་པོ་ཐོགས་མེད་ནི༔ དོམ་ནག་ཐོང་དཀར་ཆིབས་སུ་ཆིབས༔ དམུ་བདུད་བྱེ་བའི་འཁོར་གྱིས་བསྐོར༔ གསོལ་ལོ་མཆོད༴ ཁྱབ་འཇུག་གཟའ་བདུད་རཱ་ཧུ་ལ༔ མེ་འབྲུག་དམར་པོ་རྩལ་ལྡན་ཆིབས༔ གཟའ་དམག་བྱེ་བའི་འཁོར་དང་བཅས༔ གསོལ་ལོ་མཆོད༴ རཀྴ་དམར་མོ་གློག་ཕྲེང་ཅན༔ གསེར་གྱི་སྦལ་པ་ཁྲག་མིག་ཞོན༔ སྲིན་པོ་བྱེ་བའི་འཁོར་དང་བཅས༔ གསོལ་ལོ་མཆོད༴ སྲིན་མོ་སྦལ་མགོ་ཁྲག་མིག་མ༔ གཡུ་ཡི་ཆུ་སྲིན་རྔམས་པ་ཞོན༔ སྲིན་མོ་བྱེ་བའི་ཚོགས་དང་བཅས༔ གསོལ་ལོ་མཆོད༴ བཙན་རྒྱལ་ཡམ་ཤུད་དམར་པོ་ནི༔ བཙན་རྟ་གྭ་པ་ཆིབས་སུ་ཆིབས༔ བཙན་དམག་བྱེ་བ་འབུམ་དང་བཅས༔ གསོལ་ལོ་མཆོད༴ ཀླུ་རྒྱལ་གཞོན་ནུ་གཏུམ་པོ་ནི༔ སྲིད་པའི་རུས་སྦལ་རྒྱ་བོ་ཞོན༔ ཀླུ་དམག་བྱེ་བའི་ཚོགས་དང་བཅས༔ གསོལ་ལོ་མཆོད༴ དཔལ་གྱི་བཀའ་སྡོད་དམ་ཅན་རྣམས༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་༔ བཤད་དང་སྒྲུབ་པའི་བསྟན་པ་སྤེལ༔ དགེ་འདུན་སྡེ་དང་ཆོས་འཁོར་སྐྱོངས༔ ཟབ་གསང་བསྟན་པ་དར་རྒྱས་མཛོད༔ ཡོན་བདག་མི་ནོར་འཁོར་བཅས་སྲུངས༔ རྣལ་འབྱོར་སྒྲུབ་པོའི་བར་ཆད་སོལ༔ ནད་གདོན་འཇིགས་བརྒྱད་མི་མཐུན་ཞི༔ ཚེ་བསོད་སྙན་གྲགས་ལོངས་སྤྱོད་རྒྱས༔ ཁམས་གསུམ་མོས་བཞི་དབང་དུ་བསྡུས༔ བརྣག་པའི་དགྲ་བགེགས་རྡུལ་དུ་རློག༔ བྱད་ཕུར་རྦོད་གཏོང་གཡུལ་འགྱེད་མཁན༔ དེ་དག་རང་ལ་རང་གཤེད་ཕོབ༔ དུས་མཐའི་འགོང་ནག་གདུག་པ་ཅན༔ སྡེ་དཔུང་དང་བཅས་བཟློག་བསད་མཛོད༔ དགྲ་རྐུན་ཇག་གསུམ་ཧུར་ཐུམ་སོད༔ བགེགས་ཚོགས་ལོག་པར་འདྲེན་པ་རྣམས༔ མཐུ་སྟོབས་ནུས་པ་ཉམས་པར་མཛོད༔ ཁྱེད་ཅག་དཔལ་གྱི་སྲུང་མ་སྟེ༔ བདག་ཅག་དཔལ་ཆེན་རྣལ་འབྱོར་ཡིན༔ སྔོན་གྱི་གཡར་དམ་ཅི་བཞིན་དུ༔ རབ་འབྱམས་ཕྲིན་ལས་གྲུབ་པར་མཛོད༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བརྗོད་བྱས་ན༔ བསོད་ནམས་ལོངས་སྤྱོད་སྙན་གྲགས་རྒྱས༔ དཔལ་དང་གཟི་བྱིན་ཟིལ་གནོན་ལྡན༔ དགྲ་བགེགས་གདུག་པ་སྒྲོལ་བ་དང་༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ བྱད་ཕུར་རྦོད་གཏོང་བཟློག་པ་དང༔ ཟབ་གཏེར་བསྟན་པ་དར་ཞིང་རྒྱས༔ མི་མཐུན་གཡུལ་ལས་རྣམ་པར་རྒྱལ༔ བསྟན་སྲུང་ལུས་དང་གྲིབ་བཞིན་འགྲོགས༔ ཕྱི་མ་ཧེ་རུ་ཀ་དཔལ་ཐོབ༔ མཐའ་དམག་གདུག་པའི་དཔུང་ཚོགས་འཇོམས༔ རྒྱལ་བསྟན་འཛིན་དང་ཡོན་མཆོད་ཀུན༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་འགྱུར༔ བདེན་རྫུན་ལག་ཏུ་ལོང་དང་གསལ༔ དཀོན་མོད་རྒྱལ་ཁམས་འགྲིམ་དང་ཆོག༔ རྫུ་འཕྲུལ་དབང་ཐོབ་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབས༔ རིིན་ཆེན་ཟངས་སྒྲོམ་གུད་དུ་སྦས༔ ཆུ་དར་སྔོན་པོས་ཕྱི་ནས་དྲིལ༔ ཕོ་རོག་ངང་པ་ཁྲི་སྟོང་ཐུབ༔ དཀྱིལ་ཆུག་ཐལ་མོ་སྒང་གི་ཞོལ༔ རྡོ་རྗེ་བྲག་གི་མགུལ་དུ་སྦས༔ ཕྱི་གཉེར་རྒྱལ་པོ་གཡུ་ཕྲེང་ཅན༔ ནང་གི་བཀའ་སྲུང་སྡེ་དགུ་པོ༔ གསང་བ་སྒོས་ཀྱི་སྲུང་མར་གཉེར༔ མ་འོངས་དུས་ཀྱི་ཐ་མ་ལ༔ ང་ཉིད་བདུད་འཇོམས་རྡོ་རྗེར་བཞེངས༔ ཟབ་གཏེར་འདོན་པའི་དུས་དེ་རུ༔ མ་བབ་བར་དུ་གཏེར་རྡོལ་དང་༔ བུག་རལ་ཆུ་ཟོས་མ་བཏང་བར༔ ཉིན་གསུམ་མཚན་གྱི་མེལ་རྩེ་གྱིས༔ བདུད་པོ་ཧར་ཏ་པརྠ་དང་༔ རྦ་ར་ཧི་ཡི་སྲོག་འདྲེན་ཡོད༔ བཀའ་བརྒྱད་ཆོས་གཏེར་ཟབ་མོ་འདིས༔ བདུད་པོ་བཅོ་བརྒྱད་སྲོག་ལ་འགུམ༔ བདེ་གཤེགས་འདུས་པའི་གསང་སྒྲུབ་ཡིན༔ ཆོས་བདག་ཆོས་དང་འཕྲད་གྱུར་ན༔ སྐུ་ཚེ་མཐའ་ནས་རྒྱས་པ་དང་༔ འབྲེལ་ཚད་དོན་ལྡན་རིག་འཛིན་ཐོབ༔ ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཡོན་ཏན་གྱི་རྒྱ༔ ཕྲིན་ལས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐཾ༔ ཨྠིྀ༔ ཞེས་པ་འདི་ཉིད་ས་མོ་ལུག་ལོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བདག་མི་འགྱུར་རིག་པའི་རྡོ་རྗེ་གར་དབང་བདུད་འཇོམས་གླིང་པས་བཏོན་ནས་མཐར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ཡང་ཡང་ནན་དུ་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་དགེ་བས་བསྟན་དགྲ་གདུག་པ་ཅན་རྣམས་སྒྲོལ་བའི་ནུས་ལྡན་དུ་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།