ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ མཁའ་འགྲོའི་དབང་ཆོག་ཉི་མའི་དཀྱིལ་འཁོར༔ འོད་གསལ་རྡོ་རྗེའི་དྲྭ་བ༔

From Dudjom Wiki
TTDL-ZABTER-07-JA-001
Wylie title zab gsang mkha' 'gro'i snying thig las: thugs sgrub ye shes nyi ma'i skor: mkha' 'gro'i dbang chog nyi ma'i dkyil 'khor: 'od gsal rdo rje'i drwa ba: TTDL-ZABTER-07-JA-001.pdf
Location bdud 'joms gling pa zab gter
Volume 7, Text 1, Pages 1-25 (Folios 1a1 to 13a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub ye shes nyi ma'i skor mkha' 'gro'i dbang chog nyi ma'i dkyil 'khor 'od gsal rdo rje'i drwa ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 1-25. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang chog   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཡང་ཀུན་གྱིས་སྤངས་པའི་ཟོབ་རྫུན་མཁན་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོག་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་ནས་མཐར་སྟོད་ཡག་ཡུ་རྒང་འབྲོས་ཕུག་མཁའ་འགྲོའི་གནས་མཆོག་དབེན་པའི་ཁྲོད་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།ཇི་སྲིད་བསྐལ་པ་མ་སྟོང་བར་དུ་ཆོས་འདི་མ་རྫོགས་སོ། །དགེའོ། །སརྦ་མངྒ་སྭསྟི།།

zhes pa 'di yang kun gyis spangs pa'i zob rdzun mkhan gling pa bdud 'joms rdo rjes gser smad rnga la stag rtse'i g.yas log rdo rje brag nas bton te mi lo bzhi la bka' rgyas btab nas mthar stod yag yu rgang 'bros phug mkha' 'gro'i gnas mchog dben pa'i khrod du shog ser las zhal bshus te dag par phab pa'i yi ge pa ni phun tshogs bkra shis so//ji srid bskal pa ma stong bar du chos 'di ma rdzogs so/_/dge'o/_/sarba mang+ga swasti//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ མཁའ་འགྲོའི་དབང་ཆོག་ཉི་མའི་དཀྱིལ་འཁོར༔ འོད་གསལ་རྡོ་རྗེའི་དྲྭ་བ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ དཔལ་ཆེན་རྡོ་རྗེ་ཁྲོ་ལོད་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཐུགས་སྒྲུབ་ཡེ་ཤེས་ཉི་མ་ཡི༔ དབང་ཆོག་རྡོ་རྗེའི་དྲྭ་བ་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ དཀྱིལ་འཁོར་བཀོད་པ་གཞུང་ལྟར་བྱ༔ མེ་ཏོག་ཚོམ་བུ་བཀྲམ་པའི་སྟེང་༔ བུམ་པ་སྔགས་ཕྲེང་བདུད་རྩི་ཤེལ༔ མེ་ལོང་ཙཀླི་ཕྱག་མཚན་དང་༔ བྱང་སེམས་ལ་སོགས་སྟ་གོན་བྱ༔ གཞུང་བསྲང་བསྙེན་སྒྲུབ་རྫོགས་པའི་རྗེས༔ སྐལ་ལྡན་རིགས་ཀྱི་སློབ་མ་བསགས༔ ཉམས་པ་ཅན་རྣམས་ཕྱིར་བསྐྲད་དེ༔ བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ ཁྲུས་བྱས་སྐྱབས་སེམས་ལ་འཇུག་ཅིང་༔ དེ་ནས་སློབ་མའི་ཞུ་ཕུལ་ནི༔ མཎྜལ་ཕུལ་ལ༔ ཀྱེ༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དགེ་འདུན་སྤྱི་དཔལ་མཆོག༔ སྐུ་གསུམ་རྩ་གསུམ་ཡོངས་འདུས་དཔལ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ ཁྱེད་ལ་གུས་པས་གསོལ་བ་འདེབས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ཟབ་གསང་མཁའ་འགྲོ་འདུས་པ་ཡི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ་མཐར༔ བླ་མས༔ ཧོཿ ལས་དང་སྐལ་བཟང་སློབ་བུ་རྣམས༔ གསང་སྔགས་དབང་གི་སྒོར་ཞུགས་ནས༔ རྩ་བ་དང་ནི་ཡན་ལག་གི༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ དེ་ནས་སློབ་མས༔ ཧོཿ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་དང་ནི་ཡི་དམ་ལྷ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ༔ བདག་ཅག་འདིར་འདུས་སྐལ་ལྡན་གྱིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་མི་བསྲུང་རེ༔ དེ་རིང་ཉིད་ནས་མི་བསྲུང་རེ༔ དེ་ནས་བླ་མས༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ དེ་ལྟར་ནུས་སམ་བསྲུང་གནས་ན༔ གསང་ཆེན་མཁའ་འགྲོའི་དབང་མཆོག་ནི༔ ཡོངས་རྫོགས་བསྐུར་གྱིས་ལེགས་པར་ཉོན༔ དེ་ནས་དམ་ཆུ་ཐོགས་ལ༔ ཧོཿ འདི་ནི་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་གྱིས་བརླབས་པ་རྡོ་རྗེའི་ཆུ༔ དམ་ཚིག་གཉན་གྱི་བདུད་རྩི་འདི༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཁྱོད་ཀྱིས་ང་ལ་བརྙས་མི་བྱ༔ བརྙས་ཤིང་དམ་ལས་འགལ་གྱུར་ན༔ རྡོ་རྗེ་མཁའ་འགྲོའི་བཀའ་ཆད་ཀྱིས༔ མགོ་བོ་འགས་ཤིང་ལུས་ཀྱང་གཞོམ༔ མཐར་ནི་རྡོ་རྗེ་དམྱལ་བར་ལྟུང་༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ སྐྱེ་བའི་ཕྲེང་བར་མི་བརྒྱུད་ངེས༔ དེ་ནས་སློབ་མས༔ གསུང་བཞིན་རྡོ་རྗེའི་དམ་ཚིག་ལ༔ མི་འདའ་བདག་གིས་བསྲུང་བགྱིའོ༔ ས་མ་ཡ་ན་ར་ཀན༔ ཞེས་རྡོ་རྗེས་བདུད་རྩི་ལྕེ་ལ་བཞག་གོ༔ དེ་ནས་རྡོ་རྗེ་དྲིལ་བུ་གཏད་ལ༔ ཨེ༔ ཨེ་མ་སྐལ་ལྡན་བུ་མཆོག་རྣམས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ ཨུ་དུམ་ཝ་རའི་མེ་ཏོག་ལྟར༔ ལན་རེ་འབྱུང་བ་དེར་འཕྲད་པའི༔ སྐལ་ལྡན་ཉིན་མོའི་སྐར་མ་ཙམ༔ ཁྱེད་ཅག་ལས་སྨོན་སྐལ་བ་བཟང་༔ ད་ནས་བཟུང་སྟེ་ཐབས་ཤེས་མཚོན༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཟུངས༔ བཛྲ་དྷརྨ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་མིག་རས་གཏད་པ་ནི༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་གཏད་ལ༔ ཨོཾ་པུཥྤེ་ཧཱུྃ༔ དེ་ནས་སློབ་མ་ལྷར་གསལ་བ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན༴ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གྱུར༔ ཨ་ཨ༔ རིག་པ་རྒྱུ་ཡི་ཡི་གེ་ཧྲཱིཿཡིག་དམར་པོ་ལས་འོད་འཕྲོས༔ འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཆེན་པོ་ཕྱི་སྲུང་བའི་འཁོར་ལོ་རིམ་པ་ལྔ་ཡིས་འཁྱུད་ཅིང་༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བར་གྱུར༔ ཧྲཱིཿརང་བྱུང་བདེ་ཆེན་གཞལ་ཡས་དབུས༔ སོགས་ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བསྒྲིབ་པའི་ལིང་ཏོག་དབྱེ་བ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་ཐུགས་རྗེའི་མཐུས༔ ཁྱོད་ཀྱི་མ་རིག་ལིང་ཏོག་བསལ༔ ཐར་པ་ཆེན་པོའི་དཀྱིལ་འཁོར་དུ༔ ཡེ་ཤེས་ལྷ་ཚོགས་མཐོང་གྱུར་ཅིག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེ་བསལ་ཏེ༔ དེ་ནས་མེ་ཏོག་འཐོར་བ་ནི༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ འབྲེལ་བའི་ལྷ་ལ་བབ་པར་ཤོག༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ༔ དེ་ནས་བུམ་པ་ཐོགས་ལ༔ ཧོཿ ལས་དང་སྐལ་ལྡན་སློབ་བུ་རྣམས༔ དད་དང་དམ་ཚིག་ལྡན་པས་ཉོན༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་ཆོས་དབྱིངས་མ་འགགས་པ༔ ཕྱི་ལྟར་རིན་ཆེན་བུམ་པའི་དབྱིབས༔ ནང་ནི་ལྷུན་གྲུབ་གཞལ་ཡས་ཁང་༔ ཡེ་ཤེས་འོད་ཕུང་འཁྱིལ་བའི་ཀློང་༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མའི༔ མ་ངེས་གར་བསྒྱུར་རོལ་གར་གྱིས༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོའི་ཚོགས༔ མ་ལུས་ལུས་པ་མེད་པར་རྫོགས༔ དོན་ལ་སོ་སོར་ཐ་མི་དད༔ ཡེ་ཤེས་དབྱིངས་སུ་ཀུན་བཟང་མོ༔ གདུལ་བྱའི་མོས་ངོར་དེར་སྟོན་མཛད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱི༔ སྐུ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿསརྦ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཨོཾ་ཡིག་དཀར་པོ་ཐོགས་ལ༔ ཧཱུྃ༔ བདེ་གཤེས་རྒྱལ་བ་ཡོངས་རྫོགས་ཀྱི༔ སྐུ་ཡི་ས་བོན་ཨོཾ་དཀར་པོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀུན་ཏུ་བཟང་མོའི་སྐུ་གཏད་ལ༔ ཧཱུྃ་ཨཱཿརིགས་ཀུན་འདུས་པ་ཀུན་བཟང་མོ༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངོ་བོ་ཆོས་སྐུའི་དབང་ཐོབ་ཤོག༔ དྷརྨ་ཀཱ་ཡ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བྷི་ཥིཉྩ༔ གཉིས་པ་གསང་བ་ཡེ་ཤེས་མཁའ་འགྲོའི་སྐུ་ཐོགས་ལ༔ ཨཱཿརང་བཞིན་གསལ་བའི་ཡེ་ཤེས་མདངས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འགགས་མེད་ལོངས་སྐུའི་དབང་ཐོབ་ཤོག༔ སཾ་བྷོ་ཀཱ་ཡ་ཌཱ་ཀི་ནཱི་ཛྙཱ་ན་སརྦ་ཨ་བྷི་ཥིཉྩ༔ གསུམ་པ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་གཏད་ལ༔ ཧཱུྃ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་མདངས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྤྲུལ་པ་སྐུ་ཡི་དབང་ཐོབ་ཤོག༔ སརྦ་ནིརྨ་ཀཱ་ཡ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བྷི་ཥིཉྩ༔ བཞི་པ་རྡོ་རྗེ་མཁའ་འགྲོའི་སྐུ་ཐོགས་ལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་རང་མདངས་ལས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་མཁའ་འགྲོའི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཌཱ་ཀི་ནི་ཛྙཱ་ན་ཙཀྲ་ཨ་བྷི་ཥིཉྩ༔ ལྔ་པ་རིན་ཆེན་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་རང་མདངས་ལས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིན་ཆེན་མཁའ་འགྲོའི་དབང་ཐོབ་ཤོག༔ སྭཱ་རཏྣ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བྷི་ཥིཉྩ༔ དྲུག་པ་པདྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་རང་མདངས་ལས༔ པདྨ་རིགས་ཀྱི་མཁའ་འགྲོ་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ པདྨ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་པདྨ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བྷི་ཥིཉྩ༔ བདུན་པ་ལས་ཀྱི་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་རང་མདངས་ལས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལས་ཀྱི་མཁའ་འགྲོའི་དབང་ཐོབ་ཤོག༔ ཧཱ་ཀརྨ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བྷི་ཥིཉྩ༔ བརྒྱད་པ་ལྕགས་ཀྱུ་མ་གཏད་ལ༔ ཛཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་ཀྱུ་མ་ཡི་དབང་བསྐུར་རོ༔ ཞེ་སྡང་མ་སྤངས་རང་གྲོལ་གྱིས༔ ལོག་རྟོག་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཛཿཌཱ་ཀི་ནཱི་ཨ་བྷི་ཥིཉྩ༔ དགུ་པ་ཞགས་པ་མ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཞགས་པ་མ་ཡི་དབང་བསྐུར་རོ༔ ང་རྒྱལ་མ་སྤངས་རང་གྲོལ་ནས༔ ལོག་རྟོག་ཡོངས་སྒྲོལ་དབང་ཐོབ་ཤོག༔ རཏྣ་པཱ་ཤ་ཧཱུྃ༔ ཧཱུྃ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ༔ བཅུ་པ་ལྕགས་སྒྲོག་མ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་རོ༔ འདོད་ཆགས་མ་སྤངས་རང་གྲོལ་ནས༔ ལོག་རྟོག་ཡོངས་སྒྲོལ་དབང་ཐོབ་ཤོག༔ པདྨ་སྤོ་ཊ་བཾ༔ བཾ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ༔ བཅུ་གཅིག་པ་དྲིལ་བུ་མ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲིལ་བུ་མ་ཡི་དབང་བསྐུར་རོ༔ ཕྲག་དོག་མ་སྤངས་རང་གྲོལ་ནས༔ ལོག་རྟོག་ཡོངས་གྲོལ་དབང་ཐོབ་ཤོག༔ ཀརྨ་གྷཎྜེ་ཧོཿ ཧོ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ༔ བཅུ་གཉིས་པ་ཧཱུྃ་ཧྲཱི་བྷྱོ་ཛ་མ་ཡི་ཡི་གེ་ཐོགས་ལ༔ ཧཱུྃ་ཛ་བྷྱོ༔ རང་སྣང་འོད་གསལ་ཆོས་སྐུའི་ཞིང་༔ རང་རིག་ཆོས་སྐུ་ཀུན་བཟང་མོ༔ རང་རྩལ་རྫོགས་པའི་མཁའ་འགྲོ་མའི༔ རང་སྣང་མ་ངེས་སྒྱུ་མའི་འཕྲུལ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོ་ཡི༔ ཐུགས་སྲོག་ས་བོན་ཡི་གེ་ནི༔ ཧཱུྃ་ཧྲཱི་བྷྱོ་ཛ་མ་རུ་ཤར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿསརྦ་ཨ་བྷི་ཥིཉྩ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ འོ་ན་དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཚོགས་རྒྱ་མཚོ་ཐམས་ཅད་དང་༔ འཇིག་རྟེན་ཚུལ་འཛིན་པའི་མཁའ་འགྲོ་མ་ཚོགས་ཐམས་ཅད་ཀུན་ཏུ་བཟང་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་བཟང་ངན་དང་ཕྱོགས་སུ་མ་གྲུབ་པའོ༔ མདོར་ན་རང་གཞི་ཁྱབ་གདལ་སྟོང་གསལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཡེ་གཞི་འདི་ཉིད་ཆོས་སྐུ་ཀུན་ཏུ་བཟང་མོར་མ་བཙལ་ལྷུན་གྱིས་གྲུབ་པའོ༔ རང་བཞིན་མ་འགགས་པར་གསལ་བ་སལ་ལེ་སང་ངེ་ཧྲིག་གེ་བ་འདི་ཀ་ཡེ་གདོད་ནས་ལོངས་སྐུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ངོ་བོར་གྲུབ་པའོ༔ ཐུགས་རྗེའི་རྩལ་སྣང་མ་འགགས་པར་ཕྱོགས་རིས་དང་བྲལ་བ་འདི་ཀ་སྤྲུལ་སྐུ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ཡེ་ནས་ཡིན་ནོ༔ དེ་ཡི་རང་རྩལ་མ་འགགས་པར་སྣ་ཚོགས་སུ་ཤར་བ་འདི་ཀ་ཡུལ་མེད་ཟང་ཐལ་དུ་རང་ཤར་རང་གྲོལ་དུ་མཉམ་པ་འདི་དག་མ་ངེས་དཔག་ཡས་མཁའ་འགྲོའི་རང་བཞིན་དུ་ཤར་བ་ཡིན་ཏེ༔ གཞན་དུ་མ་ཚོལ་ཅིག༔ ཚོལ་ན་ཡུལ་རེ་དོགས་ཀྱི་འཁྲི་བོར་སོང་བས་གྲོལ་བ་ག་ལ་ཐོབ༔ གདོད་ནས་རང་ངོར་རྫོགས་པ་ལས་གཞན་ན་མ་གྲུབ༔ དེས་ན་སྣང་བ་འོད་གསལ་བས༔ ཀུན་བྱེད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་མོ་རྟོག་ཚོགས་ཐམས་ཅད་གནས་དག་ནས་མཁའ་འགྲོའི་རོལ་པར་ངོ་ཤེས་ཤིང་གདིང་ཐོབ་པར་གྱིས་ཤིག༔ ངོ་ཤེས་ཤིང་ཡིད་ཆེས་པ་ཙམ་གྱིས་གྲོལ་བ་ཐོབ་པར་ངེས་སོ༔ དེ་ནས་གྲི་གུག་ཕུར་པ་ཐོགས་ལ༔ ཧཱུྃ༔ ཁམས་གསུམ་དབང་སྡུད་གྲི་གུག་དང་༔ འཁོར་བ་ཡོངས་སྒྲོལ་ཕུར་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་དབང་དུ་བསྡུ་བ་དང་༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ག་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཧོམ་དང་དགང་གཟར་བླུགས་ཐོགས་ལ༔ ཧཱུྃ༔ འཁོར་འདས་ཁྱབ་གདལ་ཡེ་ཤེས་ལྷའི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་དུ༔ སྣོད་བཅུད་བདུད་རྩིའི་ངང་བསྒྱུར་དང་༔ དུག་ལྔ་དུག་གསུམ་རྒྱུད་བསྐྱེད་པའི༔ དགྲ་བགེགས་སྲེག་བླུགས་བསྟབ་པའི་དབང་༔ མ་ལུས་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་དགྲ་བགེགས་ཛྭ་ལ་རཾ་ག་ན་ཨ་བྷི་ཥིཉྩ༔ དེ་ནས་ལིངྒ་དང་ཐུན་རྫས་གཏད་ལ༔ ཧོཿ བདག་ཏུ་འཛིན་པའི་རྒྱུ་བྱས་ཤིང་༔ རྐྱེན་སྣང་ལོག་འདྲེན་དགྲ་དང་བགེགས༔ མ་ལུས་བཀུག་བསྒྲལ་མནན་བསྲེགས་ཀྱི༔ དབང་རྣམས་མ་ལུས་ཡོངས་རྫོགས་ཀུན༔ སྐལ་ལྡན་ཁྱོད་ལ་ཐོབ་པར་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ༔ སརྦ་ག་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་དང་པོ་ཌཱ་མ་རུ་ཐོགས་ལ༔ ཧོཿ འཁོར་འདས་མཉམ་སྦྱོར་ཌཱ་མ་རུ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ འཁོར་བ་མྱང་འདས་ཆེན་པོ་རུ༔ མ་སྤངས་བསྒྱུར་བའི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ༔ གཉིས་པ་རྡོར་དྲིལ་ཐོགས་ལ༔ ཧཱུྃ༔ ཐབས་ཀྱི་རང་བཞིན་རྡོ་རྗེ་དང་༔ ཤེས་རབ་རང་བཞིན་དྲིལ་བུ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཆོས་རྣམས་ཆོས་ཉིད་སྤྲོས་བྲལ་ངང་༔ སྐྱེ་མེད་རྟོགས་པའི་དབང་ཐོབ་ཤོག༔ ཨཱཿབཛྲ་དྷརྨ་ཡ་ཧྲཱིཿད་ཡ་ཨ་བྷི་ཥིཉྩ་ཨཱཿགསུམ་པ་རྐང་གླིང་ཐོགས་ལ༔ ཧོཿ སྙན་ལ་རིང་མཛེས་མི་རྐང་གླིང་༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བདག་མེད་ཤེས་རབ་རྟོགས་པ་དང་༔ ཁམས་གསུམ་དབང་སྡུད་དབང་ཐོབ་ཤོག༔ ཨཱཿསརྦ་དྷརྨ་ག་ག་ན་ཨ་བྷི་ཥིཉྩ་ཨཱཿབཞི་པ་མི་ལྤགས་གཡང་གཞི་ཐོགས་ལ༔ ཧོཿ རྒྱ་ཆེ་བརྗིད་ལྡན་ཞིང་ཆེན་ལྤགས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བདག་སྣང་བདག་མེད་ངང་དུ་ཞིག༔ གཉིས་སྣང་རང་གྲོལ་ངང་བཤིག་ཅིང་༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང་༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨཱཿསརྦ་དྷརྨ་ཀཱ་ཡ་ཕཊ༔ ཨ་བྷི་ཥིཉྩ་ཨཱཿལྔ་པ་མེ་ལོང་གཏད་ལ༔ ཧོཿ གསལ་སྒྲིབ་མེད་པའི་ཡེ་ཤེས་སུ༔ ཀུན་བྱེད་རྒྱལ་པོ་འཕོ་བ་ཡི༔ སྒྱུ་ལུས་ཚོགས་འགྱེད་ལས་བྱེད་དེས༔ འགྲོ་རྣམས་སྒྲོལ་བའི་དབང་ཐོབ་ཤོག༔ ཨོཾ་ཛྙཱ་ན་དྷརྨ་ཀཱ་ཡ་སརྦ་ཨ་བྷི་ཥིཉྩ་ཨཱཿདྲུག་པ་ཨ་དཀར་པོ་ཐོགས་ལ༔ ཧོཿ ཨ་ནི་སྐྱེས་འགགས་གནས་གསུམ་བྲལ༔ ཁྱབ་གདལ་ཡུམ་ཆེན་དགོངས་པ་རྫོགས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ སྐྱེ་མེད་ཆོས་ཀྱི་སྐུར་གྲོལ་ནས༔ ལྷ་འདྲེའི་འགྲོ་དོན་འབྱུང་བ་དང་༔ ཚོམ་བུ་གཅིག་ཏུ་སངས་རྒྱས་པའི༔ ཆོས་ཉིད་ཁྱབ་གདལ་དབང་ཐོབ་ཤོག༔ བདུན་པ་ཐིག་ལེ་ལྔའི་ཀློང་དུ་ཕྱག་མཚན་ལྔ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿས་མཚན་པ་བསྟན་ཏེ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ ཡོངས་སུ་རྫོགས་པའི་དབང་འདི་ནི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་དུ༔ འཆད་ཉན་བསྒོམ་སྒྲུབ་རྩོད་བརྩམ་པའི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ སྨིན་ཅིང་གྲོལ་ནས་འགྲོ་བའི་དོན༔ ཐོགས་པ་མེད་པར་འབྱུང་བར་ཤོག༔ ཨོཾ་ཛྙཱ་ན་ཙཀྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ལུས་ཀྱི་སྒྲིབ་པ་དག༔ སྐུ་ཡི་དམ་ཚིག་ཉམས་ཆག་སྐོང་༔ བུམ་པ་སྐུ་ཡི་དབང་ཐོབ༔ ལུས་ལྷར་བསྒོམ་པ་ལ་དབང་སྟེ༔ མཐར་རྡོ་རྗེའི་སྐུ་དང་གཉིས་སུ་མེད་པར་གྲོལ་བའི་དབང་ང་ོ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་བྷནྡྷར་བདུད་རྩི་འཁྱིལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡི༔ གསུང་གི་ཡང་བཅུད་འདི་ལ་རྫོགས༔ སྐལ་ལྡན་ཁྱོད་ཀྱི་ངག་དུ་བླུད༔ རླུང་ཁམས་སྒྲིབ་པ་གནས་དག་ནས༔ གསང་བ་གསུང་གི་དབང་ཐོབ་ཤོག༔ ཨཱཿསརྦ་ཛྙཱ་ན་ཌཱ་ཀི་ནཱི་ཝཱཀ་ཧྲཱིཿད་ཡ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྔགས་ཕྲེང་ཐོགས་ལ༔ ཧཱུྃ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱི༔ གསུང་གི་ཡང་སྙིང་སྔགས་ཕྲེང་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་ཉམས་ཆག་སྐོང་༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ སྔགས་ཕྲེང༔ ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨཱཿཡིག་ཐོགས་ལ༔ ཧཱུྃ༔ ཨཱཿཡིག་རྒྱལ་ཀུན་གསུང་གི་སྙིང་༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསང་བ་གསུང་གི་དབང་ཐོབ་ཅིང་༔ རྡོ་རྗེའི་གསུང་དང་གཉིས་མེད་ཤོག༔ སྔགས་ཕྲེང༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བྱང་སེམས་དཀར་དམར་ཐོགས་ལ༔ ཧོཿ རིགས་ལྔ་ཡབ་ཡུམ་སྙོམས་འཇུག་གི༔ ཐབས་ཤེས་བཅུད་ཆེན་བྱང་སེམས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐབས་ཤེས་གཉིས་མེད་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧོཿ དང་པོ་ཨཱཿཡིག་མཐིང་ག་ཐོགས་ལ༔ ཨཱཿསྐྱེ་འགགས་གནས་གསུམ་བྲལ་བ་ཡི༔ ཁྱབ་གདལ་ཆོས་དབྱིངས་ཀུན་བཟང་མོ༔ ཡེ་རིག་ཀ་དག་མཁའ་འགྲོ་མའི༔ རིག་པ་རང་ལ་དབང་བསྐུར་རོ༔ ཨཱཿཨ་བྷི་ཥིཉྩ་ཨཿགཉིས་པ་ཡཾ་ལྗང་གུ་ལ་ཡེ་ཤེས་ལྔའི་རླུང་འཕྲོ་བ་གཏད་ལ༔ ཧོཿ ཁྱབ་བདག་ཡུམ་ཆེན་དམ་ཚིག་སྒྲོལ༔ ཡེ་ཤེས་རླུང་ལྔའི་འབྱུང་གནས་མོ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བྱིན་རླབས་ཡེ་ཤེས་རླུང་ལྔ་ཡིས༔ རླུང་ཁམས་གནས་དག་རྩ་མདུད་གྲོལ༔ གྲུབ་པ་བརྒྱད་ལ་དབང་ཐོབ་ཅིང་༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག༔ གསུམ་པ་ཨ་ཤད་དམར་པོ་མེ་འབར་བ་ཐོགས་ལ༔ ཧོཿ བདེ་ཆེན་ཡེ་ཤེས་གནམ་ཞལ་མ༔ ཤེས་རབ་ཡེ་ཤེས་སྦར་བ་མོ༔ ཨ་ཤད་འོད་ཀྱི་རང་བཞིན་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་ཆེན་པོ་ཡི༔ རབ་འབར་བདེ་དྲོད་རབ་རྒྱས་ནས༔ མེ་ཁམས་གནས་དག་རྩ་བདུད་གྲོལ༔ གྲུབ་པ་བརྒྱད་ལ་དབང་བསྒྱུར་ཞིང་༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག༔ ཨོཾ་པྲཛྙཱ་ཛྙཱ་ན་ཛྭ་ལ་ཨ་བྷི་ཥིཉྩ༔ བཞི་བ་ཧཾ་ཡིག་དཀར་པོ་ཐོགས་ལ༔ ཧོཿ རིགས་ཀུན་ཡོངས་འདུས་ཧེ་རུ་ཀ༔ བདེ་སྟོང་བདུད་རྩིའི་འབྱུང་གནས་དཔལ༔ ཧཾ་ཡིག་དཀར་པོའི་རྣམ་པར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མས་དབབ་ཚོགས་མཆོད་དབང་གི་ལམ༔ ཡར་འདྲེན་འགྲམ་པ་དགའ་བཞིའི་ལམ༔ རྩ་ཁམས་གནས་དག་རྩ་མདུད་གྲོལ༔ དཔའ་བོ་མཁའ་འགྲོའི་དལ་ཞལ་མཐོང་༔ རླུང་ཁམས་གནས་དག་སེམས་ཉིད་ཀྱང༔ འོད་གསལ་ཆོས་སྐུའི་ངང་ལ་འཕོས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ མཆོག་གི་དངོས་གྲུབ་ལ་རོལ་ཏེ༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་པྲཛྙཱ་ཛྙཱ་ན་སརྦ་ཨ་བྷི་ཥིཉྩ༔ ལྔ་པ་དར་དཀར་གྱི་ཨཾ་རག་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཡེ་ཤེས་མཁའ་འགྲོའི་བྱིན་བརླབ་པས༔ དར་དཀར་དྲི་མེད་ན་བཟའ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྱི་ནང་ཕུང་ཁམས་སྐྱེ་མཆེད་ཀུན༔ ཡེ་ཤེས་སྒྱུ་མའི་རོལ་པར་དག༔ འབྱུང་བ་དྭངས་མའི་བཅུད་ལེན་ཅིང་༔ འཆི་བ་མེད་པའི་དབང་འབྱོར་ནས༔ འཇའ་ལུས་ཆེན་པོར་དབང་ཐོབ་ཤོག༔ ཨོཾ་ཨ་ཛྙཱ་ན་སྤཪྴེ་ཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་གཏད་ལ༔ ཧཱུྃ༔ ཡེ་ཤེས་རང་མདངས་སྤྲུལ་པ་ཡི༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་གནས་དག་ནས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཞིང་༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཀྱིས༔ རྣམ་མང་སྒྱུ་འཕྲུལ་འཁོར་ལོ་ཡི༔ ཐབས་ཀྱིས་འགྲོ་ཀུན་རྣམ་འདྲེན་གྱི༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བུདྡྷ་དྷརྨ་སངྒ་དྷརྨ་ཀཱ་ཡ་ནིརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་སརྦ་ཨ་བྷི་ཥིཉྩ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཐོད་པ་གཏད་ལ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ མཚན་ལྡན་ཐོད་པ་འདི་གཏད་དོ༔ ད་ནས་སྣང་སྲིད་འཁོར་འདས་ཀུན༔ ཡེ་གཞི་གཅིག་ཏུ་རྟོགས་ནས་སུ༔ རང་སྣང་དབང་དུ་བསྡུ་བ་དང་༔ གཞན་སྣང་ཟིལ་གྱིས་གནོན་པ་ཡིས༔ བདེ་སྟོང་ཡེ་ཤེས་བཅུད་ཆེན་ལ༔ རོལ་ཞིང་རོ་སྙོམས་དབང་ཐོབ་ཤོག༔ ཨོཾ་ཨཱཿཛྙཱ་ན་བྷནྡྷ་ཛྙཱ་ན་ཨ་མྲྀ་ཏ་སརྦ་ཨ་བྷི་ཥིཉྩ༔ དེ་ནས་གར་གྱིས་ཆས་དྲུག་ལ་སོགས་གཏད་དེ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བར་ཆད་ཀུན་སེལ་སྙན་རྒྱན་དབང་༔ ཚེ་བསོད་རྒྱས་ཕྱིར་ཨག་ཚོམ་སྨར༔ མ་བཅོས་ཁྱབ་གདལ་དབུ་སྐྲ་དང་༔ དྲི་མེད་གར་གྱི་ཆས་རྣམས་ཀྱིས༔ དབང་མཆོག་ཡོངས་རྫོགས་ད་ཐོབ་ཤོག༔ རྩ་ཁམས་ཡེ་དག་གཞལ་ཡས་སུ༔ དཔའ་བོ་མཁའ་འགྲོའི་དབང་ཐོབ་ཤོག༔ དཀར་དམར་ཐིག་ལེའི་རཀྟའི་ཆར༔ དཔའ་བོ་ཡབ་ཡུམ་དབང་ཐོབ་ཤོག༔ བ་སྤུ་བྱེ་བ་ས་ཡ་ལ༔ ཡེ་ཤེས་མཁའ་འགྲོའི་དབང་ཐོབ་ཤོག༔ རྣལ་འབྱོར་གདོས་བཅས་སྒྱུ་ལུས་ལ༔ ཡེ་ཤེས་སྒྱུ་མའི་དབང་ཐོབ་ཅིང་༔ ཡེ་ཤེས་རང་མདངས་རྒྱན་གོས་ཀྱི༔ རང་བྱུང་རང་ཤར་དབང་ཐོབ་ཤོག༔ འཁོར་ལོ་ལྔ་ཡི་རྩ་འདབ་ལ༔ ཞི་ཁྲོ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཛྙཱ་ན་པཉྩ་ཧྲཱིཿད་ཡ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨཱཿངག་གི་སྒྲིབ་པ་དག༔ གསུང་གི་ཉམས་ཆག་སྐོང་༔ གསང་བའི་དབང་ཐོབ༔ ངག་སྔགས་བཟླ་བ་ལ་དབང་སྟེ་རྡོ་རྗེའི་གསུང་དང་གཉིས་སུ་མེད་པར་འགྱུར་རོ༔ དེ་ནས་རིག་མ་མཚན་ལྡན་གཏད་ལ༔ ཧོཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་གྱིས་བརླབས་པའི་མཛའ་ན་མོ༔ མཛེས་ཤིང་ཡིད་འོང་ལང་ཚོས་བརྒྱན༔ སྙན་པའི་ངག་དབྱངས་འཇམ་པའི་ཚིག༔ ཉོན་མོངས་གནས་དག་ཡེ་ཤེས་ལྡན༔ དྲན་པས་བདེ་སྟོང་ཡེ་ཤེས་བསྐྱེད༔ རེག་པས་དགའ་བཞི་སྦར་བ་མོ༔ གསང་བ་ཐབས་ཀྱི་གྲོགས་ཡིན་ཏེ༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ གཏད་དོ་བསྐུར་རོ་གསང་སྔགས་དབང་༔ མ་ལུས་ཡོངས་སུ་རྫོགས་ཐོབ་ཤོག༔ ཛྙཱ་ན་པཉྩ་མུ་དྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿཏ་ན་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃཿགཞོམ་ཞིག་བྲལ་བ་རྡོ་རྗེའི་ཐུགས༔ མ་དང་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་ཀྱི་དབང་མཆོག་ཁྱོད་ལ་བསྐུར༔ རྡོ་རྗེའི་ཐུགས་དང་གཉིས་མེད་ཤོག༔ སྔགས༔ སརྦ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་ཧྲཱིཿའི་ཡི་གེ་ཐོགས་ལ༔ ཧཱུྃ་ཧྲཱིཿམ་དང་མཁའ་འགྲོ་ཡི༔ ཐུགས་ཀྱི་ཡང་སྙིང་ཡི་གེར་ཤར༔ རིགས་དང་དཀྱིལ་འཁོར་རྣམ་མང་གི༔ སྒྱུ་འཕྲུལ་འཁོར་ལོ་འདི་ལ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ སྔགས༔ སརྦ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿདེ་ནས་ཡེ་ཤེས་རང་མདངས་སོ་སོར་གསལ་བ་ཐ་དད་མི་མངོན་པ་གཅིག་ཏུ་མཉམ་སྦྱོར་སྣང་གསལ་ཐོགས་ལ༔ ཨཱཿསྐུ་གསུམ་ངོ་བོ་མཉམ་སྦྱོར་བའི༔ ཡེ་ཤེས་ལྔ་རྫོགས་སྣང་གསལ་འདི༔ ངོ་བོ་ཆོས་སྐུ་ཀུན་བཟང་མོ༔ རང་བཞིན་གསང་བ་ཡེ་ཤེས་མ༔ གསལ་བ་ཡེ་ཤེས་མཚོ་རྒྱལ་ཏེ༔ དཀར་མདངས་ཆོས་དབྱིངས་ཡེ་ཤེས་ལ༔ མཐིང་གསལ་མེ་ལོང་ཡེ་ཤེས་སོ༔ སེར་གསལ་མཉམ་ཉིད་ཡེ་ཤེས་ཏེ༔ དམར་གསལ་སོར་རྟོག་ཡེ་ཤེས་མདངས༔ ལྗང་གུ་བྱ་གྲུབ་ཡེ་ཤེས་སོ༔ ཡེ་ཤེས་མཁའ་འགྲོའི་རིགས་ལྔའི་སྐུ༔ མ་བརྩལ་ལྷུན་གྲུབ་རྫོགས་པ་ཡི༔ རྩལ་སྣང་སྒྱུ་འཕྲུལ་མཁའ་འགྲོའི་ཚོགས༔ སོ་སོར་སྟོན་ཀྱང་ཐ་མི་དད༔ ཡེ་ཤེས་མཉམ་སྦྱོར་སྣང་གསལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒོ་གསུམ་རྡོ་རྗེ་གསུམ་ཏུ་འཕོས༔ བུམ་གསང་ཤེས་རབ་ཡེ་ཤེས་དང༔ རྡོ་རྗེ་ཚིག་གི་དབང་ཐོབ་སྟེ༔ ཡེ་ཤེས་མཁའ་འགྲོའི་སྐུ་བརྙེས་ཤིང་༔ གང་འདུལ་ཐབས་དང་སྒྱུ་འཕྲུལ་གྱིས༔ གདུལ་བྱ་འགྲོ་བ་འདྲེན་པར་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ཡིད་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་ཉམས་ཆག་སྐོང་༔ རྡོ་རྗེ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་སྟེ་མཐར་ཐུག་འོད་གསལ་ཆོས་ཀྱི་སྐུ་ཐོབ་བོ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ མཁའ་འགྲོའི་འདུས་པའི་ཐུགས་ཀྱི་དངོས༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་ལྔ་རུ་གསལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སྔགས༔ ཛྙཱ་ན་ཧྲཱིཿད་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཆོས་ཉིད་དོན་གྱི་དབང་བསྐུར་བ་ནི༔ སློབ་མ་རྣམ་སྣང་གི་ཆོས་བདུན་དུ་བཞུགས་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག༔ རང་རིག་སྟོང་གསལ་འཛིན་མེད་ཁྱབ་གདལ་མཐའ་དབུས་བྲལ་བའི་ཀློང་དུ་ལྷུག་པར་ཞོག་ལ་ལྟོས་ཤིག༔ དབུས་ཕྱོགས་ན་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་དང་འཇའ་ཐིག་དཀར་གསལ་སངས་རྒྱས་མཁའ་འགྲོ༔ ཤར་ཕྱོགས་ན་མཐིང་གསལ་འོད་ཐིག་འཆར་བ་མེ་ལོང་ཡེ་ཤེས་དང་རྡོ་རྗེ་མཁའ་འགྲོ༔ ལྷོ་ཕྱོགས་ན་སེར་གསལ་འོད་ཐིག་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་མཁའ་འགྲོ༔ ནུབ་ཕྱོགས་ན་དམར་གསལ་འོད་ཐིག་སོར་རྟོག་ཡེ་ཤེས་དང་པདྨ་མཁའ་འགྲོ༔ བྱང་ཕྱོགས་ན་འོག་ཐིག་ལྗང་གུ་འཆར་བ་འདི་ཀ་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོའོ༔ གཞན་ཡང་ཅི་ཡང་མ་ངེས་པའི་འོད་ཐིག་སྣ་ཚོགས་འཆར་བ་འདི་དག་ཡེ་ཤེས་ཀྱི་རང་རྩལ་སྣ་ཚོགས་མཁའ་འགྲོའི་རང་བཞིན་ཡིན་ནོ༔ དེ་ཡང་བལྟས་པས་མཐོང་ཡུལ་ཙམ་ཡང་མ་ཡིན་ཏེ༔ རང་རིག་རང་གསལ་ཆེན་པོའི་རང་མདངས་ཡེ་གྲུབ་ཏུ་གསལ་བ་ནི༔ ཉི་ཟླ་འོད་དུ་གྲུབ་པ་ལྟ་བུའོ༔ མདོར་ན་སྟོང་ཞིང་མཐའ་དབུས་དང་བྲལ་བ་ཆོས་དབྱིངས་སྟུག་པོ་བཀོད་པའོ༔ གསལ་སང་ངེར་འདུག་པ་ནི་མེ་ལོང་མངོན་པར་དགའ་བའོ༔ གང་ཡང་ཆ་སྙོམས་མཉམ་པར་འཆར་བ་ནི་མཉམ་ཉིད་དཔལ་དང་ལྡན་པའོ༔ འཁོར་འདས་མ་འདྲེས་སོ་སོར་འཆར་བ་དེ་ཀ་སོར་རྟོག་བདེ་ཆེན་པདྨ་བརྩེགས་པའོ༔ དེ་བཞི་པོ་གཅིག་ཏུ་འདྲིལ་ཞིང་གཅིག་ཏུ་སྦྱོར་བ་བྱ་གྲུབ་ལས་རབ་རྫོགས་པའོ༔ དེ་མ་མཐོང་མཐོང་ལས་ལྷག་པའི་གསལ་སང་ངེ་སལ་ལེ་ཧྲིག་གེ་ཡེ་རེ་བ་འདི་ཀ་ཡེ་ཤེས་ཀྱི་རང་ཞལ་མཐོང་བ་ཡིན་ནོ༔ དེ་ངོ་ཤེས་ཤིང་ཡིད་ཆེས་ཏེ་གདིང་ཐོབ་པར་གྱུར་ན༔ དཔག་ཡས་སངས་རྒྱས་ཀྱི་ཞིང་ཁམས་ཡང་འདི༔ བརྗོད་འདས་གྲངས་མེད་པའི་སངས་རྒྱས་ཀྱང་འདི༔ དཔའ་བོ་དཔའ་མོའི་འཁོར་ཚོགས་རང་བཞིན་ལྷུན་གྲུབ་ཀྱང་འདི༔ མ་བརྩལ་ལྷུན་གྲུབ་འདོད་ཡོན་གྲུབ་པ་ཡང་འདི༔ གཞན་ལ་མ་བརྩལ་རང་རིག་རིགས་འདུས་རྒྱལ་བའི་དཀྱིལ་འཁོར་རང་ལ་རང་དབང་བསྒྱུར་བ་བསྐུར་ཐོབ་ཀྱི་དབང་བསམ་ཡས་ཀྱི་འགྲན་ཟླ་དང་བྲལ་བ་ཡང་འདི༔ མན་ངག་གཞན་ལས་མི་ཚོལ་རང་རྩལ་རྫོགས་པ་ཀློང་རྡོལ་དུ་རྟོགས་པའི་ཤེས་རབ་འདི་ཀ་ལུང་དང་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཡང་འདི༔ གང་དུ་མ་བརྩལ་གང་ནས་མ་བྱུང་བའི་དབང་མན་ངག་ཐམས་ཅད་སྐད་ཅིག་གིས་རྫོགས་པ་ཡང་འདི༔ ཐམས་ཅད་རིག་པའོ༔ ཐམས་ཅད་གཞིའོ༔ ཐམས་ཅད་རྩལ་སྣང་ང་ོ༔ དེ་བཞིན་མ་བཅོས་རང་བྱུང་གི་སངས་རྒྱས་འདི་ལ་ལྟོས་ཤིག༔ སྒོམས་ཤིག༔ རྟོགས་པར་གྱིས་ཤིག༔ དབང་ཐམས་ཅད་རང་ཐོག་ཏུ་རང་ལ་རང་དབང་ཐོབ་པའོ༔ ཨ་ཕཊ༔ ཨ་ཕཊ༔ ཨ་ཕཊ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ ཁྱབ་གདལ་ཀློང་ཡངས་བ་ལིང་ཏ༔ ཡེ་ཤེས་དང་ནི་ཡེ་ཤེས་རྩལ༔ མ་བརྩལ་ལྷུན་གྲུབ་རྫོགས་པ་ཡི༔ རིགས་ཀུན་དཀྱིལ་འཁོར་ཡོངས་རྫོགས་ཀུན༔ མ་ལུས་ལུས་པ་མེད་པར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསང་གསུམ་རྡོ་རྗེའི་དབང་གི་དངོས༔ དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན༔ ཁྱོད་ཀྱི་སྤྱི་བོར་ལན་བཞིར་བབ༔ དང་པོས་སྒྲིབ་དག་ཉམས་ཆག་སྐོང་༔ གཉིས་པས་ལུས་གང་དབང་བཞི་ཐོབ༔ གསུམ་པས་གནས་ལྔར་ཡི་གེས་བརྒྱན༔ བཞི་པས་ལུས་སེམས་དབྱེར་མེད་དུ༔ འཇའ་ལུས་འཕོ་བ་ཆེན་པོར་སྨིན༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་བོ༔ སྟོན་པ་བླ་མེད་རྫོགས་སངས་རྒྱས༔ སྐྱོབ་པ་བླ་མེད་དམ་པའི་ཆོས༔ འདྲེན་པ་བླ་མེད་དགེ་འདུན་ཚོགས༔ དཀོན་མཆོག་གསུམ་གྱི་དབང་ཐོབ་ཤོག༔ སྐྱེ་མེད་ཁྱབ་གདལ་ཆོས་ཀྱི་སྐུ༔ འགགས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྱོགས་མེད་ཀུན་ཁྱབ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དབང་ཐོབ་ཤོག༔ བླ་མེད་བླ་མ་རིགས་འཛིན་ཚོགས༔ རྒྱལ་བ་རྒྱ་མཚོ་ཡི་དམ་ལྷ༔ དབྱིངས་ལས་གར་བསྒྱུར་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་གྱི་དབང་ཐོབ་ཤོག༔ གདོད་ནས་འདས་ཀྱང་འཇིག་རྟེན་ཚུལ༔ ཆོས་བཞིན་སྒྲུབ་ལ་བུ་ལྟར་སྐྱོང༔ དམ་ཉམས་སྲོག་གི་གཤེད་མ་ཆེ༔ ཆོས་སྐྱོང་སྲུང་མའི་དབང་ཐོབ་ཤོག༔ ཆོས་ཉིད་རྣམ་པར་དག་པ་དང༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ སྨིན་ཅིང་གྲོལ་ནས་དུས་རྣམས་ཀུན༔ གདུལ་བྱའི་འགྲོ་བ་འདྲེན་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ན་མོ་བུདྡྷ་དྷརྨ་སངྒ་དྷརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་ནིརྨ་ཀཱ་ཡ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་ས་མ་ཡ་བ་ལིཾ་ཏ་ཨ་བྷི་ཥིཉྩ༔ ཨོཾ་ཨཱཧཱུྃ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀ་ཨ་བྷི་ཥིཉྩ་ཨ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ཞེས་སོ༔ མཐའ་རྟེན་གཏད༔ གཏང་རག་ཚོགས་བསྐང་བཏང་༔ ཤིས་པ་བརྗོད༔ སྨོན་ལམ་བྱ༔ དེ་ཡིས་དབང་རྣམས་རྫོགས་པའོ༔ བདག་འདྲ་རྡོ་རྗེ་ཐོད་ཕྲེང་ངས༔ ཡོ་ག་གསུམ་གྱི་སྤྱི་དབང་འདི༔ བསྡུས་ཏེ་གཅིག་ཏུ་དྲིལ་བ་ཡིན༔ དམ་ལྡན་ལས་སྨོན་རྟེན་འབྲེལ་གྱིས༔ མཐུས་བྱུང་སྐལ་ལྡན་རེ་མ་གཏོགས༔ གང་རུང་བ་ཡི་སྤྱོད་ཡུལ་མིན༔ དད་དང་དམ་ཚིག་བརྩོན་འགྲུས་ལྡན༔ སྒྲུབ་པ་ལྷུར་ལེན་གང་ཟག་རྣམས༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པད་འབྱུང་བདག་གིས་ཕྱི་རབས་བསླུས༔ དམ་ཉམས་ལྟ་ལོག་དྲེད་པོ་དང་༔ གཞན་ཁྱད་གསོད་པའི་ཁ་ལྟ་མཁན༔ དེ་ལ་རླུང་ཕྱོགས་ཙམ་བསྟན་ཡང་༔ བཀའ་ཡི་ཆད་པས་དབང་པོ་སྣུབས༔ རྡོ་རྗེ་དམྱལ་བའི་གནས་སུ་ལྷུང་༔ བཞི་ཡིས་མང་ལ་བསྐུར་བྱས་ན༔ མཁའ་འགྲོའི་བཀའ་ཆད་སྲོག་ལ་བྱུང་༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ དམ་ཚིག་བསྲུངས་ཤིང་ཉམས་ལེན་ན༔ དཀྱིལ་འཁོར་ཀུན་གྱི་དབང་རྫོགས་སོ༔ འཆད་ཉན་གང་གི་སྣོད་དུ་རུང་༔ ས་མ་ཡ༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ མ་མོ་སྲིད་པའི་རྒྱལ་མོའི་ཚོགས༔ ཁྱེད་ཅག་གསང་བའི་གཉེར་མཛོད་ཅིག༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ གཟའ་བདུད་དུག་གི་སྤུ་གྲི་དང་༔ བཙན་རྒོད་ཤན་པ་ཀུས་འདེབས་བཅས༔ ཁྱེད་ཅག་ནང་གི་གཉེར་མཛོད་ཅིག༔ གཡུ་ཕྲེང་ཅན་དང་རྨ་བྱ་ཡིས༔ ཐུལ་པ་ཅན་དང་སྡེ་བརྒྱད་རྣམས༔ ཁྱེད་ཅག་ཕྱི་ཡི་གཉེར་མཛོད་ཅིག༔ པད་འབྱུང་ཐུགས་ཀྱི་སྲས་ལ་སྤྲོད༔ དམ་ལྡན་རྣམས་ལ་བུ་བཞིན་སྐྱོངས༔ དམ་ཉམས་ལྟ་ལོག་ངན་སྨྲ་མཁན༔ སྒྲོ་སྐུར་གཤེ་ཞིང་རས་ཆོད་མཁན༔ སེ་ཕུང་བདུད་སྡེ་ཕོ་མོ་བཅས༔ མགོ་བོ་ཆོ་ལ་དོན་སྙིང་ཕྱུང་༔ སྙིང་ཁྲག་དམར་པོ་ཐང་ལ་ཕོས༔ མ་གཡེལ་བཀའ་ཡི་དམ་གྱིས་བཅོལ༔ མ་འགྱངས་བསྟན་པའི་རཱུ་ཏྲ་སོད༔ བཀའ་དང་དམ་ཚིག་གཉན་གྱི་རྒྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དགོངས་རྒྱ༔ བཀའ་རྒྱ༔ གཉན་རྒྱ༔ ཨ་ཐཾ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀུན་གྱིས་སྤངས་པའི་ཟོབ་རྫུན་མཁན་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོག་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་ནས་མཐར་སྟོད་ཡག་ཡུ་རྒང་འབྲོས་ཕུག་མཁའ་འགྲོའི་གནས་མཆོག་དབེན་པའི་ཁྲོད་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།ཇི་སྲིད་བསྐལ་པ་མ་སྟོང་བར་དུ་ཆོས་འདི་མ་རྫོགས་སོ། །དགེའོ། །སརྦ་མངྒ་སྭསྟི།། །།