ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ ཕྱི་སྒྲུབ་གསལ་བའི་མེ་ལོང་༔ འདོད་འབྱུང་དཔག་བསམ་ལྗོན་ཤིང་༔

From Dudjom Wiki
TTDL-ZABTER-07-JA-003
Wylie title zab gsang mkha' 'gro'i snying thig las: mkha' 'gro gsang ba ye shes kyi: phyi sgrub gsal ba'i me long: 'dod 'byung dpag bsam ljon shing: TTDL-ZABTER-07-JA-003.pdf
Location bdud 'joms gling pa zab gter
Volume 7, Text 3, Pages 33-141 (Folios 1a1 to 55a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las mkha' 'gro gsang ba ye shes kyi phyi sgrub gsal ba'i me long 'dod 'byung dpag bsam ljon shing. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 33-141. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: phyi sgrub   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཡང་གླིང་པ་གར་དབང་བདུད་འཇོམས་རྡོ་རྗེ་ཁྲག་འཐུང་རོལ་པ་རྩལ་ལྷ་བཙུན་འོད་གསལ་སྙིང་པོ་སྔགས་ནག་ཧཱུྃ་ཆེན་ཀཱ་ར་ཀློང་ཆེན་མི་འགྱུར་རྡོ་རྗེ་སོགས་མང་པོར་གྲགས་ཤིང་དོན་ལ་ཀུན་གྱིས་སྤངས་པའི་མ་ནུས་སྤྲང་སྨྱོན་ཟོབ་རྫུན་མཁན་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོག་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་སྟེ་མཐར་སྲིན་ཡུལ་གཉིས་པ་མགོ་ལོག་གི་ཡུལ་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་གནས་དབེན་པའི་ཁྲོད་དུ་དག་པར་ཕབ་པའི་ཡེ་གེ་པ་ནི་མཚོ་རྒྱལ་མཁའ་འགྲོའི་བྱིན་རླབས་ཀྱི་སྤྲུལ་པ་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་ཞེས་བྱའོ། །དགེ་བས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། ཤུབྷཾ། ཛ་ཡནྟུ།།

zhes pa 'di yang gling pa gar dbang bdud 'joms rdo rje khrag 'thung rol pa rtsal lha btsun 'od gsal snying po sngags nag hU~M chen kA ra klong chen mi 'gyur rdo rje sogs mang por grags shing don la kun gyis spangs pa'i ma nus sprang smyon zob rdzun mkhan gyis gser smad rnga rol stag rtse'i g.yas log rdo rje brag nas bton te mi lo bzhi la bka' rgyas btab ste mthar srin yul gnyis pa mgo log gi yul smar stod 'bros phug mkha' 'gro'i 'du gnas dben pa'i khrod du dag par phab pa'i ye ge pa ni mtsho rgyal mkha' 'gro'i byin rlabs kyi sprul pa hor gyi ban+de phun tshogs bkra shis zhes bya'o/_/dge bas mkha' khyab kyi sems can thams cad rnam mkhyen bla na med pa sangs rgyas kyi go 'phang rin po che thob pa'i rgyur gyur cig_/dge'o/_/dge'o/_/dge'o/_/sarba mang+ga laM//_shub+haM/_dza yan+tu//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ ཕྱི་སྒྲུབ་གསལ་བའི་མེ་ལོང་༔ འདོད་འབྱུང་དཔག་བསམ་ལྗོན་ཤིང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ (བརྡ་ཡིག་) བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ ཟབ་མོ་ཤེས་རབ་ཕ་རོལ་ཕྱིན་པ་བསྟན༔ འདི་ནི་དབང་པོ་ཐ་མའི་ཉམས་ལེན་སྐལ༔ གནད་དུ་བསྣུན་པའི་གང་ཟག་འདིས་གྲོལ་འགྱུར༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཉེར་འཚེའི་བདུད་བགེགས་ནད་མཚོན་གཉེར་བྱེད་འགྱེད༔ ཡུལ་འགའི་དགེ་སློང་མཚོན་ཐོགས་རྒྱལ་པོ་ཕམ༔ བླ་སློབ་དམ་ཚིག་མི་གཉན་འཁྲུགས་པ་རྩོད༔ དེ་དུས་ཆོས་སྤྱིའི་བྱིན་རླབས་ཉམས་གྱུར་ནས༔ བསྒྲུབ་ཀྱང་གྲུབ་པའི་རྟགས་མཚན་འབྱུང་དུས་མེད༔ ངེས་པར་ཆོས་བཞིན་སྤྱོད་པ་ཉིན་སྐར་ཙམ༔ སྔོན་སྦྱངས་འཕྲོ་སད་རེ་འགའ་ཙམ་སྲིད་ཀྱང་༔ བདུད་སྟོབས་བཙན་པས་ཕྱི་བཤོལ་རྐྱེན་ཁར་འཆོར༔ དེ་ལ་བདུད་གཅོད་ཟབ་མོ་ཉམས་ལེན་བྱ༔ བདུད་བཞི་དབྱིངས་སུ་གཅོད་པའི་གདིང་ལྡན་གྱིས༔ བཟང་ངན་རྐྱེན་ལ་རེ་དོགས་མཚན་མ་བཤིག༔ རང་རེ་ཕ་རྗེས་འཛིན་པའི་གང་ཟག་གིས༔ འདི་བཞིན་བློར་འཆང་འཁོར་ཞེན་ལྡོག་པར་བྱ༔ དལ་འབྱོར་མི་ལུས་རིན་ཆེན་རྟེན་བཟང་འདི༔ དབུལ་པོས་ནོར་བུ་ལན་གཅིག་རྙེད་པ་ལྟར༔ ཡང་ཡང་མི་རྙེད་རྙེད་དཀའ་རིན་པོ་ཆེ༔ འདི་ནི་སྔོན་ལས་བསོད་ནམས་མཐུ་ལས་བྱུང་༔ དོན་མེད་ཆུད་ཟོས་ངང་དུ་སྟོར་ར་རེ༔ དལ་འབྱོར་དོན་དང་ལྡན་པར་འགྲུབ་པར་ཤོག༔ ས་མ་ཡ༔ དལ་འབྱོར་རྟེན་བཟང་མི་རྟག་འཆི་བས་འཇིགས༔ ན་ནིང་ད་ལོ་དབྱར་དགུན་ཞག་དུས་དང་༔ རྟག་འཛིན་འདུག་ཆས་བྱེད་པའི་སྐྱེས་བུ་རྣམས༔ མི་རྟག་འགྱུར་དང་འཆི་བའི་ཚུལ་ལ་སེམས༔ དེ་ཕྱིར་ཚེ་འདིའི་སྣང་བ་ཐམས་ཅད་ཀུན༔ སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པར་ཤོག༔ ས་མ་ཡ༔ ཟག་བཅས་ཟག་མེད་དཀར་པོའི་དགེ་བ་ཡིས༔ གནས་སྐབས་མཐར་ཐུག་ཀུན་ཏུ་དགེ་འབྲས་བསྐྱེད༔ སྒོ་གསུམ་ལས་ཉོན་བག་ཆགས་འཁོར་བའི་རྒྱུས༔ བཟོད་མེད་སྡུག་བསྔལ་ཆེན་པོའི་འབྲས་བུ་སྤེལ༔ རྒྱུ་འབྲས་དཀར་ནག་བླང་དོར་ཚུལ་བཞིན་དུ༔ ཤེས་ཤིང་བདག་རྒྱུད་ཆོས་དང་འདྲེས་པར་ཤོག༔ ས་མ་ཡ༔ ལྷན་སྐྱེས་ཀུན་བཏགས་མ་རིག་དབང་གྱུར་ཏེ༔ འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པ་ཡིས༔ བཟོད་མེད་སྡུག་བསྔལ་གསུམ་གྱི་འདམས་སུ་ཚུད༔ ཐང་གཅིག་བདེ་བའི་སྐབས་མེད་ཉམ་ཐག་ཅིང་༔ ལས་ཀྱི་འཕེན་ཁར་ཡང་ཡང་སྣོད་སྤེལ་བས༔ ངང་ཚུལ་ཤེས་ནས་ཐར་ལམ་བསྒྲོད་པར་ཤོག༔ མཐའ་མེད་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས༔ བསླུ་མེད་གཏན་གྱི་མགོན་པོ་དཀོན་མཆོག་གསུམ༔ ཡི་དམ་བྱ་ཞིང་རྣམ་གསུམ་དད་པ་ཡིས༔ དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆི༔ མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་བདག་དགོངས་ལ༔ འཁོར་བའི་སྡུག་བསྔལ་འདི་ལས་བསྐྱབ་ཏུ་གསོལ༔ ས་མ་ཡ༔ རང་ཉིད་ཐ་མལ་དུ་གནས་པའི་སྨིན་མཚམས་ཐད་ཀྱི་ནམ་མཁར༔ པདྨ་འདབ་བརྒྱད་གྱེས་པའི་ལྟེ་བར་ཉི་ཟླའི་གདན་ལ༔ བླ་མ་དང་གཉིས་སུ་མེད་པའི་མ་ཅིག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཐོད་པའི་ཌཱ་མ་རུ་ནམ་མཁར་འཁྲོལ་བ༔ གཡོན་པས་བྷན་ཐོད་བདུད་རྩིས་བཀང་བ་བསྣམས་པ༔ སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས་པ༔ ཞལ་འཛུམ་བག་གི་མདངས་དང་ལྡན་ཞིང་བཅུ་དྲུག་གཞོན་ནུའི་ལང་ཚོ་དང་ལྡན་པ༔ རལ་པས་སྐུ་རྒྱབ་ཁེབས་པ་གཅེར་བུ་རུས་རྒྱན་དང་པད་དཀར་ཕྲེང་བས་བརྒྱན་ཅིང་༔ ཞབས་གཉིས་ཉི་ཟླའི་སྟེང་ཏུ་གར་ཐབས་ལིང་ལིང་བསྒྱུར་ཞིང་ནུ་མ་འབུར་ཞིང་བྷ་ག་རྒྱས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བསྒོམ༔ དེའི་སྤྱི་བོར་ཆོས་སྐུ་ཡུམ་ཆེན་མོའི་མཐའ་བསྐོར་དུ་བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར་བར་བསྒོམ༔ མདུན་དུ་ཡི་དམ་ལྷ་ཚོགས༔ གཡས་སུ་སངས་རྒྱས་སྟོང་རྩ༔ རྒྱབ་དུ་དམ་ཆོས་རྒྱུད་སྡེ་རྒྱ་མཚོ༔ གཡོན་དུ་འཕགས་པའི་དགེ་འདུན༔ མཐའ་བསྐོར་དུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བར་བསྒོམ༔ ཡེ་ཤེས་པ་དཔག་མེད་ཐིབ་ཀྱིས་བྱོན་ནས་སིབ་སིབ་ཐིམ་པར་བསམ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿ སྟྭཾ༔ སྐྱབས་ཡུལ་གསལ་ཞིང་དེའི་མདུན་དུ༔ ཚེ་རབས་ལུས་དང་ལོངས་སྤྱོད་ཀུན༔ ཆགས་ཞེན་མེད་པའི་བློས་ཕུལ་ཏེ༔ ལེགས་ཉེས་སྐྱིད་སྡུག་ཁྱེད་ཤེས་བློས༔ ས་མ་ཡ༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ མ་ཅིག་གསང་བ་ཡེ་ཤེས་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ བར་སྐབས་ཐུགས་ཡིད་རོ་གཅིག་ཏུ༔ ཕཊ་ཅེས་བསྲེ་ཞིང་ཁྱབ་གདལ་དུ༔ ཡུམ་ཆེན་ཀློང་དུ་མཉམ་པར་བཞག༔ ས་མ་ཡ༔ ཆོས་རྣམས་ཀུན་གྱི་རྩ་བ་བྱང་ཆུབ་སེམས༔ དུས་རྣམས་རྟག་ཏུ་ཉམས་ལེན་མཆོག་ཏུ་ཟུངས༔ འདི་དང་མ་འབྲེལ་ཆོས་ཀྱིས་སངས་རྒྱས་གང་༔ དེ་ཕྱིར་འདི་ཉིད་རྣལ་མར་བསྒོམ་པར་བྱ༔ ས་མ་ཡ༔ ན་མོ༔ བདག་གིས་མཁའ་མཉམ་འགྲོ་བ་སེམས་ཅན་རྣམས༔ མ་ལུས་རྣམ་མཁྱེན་སངས་རྒྱས་ལ་འགོད་ཕྱིར༔ ཟབ་མོ་ཤེས་རབ་ཕར་ཕྱིན་ཉམས་ལེན་ཅིང་༔ འགྲོ་རྣམས་གཏན་བདེའི་སངས་རྒྱས་ཐོབ་པར་ཤོག༔ ས་མ་ཡ༔ ཚོགས་གཉིས་རྫོགས་ཕྱིར་ཡན་ལག་རྣམ་པ་བརྒྱད༔ དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་ཏེ༔ སངས་རྒྱས་བྱང་སེམས་མཁའ་འགྲོའི་དཀྱིལ་འཁོར་ལ༔ འཛིན་མེད་བློ་ཡིས་བླངས་ཏེ་འབུལ་བར་བྱ༔ ས་མ་ཡ༔ ཨེ་མ་ཧོཿ སྣང་སྲིད་འདོད་ཡོན་ལྷ་མིའི་ལོངས་སྤྱོད་དཔལ༔ བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ༔ རང་ལུས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ༔ ཆོས་ཉིད་ནམ་མཁའི་མཛོད་ཀྱི་ཡེ་ཤེས་དཔལ༔ བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ༔ ཚོགས་གཉིས་ཡོངས་རྫོགས་སྐུ་གཉིས་མྱུར་འགྲུབ་ཤོག༔ རབ་འབྱམས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཚེ་རབས་ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ མ་རིག་དབང་གིས་ལས་ངན་སྡིག་སྒྲིབ་བཤགས༔ ཕན་བདེའི་རྣམ་དཀར་དགེ་ལ་ཡི་རང་ངོ་༔ གང་ལ་གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ བདག་གི་དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ ས་མ་ཡ༔ དུས་གསུམ་ཐུན་མོང་ཀུན་གྱི་སྤྱོད་ཡུལ་ལ༔ རྟག་ཏུ་རྣལ་མ་བྱེད་པ་གཙོ་བོར་བཟུང་༔ དེ་ལས་ལངས་ཏེ་ཐུན་མོང་མ་ཡིན་པའི༔ ཚོགས་བསགས་ཁྱད་པར་བསྒོམ་བཟླས་ལམ་དུ་འཇུག༔ ས་མ་ཡ༔ སྟོང་པའི་ངང་ལས་པདྨ་དང་ཉི་མ་ཟླ་བའི་གདན་ལ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས༔ རང་ཉིད་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཕྱག་གཡས་གྲི་གུག་དང་གཡོན་པས་ཐོད་ཁྲག་བསྣམས་པ་ཞབས་གཉིས་གར་ཐབས་མཛད་པ༔ ཞལ་འཛུམ་སྤྱན་གསུམ་ནམ་མཁར་གཟིགས་པ༔ བཅུ་དྲུག་གཞོན་ནུའི་ལང་ཚོ་ཅན༔ རལ་པས་སྐུ་རྒྱབ་ཁེབས་པ་མཚན་དཔེས་མཛེས་ཤིང་རུས་རྒྱན་དང་པད་དཀར་ཕྲེང་བས་བརྒྱན་ཅིང་སྣང་ལ་རང་བཞིན་མེད་པར་འཇའ་འོད་ཀྱི་ཀློང་དུ་བསྒོམ༔ སྤྱི་བོར་ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་གཡས་དང་པོས་རྡོ་རྗེ་རྩེ་དགུ་གཡོན་པས་གླེགས་བམ་བསྣམས་པ་ཕྱག་འོག་མ་གཉིས་མཉམ་བཞག་མཛད་པ༔ ཞི་འཛུམ་གྱི་མདངས་དང་ལྡན་པར་བསྒོམ༔ སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐུགས་ཀར་ཧྲཱིཿཡིག་གི་མདུན་དུ་ཧཱུྃ༔ དེ་གསུམ་ལས་འོད་འཕྲོས་པས་མ་ལུས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གི་སྤྱི་བོ་ནས་བུམ་ཆུས་དབང་བསྐུར་སྐུ་གང་དྲི་མ་དག་སྤྱི་བོར་ཡུམ་ཆེན་མོ་མར་བདག་ལ་བསྟིམ༔ རང་ཉིད་ཡུམ་ཆེན་མོར་གྱུར༔ བུམ་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔས་དབུ་བརྒྱན་པར་བསམ༔ ཐུགས་ཀར་ཨཿཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་སྒྲ་སྐད་ཐམས་ཅད་གཞལ་ཡས་ཁང་ལྷ་སྔགས་ཀྱི་རོལ་པར་བསྒོམ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་ཡེ་སྭཱ་ཧཱ༔ ས་མ་ཡ༔ གྲངས་མང་བཟླ་ཞིང་དམིགས་པ་གཏད༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ ལྷ་སྔགས་ཆོས་ཉིད་རོལ་པར་གསལ༔ འདི་ཉིད་རྩ་བའི་སྙིང་པོའོ༔ ས་མ་ཡ༔ རང་སྣང་རང་དབང་བསྐུར་བའི་ཕྱིར༔ སྣང་སྲིད་བླ་མའི་དཀྱིལ་འཁོར་གསལ༔ གསོལ་འདེབས་རྒྱུད་བསྐུལ་དབང་དངོས་གྲུབ༔ མོས་གུས་ལྕགས་ཀྱུས་བཀུག་ལ་ལེན༔ ས་མ་ཡ༔ རང་གི་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་ཅིག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་གྲི་གུག་དང་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཞལ་འཛུམ་བག་གི་མདངས་དང་ལྡན་པ༔ སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས་པ༔ གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་རལ་པས་སྐུ་རྒྱབ་ཁེབས་པ་ཞབས་གཉིས་པད་ཉིའི་གདན་ལ་གར་ཐབས་ལིང་ལིང་བསྒྱུར་བ་སྐུ་གཅེར་བུ་རུས་རྒྱན་དང་པད་དཀར་ཕྲེང་བའི་དོ་ཤལ་བྱས་པ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་འཇའ་ཚོན་འོད་ལྔའི་ཀློང་དུ་བསྐྱེད་དོ༔ དེ་ལ་བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར་ནས་བཀྲ་དཔུང་ངེ་འོད་ཐིབས་སེ་བཞུགས་པ་བསྒོམ་པའི་གནས་གསུམ་རྡོ་རྗེ་སྙིང་པོ་ལས་འོད་ཟེར་འཕྲོས་པས་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པར་བསྒོམ༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ན༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ མཁའ་འགྲོ་གསང་བ་ཡེ་ཤེས་ལ༔ རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿས་མ་ཡ་སྟྭཾ༔ ས་མ་ཡ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རབ་འབྱམས་རྒྱལ་བ་འདུས་པའི་དཔལ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཐུགས་ཡིད་རོ་གཅིག་བསྲེ༔ ཁྱབ་གདལ་མཐའ་བྲལ་གཞལ་ཡས་ནས༔ བདེ་གཤེགས་རྒྱལ་བ་བསྐྱེད་པའི་ཡུམ༔ ཆོས་སྐུ་རྒྱལ་བའི་ཡུམ་ཆེན་མོར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ལྷུན་གྲུབ་གསང་ཆེན་རོལ་པ་ནས༔ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ༔ མཁའ་འགྲོ་གསང་བ་ཡེ་ཤེས་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རིགས་ལྔ་དབྱིངས་ཀྱི་ཡུམ་ཆེན་མོ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ རབ་འབྱམས་དག་པའི་ཞིང་ཁམས་ནས༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་དང་༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ མི་མཇེད་སྤྲུལ་སྐུའི་ཞིང་ཁམས་ནས༔ འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་དང་༔ ཨོཾ་རྒྱན་པདྨ་ཀ་ར་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ གངས་ཅན་བོད་ཀྱི་རྒྱལ་ཁམས་སུ༔ གྲུབ་བརྙེས་རྗེ་འབངས་ཉི་ཤུ་དང་༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ༈གར་བཞུགས་དག་པའི་ཞིང་ཁམས་ནས༔ རིག་འཛིན་གཏེར་སྟོན་ཐམས་ཅད་དང་༔ ཆོས་རྒྱལ་བདུད་འཇོམས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བསྐུལ་ལོ་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ དག་སྣང་ཕྱོགས་མེད་ཞིང་ཁམས་ན༔ ཨོ་རྒྱན་སྨོན་ལམ་རྗེས་གནང་ཐོབ༔ བཀའ་བབ་འཛིན་སྐྱོང་སྤེལ་རྣམས་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བསྐུལ་ལོ་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཅེས་གོང་གི་སྦྲུལ་ཤད་མན་འདི་བར་མངྒའི་མིང་གིས་སྤེལ་བ་དགེ།མཆན།བྱིན་རླབས་ཐུགས་རྗེ་རྒྱུན་འབེབས་གནས༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ན༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་དང་༔ དྲིན་ཆེན་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཤིན་ཏུ་ངོ་མཚར་སྦས་པའི་ཞིང་༔ རང་ལུས་ཕུང་ཁམས་སྐྱེ་མཆེད་ན༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ རང་བྱུང་བདེ་བ་ཆེན་པོའི་ཞིང་༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ན༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བདག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ རཱུ་ཏྲ་བསྒྲལ་བའི་བམ་ཁྲོད་དུ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་ཆོས་སྐྱོངས་དམ་ཅན་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ བརྩེ་བའི་ཐུགས་རྗེས་བདག་རྒྱུད་ལ༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས༔ མྱུར་བ་ཉིད་དུ་བྱིན་གྱིས་རློབས༔ འདུག་ས་འདི་རུ་བྱིན་གྱིས་རློབས༔ གདན་ཐོག་འདི་རུ་བྱིན་གྱིས་རློབས༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ སྐུ་འགྱུར་བ་མེད་པའི་དབང་བསྐུར་ཅིག༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ གསུང་འགགས་པ་མེད་པའི་དབང་བསྐུར་ཅིག༔ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ ཐུགས་འཁྲུལ་པ་མེད་པའི་དབང་བསྐུར་ཅིག༔ སྙེམས་ཐག་ཆོད་པར་བྱིན་གྱིས་རློབས༔ སྐྱེ་མེད་རྟོག་པར་གྱིས་རློབས༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ གཉན་ཁྲོད་ཟིན་པར་བྱིན་གྱིས་རློབས༔ བཀའ་བརྒྱུད་བླ་མར་གསོལ་བ་འདེབས༔ བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས༔ ཕུང་པོ་གཟན་བསྐྱུར་ཐོང་བ་དང་༔ གཅོད་ཡུལ་མཐའ་རུ་ཕྱིན་པ་དང་༔ ལྷ་འདྲེའི་འགྲོ་དོན་ནུས་པ་དང་༔ བདག་འཛིན་ཆོད་པར་བྱིན་གྱིས་རློབས༔ གཉིས་འཛིན་ཞིག་པར་བྱིན་གྱིས་རློབས༔ རྩ་བརྒྱུད་བླ་མར་གསོལ་བ་འདེབས༔ རྩ་བརྒྱུད་བླ་མས་བྱིན་གྱིས་རློབས༔ བདག་མེད་ཤེས་རབ་རྟོགས་པ་དང་༔ དགོས་མེད་རྒྱུད་ལ་སྐྱེ་བ་དང་༔ འཆི་བ་སྙིང་ནས་དྲན་པ་དང་༔ ངེས་འབྱུང་བརྟན་པར་བྱིན་གྱིས་རློབས༔ རྩ་བརྒྱུད་བླ་མར་གསོལ་བ་འདེབས༔ རྩ་བརྒྱུད་བླ་མས་བྱིན་གྱིས་རློབས༔ འཁོར་བ་རྒྱབ་ཀྱིས་ཕྱོགས་པ་དང་༔ ཞེན་པའི་འཕྲེང་ཐག་ཆོད་པ་དང་༔ བསླུ་བདུད་དབྱིངས་སུ་གཅོད་པ་ཡི༔ འཁྲུལ་མེད་རྟོགས་པར་བྱིན་གྱིས་རློབས༔ རྩ་བརྒྱུད་བླ་མར་གསོལ་བ་འདེབས༔ རྩ་བརྒྱུད་བླ་མས་བྱིན་གྱིས་རློབས༔ རྐྱེན་ངན་ལམ་དུ་སློང་བ་དང་༔ འགལ་རྐྱེན་གྲོགས་སུ་འཆར་བ་དང་༔ སྟོང་ཉིད་སྙིང་རྗེ་འབྱུང་བ་དང་༔ དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ རྩ་བརྒྱུད་བླ་མར་གསོལ་བ་འདེབས༔ རྩ་བརྒྱུད་བླ་མས་བྱིན་གྱིས་རློབས༔ དཔའ་བོ་མཁའ་འགྲོར་གསོལ་བ་འདེབས༔ དཔའ་བོ་མཁའ་འགྲོས་བྱིན་གྱིས་རློབས༔ དམ་ཚིག་ལྡན་པས་གསོལ་བ་འདེབས༔ དམ་ཚིག་ལྡན་པ་དབང་གིས་བྱིན་གྱིས་རློབས༔ མོས་གུས་དྲག་པོས་གསོལ་བ་འདེབས༔ བརྩེ་བ་ཆེན་པོས་བྱིན་གྱིས་རློབས༔ ཕ་རྗེས་བུ་ཡིས་ཟིན་པ་དང་༔ འཁོར་བར་སྐྱོ་བ་སྐྱེ་བ་དང་༔ དུས་གསུམ་མཁྱེན་པའི་མངོན་ཤེས་དང་༔ འཇའ་ལུས་ཟང་ཐལ་བྱིན་གྱིས་རློབས༔ བདག་དང་མཁའ་མཉམ་སེམས་ཅན་རྣམས༔ གདོད་མའི་བཙན་ས་ཟིན་པར་ཤོག༔ དེ་ལྟར་གསོལ་བ་བཏབ་པས་བླ་མའི་སྐུ་ལས་འོད་ཟེར་དཀར་པོ་རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྒྲིབ་པ་དག་ཅིང་བུམ་པ་སྐུ་ཡི་དབང་ཐོབ༔ ལུས་ཀྱང་སྤྲུལ་སྐུར་སྨིན་པར་བསམ༔ ན་མོ་གུ་རུ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུང་ལས་འོད་ཟེར་དམར་པོ་རང་གི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་ཀུན་དག༔ གསང་བ་གསུང་གི་དབང་ཐོབ༔ ངག་ཀྱང་ལོངས་སྐུར་སྨིན་པར་བསྒོམ༔ ན་མོ་གུ་རུ་ཧ་རི་ནི་ས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿཐུགས་ལས་འོད་ཟེར་མཐིང་ག་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྒྲིབ་པ་ཀུན་དག༔ ཡེ་ཤེས་ཀྱི་དབང་ཐོབ༔ སེམས་ཉིད་ཆོས་སྐུར་སྨིན་པར་བསྒོམ༔ ན་མོ་གུ་རུ་ཧ་རི་ནི་ས་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་ཡི་ཆ་རྣམས་ཀུན་ནས་འོད་ཟེར་ཁ་དོག་ལྔ་འཕྲོས༔ རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཀུན་དག༔ ཚིག་དབང་རིན་པོ་ཆེ་ཐོབ༔ ངོ་བོ་ཉིད་སྐུ་རུ་སྨིན་ཅིང་གྲོལ་བར་བསྒོམ༔ ན་མོ་གུ་རུ་ཧ་རི་ནི་ས་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཕཊ་ཅེས་སྐུ་དབང་ཐོབ་བསམ་མཉམ་པར་བཞག༔ ཕཊ་ཅེས་གསུང་དབང་ཐོབ་བསམ་མཉམ་པར་བཞག༔ ཕཊ་ཅེས་ཐུགས་དབང་ཐོབ་བསམ་མཉམ་པར་བཞག༔ སྐུ་གསུམ་ཀློང་དུ་རིམ་གྱིས་བསྲེ་བར་བྱ༔ ས་མ་ཡ༔ མདུན་གྱི་ནམ་མཁར་བཞུགས་པའི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཐམས་ཅད་མ་ཅིག་ལ་ཐིམ༔ མ་ཅིག་རང་གི་སྤྱི་བོར་བྱོན་ནས་རང་ལ་བསྟིམ་སྟེ་རང་གི་ལུས་ངག་ཡིད་དང་བླ་མའི་གསང་གསུམ་དབྱེར་མེད་དུ་འདྲེས་པར་བསམ་ལ་དར་ཅིག་ཁྱབ་གདལ་དུ་ལྷོད་ཀྱིས་ཀློད་ལ་ཕཊ་ཅེས་མཉམ་པར་བཞག༔ ས་མ་ཡ༔ འདི་ཉིད་ཆོས་ཀུན་སྙིང་པོ་སྟེ༔ བསྒྲུབ་དང་དཀྱིལ་འཁོར་ཀུན་གྱི་གཙོ༔ འདི་ལ་མ་བརྟེན་ཡོན་ཏན་ཀུན༔ རྒྱུད་ལ་སྐྱེས་པ་མེའི་པདྨོ༔ ས་མ་ཡ༔ དེ་དག་ཉམས་ལེན་གནད་དུ་བསྣུན༔ དུས་དང་སྦྱོར་ཏེ་བསྒོམ་བཟླས་བྱ༔ དེ་ནས་ཁྱད་པར་དངོས་ལ་འཇུག༔ དེ་ལ་ཁམས་གསུམ་འཁོར་བ་རུ༔ འཁྲུལ་ཞིང་འཁྱམས་པའི་གཞི་རྩ་བ༔ སེམས་དང་སེམས་བྱུང་གཉིས་ཀ་སྟེ༔ དེ་དོན་གནད་ལ་དབབ་པའི་ཕྱིར༔ ས་མ་ཡ༔ དང་པོ་ལུས་ངག་ཡིད་གསུམ་གྱི༔ གཙོ་ལ་བརྟག་ཅིང་ངོས་བཟུང་བྱ༔ གཙོ་བོ་བྱེད་པོ་ཡིད་ལ་ཐུག༔ དེ་དོན་ནན་ཆེར་བརྟག་པ་གནད༔ དེ་ནས་ཡིད་ཆོས་གཙོ་བོ་དེའི༔ འབྱུང་ས་གནས་ས་འགྲོ་ས་གསུམ༔ གང་ལྟར་ཡིན་པར་བརྟགས་སུ་བཅུག༔ དེ་ཡང་མ་རྙེད་མེད་ཅེས་ན༔ མེད་ན་ཆོས་ཀུན་ཅི་ལ་ཡོད༔ ཡོད་པ་ངེས་སོ་ནན་ཚོལ་ཅིག༔ ཁྱེད་ཀྱིས་མ་བརྟག་དེ་ཡིས་ལན༔ ཡིད་དང་སེམས་ཅེས་མིང་ཅན་འདི༔ ད་ནི་དབྱིབས་དང་ཁ་དོག་ནི༔ གང་ལྟན་འདུག་ཅེས་བརྟག་གཞུག་བྱ༔ ཅི་ཡང་མ་གྲུབ་འདུག་ཟེར་ན༔ མེད་ན་བསམ་མཁན་ག་ལ་ཡོད༔ དྲི་བ་རྩད་འདེད་འཇུར་ལ་དྲངས༔ ཡོད་མིན་མེད་མིན་དབུ་མ་ཙམ༔ རྟག་ཆད་མཐའ་ལ་མ་ལྷུང་བ༔ ད་ནི་སེམས་ཞེས་མིང་ཙམ་འདིར༔ གནས་པ་འགྱུ་བ་རིག་པ་གསུམ༔ ཡོད་དེ་གནས་ཚུལ་འགྱུ་ཚུལ་དང་༔ རིག་པ་འདི་དག་གང་ལྟར་ལགས༔ བསྒྲིམ་ལྷོད་རེས་མོས་བརྟག་དཔྱད་ཀྱིས༔ གནས་པ་ཇི་ལྟར་གནས་ཚུལ་དང་༔ འགྱུ་བ་ཇི་ལྟར་འགྱུ་ཚུལ་དང་༔ རིག་པ་ཇི་ལྟར་རིག་པ་ལྟོས༔ ཞེས་ཟེར་བརྟག་དཔྱད་བྱེད་དུ་བཅུག༔ མ་ཡེངས་ངང་དུ་ཡུན་ཅིག་ཙམ༔ སྟོང་གསལ་འགྱུ་དྲན་དབྱིངས་སུ་ནུབ༔ ཧ་ཕྱལ་པ་ལ་གནས་པ་དང་༔ དེར་མི་གནས་ཏེ་སྐད་ཅིག་ལ༔ མཁའ་ལ་གློག་འགྱུ་ཇི་བཞིན་དུ༔ རྣམ་རྟོག་ཐོལ་གྱིས་ཤར་བ་ལ༔ འགྱུ་བ་ཞེས་བྱ་མིང་དུ་བརྗོད༔ དེ་ཉིད་ཤར་ལ་སྐད་ཅིག་ལ༔ ལྐོག་ཏུ་མ་གྱུར་རིག་པ་ནི༔ འདི་ལ་རིག་པ་མིང་དུ་བརྗོད༔ དེ་ནས་གཟུང་དང་འཛིན་པ་གཉིས༔ ཕྱི་ཡི་བཟུང་བའི་ཡུལ་འདི་ནི༔ བདེན་པར་གྲུབ་བམ་མ་གྲུབ་བརྟག༔ བདེན་པར་གྲུབ་ན་ཡེ་གྲུབ་དེ༔ རྡོ་རྗེ་ལྟ་བུར་འཇིགས་པ་མེད༔ སྲ་བརྟན་མིང་ཡང་མི་འགྱུར་ལ༔ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་ལ༔ ཆགས་གནས་འཇིག་སྟོང་འབྱུང་བར་བཤད༔ ཁ་དོག་དབྱར་དགུན་གྱིས་བསྒྱུར་འགྱུར༔ ནང་བཅུད་སེམས་ཅན་ཐམས་ཅད་ཀྱང་༔ ཆུ་ཡི་ཆུ་ལྦུར་ཇི་བཞིན་ཏུ༔ སྔ་མ་ནུབ་ཅིང་ཕྱི་མ་འབྱུང་༔ གནས་ལ་རྨི་ལམ་སད་བཞིན་ཡལ༔ བདག་ཏུ་འཛིན་པའི་ཀ་ཆ་དང་༔ དཀོར་ཆ་ཡོ་སྤྱད་འདི་དག་ཀྱང་༔ ཡོད་ན་བསྒྱུར་དུ་ཅི་ལ་བཏུབ༔ བཅག་བཏུལ་རྡུལ་ཕབ་གཏོར་བས་མེད༔ བྱ་བྱེད་རྐྱེན་གྱིས་མིང་གཟུགས་འགྱུར༔ དབྱིབས་དང་ཁ་དོག་གཞན་དུ་སྣང་༔ འདི་ལྟར་སྣང་བའི་ཆོས་རྣམས་ཀུན༔ ཐ་དད་སོ་སོར་འཛིན་པ་དང་༔ མིང་དང་དངོས་པོ་གྲུབ་མ་གྲུབ༔ ཚུལ་བཞིན་ནན་དུ་བརྟག་ཅིང་བསླབ༔ མེད་པར་ནུབ་པའི་རྒྱུར་གྲུབ་པ༔ ཐམས་ཅད་སྟོང་པ་བདག་ཏུ་མེད༔ འཛིན་མཁན་རང་གཟུགས་རང་ཀློང་ཤར༔ ཉི་མ་དང་ནི་ཉི་འོད་བཞིན༔ ཕྱི་ནང་མེད་དེ་རང་གི་གཤིས༔ གཟུང་འཛིན་རྩ་བ་དེ་ལ་གཏུག༔ སེམས་ཉིད་འཁྲུལ་པའི་རང་གཟུགས་ལ༔ དགའ་སྡུག་སྟོན་ཅིང་ཉེ་བར་ལེན༔ ཁོ་ཡང་སྟོང་པ་བདག་མེད་དུ༔ བདེ་སྡུག་ཡུལ་མེད་མཁན་པོ་བྲལ༔ རང་བྱས་རང་ཀློང་འཁོར་བ་ཉིད༔ གཞན་དུ་མ་གྲུབ་གཞན་གང་མིན༔ སྣང་སྲིད་སྟོང་བ་བདག་མེད་ལ༔ བདག་གཞན་ཐ་དད་འཛིན་པ་སེམས༔ དཔེར་ན་མདང་གི་རྨི་ལམ་ལ༔ བདག་གཞན་འཁོར་བ་ཀུན་ཀྱང་སྣང༔ སད་ཚེ་དབྱིངས་སུ་ཡལ་བཞིན་ནོ༔ སེམས་འདིས་རང་ལ་རང་འཁྲུལ་སྟོན༔ སྒྱུ་མ་མཁན་དང་སྤྲུལ་པ་ལྟར༔ གཉིས་སུ་མེད་དོ་སེམས་སེམས་བྱུང་༔ ཕྱི་རུ་སྣང་བ་རྫུན་དུ་ཟད༔ ཡོད་པར་ངེས་ན་རྟག་པ་ལས༔ འཆི་འཕོ་གནས་འགྱུར་ག་ལ་ཡོད༔ ན་ཚ་བདེ་སྡུག་སྣང་ཉམས་ཙམ༔ འདྲེ་རུ་འཛིན་པའང་དེ་དང་མཚུངས༔ འཁོར་འདས་རྩ་བ་རང་སེམས་ཉིད༔ རྟོགས་ནས་འཁྲུལ་པའི་ཆོས་སོ་ཅོག༔ རང་སེམས་འཁྲུལ་དུ་བློ་ཐག་ཆོད༔ བཟང་ངན་རྟགས་མཚན་སྣ་ཚོགས་དང་༔ བདེ་སྡུག་དགའ་མགུ་ཆགས་དང་ཞེན༔ རེ་དོགས་ཐམས་ཅད་རང་ངོར་གཅོད༔ གཅོད་པའི་གདམས་ངག་འདི་ཁོ་ན༔ ཐོས་པའི་མཆོག་ཏུ་འདི་འགྱུར་རོ༔ ཆོས་ཀྱི་རྩ་བ་རང་སེམས་སུ༔ ཐག་བཅད་ཞེན་གཅོད་བསྒོམ་གྱི་མཆོག༔ འཁོར་འདས་འུབ་ཆུབ་རོལ་པར་རྟོགས༔ རེ་དོགས་རང་སར་གཅོད་པ་ནི༔ སྒོམ་གྱི་རྒྱལ་པོ་རང་བྱུང་ཆེ༔ གང་ཤར་མ་བཅོས་ལྷུག་པར་བཞག༔ སྒོམ་པའི་གོ་གཅོད་འདི་ཀའོ༔ གཅོད་པ་གཅོད་རྒྱུ་གཅོད་མཁན་གསུམ༔ ཡུལ་མེད་ཟང་ཐལ་ཆེན་པོར་གཅོད༔ མ་སྒོམ་ཆོས་ཉིད་རང་གྲོལ་དུ༔ ངེས་པར་རྟོགས་པ་གཅོད་པའི་ཚད༔ གོ་བས་མི་ཆོག་ཉམས་ལེན་གནད༔ དེ་ཡན་གཅོད་དངོས་དང་མན་ཆད་དེའི་རྐྱེན་ངོས་འཛིན་པའོ།།མཆན།གོ་བ་གོ་ཡུལ་ལུས་པ་ནི༔ རྒྱལ་པོའི་དཀོར་མཛོད་གཞན་གྱིས་མཐོང་༔ བདག་ཏུ་འཛིན་པའི་ང་རྒྱལ་ཀྱང་༔ དེ་ལ་ཕན་ཐོབ་མེད་པ་འདྲ༔ གཅོད་ཡུལ་རང་ལ་གཅོད་བྱེད་རང་༔ དེ་ལས་གཉིས་འཛིན་ལོག་པའི་ལམ༔ ཁ་འབྱམས་ཚིག་ཁྱེར་མཁས་ན་ཡང་༔ དོན་མ་རྟོགས་པར་དེར་མཆོག་འཛིན༔ འདི་ཡིས་འབྲས་བུ་འབྱིན་དུས་མེད༔ དང་པོར་གཉན་ས་ནང་དུ་བཅད༔ མཐར་ནི་ཕྱི་རུ་གཅོད་པ་ཡིན༔ དེ་ལྟར་གནད་དང་མི་ལྡན་ཞིང་༔ ནང་གི་གཉན་སའི་ཚད་མི་རྫོགས༔ ཕྱི་རུ་བསམ་མེད་སྟོང་རྒྱུག་གིས༔ གཉན་ས་རྫོགས་ཟེར་གཞན་ལ་ངོམས༔ གྲོང་ཆོག་འདྲེ་བརྡུང་མཁན་དུ་འཁྱོལ༔ ཆོས་བྱེད་བདུད་ལ་ཤོར་བ་དེ༔ ལྔ་བརྒྱའི་དུས་སུ་འདི་འདྲ་མང་༔ ཤེས་རྒྱུད་སྔར་ལས་ད་ལྟའི་དམན༔ ཉོན་མོངས་དུག་ལྔ་མེ་བཞིན་འབར༔ རང་མཐོང་ང་རྒྱལ་གཅོད་པ་དེ༔ ཐ་མལ་ལས་ནི་ཐ་ཤལ་བ༔ གཞན་གྱི་གྲོང་ཉུལ་འདྲེ་བརྡུང་ཞིང་༔ དོགས་པ་རི་དྭགས་ལས་ཀྱང་ཆེ༔ གཉིས་འཛིན་ཅན་གྱི་གཅོད་པ་ལ༔ བདུད་གཅོད་ཟབ་མོའི་སྐལ་བ་མེད༔ གདམས་ངག་ངེས་དོན་གདིང་མི་ཐོབ༔ རང་སྣང་གཉིས་སུ་འཛིན་པའི་བགེགས༔ གང་ནས་འོང་མེད་གར་མི་གནས༔ རང་སེམས་འཁྲུལ་པ་ངོ་ཤེས་པས༔ བགེགས་ཀྱི་གཞི་རྩ་འཇིག་པར་བྱེད༔ འདྲེ་རུ་བཟུང་བའི་ཡུལ་ངན་ཏེ༔ རང་ངོར་མ་ཞིག་ག་ལ་གཅོད༔ འདི་ཉིད་རང་ངོར་མ་གྲོལ་ན༔ རྣམ་པར་རྟོག་པའི་བདུད་བགེགས་འདིས༔ གང་བསླུས་ཐར་པའི་སྲོག་རྩ་འབྱིན༔ ངན་རྐྱེན་ལམ་དུ་སློང་བ་ནི༔ ཅུང་ཟད་སླ་སྟེ་གཅོད་ཀྱང་སླ༔ བཟང་རྐྱེན་ལམ་དུ་ལོང་བ་ནི༔ ཤིན་ཏུ་དཀའ་སྟེ་ཞེན་པར་འཆོར༔ མི་འདོད་ངན་རྐྱེན་གང་བྱུང་ཡང་༔ རང་སེམས་འཁྲུལ་པའི་རྣམ་རྟོག་གིས༔ ཉེ་བར་ལེན་ཅིང་སྡུག་བསྔལ་བྱེད༔ ཡེ་སྟོང་སྟོང་པ་བདག་མེད་ལ༔ སྡུག་བསྔལ་སྡུག་མཁན་གཉིས་མེད་དུ༔ ངང་ཚུལ་རིག་པའི་ཤེས་རབ་ཀྱིས༔ ཡུལ་མེད་སྟོང་པའི་ངང་དུ་བཤིག༔ འདི་མ་རྟོགས་པའི་སྡུག་བསྔལ་ལ༔ བདེན་འཛིན་ཨ་འཐས་དབང་གྱུར་ན༔ འདི་ཡང་རང་སེམས་རང་ངོར་གཅོད༔ བཟང་རྐྱེན་བསྟོད་བསྐུལ་སྙན་གྲགས་དང་༔ ཚེ་འདིར་ཁེ་དྲག་རློམ་པ་དང་༔ ཟས་ནོར་འདོད་རྒུ་འབྱོར་བ་དང་༔ བདེ་དགའ་ལོངས་སྤྱོད་ཚོགས་པ་དང་༔ མཁས་ཤིང་ཡོན་ཏན་ལྡན་པའི་སེམས༔ དཔའ་རྒོད་རྐྱེན་གསུམ་འཛོམ་པ་སོགས༔ དེ་ལ་རེ་རློམས་ཆེད་དོན་གཉེར༔ ལྷ་བུའི་བདུད་ཀྱི་བསླུས་པས་བསླུས༔ ཟས་ནོར་རྙེད་པ་དངོས་གྲུབ་ཏུ༔ བཟུང་ཞིང་དེ་ལ་ཞེན་པ་ཡིས༔ བཟང་རྐྱེན་དབང་གིས་བདུད་ལ་འཆོར༔ འདི་ཉིད་ཆོས་པ་ཤིན་ཏུ་དཀའ༔ བཟང་རྐྱེན་གང་བྱུང་དེ་ལ་ཞེན་ཆགས་ཀུན༔ སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པས་གཅོད༔ ཡེ་ནས་ཆོས་ཀུན་རྩ་བ་རང་སེམས་ལ༔ ཕྱི་རུ་གྲུབ་དང་གང་ནས་འོང་མིན་པས༔ རྣམ་པར་རྟོག་པའི་གཟུགས་བརྙན་ངོམས་པ་འདི༔ སྒྱུ་མ་རྨི་ལམ་མིག་ཡོར་ཇི་བཞིན་དུ༔ སྙིང་པོ་མེད་པའི་ཆོས་ལ་བློ་མ་གཏོད༔ ཐམས་ཅད་ཡུམ་ཆེན་དགོངས་པའི་ཀློང་དུ་བཤིག༔ རེ་སེམས་ཆགས་ཞེན་འཁྲི་བ་ཐམས་ཅད་གཅོད༔ སྐྱུག་ནད་ཅན་གྱི་ཟས་མཐོང་ཇི་བཞིན་དུ༔ ཚེ་འདིར་བྱ་བ་ཐམས་ཅད་བློས་ཐོང་ན༔ དེས་ནི་གཅོད་ཡུལ་མཐར་ཕྱིན་ཡུམ་དོན་རྟོགས༔ འདི་མ་རྟོགས་ན་ཕལ་ཆེར་རྐྱེན་གྱིས་བསླུ༔ འདི་ལྟར་རྟོགས་པ་རྣལ་འབྱོར་དམ་པའོ༔ རྐྱེན་ཀུན་གཅོད་པ་གནད་དུ་བཟུང་༔ སེམས་ཉིད་ཡེ་ནས་ཆོས་སྐུ་ལ༔ སྡུག་བསྔལ་བྱ་བའི་མིང་ཡང་མེད༔ སེམས་ཉིད་མངོན་གྱུར་རིག་པའི་མཁའ༔ རིག་པའི་ཡེ་ཤེས་ཆེན་པོ་ནི༔ འགགས་པ་སྐྱེ་བ་ཆད་པ་དང་༔ རྟག་པ་འོང་བ་འགྲོ་བ་དང་༔ ཐ་དད་པ་དང་གཅིག་པུ་སོགས༔ བརྒྱད་ལས་འདས་ཕྱིར་མཐའ་བརྒྱད་བྲལ༔ དབྱིབས་ཕྱོགས་ཁ་དོག་གཟུགས་རྣམས་སུ༔ གང་དུ་མ་གྲུབ་སལ་ལེ་བ༔ ཧྲིག་གེ་བ་ལ་ཁྱབ་གདལ་ལེ༔ ཡེ་སྟོང་གཟུགས་འདས་སྟོང་ཉིད་གཟུགས༔ བལྟས་པས་མཐོང་ཡུལ་ལས་འདས་ཀྱང་༔ རང་རིག་རང་གསལ་ཆེན་པོར་གནས༔ འཁོར་བར་འཁྲུལ་ཡང་རང་གཞི་ལ༔ མཁའ་ལ་འཇའ་རུ་སྣང་བ་བཞིན༔ རང་ལས་བྱུང་བའི་རང་གཟུགས་ངོམས༔ བྱེ་བྲག་སོ་སོར་དབྱེ་བ་ཡིས༔ རང་ལ་རང་གི་གཉིས་སུ་འཛིན༔ དབང་ཤེས་ཡུལ་ལ་སྒྱུ་མའི་གཟུགས༔ མ་ངེས་སྣ་ཚོགས་འགྱེད་ཅིང་བཀོད༔ རང་གི་རང་ལ་གཉིས་འཛིན་ལས༔ གཞན་དུ་གྲུབ་པའི་རང་རྒྱུད་པར༔ གནས་པའི་ཡུལ་ལ་ཞེན་འཁྲུལ་མིན༔ རང་ལ་རང་ཉིད་འཁྲུལ་བ་སྟེ༔ རང་ཐོག་གྲོལ་བ་རང་ཀློང་ངང་༔ ལྷུན་གྲུབ་བདེ་བ་ཆེན་པོའི་ཞིང་༔ གང་དུ་མ་བརྩལ་ངང་གིས་གྲུབ་༔ རང་རིག་གཙོ་ལ་རང་མདངས་འཁོར༔ བཀོད་པ་རབ་འབྱམས་ལྷུན་གྲུབ་རྫོགས༔ ཡང་ན་གཞོན་ནུ་བུམ་པའི་སྐུ༔ གདིང་ཐོབ་ཀ་དག་གདོད་མའི་དབྱིངས༔ ཀུན་ཏུ་བཟང་པོར་རྫོགས་སངས་རྒྱས་༔ དེ་དོན་ཚུལ་བཞིན་རྟོགས་པ་ཡིས༔ ལྟ་བའི་རྒྱལ་པོ་ཁོང་ཆུབ་སྟེ༔ བསྒོམ་པའི་རང་ས་འཛིན་པ་ལ༔ མིག་གིས་མཐོང་བའི་གཟུགས་སྣ་ཚོགས༔ རྣ་བས་ཐོས་པའི་སྒྲ་སྣ་ཚོགས༔ སྣ་ཡིས་ཚོར་བའི་དྲི་སྣ་ཚོགས༔ ལྕེ་ཡིས་མྱོང་བའི་རོ་སྣ་ཚོགས༔ ལུས་ཀྱིས་མྱོང་བའི་རེག་བྱའི་ཚོགས༔ སེམས་ཀྱིས་བཟང་ངན་སོ་སོ་རུ༔ དབྱེ་ཞིང་ཕན་གནོད་དགའ་སྡུག་དང་༔ ཡང་ཡང་བསམ་མནོ་སྟོང་སྐོར་གྱིས༔ ཉེར་ལེན་ཨ་འཐས་ཐམས་ཅད་ཀུན༔ ཡུལ་མེད་ཟང་ཐལ་ངང་དུ་གཅོད༔ ཞེན་མེད་རིག་སྟོང་ངང་དུ་ཐོང་༔ སྣ་ཚོགས་བསམ་མནོ་མི་བྱེད་ཅིང་༔ ཡིད་དཔྱོད་རྗེས་དཔྱོད་རྗེས་འབྲང་དང་༔ འགོག་གཅུན་བྱེད་པ་མ་ཡིན་ཏེ༔ གང་ཤར་རིག་རྩལ་རོལ་པ་སྟེ༔ ཞེན་མེད་ངང་དུ་རང་གྲོལ་བཞག༔ བདེ་སྡུག་གསལ་སྟོང་ཉམས་གང་ལ༔ མི་གོལ་མི་ཆགས་མི་ཞེན་པར༔ བློ་འདས་རིག་སྟོང་འདི་ག་སྐྱོང་༔ ཤེས་རབ་ཕ་རོལ་ཕྱིན་པའོ༔ སྐྱོང་བ་ཞེས་ཀྱང་མིང་ཙམ་ལས༔ གང་ཡང་ཡིད་ལ་མི་བྱེད་པར༔ བྱེད་མཁན་བྱེད་རྒྱུ་གཉིས་ཀ་མིན༔ རང་བྱུང་རང་གྲོལ་ཆོས་ཀྱི་སྐུ༔ མངོན་གྱུར་ཆེན་པོ་མ་ནོར་ལམ༔ རིག་པའང་ཤར་རིག་ཙམ་མ་ཡིན༔ གང་ཤར་ངོས་བཟུང་མེད་པར་བཞག༔ རིག་པ་རང་ཐོག་སླེབ་པ་ལས༔ དྲན་རིག་གསལ་སྟོང་ཙམ་མ་ཡིན༔ སྟོང་པའི་རང་མདངས་རང་གསལ་ཏེ༔ ཆོས་ཉིད་རིག་པ་ཀ་དག་ནི༔ ངོ་བོ་སྟོང་པ་ཅིར་མི་དགོངས༔ ཁྱབ་བརྡལ་ཡུམ་ཆེན་ངོ་བོར་བཞུགས༔ རང་བཞིན་འགགས་པ་མེད་པའི་གདངས༔ ལོངས་སྐུ་གསང་བ་ཡེ་ཤེས་སྐུར༔ གདོད་ནས་རང་བྱུང་ལྷུན་གྲུབ་བོ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་གདངས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ འདི་གསུམ་ཐ་དད་མ་ཡིན་ནོ༔ རང་བྱུང་རིག་པའི་རང་གདངས་སོ༔ ཆོས་ཉིད་ཟད་མཐར་མ་ཐུག་བར༔ སྣ་ཚོགས་སྣང་བའི་ཉམས་སྣང་ལ༔ ངེས་པ་མེད་པར་ཤེས་ནས་སུ༔ ཉམས་ལ་རྟག་འཛིན་མེད་པ་སྟེ༔ ཉམས་ནི་དབྱར་ཁའི་ན་བུན་ལྟར༔ འདི་ཡིས་ཕན་གནོད་མེད་པར་ཡལ༔ རིག་པ་ཡེ་བབས་ནམ་མཁའ་ཆེ༔ སྤྲོས་མཐའ་བྲལ་བའི་ངང་དུ་ཞོག༔ རིག་པ་རང་གྲོལ་ཆོས་ཀྱི་སྐུ༔ སོ་མ་རང་ལ་ལྷུག་པར་ཞོག༔ རིག་པ་སྐུ་བཞིའི་བདག་ཉིད་དེ༔ ཇི་ལྟ་ཇི་སྙེད་ཡེ་ཤེས་རྩལ༔ རྣམ་པར་རྟོག་པས་ཕན་གནོད་མེད༔ རྣམ་པར་རྟོག་པ་ཡེ་ཤེས་སུ༔ འཕོས་ཏེ་ཇི་སྙེད་གཟིགས་པ་ཡིས༔ ཤེས་རབ་ཆེན་པོ་མངོན་སངས་རྒྱས༔ ཡེ་ཤེས་མདངས་སུ་འཕོས་པ་ཡིས༔ ཇི་ལྟར་མཁྱེན་པའི་ཤེས་རབ་སྟེ༔ དོན་ལ་སྟོང་གསལ་གཉིས་མེད་དུ༔ ཟད་པའི་བློ་འདས་དགོངས་པ་སྟེ༔ འདི་ནི་ནམ་མཁའི་དཔེ་བཞིན་དུ༔ འགྱུར་བ་མེད་པའི་དོན་རྟོགས་ནས༔ ཇི་ལྟར་འཇིགས་པ་ཆེན་པོ་ནི༔ སྣོད་བཅུད་འཇིགས་ཀྱང་ཡ་མི་ང་༔ འཇིགས་པའི་འཇིགས་ཆེན་སྣང་སྲིད་ཀྱི༔ ལྷ་སྲིད་སྡེ་བརྒྱད་ལྷ་འདྲེ་བདུད༔ གཤིན་རྗེའི་ཕོ་ཉས་མངོན་བསྐོར་ཀྱང་༔ གཟུང་འཛིན་རང་ངོར་ངེས་གྲོལ་བས༔ ཡུལ་མེད་རྟོགས་པས་དོགས་པ་མེད༔ སངས་རྒྱས་དང་ནི་སངས་རྒྱས་ཞིང་༔ དཔག་མེད་བསམ་ཡས་མངོན་མཐོང་ཡང་༔ རང་རིག་ཆོས་སྐུའི་རང་གདངས་ལས༔ སྒྱུ་འཕྲུལ་རོལ་པའི་ངང་ཚུལ་རྟོགས༔ དེ་ལ་རེ་བའི་སེམས་ཀྱང་མེད༔ སྣང་སྲིད་ཟས་ནོར་ལོངས་སྤྱོད་ཀྱིས༔ ས་དང་ནམ་མཁའི་ཁམས་གང་ནས༔ མངོན་སུམ་སྟེར་དུ་བྱུང་ན་ཡང་༔ རང་རིག་ཆོས་སྐུ་རྩ་བ་ཉིད༔ གཟུང་ཡུལ་ཡེ་སྟོང་སྒྱུ་མའི་འཕྲུལ༔ ཡུལ་མེད་རང་སྣང་རང་གཟུགས་སུ༔ ངེས་པར་རྟོགས་ཏེ་དེར་མི་ཞེན༔ དགའ་བྲོད་ཞེན་འཛིན་རེ་རློམས་དག༔ སྒྱུ་མའི་ལྟད་མོ་ངོམས་བཞིན་ནོ༔ ཉེ་རིང་དགྲ་གཉེན་ཐམས་ཅད་ཀུན༔ རྨི་ལམ་ཤེས་བཞིན་སྣང་བའམ༔ སྒྱུ་མའི་སྐྱེས་བུ་ཕོ་མོའི་ཚོགས༔ དོན་ལ་སྒྱུ་མ་བདེན་མེད་བཞིན༔ སེམས་ཀྱིས་གདངས་དང་རྩལ་དུ་རྟོགས༔ ཆགས་དང་སྡང་བའི་སེམས་མི་སྐྱེ༔ ནམ་མཁའ་ནམ་མཁར་ཐིམ་པ་དང་༔ ཆུ་ཉིད་ཆུ་ལ་ཐིམ་པ་ལྟར༔ ཆོས་ཉིད་ཆོས་ཉིད་ལྷུམས་སུ་ཞུགས༔ ཀ་དག་ཁྱབ་བརྡལ་ཆེན་པོ་རུ༔ གཞོན་ནུ་བུམ་སྐུར་སངས་རྒྱས་སོ༔ མདོར་ན་ལམ་གྱི་གནས་སྐབས་སུ༔ ཅི་ཡང་ཡིད་ལ་མི་བྱེད་པའི༔ རིག་པའི་རང་ཚུགས་མ་བོར་ན༔ གོལ་ས་གཞན་དུ་ཅི་ལ་འཁྲུལ༔ ས་མ་ཡ༔ གཅོད་པའི་ཉམས་ལེན་གནད་ཆེན་པོ༔ བདུད་བཞི་དབྱིངས་སུ་གཅོད་བྱེད་པའི༔ གདིང་དང་ལྡན་པ་གལ་ཆེ་སྟེ༔ ཐོགས་བཅས་བདུད་དང་ཐོགས་མེད་བདུད༔ དགའ་བྲོད་བདུད་དང་བསྙེམས་བྱེད་བདུད༔ འདི་དག་དབྱིངས་སུ་གཅོད་པར་བྱེད༔ ཕྱི་ཡི་གཟུགས་སྒྲ་དྲི་རོ་གང་༔ གློ་བུར་བྱུང་ན་དེ་མ་ཐག༔ རྣམ་རྟོག་ཐོལ་གྱི་ཤར་བ་ལ༔ སློང་བ་ཡིན་ཏེ་དེར་ཞེན་ཅིང་༔ ཆགས་དང་ཞེན་པ་ཐོགས་བཅས་བདུད༔ དེ་ལ་མཐོང་ཐོས་ཚོར་མ་ཐག༔ སྣང་སྲིད་རང་སེམས་འཁྲུལ་པའི་འཕྲུལ༔ ཡུལ་མེད་ཟང་ཐལ་ཆེན་པོར་གཅོད༔ ཕྱི་རུ་མི་འཛིན་རང་ངོར་བལྟ༔ སྣང་སྲིད་སེམས་སུ་ཐག་ཆོད་པས༔ བདུད་ཀྱི་བསླུ་མ་དབྱིངས་སུ་གྲོལ༔ མདོར་ན་གཟུགས་སུ་གྲུབ་པ་ལ༔ དབང་པོའི་ཡུལ་ལ་མངོན་སྣང་བའི༔ རིགས་ལ་རྐྱེན་བྱས་རྒྱུད་སློང་བ༔ ཐོགས་བཅས་བདུད་དེ་ངོ་ཤེས་ནས༔ དེར་འཛིན་རེ་དོགས་བྲལ་བ་རུ༔ བཞག་ནས་རང་ངོས་ཟིན་གྱུར་ན༔ དེ་ནི་དེ་ཡིས་གཅོད་པར་འགྱུར༔ མ་ཤེས་གཞན་བཟུང་ཞེན་པ་ན༔ ཐོགས་བཅས་བདུད་ཀྱིས་ཟིན་པ་ཡིན༔ འདི་ཡིས་བསླུ་བར་སླ་སྟེ་གཟབ༔ རྣམ་རྟོག་ཤར་ཚེ་ཤར་མ་ཐག༔ ཕཊ་ཅེས་གསལ་སྟོང་དབྱེར་མེད་དུ༔ ཆམ་བརྡལ་ངང་ལ་བཞག་པས་གཅོད༔ ཕྱི་ཡི་རྐྱེན་དུ་མ་གྱུར་པས༔ སེམས་ལ་དགའ་སྡུག་ཚབ་ཚུབ་དང་༔ ཚིག་པ་ཟའམ་ཉེ་འབྲེལ་གཉེན༔ འདོད་ཡོན་ལྔ་སོགས་གང་ལ་ཡང་༔ ཆགས་སེམས་གཏིང་ནས་སྐྱེ་བ་དང་༔ རྨོངས་དང་ཡི་མུག་ལ་སོགས་པ༔ སེམས་ཀྱི་མྱོང་ཚོར་སྣ་ཚོགས་གང་༔ རྐྱེན་མེད་གློ་བུར་སྐྱེས་པ་ལ༔ རེ་དོགས་སྐྱེས་ན་སློང་བ་སྟེ༔ ཞེན་དང་ཉེར་ལེན་ཨ་འཐས་ཀུན༔ ཐོགས་མེད་བདུད་ཅེས་བྱ་བ་སྟེ༔ འདི་དུས་བདེ་སྡུག་ཁྲོ་སེམས་དང་༔ དགྲ་གཉེན་གང་ལ་ཆགས་སྡང་ཀུན༔ ཕཊ་ཅེས་རྣམ་རྟོག་འཕྲོ་བཅད་དེ༔ གསལ་སྟོང་འཛིན་མེད་ཆེན་པོ་རུ༔ ཆམ་བརྡལ་བཞག་སྟེ་ལྷོད་ཀྱིས་ཀློད༔ རང་ཡང་གཟུགས་བཟང་དཔའ་སྟོབས་ཆེ༔ དེང་སང་དགེ་སྦྱོར་ཡོན་ཏན་ལྡན༔ གནས་དང་ལོངས་སྤྱོད་འབྱོར་བ་ལྡན༔ ཁེ་དྲག་མཐུ་དང་ལྡན་པ་ལ༔ བརྟེན་ནས་གཟུང་འཛིན་བློ་སྐྱེས་ན༔ སླང་བ་ཡིན་ཏེ་དེར་ཞེན་ནས༔ དགའ་བྲོད་སྐྱོ་སྣང་སྐྱེས་པ་ནི༔ དགའ་བྲོད་བདུད་ཅེས་བྱ་བའོ༔ དེ་ཉིད་གཅོད་པའི་མན་ངག་ནི༔ གཟུང་འཛིན་ཡེ་ནས་བདག་མེད་དུ༔ སྣང་སྲིད་སྒྱུ་མར་ཤེས་པ་ཡིས༔ ཕཊ་ཅེས་རྣམ་པར་རྟོག་པའི་འཕྲོ༔ རྦད་ཀྱིས་བཅད་ལ་སྟོང་གསལ་ནི༔ གཉིས་མེད་འཛིན་མེད་ངང་དུ་བརྡལ༔ འདི་གསུམ་སྙེམས་བྱེད་བདུད་ལ་འདུས༔ དེ་ཡང་སྤྱི་ཡི་བདུད་མ་ཡིན༔ སྣང་བའི་གཟུགས་བརྙན་སྣ་ཚོགས་ངོམས༔ རིག་པ་མ་རིག་སེམས་སུ་བསླུ༔ བྱིང་རྨུག་འཐིབ་དང་འཕྲོ་རྒོད་འཐོར༔ རྣམ་རྟོག་ལུ་གུ་རྒྱུད་དུ་འཕྲོ༔ རིག་པའི་རང་ས་མི་ཟིན་ཅིང་༔ དུས་གསུམ་ཡུལ་ལ་རྣམ་པར་རྟོག༔ ཉོན་མོངས་དུག་ལྔའི་དབང་དུ་འཆོར༔ འདི་ལ་སྙེམས་བྱེད་བདུད་ཅེས་བྱ༔ མདོར་ན་དུས་རྣམ་ཐམས་ཅད་དུ༔ རྣམ་པར་རྟོག་པ་གང་ཤར་ཡང་༔ ཤར་ཚེ་སློང་དང་ཞེན་པ་ཡི༔ དབང་དུ་སོང་ན་སྙེམས་བྱེད་བདུད༔ འདི་ཉིད་གཅོད་པའི་གདམས་ངག་ནི༔ རྣམ་པར་རྟོག་པ་གང་ཤར་ཡང་༔ ཕཊ་ཅེས་དྲག་ལ་ངར་ཐུང་གིས༔ དབྱིངས་དང་རིག་པ་དབྱེར་མེད་དུ༔ རོ་གཅིག་བསྲེ་ཞིང་ལྷོད་ལ་བཞག༔ རྣམ་རྟོག་གང་ཤར་ཁོ་རང་གི༔ ངོ་བོ་དེ་ལ་ཅེར་གྱིས་བལྟ༔ རིག་སྟོང་ངང་དུ་རྗེས་མེད་གཏོང་༔ རྣམ་རྟོག་ལ་བསྟས་སྐྱོང་ཆེ་ན༔ ཞེན་འཛིན་དམ་པོ་དེ་ལས་མེད༔ ཞེན་འཛིན་གཅོད་པ་གནད་ཀྱི་གནད༔ དུས་ཀུན་རྣམ་པར་རྟོག་པ་འདི༔ ལྐོག་གྱུར་ངང་ལ་ཡན་པར་ཐོང༔ ནམ་མཁའ་གསུམ་སྤྲུག་ངང་མདངས་སྐྱོངས༔ ལྟ་ཡུལ་ལྟ་མཁན་གཉིས་མེད་པས༔ བལྟ་རུ་མེད་པའི་ཚུལ་གྱིས་བལྟ༔ བལྟས་པས་རང་སེམས་ངོ་མི་མཐོང་༔ མཐོང་བས་ཆོས་ཉིད་དོན་མི་རྟོགས༔ སྒོམ་རྒྱུ་སྤུ་ཙམ་མེད་པ་ལ༔ ཡེངས་སུ་སྐད་ཅིག་མེད་པར་བྱ༔ རིག་པ་འོད་གསལ་ཆོས་ཀྱི་སྐུ༔ འཁོར་འདས་རབ་འབྱམས་རང་ལ་རྫོགས༔ རྫོགས་པའི་རྫོགས་པ་ཆེན་པོ་ཉིད༔ ཆོས་རྣམས་ཀུན་གྱི་གྲོལ་སའོ༔ ངེས་དོན་རྟོགས་པའི་རྣལ་འབྱོར་རྣམས༔ ཕྱི་ཡི་ཡུལ་མེད་རང་གི་ཀློང་༔ སྣང་སྲིད་འཇིགས་ཀྱང་ཡ་མི་ང་༔ གཟུགས་སྣང་ཆུ་ཡི་གཉེར་མ་ལྟར༔ ཆུ་ཉིད་ལས་ནི་མི་གཞན་བཞིན༔ ཅི་སྣང་ཆོས་ཉིད་རོལ་པའི་རྩལ༔ རིག་པའི་རང་སོ་ཟིན་གྱུར་ན༔ གཤེད་མ་འབུམ་དང་འཕྲད་ན་ཡང་༔ གསོད་ཡུལ་གསོད་བྱེད་གཉིས་མེད་དུ༔ ངེས་པར་རྟོགས་པར་འཇིགས་པ་མེད༔ རྒྱལ་ཀུན་དཀྱིལ་འཁོར་རང་ངོ་རུ༔ རྫོགས་པར་ཤེས་པའི་ངེས་དོན་རྟོགས༔ དེ་ལ་རང་སེམས་པས་ཀྱང་མེད༔ འདི་ལྟར་རྟོགས་པའི་རྣལ་འབྱོར་པ༔ སངས་རྒྱས་རང་ལ་རང་སངས་རྒྱས༔ མ་འོངས་སྐལ་ལྡན་ལས་ཅན་རྣམས༔ འདི་བཞིན་རྟོགས་ཤིང་གདིང་ཐོབ་མཛོད༔ ས་མ་ཡ༔ གཟུང་འཛིན་རང་ངོར་གྲོལ་ཐོབ་ཅིང་༔ ལུས་ངག་ཡིད་གསུམ་དབེན་པའི་ཕྱིར༔ ངེས་མེད་རི་ལ་བཙན་ས་ཟུངས༔ རེ་དོགས་མཚན་མ་བྲལ་བ་དང་༔ ཉམས་རྟོགས་བཙན་ཐབས་སྐྱེ་བའི་ཕྱིར༔ དུར་ཁྲོད་ནག་ཁྲོད་རི་ཁྲོད་དང་༔ བྲག་གཉན་ཆུ་གཉན་ཤིང་གཉན་དང་༔ བརྒྱ་ལམ་ཁང་སྟོང་ཐང་ཆེན་དང་༔ འདྲེ་ཅན་གྲོང་ཁྲོད་རྣམས་སུ་ཕྱིན༔ ཁུ་འཁྲིགས་རེ་དོགས་གཅོད་ལ་བསླབ༔ ནང་གི་རང་སེམས་མཚང་རྡོལ་ནས༔ ཕྱི་རུ་གཉན་ཁྲོད་འགྲིམ་པར་བྱ༔ སྨྱོན་པ་ཐང་སྟོང་བསྐྱུར་བ་བཞིན༔ གར་འགྲོ་གར་བབས་ངེས་མེད་འགྲོ༔ འཇིག་རྟེན་མཐུན་འཇུག་ཐམས་ཅད་སྤངས༔ འཁོར་བ་དུག་བཞིན་རྒྱབ་ཏུ་བོར༔ དཀའ་བ་དང་དུ་ལེན་པ་དང་༔ སླ་བ་རྒྱབ་ཀྱི་ཕྱོགས་སུ་བོར༔ ས་དཔྱད་མེད་ཅིང་ས་མིག་ཚོལ༔ ས་དབྱིབས་རྫ་ལྟར་འདུག་པ་ན༔ དེ་ཡི་དཀྱིལ་དུ་འདུག་པ་དང་༔ ས་དབྱིབས་སེང་གེ་སྟག་འདྲ་ན༔ དེ་ཡི་སོར་མོའི་སྟེང་དུ་འདུག༔ ས་དབྱིབས་ངེས་མེད་འདུག་པ་ན༔ རྩུབ་པའི་འཇམ་དང་འཇམ་པའི་རྩུབ༔ འབུར་གྱི་གཤོང་དང་གཤོང་གི་འབུར༔ འདི་དག་ས་ཡི་དམིགས་ཡིན་པས༔ ས་མིག་དཀྱིལ་དུ་ཉལ་བར་བྱ༔ ལྷ་ཁང་ཕུག་པ་མཚོ་གཉན་དང་༔ དུར་ཁྲོད་ནགས་ཁྲོད་ཐང་ལམ་དུ༔ ཤིན་ཏུ་འཇིགས་པའི་གནས་སུ་འགྲོ༔ གཞན་གྱིས་འདྲེ་རུ་འཛིན་པ་དང་༔ རང་གི་སྣང་བ་འཇིགས་པའི་སར༔ འདུག་ཉལ་བྱེད་ཅིང་རེ་དོགས་གཅོད༔ འགྲོ་ཚེ་རྒྱུས་མེད་གསང་བ་གཅོད༔ འགྲོ་དང་འགྲོ་ཉིན་འགྲོ་དུས་ཀྱང་༔ གསང་བ་ཁྱད་པར་གནད་དུ་བཟུང་༔ གྲོགས་དང་སྐྱེལ་མ་གང་མེད་ཅིང་༔ གཅིག་པུར་འགྲོ་བ་གནད་ཡིན་ལ༔ དུས་ནི་ཉིན་མོར་འགྲོ་མི་བྱ༔ མཚན་མོ་མུན་པའི་སྨག་ལ་འགྲོ༔ མཚོན་དང་དཔུང་རོགས་མི་བརྟེན་ཅིང་༔ བྱམས་པ་བྱང་ཆུབ་སེམས་ཀྱིས་འགྲོ༔ ཅི་ཕྱིར་ཞེ་ན་དགོས་པའི་མཚན༔ འཇིགས་རུང་མ་གཏོགས་གང་གིས་ཀྱང་༔ སློང་མི་ཐུབ་ཕྱིར་འཇིགས་རུང་བརྟེན༔ གྲོགས་དང་འགྲོགས་པའི་དཔུང་བྱས་ཀྱིས༔ སློང་ཚད་མེད་དོ་སློང་མི་ཐུབ༔ ཉིན་མོ་སེམས་ལ་དཔའ་གདིང་ཆེ༔ སེམས་ལ་བྲེད་དང་འཇིགས་པ་མེད༔ སློང་ཚད་མེད་ཅིང་མི་སློང་སྟེ༔ གཉན་སའི་གྲངས་ནི་མང་རྫོགས་ཀྱང་༔ སེམས་ལ་འཇིགས་པ་མ་བྱུང་ན༔ གཅོད་ཡུལ་མེད་པའི་སྟོང་རྒྱུག་ལས༔ མི་གཅོད་གཅོད་རྒྱུ་མེད་ན་ནི༔ གཉན་སར་འགྲིམ་པའི་དོན་མ་མཆིས༔ འཇིགས་སྐྲག་བྱུང་ཐབས་སྣ་ཚོགས་བྱ༔ བྱུང་ཚེ་རང་སེམས་ངོ་མ་གཅོད༔ ཕྱི་རུ་ཅི་ཡང་མ་གྲུབ་སྟེ༔ རང་སེམས་འཁྲུལ་པའི་ཆོ་འཕྲུལ་དུ༔ ཤེས་ཏེ་གསལ་སྟོང་ངང་དུ་བཞག༔ མཚན་མོ་སེམས་དབང་ཞེན་པ་ཡིས༔ འཇིགས་སྐྲག་ཆེ་སྟེ་ལྷ་འདྲེ་འདུ༔ དེ་ཕྱིར་གཅིག་པུར་གཉན་ཁྲོད་དུ༔ མུན་པའི་སྨག་ལ་འགྲོ་བར་བྱེད༔ འགྲོ་ཚེ་གོམ་རྒན་སེམས་དང་ནི༔ དཔའ་སྙིང་བླུན་སེམས་གང་མིན་པས༔ མ་གྱུར་འགྲོ་བ་སེམས་ཅན་རྣམས༔ ཁྱད་པར་ལྷ་འདྲེ་མ་ལུས་པ༔ བདེ་བ་དང་ལྡན་སྡུག་བསྔལ་དང་༔ བྲལ་ཏེ་རྣམ་མཁྱེན་སར་འགོད་ཕྱིར༔ བྱམས་དང་སྙིང་རྗེའི་སེམས་ཀྱིས་འགྲོ༔ ལྷ་དང་བླ་མ་ལ་གུས་ཤིང་༔ འཁྲུལ་པ་དབྱིངས་སུ་གཅོད་པ་རུ༔ སྙིང་ནས་གསོལ་འདེབས་བློ་སྙིང་གཏོད༔ དང་པོ་གསོལ་འདེབས་གནད་དུ་བསྣུན༔ དེ་ནས་འགྲོ་ལུགས་རྣམ་པ་བཞིའི༔ གནད་དང་ལྡན་པས་འགྲོ་བར་བྱ༔ དང་པོ་དཔའ་བོའི་སྟབས་ཀྱིས་འགྲོ༔ མིག་གིས་མཐོང་ཚོར་ལྷ་འདྲེ་ཀུན༔ ར་ལུག་སེར་བས་དེད་པ་བཞིན༔ མ་ལུས་དེད་ནས་འགྲོ་བར་བསམ༔ དཔའ་བོ་འགྱིང་སྟབས་ཀྱིས་འགྲོའོ༔ དེ་ནས་རང་གི་ལུས་ཉིད་ལ༔ ལྷ་འདྲེ་ཡང་ཡང་བསྟིམ་པ་ཡི༔ མཁའ་འགྲོའི་གར་གྱིས་འགྲོ་བར་བྱ༔ དེ་ནས་ས་བདག་ཀླུ་གཉན་རྣམས༔ གནས་མལ་དང་བཅས་ལྷག་མེད་དུ༔ གཉན་ཁྲོད་དེ་རུ་ཁྱེར་འགྲོ་བསམ༔ སྦྲུལ་ནག་འཁྲིལ་འགྲོའི་བསྟབ་ཀྱིས་འགྲོ༔ དེ་ནས་ལམ་གྱིས་སྟེང་འོག་ཏུ༔ ལྟ་སྟངས་བྱ་ཞིང་རྣལ་འབྱོར་གྱི༔ ལྟ་བའི་གདིང་ཀྱིས་འགྲོ་བར་བྱ༔ ས་མ་ཡ༔ དང་པོ་ཟིལ་གནོན་བཏང་བ་ནི༔ རང་ཉིད་གསང་བ་ཡེ་ཤེས་གསལ༔ ཐུགས་ཀར་གནམ་ལྕགས་རྡོ་རྗེ་ལས༔ གནམ་ལྕགས་རྡོ་རྗེ་མེ་འབར་གཅིག༔ སྤྲོས་ཏེ་གཉན་སར་ཐོག་ལྟར་བབས༔ རི་བོ་ཡིན་ན་རྨིང་ནས་བཤིག༔ བྲག་ཀྱང་དེ་བཞིན་རྨིང་ནས་བཤིག༔ ཐང་ཡང་རྩམ་གཞོང་བཞིན་དུ་བཤིག༔ ལམ་ཡང་ཐག་གྱིས་བཅད་པར་བསམ༔ མཚོ་སྐམ་རླན་ཙམ་མེད་པར་བསམ༔ ཁང་སྟོང་རྨིང་ནས་བསྒྱུར་ཏེ་བསྲེགས༔ ནགས་ཁྲོད་ཤིང་གཉན་རྩད་ནས་བཅད༔ གྲོང་ཁྱེར་ཁྲོད་ཡུལ་རྨིང་ནས་བཤིགས༔ དུར་ཁྲོད་རི་ཐང་གཉིས་ལ་སྦྱོར༔ ཆུ་མིག་ཕ་བོང་མཚོ་བྲག་ལྟར༔ བརྒྱད་པོ་གང་དང་གང་ལ་ཡང་༔ ལྷ་འདྲེའི་གནས་མལ་བཤིགས་ཤིང་བསྲེགས༔ ལུང་པའི་ཕུ་མདའ་གཞུང་དང་བཅས༔ རྩམ་གཞོང་བསྲིགས་བཞིན་བཤིག་ཅིང་བརྡལ༔ དེ་ལྟར་དགུ་པོ་གང་ལ་ཡང་༔ ལྷ་འདྲེའི་གནས་མེད་རྗེན་པར་ཕུད༔ རྡོ་རྗེའི་ཚྭ་ཚྭ་མེ་འབར་གྱིས༔ ཡུལ་དེའི་ལྷ་འདྲེ་དབང་བསྡུས་ཏེ༔ གཉན་མིག་རྡོ་རྗེའི་ར་འོག་མནན༔ གང་དུ་བྲོས་ཀྱང་ཐར་མེད་པའི༔ རྡོ་རྗེ་མེ་འབར་ར་བས་བསྐོར༔ དེ་ལྟར་དམིགས་པ་གནད་ལྡན་གྱིས༔ ལྷ་འདྲེ་མ་ལུས་དབང་སྡུད་ཅིང་༔ བྲོས་ཡུལ་མེད་པར་ཟིལ་གནོན་འགྱུར༔ ས་མ་ཡ༔ དེ་ནས་གཉན་མིག་དེར་ཕྱིན་ཏེ༔ བདེ་བའི་སྟན་ལ་རབ་ཏུ་འདུག༔ དེ་ནས་ཟིལ་གནོན་དམིགས་པ་ནི༔ རང་ལུས་ཆེ་ཞིང་ཡན་ལག་རག༔ མགོ་བོས་ལུང་པའི་ཕུ་གནོན་ཅིང་༔ རྩིབས་ལོག་གཡས་གཡོན་ཉིན་སྲིབ་གནོན༔ རྐང་པས་ལུང་མདའ་ཐམས་ཅད་གནོན༔ དེ་ཡང་ཆེ་ཞིང་བརྗིད་པར་གསལ༔ སྣ་བུག་གཉིས་ནས་རླུང་བུད་པས༔ སྣང་སྲིད་ལྷ་འདྲེ་འབྱུང་པོ་ཀུན༔ རང་དབང་མེད་པར་དབང་དུ་བསྡུས༔ རང་གི་མལ་འོག་ཚུད་པར་བསམ༔ བྲོས་ཤིང་ཐར་བའི་སྐབས་མེད་པར༔ ནམ་མཁར་བཀའ་བརྒྱུད་བླ་མའི་ཚོགས༔ སྐར་ཚོགས་བཞིན་དུ་འཁྲིགས་པར་བསམ༔ བར་སྣང་ཡི་དམ་ལྷ་ཡི་ཚོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསྒོམ༔ ས་གཞིར་མཁའ་འགྲོ་ཆོས་སྐྱོང་རྣམས༔ ན་བུན་ལྟ་བུར་འཐིབ་པ་ཡི༔ ཕྱི་རོལ་རྡོ་རྗེ་མཚོན་ཆ་དང་༔ མེ་དཔུང་འབར་བའི་ར་བས་བསྐོར༔ ལྷ་འདྲེ་བྲོས་ཐར་མེད་པར་བསམ༔ དེ་ནས་དམ་བཅའ་བྱ་བ་ནི༔ འདི་བཟུང་བསྐལ་པ་མ་སྟོང་བར༔ བདག་ནི་མི་འགུལ་འདིར་འདུག་བསམ༔ དེ་ལ་བྱང་ཆུབ་སེམས་བསྐྱེད་བྱ༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ཕ་མར་གྱུར་པའི་ལྷ་འདྲེ་རྣམས༔ དབང་མེད་འཁྲུལ་པའི་རྐྱེན་གྱིས་བསླུས༔ སྡུག་བསྔལ་རྒྱ་མཚོའི་འགྲམ་དུ་ཚུད༔ མ་རྒན་ཤ་སྟག་ལྷ་འདྲེ་རྣམས༔ སྡུག་བསྔལ་གསུམ་གྱིས་རབ་བཅིངས་ཏེ༔ ཡང་ཡང་འཁྲུལ་པ་མཐའ་མེད་པས༔ མ་རིག་སེམས་ཅན་སྙིང་རེ་རྗེ༔ འདི་དག་སངས་རྒྱས་མ་ཐོབ་བར༔ བདག་ནི་གནས་འདིར་འདུག་གོ་བསམ༔ ངག་ཏུ་བརྗོད་དེ་ཡིད་ལ་བསམ༔ བླ་མ་སངས་རྒྱས་བྱང་སེམས་ལ༔ མོས་གུས་དྲག་པོས་གསོལ་འདེབས་ཤིང་༔ དེ་ཡང་རང་དོན་མ་ཡིན་པར༔ ལྷ་འདྲེ་སངས་རྒྱས་ཐོབ་ཕྱིར་བྱ༔ ཕཊ་ཅེས་དབྱིངས་ལ་རིག་པ་བསྲེ༔ དེ་ལྟར་འཁོར་བ་མ་སྟོང་བར༔ མི་གཡོ་མི་འགུལ་དམ་བཅའ་བཟུང༔ ལྷ་འདྲེ་མ་ལུས་མལ་འོག་བསྡུས༔ གང་ལ་སྡང་བའི་སྟོབས་མེད་བསམ༔ གཟུང་འཛིན་རང་སེམས་ཉིད་ཀྱིས་བྱས༔ རང་སེམས་རྣམ་དག་སྟོང་པ་ཉིད༔ ཡེ་ནས་མཐོང་ཐོས་ལ་སོགས་པ༔ གང་དུ་གྲུབ་པའི་མཐའ་ལས་འདས༔ བསམ་ཞིང་བློ་འདས་ངང་དུ་བཞག༔ ཕཊ་ཅེས་དབྱིངས་དང་དབྱེར་མེད་བསྲེ༔ བར་སྐབས་དམིགས་པ་གསལ་གདབ་བྱ༔ འདི་ནི་གཉན་མིག་སྤྱི་ལ་མཆོག༔ གཅིག་མཆོག་ཟིལ་གནོན་གསུམ་པའོ༔ དེ་ནས་སློང་ཚད་ངེས་པར་འབྱུང་༔ སློང་ཚད་རྣམ་པ་གསུམ་ཡོད་དེ༔ ཕྱི་ཡི་ལྷ་འདྲེ་སློང་བའི་རྟགས༔ ས་གཡོས་རི་འབུར་རྒྱ་མཚོ་འཕྱུར༔ ལྷ་འདྲེའི་གཟུགས་དང་གཟུགས་ཅན་རྣམས༔ མིག་གི་མི་སྡུག་གཟུགས་རྣམས་མཐོང་༔ འུར་ཆོམ་སོད་རྒྱོབ་མི་སྙན་སྒྲ༔ རྣ་བའི་ཡུལ་དུ་མ་ངེས་འབྱུང་༔ ཡིད་ཀྱི་ཡུལ་དུ་སྣ་ཚོགས་ཀྱི༔ འཇིགས་སྐྲག་སྣ་ཚོགས་མ་ངེས་འབྱུང་༔ དབང་པོ་དང་ནི་ཉམས་རྟོག་གི༔ རབ་ལ་དངོས་སུ་སྣང་བ་དང་༔ འབྲིང་ལ་ཉམས་སྣང་ཙམ་ལ་འབྱུང་༔ ཐ་མ་ལ་ཡང་རྨི་ལམ་འབྱུང་༔ ཞག་གི་ཚད་ལ་དེས་བྱེད་འགྱུར༔ རབ་ལ་ཉིན་ཞག་གསུམ་ནང་འབྱུང་༔ འབྲིང་ལ་ལྔའམ་བདུན་གྱིས་འབྱུང་༔ ཐ་མ་ཉིན་ཞག་བརྒྱད་དམ་བཅུ༔ དེ་ནི་ངེས་པར་འབྱུང་བའོ༔ དེ་ཡང་རྣལ་འབྱོར་བྱིང་ཆུང་གིས༔ ལྷ་འདྲེ་བྱིང་ཆེ་སློང་མི་ཐུབ༔ རྣལ་འབྱོར་བྱིང་ཆེ་དེ་ཉིད་ནི༔ གདོན་བྱིང་ཆུང་བས་སློང་མི་ནུས༔ དེ་ནས་རང་ལུས་སློང་བ་འབྱུང་༔ ལུས་མེད་མགོ་བོ་སྣང་བ་དང་༔ ཡན་ལག་དབང་པོ་བཅད་པ་དང་༔ ནང་རོལ་ཕྱི་རུ་ལུད་པ་དང་༔ མགོ་བོ་རི་རབ་ལྟར་སྣང་སྟེ༔ ལུས་ལ་སྤུ་ཤད་ལྟ་བུ་དང་༔ ཡང་ན་འབུ་སྲིན་འཛག་པ་དང་༔ དགྲ་སོགས་མི་མཐུན་མངོན་བྱུང་ནས༔ མཚོན་ཆ་རྣམས་ཀྱིས་བརྡེག་པ་དང་༔ མཆེ་བ་ཅན་གྱིས་ཁམས་ཆོད་སོགས༔ ན་ཚ་ལ་སོགས་མ་ངེས་འབྱུང་༔ གསུམ་པ་རང་སེམས་སློང་བ་ནི༔ བྲེད་དངངས་སྐྲག་སྣང་འཇིགས་པ་དང་༔ ཁྲོ་སེམས་ཚིགས་པ་ཟ་བ་དང་༔ འགྲོ་སེམས་སྡོད་པར་མི་ཚུགས་པར༔ ཉེ་གཉེན་ཟས་ནོར་ཐམས་ཅད་དང་༔ འདོད་ཡོན་ལྔ་ལ་ཞེན་ཆགས་འཆར༔ ཅིས་ཀྱང་ཕན་མེད་སྡུག་སྣང་སོགས༔ མི་འོང་བྱ་བ་གཅིག་ཀྱང་མེད༔ མདོར་ན་དབང་པོའི་ཡུལ་གང་ལ༔ ཅི་སྣང་ཅི་ཤར་ཅི་ཚོར་ཡང་༔ ཐམས་ཅད་རང་སེམས་འཕྲུལ་དུ་བལྟ༔ ཕྱི་ཡི་ཆོས་ཀུན་ཡེ་སྟོང་སྟེ༔ སེམས་ཉིད་གཞི་མེད་རྩ་བྲལ་བ༔ སྣང་ཞིང་དྲན་ཤར་ཐམས་ཅད་ཀུན༔ ནམ་མཁའི་རི་མོ་ཇི་བཞིན་ནོ༔ བསམ་ཞིང་མ་བཅོས་ངང་དུ་ལྷོད༔ ཕཊ་ཅེས་དབྱིངས་རིག་དབྱེར་མེད་བསྲེ༔ ཁྱབ་གདལ་ངང་ལ་ཡང་ཡང་བཞག༔ དེས་ནི་རྣམ་རྟོག་འཕྲོ་འདུག་ན༔ རིག་པ་གསང་བ་ཡེ་ཤེས་མ༔ སྤྱི་བོར་ནམ་མཁར་ཡར་ཕུད་དེ༔ ལུས་ཀྱིས་མཆོད་སྦྱིན་སྟོན་འགྱེད་བྱ༔ འདི་ལས་སྦྱིན་པའི་མཆོག་མེད་དོ༔ གཅེས་འཛིན་མེད་པའི་སྙིང་སྟོབས་ཀྱིས༔ སྒྱུ་ལུས་ཚོགས་ཀྱི་འཁོར་ལོར་བྱ༔ མཆོད་ཡུལ་མགྲོན་ལ་དཀར་འགྱེད་བྱ༔ དཀར་ལ་དགའ་བའི་རིགས་རྣམས་ལ༔ རང་མཐུན་བདུད་རྩི་དཀར་གྱིས་མཆོད༔ དམར་ལ་དགའ་བའི་རིགས་རྣམས་ལ༔ ཤ་ཁྲག་དམར་འགྱེད་སྦྱིན་པ་བཏང་༔ དཀར་ནག་གཉིས་སྐྱོང་ལྷ་འདྲེ་ལ༔ དཀར་དམར་འདྲེས་པའི་སྦྱིན་པ་གཏོང་༔ ནག་ཕྱོགས་གདུག་པ་སྦྱིན་བདག་ལ༔ ནག་འགྱེད་བྱ་ཞིང་སྙིང་རྗེ་བསྒོམ༔ དེ་དག་དུས་བཞིར་སྦྱོར་ལ་བྱ༔ དེ་ནས་བདུད་རྩི་དཀར་འགྱེད་ནི༔ ཕཊ༔ སྙིང་དབུས་དྭངས་མའི་ཐིག་ལེ་ནི༔ ནམ་མཁའི་སྐར་མདའ་ཆད་པ་ལྟར༔ སྤྱི་བོའི་ནམ་མཁར་རྒྱང་གིས་ཐོན༔ ཕཊ༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ དམར་གསལ་གྲི་ཐོད་ཁ་ཊྭཱྃ་ཀ༔ གཅེར་བུ་པད་ཕྲེང་རུས་རྒྱན་ཅན༔ སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས༔ སྣང་སྲིད་དབང་སྡུད་སྐུར་བསྒོམ་མོ༔ ཕཊ༔ ཕྱག་གཡས་གྲི་གུག་ཚད་ཙམ་གྱིས༔ གཅེས་འཛིན་ལུས་ཀྱི་ཐོད་པ་བྲེག༔ སྟོང་གསུམ་ཙམ་གྱི་སྒྱེད་བུར་བཞག༔ འབྱུང་ལུས་བྷནྡྷར་བདུད་རྩིར་ཞུ༔ འཁོར་འདས་ཐམས་ཅད་ཁྱབ་པར་གྱུར༔ མཆོད་སྦྱིན་མགྲོན་རྣམས་སྤྱན་དྲངས་གྱུར༔ ཕཊ་ཕཊ་ཕཊ༔ རང་བྱུང་རྡོ་རྗེ་རྣལ་འབྱོར་མས༔ སྣང་སྲིད་ཁྱབ་པའི་རོལ་གར་གྱིས༔ གཅེས་འཛིན་བདུད་རྩིར་བསྒྱུར་བའི་ཚོགས༔ མཆོད་སྦྱིན་མགྲོན་ལ་སྟོན་འགྱེད་བྱ༔ ཕཊ་ཕཊ་ཕཊ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་ཡུལ་སྲི་ཞུའི་མགྲོན་རྣམས་ལ༔ གཅེས་འཛིན་བདུད་རྩིའི་ཚོགས་ཀྱིས་མཆོད༔ འགྲོ་རྣམས་ཚོགས་རྫོགས་སངས་རྒྱས་ཤོག༔ ཕཊ་ཕཊ་ཕཊ༔ ཚངས་པ་རྒྱལ་ཆེན་དཔལ་མགོན་དང་༔ སྡེ་བརྒྱད་ཕྱོགས་སྐྱོང་ལྷ་ཀླུ་སོགས༔ དཔལ་མགོན་ཡོན་ཏན་མགྲོན་གྱུར་ལ༔ གཅེས་འཛིན་བདུད་རྩིའི་ཚོགས་ཀྱིས་མཆོད༔ ཕཊ་ཕཊ་ཕཊ༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ལྷ་མིན་ལྷ་དང་མི་ལ་སོགས༔ རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ལ༔ གཅེས་འཛིན་བདུད་རྩིའི་ཚོགས་ཀྱིས་མཆོད༔ ཕཊ་ཕཊ་ཕཊ༔ འདིས་མཚོན་དགེ་བའི་མཐུ་འབྲས་ཀྱིས༔ མ་གྱུར་དམན་འཁྲུལ་འགྲོ་རྣམས་ཀྱིས༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང་༔ དོན་གྲུབ་སྐུ་གཉིས་ཐོབ་པར་ཤོག༔ ཕཊ་ཕཊ་ཕཊ༔ དེ་ནས་ཤ་ཁྲག་དམར་འགྱེད་ནི༔ རིག་པ་ཚངས་པའི་སྒོ་ནས་ཐོན༔ ནམ་མཁའི་དབྱིངས་ནས་མཁའ་འགྲོར་བཞེངས༔ དམར་ནག་གྲི་ཐོད་ཁ་ཊྭཱྃ་ཀ༔ གཅེར་བུ་པད་ཕྲེང་རུས་རྒྱན་ཅན༔ སྣང་སྲིད་དབང་གི་སྐུར་བསྒོམ་མོ༔ ཕཊ་ཕཊ་ཕཊ༔ རང་བྱུང་རྡོ་རྗེ་རྣལ་འབྱོར་མའི༔ གཡས་ཀྱི་གྲི་གུག་ཚད་ཙམ་གྱིས༔ ཤ་ཁྲག་ཕུང་པོ་མཐར་གྱིས་ཞིག༔ ཞིང་ལྤགས་གཞི་ལ་ཤ་རི་སྤུང་༔ ཁྲག་མཚོ་དམར་འཁྱིལ་རུས་པའི་གྲམ༔ ལྷ་བ་ཚིལ་ཞུན་མར་ཁུར་འཁྱིལ༔ རླངས་པ་འདོད་ཡོན་སྤྲིན་དཔུང་གཏིབས༔ རེག་མྱོང་རྣམ་གྲོལ་བདུད་རྩི་ཡིས༔ སྣང་སྲིད་ཐམས་ཅད་ཁྱབ་པར་བརྡལ༔ ཕཊ༔ རྒྱལ་པོ་བེ་དཀར་བེ་ནག་དང་༔ ཙི་དམར་འགོང་པོ་སྤུན་བདུན་སོགས༔ རྒྱལ་འགོང་གདུག་པའི་སྡེ་ཚོགས་ལ༔ གཅེས་འཛིན་སྒྱུ་ལུས་ཚོགས་སུ་མཆོད༔ ཕཊ་ཕཊ་ཕཊ༔ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་སོགས༔ ལྷ་འདྲེ་གནོད་པ་སྦྱིན་བདག་ལ༔ གཅེས་འཛིན་སྒྱུ་ལུས་ཚོགས་སུ་མཆོད༔ ཕཊ་ཕཊ་ཕཊ༔ བི་ན་ཡ་ག་བགེགས་ཀྱི་རྒྱལ༔ དམར་ནག་བཙན་བདུད་ལ་སོགས་པ༔ སྣང་སྲིད་ལྷ་འདྲེ་སྡེ་ཚོགས་ལ༔ གཅེས་འཛིན་སྒྱུ་ལུས་ཚོགས་སུ་མཆོད༔ ཕཊ་ཕཊ་ཕཊ༔ རི་བྲག་ཐང་ལམ་ཆུ་ཤིང་གངས༔ གྲོང་དགོན་དུར་ཁྲོད་མཚོ་ལུང་དཀོར༔ གང་ལ་རྟེན་བཅས་གནས་རྒྱུ་བའི༔ གདོན་བགེགས་འབྱུང་པོ་ཐམས་ཅད་དང་༔ ཤ་མཁོན་ལན་ཆགས་སྙོགས་པ་ཡི༔ གནོད་སྦྱིན་གདོན་གསུམ་རིགས་གཏོགས་པ༔ ཀུན་ལ་ཤ་ཁྲག་ཚོགས་མཆོད་སྦྱིན༔ གང་ལ་གང་མཁོ་འདོད་ཡོན་ཁྱེར༔ ཁྱོད་ལ་སྤྱོད་དུ་མ་ཞན་ན༔ ང་ཡིས་གཏོང་བའི་སེམས་མི་ཞན༔ འཁོར་ཚེ་ཐོག་མ་མེད་པ་ནས༔ ད་ལྟའི་བར་དུ་འཁྲུལ་པས་བསླུས༔ སྡུག་བསྔལ་ཆུ་བོའི་འགྲམ་དུ་མནར༔ ད་ནི་སྣང་སྲིད་ལྷ་འདྲེའི་ཚོགས༔ ཕ་མར་མ་གྱུར་གཅིག་ཀྱང་མེད༔ དྲིན་ལན་གཅེས་འཛིན་ལུས་ཀྱིས་འཇལ༔ བྱང་ཆུབ་སྙིང་པོ་ཐོབ་པར་ཤོག༔ ཕཊ༔ སྟོང་གསུམ་ཁྱབ་པའི་ཀ་པཱ་ལར༔ ལྷག་མའི་ངོ་བོ་བདུད་རྩིར་འཁྱིལ༔ ས་གཞི་ཁྱབ་པའི་ཞིང་ལྤགས་གཞིར༔ ཤ་རི་ཁྲག་མཚོ་རྦ་རླབས་འཁྲིགས༔ ཟག་མེད་འདོད་ཡོན་ཀུན་ཚང་ཞིང་༔ བདུད་རྩི་མྱོང་གྲོལ་ངོ་བོར་གསལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ ཕཊ་ཕཊ་ཕཊ༔ ལྷ་བཙན་ཀླུ་བདུད་ཐེའུ་རང་དང་༔ གྲོང་འདྲེ་གྲི་བཙན་མོ་སྲི་འདྲེ༔ ཡི་དྭགས་འགོང་པོ་དམ་སྲི་དང་༔ གདོན་གསུམ་ལ་སོགས་བགེགས་གདོན་གྱི༔ གང་ལ་གཏོགས་པའི་རིགས་མཐའ་དག༔ ཁས་ཉན་དབང་ཆུང་སྟོབས་རྩལ་ཞན༔ དབང་པོ་མ་ཚང་ཡན་ལག་ཉམས༔ ཀུན་ལ་རང་རང་ཡིད་མཐུན་པའི༔ འདོད་ཡོན་བདུད་རྩིའི་རྒྱ་མཚོ་བསྔོ༔ འབད་རྩོལ་མ་དགོས་ཐོབ་གྱུར་ཅིག༔ སོ་སོའི་སྡུག་བསྔལ་ཀུན་བྲལ་ནས༔ རྣམ་མཁྱེན་སངས་རྒྱས་མྱུར་འགྲུབ་ཤོག༔ དཀར་དམར་འགྱེད་གྱི་ཚོགས་བསགས་ནི༔ ཐོ་རངས་ནུབ་མོ་གཉིས་ལ་བྱ༔ དང་པོ་སྔ་མའི་ཟིལ་གནོན་བཏང་༔ དེ་ནས་དབང་སྡུད་ཕོ་ཉ་བསྐུལ༔ བདག་ཉིད་གསང་བ་ཡེ་ཤེས་གསལ༔ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་མས༔ སྣང་སྲིད་ཁམས་གང་ལྷ་འདྲེ་བསྡུས༔ གཉན་མིག་དེ་རུ་བཀོལ་ནས་སུ༔ བྲོས་ཤིང་ཐར་པའི་གནས་མེད་བསམ༔ ཕཊ༔ སྐད་ཅིག་སྟོང་པའི་ངང་ཉིད་ལས༔ རང་གི་ལུས་ངག་ཡིད་གསུམ་ནི༔ གསང་བ་ཡེ་ཤེས་མཁའ་འགྲོར་འཕོས༔ དམར་གསལ་གྲི་ཐོད་ཁ་ཊྭཱྃ་ཀ༔ དཀར་གསལ་པད་ཕྲེང་རུས་རྒྱན་ཅན༔ དབུ་སྐྲ་ཐོར་ཅོག་རཏྣས་སྤྲས༔ ཟར་བུ་སིལ་མས་སྐུ་རྒྱབ་ཁེབས༔ ཡེ་ཤེས་འོད་ཀྱི་ཀློང་དུ་བསྒོམ༔ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་མ༔ དཀར་སེར་དམར་ལྗང་མཐིང་ནག་གིས༔ སྣང་སྲིད་ཁམས་ཁང་ལྷ་འདྲེ་བསྡུས༔ གཉན་མིག་གནས་སུ་ཁོལ་བར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ༔ གཞི་དབྱིངས་སྐྱེ་མེད་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་ཐུགས་བརྒྱུད་བསྐུལ༔ ཕོ་གདོན་རྒྱལ་པོ་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ རང་བཞིན་འགགས་མེད་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་ཐུགས་རྒྱུད་བསྐུལ༔ མོ་གདོན་འདྲེ་མོ་དབང་དུ་བསྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ ཐུགས་རྗེ་ཕྱོགས་མེད་མཁའ་འགྲོ་མ༔ ཡེ་ཤེས་མཚོ་རྒྱལ་ཐུགས་རྒྱུད་བསྐུལ༔ ཀླུ་གདོན་ས་བདག་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ཞེ་སྡང་ལྷ་འདྲེ་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ང་རྒྱལ་ལྷ་འདྲེ་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ པདྨ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ འདོད་ཆགས་ལྷ་འདྲེ་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ལས་ཀྱིས་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ཕྲག་དོག་ལྷ་འདྲེ་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ སངས་རྒྱས་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ གཏི་མུག་ལྷ་འདྲེ་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ སྙིང་རྗེའི་རང་མདངས་མཁའ་འགྲོ་མ༔ ལྕགས་ཀྱུ་མ་ཡི་ཐུགས་རྒྱུད་བསྐུལ༔ དཀར་པོ་ལྷ་གདོན་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ བྱམས་པའི་རང་མདངས་མཁའ་འགྲོ་མ༔ ཞགས་པ་མ་ཡི་ཐུགས་རྒྱུད་བསྐུལ༔ ཁྲ་བོ་གཟའ་གདོན་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ དགའ་བའི་རང་མདངས་མཁའ་འགྲོ་མ༔ ལྕགས་སྒྲོག་མ་ཡི་ཐུགས་རྒྱུད་བསྐུལ༔ དམར་པོ་བཙན་གདོན་དབང་དུ་བསྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ བཏང་སྙོམས་རང་མདངས་མཁའ་འགྲོ་མ༔ དྲིལ་བུ་མ་ཡི་ཐུགས་རྒྱུད་བསྐུལ༔ ནག་པོ་བདུད་སྡེ་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ རྟོག་ཚོགས་རང་གྲོལ་མཁའ་འགྲོ་མ༔ མ་ཚོགས་རྒྱ་མཚོའི་ཐུགས་རྒྱུད་བསྐུལ༔ ཉོན་མོངས་བརྒྱད་ཁྲིས་ཀུན་བསླངས་པའི༔ གཉིས་འཛིན་ལྷ་འདྲེ་དབང་བསྡུས་ཤིག༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ གདུག་སེམས་བཅོམ་ནས་འཁྲུལ་པ་བཤིག༔ མགོ་དང་ཡན་ལག་ཐམས་ཅད་ལ༔ བྱང་ཆུབ་སེམས་ཀྱི་ཕུར་པ་གདབ༔ འགུལ་བསྐྱོད་མེད་པར་གནས་གྱུར་ཅིག༔ ཛཿཕཊ༔ ཧཱུྃ་ཕཊ༔ བཾ་ཕཊ༔ ཧོ་ཕཊ༔ བོ་དྷི་སཏྭ་ཀཱི་ལ་ཡ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ དེ་ནས་ཁྲ་བོར་འགྱེད་པ་ནི༔ ཕཊ་ཅེས་རིག་པ་དབྱིངས་སུ་བསྲེ༔ གསང་བ་ཡེ་ཤེས་མཁའ་འགྲོ་མས༔ གཅེས་འཛིན་ལུས་ཀྱིས་ཐོད་པ་བྲེག༔ སྟོང་གསུམ་གང་བའི་མི་མགོ་ཡི༔ སྒྱེད་བུའི་ཁར་བཞག་འཁོར་འདས་གང་༔ དེ་ནང་བེམ་པོ་འཕང་བ་ཡི༔ འབྲུ་གསུམ་འོད་ཀྱི་བདུད་རྩིར་ཞུ༔ དེ་ལ་མཆོད་སྤྲིན་ནམ་མཁའི་གཏེར༔ ཟས་གོས་གནས་ཁང་འཇིགས་པའི་སྐྱབས༔ མཛའ་གྲོགས་ལས་ཁོལ་བྲན་གཡོག་དང་༔ གཅེས་གཉེན་སྒོ་ནོར་ཁལ་རྟའི་རིགས༔ རིན་ཆེན་བང་མཛོད་རྒྱན་མཚོན་སྣོད༔ ནད་འཚོའི་སྨན་དང་འཆི་བསླུ་ཡི༔ བདུད་རྩི་མྱོང་གྲོལ་བྱེ་བྲག་ཀུན༔ གང་མཁོའི་འདོད་ཡོན་མོས་ངོར་གྱུར༔ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿཛཿཧཱུྃ་བཾ་ཧོཿ ཡ་གི་གདོད་མའི་མགོན་པོ་ནས༔ མ་གི་དམྱལ་ཁམས་ཡན་ཆད་ནས༔ འཁོར་འདས་གཉིས་སུ་གཏོགས་པ་ཡི༔ མཐའ་འདས་མཐའ་འཛིན་གང་སུ་དག༔ མ་ལུས་མཆོད་ཡུལ་མགྲོན་ལ་གཤེགས༔ ནམ་མཁར་སྐར་བཞིན་འཁྲིགས་ལ་ཤོག༔ བར་སྣང་སྤྲིན་བཞིན་འཁྲིགས་ལ་ཤོག༔ ས་གཞིར་ཆར་བཞིན་ཕོབ་ལ་ཤོག༔ ཕཊ་ཕཊ་ཕཊ༔ དེ་ནས་སྦྱིན་ཡུལ་འབོད་པ་ནི༔ ཕཊ༔ ཞེ་སྡང་ཕོ་གདོན་རྒྱལ་པོ༔ འདོད་ཆགས་མོ་གདོན་བསེན་མོ༔ གཏི་མུག་ཀླུ་གདོན་ས་བདག༔ དཀར་པོ་ལྷ་ཡི་སྡེ་ཚོགས༔ ནག་པོ་བདུད་ཀྱི་སྡེ་ཚོགས༔ དམར་མོ་བཙན་གྱི་སྡེ་ཚོགས༔ ཁྲ་བོ་གཟའ་ཡི་སྡེ་ཚོགས༔ སྲིད་པ་མ་མོའི་སྡེ་ཚོགས༔ དྲག་གཏུམ་གནོད་སྦྱིན་གྱི་སྡེ་ཚོགས༔ སྔོན་པོ་ཀླུ་ཡི་སྡེ་ཚོགས༔ རྡོ་རྗེ་ལེགས་པ་འགོང་པོའི་སྡེ་ཚོགས༔ ཡ་མ་རཱ་ཙ་གཤིན་རྗེའི་སྡེ་ཚོགས༔ ཤར་ཕྱོགས་དྲི་ཟའི་སྡེ་ཚོགས༔ ལྷོ་ཕྱོགས་གཤིན་རྗེའི་སྡེ་ཚོགས༔ ནུབ་ཕྱོགས་ཆུ་ལྷའི་སྡེ་ཚོགས༔ བྱང་ཕྱོགས་གནོད་སྦྱིན་གྱི་སྡེ་ཚོགས༔ ཤར་ལྷོ་མེ་ལྷའི་སྡེ་ཚོགས༔ ལྷོ་ནུབ་སྲིན་པོའི་སྡེ་ཚོགས༔ ནུབ་བྱང་རླུང་ལྷའི་སྡེ་ཚོགས༔ བྱང་ཤར་དབང་ལྡན་གྱི་སྡེ་ཚོགས༔ སྟེང་གདོན་གཟའ་ཡི་སྡེ་ཚོགས༔ འོག་གདོན་ས་བདག་གི་སྡེ་ཚོགས༔ སྣང་སྲིད་སྡེ་བརྒྱད༔ ཕྱོགས་བཅུ་སྐྱོང་བའི་གདོན་ཚོགས་ཐམས་ཅད་མ་ལུས་པ་དེ་རིང་གཅེས་འཛིན་སྟོན་འགྱེད་ཀྱི་མགྲོན་ལ་འདིར་གཤེགས་ཤིག༔ འདིར་འདུས་ཤིག༔ ཕཊ་ཕཊ་ཕཊ༔ ཨེ༔ གདུག་ཅིང་སྡང་སེམས་ལྡན་པའི་གདོན་བགེགས་འབྱུང་པོ་ཁྱོད་རྣམས་ཀྱིས་རང་རང་གི་འདོད་པ་ཇི་དགར་གྱིས་ཤིག༔ མཐུན་རྫས་གང་མོས་ཁྱེར་ཤིག༔ ངས་ནི་སྡུག་བསྔལ་གྱི་རྒྱ་མཚོའི་མཚང་རིགས་པའི་གཅེས་འཛིན་གྱིས་ཕུང་པོ་འདོད་རྒུར་བསྒྱུར་ཏེ་ཕ་མའི་རང་བཞིན་དམན་འཁྲུལ་གྱི་ལྷ་འདྲེ་ཁྱེད་རྣམས་ལ་སྟེར་རོ༔ སྦྱིན་ནོ༔ འགྱེད་དོ༔ སྤྱིར་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་བསྐྱལ་ལོ༔ སྒོས་མཆེད་ལྕམ་དང་ཕ་མའི་གླུད་དུ་བཏང་ངོ་༔ ཡང་སྒོས་དྲིན་ཆེན་རྩ་བའི་བླ་མའི་སྐུ་གླུད་དུ་ལྷན་སྐྱེས་གཅེས་འཛིན་གྱི་ཕུང་པོ་འདི་འབུལ་ལོ༔ འཇལ་ལོ༔ བཏང་ངོ་༔ བསྐྱུར་རོ༔ སྦྱིན་ནོ༔ སྟེར་རོ༔ ལྷ་འདྲེ་ཁྱེད་རྣམས་ཀྱིས་ཟོ་ཞིག༔ ཁྱེར་ཅིག༔ ལོངས་ཤིག༔ སྤྱོད་ཅིག༔ ཕཊ་ཕཊ་ཕཊ༔ གདོད་མའི་མགོན་པོ་མན་ཆད་ནས༔ རྩ་བའི་བླ་མ་ཡན་ཆད་ཀྱི༔ བརྒྱུད་པའི་བླ་མ་ཐམས་ཅད་ལ༔ གཅེས་འཛིན་ཚོགས་བསྒྱུར་མཆོད་པ་འབུལ༔ ཕཊ༔ བཀའ་དགོངས་ཕུར་གསུམ་ལ་སོགས་པའི༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ༔ གཅེས་འཛིན་ཚོགས་བསྒྱུར་མཆོད་པ་འབུལ༔ འགྲོ་རྣམས་ཚོགས་རྫོགས་སངས་རྒྱས་ཤོག༔ ཕཊ༔ ཕག་ཁྲོས་སེང་གསུམ་ལ་སོགས་པའི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ལ༔ གཅེས་འཛིན་ཚོགས་བསྒྱུར་མཆོད་པ་འབུལ༔ འགྲོ་རྣམས་ཚོགས་རྫོགས་སངས་རྒྱས་ཤོག༔ ཕཊ༔ ཕྱོགས་བཅུའི་དུས་གསུམ་དུས་མེད་ནས༔ ཐུགས་རྗེ་འགྲོ་བའི་དོན་མཛད་པའི༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ གཅེས་འཛིན་ཚོགས་བསྒྱུར་མཆོད་པ་འབུལ༔ ཕཊ་ཕཊ་ཕཊ༔ ཚངས་པ་རྒྱལ་ཆེན་ཕྱོགས་སྐྱོང་དང་༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ གཅེས་འཛིན་ཚོགས་བསྒྱུར་མཆོད་པ་འབུལ༔ ཕཊ་ཕཊ་ཕཊ༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ལྷ་མིན་ལྷ་དང་མི་ལ་སོགས༔ རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ལ༔ གཅེས་འཛིན་སྒྱུ་ལུས་ཚོགས་སུ་མཆོད༔ ཕཊ་ཕཊ་ཕཊ༔ རྒྱལ་པོ་བེ་དཀར་བེ་ནག་དང་༔ ཙི་དམར་འགོང་པོ་སྤུན་དགུ་སོགས༔ རྒྱལ་འགོང་གདུག་པའི་སྡེ་ཚོགས་ལ༔ གཅེས་འཛིན་སྒྱུ་ལུས་ཚོགས་སུ་མཆོད༔ ཕཊ་ཕཊ་ཕཊ༔ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་སོགས༔ ལྷ་འདྲེ་གནོད་པ་སྦྱིན་བདག་ལ༔ གཅེས་འཛིན་སྒྱུ་ལུས་ཚོགས་སུ་མཆོད༔ ཕཊ་ཕཊ་ཕཊ༔ བི་ན་ཡ་ག་བགེགས་ཀྱི་རྒྱལ༔ དམར་ནག་བཙན་བདུད་ལ་སོགས་པ༔ སྣང་སྲིད་ལྷ་འདྲེའི་སྡེ་ཚོགས་ལ༔ གཅེས་འཛིན་སྒྱུ་ལུས་ཚོགས་སུ་མཆོད༔ ཕཊ་ཕཊ་ཕཊ༔ རི་བྲག་ཐང་ལམ་ཆུ་ཤིང་གངས༔ གྲོང་དགོན་དུར་ཁྲོད་མཚོ་ལུང་དཀོར༔ གང་ལ་རྟེན་བཅས་གནས་རྒྱུ་བའི༔ གདོན་བགེགས་འབྱུང་པོ་ཐམས་ཅད་དང་༔ ཤ་མཁོན་ལན་ཆགས་སྙོགས་པ་ཡིས༔ གནོད་སྦྱིན་གདོན་གསུམ་རིགས་གཏོགས་པ༔ ཀུན་ལ་ཤ་ཁྲག་ཚོགས་མཆོད་སྦྱིན༔ གང་ལ་གང་མཁོའི་འདོད་ཡོན་ཁྱེར༔ ཁྱོད་ལ་སྤྱོད་དུ་མ་ཞན་ན༔ ང་ཡིས་གཏོང་བའི་སེམས་མི་ཞན༔ འཁོར་ཚེ་ཐོག་མ་མེད་པ་ནས༔ ད་ལྟའི་བར་དུ་འཁྲུལ་པས་བསླུས༔ སྡུག་བསྔལ་ཆུ་བོའི་འགྲམ་དུ་མནར༔ ད་ནི་སྣང་སྲིད་ལྷ་འདྲེའི་ཚོགས༔ ཕ་མར་མ་གྱུར་གཅིག་ཀྱང་མེད༔ དྲིན་ལན་གཅེས་འཛིན་ལུས་ཀྱིས་འཇལ༔ བྱང་ཆུབ་སྙིང་པོ་ཐོབ་པར་ཤོག༔ ཕཊ་ཕཊ་ཕཊ༔ སྟོང་གསུམ་ཁྱབ་པའི་ཀ་པཱ་ལར༔ ལྷག་མའི་ངོ་བོ་བདུད་རྩིར་འཁྱིལ༔ ས་གཞི་ཁྱབ་པའི་ཞིང་ལྤགས་གཞིར༔ འདོད་ཡོན་མི་ཟད་ནམ་མཁའི་མཛོད༔ སྣང་སྲིད་ཐམས་ཅད་ཁེངས་པར་བསམ༔ ཕཊ་ཕཊ་ཕཊ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ སྣང་ཞིང་སྲིད་པའི་ཁམས་འདི་ན༔ དབང་པོ་ཉམས་པའི་སྐྱོན་ཅན་དང༔ ལས་ཀྱི་དབང་དུ་གྱུར་པ་ཡི༔ ཁས་ཞན་དབང་ཆུང་ཐམས་ཅད་ལ༔ སྡུག་བསྔལ་སེལ་བའི་བདུད་རྩི་དང༔ བདེ་དང་ལྡན་པའི་འདོད་ཡོན་འབུལ༔ འབད་དང་རྩོལ་བ་མི་དགོས་ཤིང༔ ཟག་མེད་གཏེར་གྱིས་སྐལ་ཐོབ་ཤོག༔ ཕཊ་ཕཊ་ཕཊ༔ ནམ་གྱི་སྲོད་ཐུན་དང་པོ་ལ༔ ཕཊ༔ རིག་པ་ཚངས་པའི་སྒོ་ནས་ཐོན༔ གསང་བ་ཡེ་ཤེས་མཁའ་འགྲོར་གྱུར༔ ཕུང་པོ་སྟོང་གསུམ་ཁྱབ་པ་ཡི༔ བམ་ཆེན་ནག་པོར་གྱུར་པ་ལ༔ སྡིག་སྒྲིབ་བག་ཆགས་ཀུན་ཐིམ་སྟེ༔ ཚོ་སྣུམ་མཐོང་བས་ཡིད་འཕྲོག་གྱུར༔ ཕཊ་ཕཊ་ཕཊ༔ ཞེ་སྡང་ཕོ་གདོན་རྒྱལ་སོགས་ཀྱིས་མགྲོན་འབོད་བྱ༔ ཨེ་གདུག་ཅིང་སོགས་ཀྱིས་འགྱེད༔ ལོངས་ཤིག༔ སྤྱོད་ཅིག༔ ཕཊ་ཕཊ་ཕཊ༔ ཅེས་ལྷག་མ་ཏིལ་འབྲུ་ཙམ་ཡང་མ་ལུས་པར་ཟོས་ཏེ་ལྷག་མ་ཡང་ཁུར་པང་ཁལ་བཀལ་ལྷག་མེད་བྱས་ཏེ་ལྷ་འདྲེ་ཐམས་ཅད་ནག་ཟང་ངེ་སོང་བས་ཕུང་པོ་སྟོང་པར་བསམ་ལ་མཉམ་པར་བཞག་ཅིང་དར་ཅིག་འདུག༔ དེ་ནས༔ ཕཊ༔ ངས་ནི་སྙིང་སྟོབས་ཆེན་པོའི་བྱམས་སེམས་ཀྱིས༔ ཀུན་ལ་གཅེས་པའི་ལུས་མཆོག་སྦྱིན་པར་བཏང་༔ ཟད་རྔམས་དབང་དབུགས་བཀྲག་མདངས་འཕྲོག་པ་ཡི༔ བག་ཆགས་རྐྱེན་གྱིས་གྱུར་པའི་གདོན་བགེགས་འགྲོ༔ ཁྱོད་ཀྱི་འདོད་པ་དེ་རིང་བསྐང་ནས་སུ༔ ང་ཡི་བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ངར་འཛིན་རྒྱུ་བྱས་ཁྱོད་རྐྱེན་གྱུར་པ་ཡི༔ གཉིས་སྣང་ལན་ཆགས་བགེགས་རིགས་མ་ལུས་པ༔ གཉིས་མེད་ཆོས་དབྱིངས་ཡེ་ཤེས་ངང་དུ་ཕཊ༔ ཅེས་བསྔོ་སྨོན་བྱ་ཞིང་དབྱིངས་རིག་དབྱེར་མེད་བསྲེ༔ སྔ་དྲོ་བདུད་རྩི་དཀར་འགྱེད་ཡོན་ཏན་གྱིས༔ ཚོགས་རྫོགས་ཉམས་ཆག་མ་ལུས་སྐོང་གྱུར་རོ༔ ཉིན་གུང་ཁྲ་བོར་འགྱེད་པའི་ཡོན་ཏན་གྱིས༔ མཆོད་སྦྱིན་ཚོགས་རྫོགས་འབྲས་བུ་སྐུ་གཉིས་ཐོབ༔ དགོང་མོ་དམར་འགྱེད་བྱས་པའི་ཡོན་ཏན་གྱིས༔ ལྷ་འདྲེ་མཉེས་ཤིང་ལན་ཆགས་བུ་ལོན་སོད༔ ནད་གདོན་བར་ཆད་མི་མཐུན་ཕྱོགས་ཞི་འགྱུར༔ སྲོད་ལ་ནག་འགྱེད་བྱས་པའི་ཡོན་ཏན་གྱིས༔ ཚེ་རབས་བསགས་པའི་ལས་ཉོན་སྡིག་སྒྲིབ་འདག༔ འབྲས་བུ་རྫོགས་པའི་སངས་རྒྱས་ངེས་ཐོབ་འགྱུར༔ དུས་བཞིར་འདི་ལྟར་ཉམས་ལེན་གང་ཟག་ལ༔ བགེགས་དང་བར་ཆད་གང་གིས་གླགས་མི་རྙེད༔ ལྷ་འདྲེ་བྲན་ཁོལ་མཐུན་པའི་གྲོགས་སུ་འགྱུར༔ ནམ་མཁའ་སྒོ་འབྱེད་འཕོ་བ་འདི་གོམས་པས༔ འཕོ་ཚེ་ཀློང་ཆེན་ཀུན་བཟང་དགོངས་ཀློང་དུ༔ འཕོ་བའི་ཡང་རྩེ་གཞི་ཡི་ལྷ་རུ་འཕོ༔ རྣལ་འབྱོར་གཉིས་འཛིན་བྲལ་བ་ན༔ གཉིས་སྣང་ལྷ་འདྲེ་ག་ལ་ཡོད༔ ལུས་ལ་གཅེས་འཛིན་ཞིག་པ་ན༔ ནད་དང་སྡུག་བསྔལ་ག་ལ་ཡོད༔ སྣང་སྲིད་སེམས་སུ་ཐག་ཆོད་ན༔ འཇིགས་སྐྲག་སྣང་བ་ཅི་ལ་སྲིད༔ གཅོད་ཡུལ་ཉམས་ལེན་རྣལ་འབྱོར་པས༔ སྙིང་སྟོབས་ཆེན་པོའི་བྱམས་སེམས་ཀྱིས༔ རིགས་དྲུག་དོང་སྤྲུགས་དམིགས་པ་བྱ༔ རང་ཉིད་གསང་བ་ཡེ་ཤེས་གསལ༔ པདྨ་འདབ་དྲུག་ལྟེ་བར་བསྐྱེད༔ རིམ་བཞིན་ཤར་གྱི་འདབ་སྟེང་དུ༔ ལྷ་གནས་ལྷ་ཡི་འཁོར་བ་བསྒོམ༔ ལྷོ་རུ་མི་ཡི་གནས་རྣམས་གསལ༔ ནུབ་ཏུ་ཡི་དྭགས་ཡུལ་འཁོར་བསྒོམ༔ བྱང་དུ་དམྱལ་ཁམས་དམྱལ་བ་བསྐྱེད༔ ཤར་ལྷོ་ལྷ་མིན་ཡུལ་བསྒོམས་ཏེ༔ ནུབ་བྱང་དུད་འགྲོའི་གནས་གསལ་ཞིང་༔ གནས་དྲུག་འཁོར་བའི་སེམས་ཅན་གྱི༔ ལས་ཉོན་བག་ཆགས་འཁོར་བ་བཅས༔ མ་ལུས་ཡོངས་སུ་རྫོགས་པར་བསྒོམ༔ རང་གི་ཐུགས་རྗེའི་འོད་ཟེར་གྱིས༔ རིགས་དྲུག་གནས་དང་སྐྱེ་འགྲོ་དང་༔ སྡུག་བསྔལ་ས་བོན་བག་ཆགས་བཅས༔ མ་ལུས་བསྡུས་ཏེ་བསྟིམ་པ་ཡིས༔ རིགས་དྲུག་མ་ལུས་འདུས་པར་བསམ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ སྤྱི་བོར་ཨོཾ་ཡིག་དཀར་གསལ་ལ༔ མགྲིན་པར་ཨཱཿཡིག་དམར་པོ་གསལ༔ སྙིང་གར་ཧཱུྃ་ཡིག་མཐིང་ནག་དང་༔ ལྟེ་བར་སྭཱ་ཡིག་སེར་གསལ་དང་༔ གསང་བར་ཧཱ་ཡིག་ལྗང་གུ་བསྒོམ༔ དེ་ལྟར་འོད་འབར་གསལ་འཚེར་ལ༔ ཐིག་ལེ་སྣུམ་དྲིལ་ཀློང་དུ་བསྐྱེད༔ ཨོཾ་ལས་འོད་ཟེར་ཨཱཿདཀར་བཅས༔ བྱོལ་སོང་ཡུལ་དུ་འཕྲོས་པ་ཡིས༔ སངས་རྒྱས་མཁའ་འགྲོ་དཀར་གསལ་གྱུར༔ དུད་འགྲོའི་སྡིག་སྒྲིབ་བག་ཆགས་ཀུན༔ སྐུ་ཡི་འོད་ཟེར་ཕོག་ཙམ་གྱིས༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ དུད་འགྲོའི་འཁོར་བ་དོང་སྤྲུགས་ཤིང་༔ སྟུག་པོ་བཀོད་པའི་ཞིང་ལྟར་གྱུར༔ འགྲོ་རྣམས་སངས་རྒྱས་རིགས་ཀྱི་སྐུར༔ ཆོས་དབྱིངས་ཡེ་ཤེས་ངང་དུ་སད༔ སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསྒོམ༔ སྡིག་སྒྲིབ་བདག་ལ་སྨིན་སྨོན་སེམས༔ སྙིང་རྗེའི་སེམས་ཀྱིས་སྔགས་འདི་བཟླ༔ ཨོཾ་བུདྡྷ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ དེ་ནས་མགྲིན་པའི་ཨཱཿདམར་ལས༔ ཨཱཿདམར་འོད་དང་ལྡན་པ་འཕྲོས༔ ཡི་དྭགས་འཁོར་བ་འཇོམས་མཛད་སེམས༔ པདྨ་མཁའ་འགྲོའི་སྐུར་གྱུར་ནས༔ སྐུ་ལས་འོད་ཟེར་དམར་གསལ་གྱིས༔ ཡི་དྭགས་འགྲོ་རྣམས་ཐམས་ཅད་ཀྱི༔ ལས་ཉོན་སྡིག་སྒྲིབ་བག་ཆགས་རྣམས༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ བདེ་སྐྱིད་བདེ་བ་ཅན་ལྟར་གྱུར༔ སྐྱེ་འགྲོ་པདྨ་མཁའ་འགྲོའི་སྐུར༔ གྱུར་ཏེ་སྔགས་སྒྲ་འུར་ཆེམ་སྒྲོགས༔ ཨོཾ་པདྨ་ཌཱ་ཀི་ནཱི་ཛྙཱ་ན་ཧ་རི་ནི་ས་ཧཱུྃ༔ སྡིག་སྒྲིབ་བདག་ལ་སྨིན་སྨོན་སེམས༔ བྱམས་དང་སྙིང་རྗེའི་སེམས་ཀྱིས་བཟླ༔ རང་གི་སྙིང་གའི་ཧཱུྃ་མཐིང་ལས༔ ཧཱུྃ་མཐིང་འོད་དང་ལྡན་པ་འཕྲོས༔ དམྱལ་བའི་འཁོར་བ་འཇོམས་མཛད་པ༔ རྡོ་རྗེ་མཁའ་འགྲོའི་འོད་ཟེར་གྱི༔ དམྱལ་ཁམས་མ་ལུས་ཀུན་ཁྱབ་པས༔ འགྲོ་རྣམས་ལས་ཉོན་སྡིག་སྒྲིབ་དག༔ བདེ་སྐྱིད་མངོན་དགའི་ཞིང་ལྟར་གྱུར༔ སྐྱེ་འགྲོ་རྡོ་རྗེ་མཁའ་འགྲོར་འཕོས༔ སྔགས་སྒྲ་འུར་ཆེམ་སྣང་སྲིད་གཡོ༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ སྡུག་བསྔལ་བདག་ལ་སྨིན་སྨོན་སེམས༔ བྱམས་དང་སྙིང་རྗེའི་སེམས་ཀྱིས་བཟླས༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ལྟེ་བར་སྭཱ་ཡིག་སེར་གསལ་ལས༔ སྭཱ་ཡིག་སེར་གསལ་འོད་དང་ལྡན་པ་འཕྲོས༔ ལྷ་ཡི་འཁོར་བ་འཇོམས་མཛད་མཁའ་འགྲོ་མ༔ རིན་ཆེན་མཁའ་འགྲོའི་སྐུ་ཡི་འོད་ཟེར་གྱིས༔ ལྷ་ཁམས་ཀུན་ཁྱབ་སྡིག་སྒྲིབ་ཀུན༔ མ་ལུས་བ་མོར་ཉི་ཟེར་ཕོག་ལྟར་དག༔ བདེ་སྐྱིད་དཔལ་དང་ལྡན་པའི་ཞིང་ལྟར་གྱུར༔ སྐྱེ་འགྲོ་རིན་ཆེན་མཁའ་འགྲོའི་སྐུར་གྱུར་ནས༔ སྔགས་སྒྲ་འུར་ཆེམ་འཇིག་རྟེན་གཡོ་བར་བསམ༔ ཨོཾ་རཏྣ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ སྡུག་བསྔལ་སྡིག་སྒྲིབ་བདག་ལ་སྨིན་སྨོན་སེམས༔ བྱམས་དང་སྙིང་རྗེའི་སེམས་ཀྱིས་བཟླ་བར་བསམ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་གསལ་བ་ཡི༔ གསང་བར་ཧཱ་ཡིག་ལྗང་གུ་འོད་འབར་ལས༔ ཧཱ་ཡིག་ལྗང་གུ་འོད་དང་ལྡན་པ་འཕྲོས༔ ལྷ་མིན་འཁོར་བ་འཇོམས་མཛད་མཁའ་འགྲོ་མ༔ སྐུ་ཡི་འོད་ཀྱིས་ལྷ་མིན་ཡུལ་ཀུན་ཁྱབ༔ སྡུག་བསྔལ་སྡིག་སྒྲིབ་བག་ཆགས་མ་ལུས་པ༔ བ་མོར་ཉི་ཟེར་ཕོག་ལྟར་དག་པར་གྱུར༔ བདེ་སྐྱིད་ལས་རབ་རྫོགས་པའི་ཞིང་ལྟར་གྱུར༔ སྐྱེ་འགྲོ་ལས་ཀྱི་མཁའ་འགྲོའི་སྐུར་གྱུར་ཏེ༔ སྔགས་སྒྲ་འུར་ཆེམ་འཇིག་རྟེན་གཡོ་བར་བསྒོམ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ སྡུག་བསྔལ་སྡིག་སྒྲིབ་བདག་ལ་སྨིན་སྨོན་སེམས༔ བྱམས་དང་སྙིང་རྗེའི་ངང་ནས་བཟླ་བར་བྱ༔ སླར་ཡང་རང་གི་གནས་ལྔའི་འོད་ཟེར་གྱིས༔ མི་ཡུལ་ཀུན་ཁྱབ་འགྲོ་རྣམས་ལས་སྒྲིབ་སྦྱངས༔ བདེ་སྐྱིད་འོག་མིན་ཞིང་དང་མཉམ་གྱུར་ནས༔ སྐྱེ་འགྲོ་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་ཏེ༔ ཀུན་ཀྱང་སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་སིདྡྷི་ཧཱུྃ༔ སླར་ཡང་རང་གི་གནས་ལྔའི་འོད་ཟེར་གྱིས༔ རིགས་དྲུག་གནས་དང་ས་བོན་ཨཱཿདཀར་ལ༔ བསྡུས་ཏེ་དབྱིངས་ཉིད་ཀུན་བཟང་ཀློང་དུ་གསལ༔ འཁོར་འདས་དབྱེར་མེད་ཡུམ་ཆེན་ཆོས་སྐུའི་ཀློང་༔ སད་དེ་ཐམས་ཅད་ཆོས་སྐུའི་རོལ་པར་ཨཱཿསད་ནས་དཔེར་ན་དགེ་ལེགས་ཀུན་ལྡན་པའི༔ རྒྱལ་པོ་ཆེན་པོ་ལེགས་ཡོན་ལྡན་པ་ཞིག༔ གཉིད་ཀྱིས་ཟིན་པའི་རྨི་ལམ་འཁྲུལ་སྣང་ལ༔ སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཚོར་རྨིས༔ རྨི་ལམ་ཡིན་པར་ཤེས་པ་ཙམ་གྱིས་སད༔ སད་མ་ཐག་ཏུ་དགའ་བདེ་ལྡན་པ་ལྟར༔ མ་རིག་གཉིད་དུ་ཞུགས་པའི་སེམས་ཅན་རྣམས༔ རང་རིག་འོད་ཀྱི་སྡུག་བསྔལ་འཁྲུལ་པར་གོ༔ གོ་མ་ཐག་ཏུ་ཆོས་དབྱིངས་ངང་དུ་སད༔ སད་མ་ཐག་ཏུ་ཆོས་སྐུའི་བཙན་ས་ཟིན༔ དེ་ལྟར་བསྒོམ་ཞིང་སྙིང་རྗེའི་སེམས་སྦྱང་ང་ོ༔ ཕཊ་ཅེས་དབྱིངས་དང་རིག་པ་དབྱེར་མེད་བསྲེ༔ ཨ་ཞེས་ཁྱབ་བརྡལ་ངང་ལ་ལྷུག་པར་བཞག༔ འདིས་ནི་འཁོར་བ་དོང་སྤྲུགས་སྟོབས་ཐོབ་བོ༔ ས་མ་ཡ༔ འདི་ནི་སྔ་དྲོ་ཡུན་ཅིག་བྱ༔ དེ་ལྟར་ཉམས་ལེན་རིམ་པ་རྣམས༔ རྣལ་ཕབ་ཡང་ཡང་བསྒོམ་པས་ན༔ སློང་བའི་ཚད་ནི་མ་ངེས་འབྱུང་༔ མདོར་ན་འཇིགས་སྐྲག་གང་སྐྱེས་ཀྱང༔ སློང་བ་ཡིན་པས་རང་ངོར་བཤིགས༔ སློང་མཐར་ཚར་ཚད་ངེས་པར་འབྱུང་༔ ཚར་ཚད་ལ་ཡང་རྣམ་པ་གསུམ༔ དང་པོ་ཞག་གསུམ་ཞག་བདུན་ནམ༔ ཡང་ན་ཞག་བཅུའི་ནང་ཚུན་ཆད༔ བར་མ་ཆད་པར་ཉམས་ལེན་ན༔ འོང་སྟེ་རྣལ་འབྱོར་རབ་འབྲིང་ཐ་གསུམ་ལས༔ རབ་ལ་ཞག་གཅིག་ཚད་སློང་འབྱུང༔ གཉིས་པ་རྟགས་ཀྱི་ཚར་ཚད་ལ༔ རབ་དངོས་འབྲིང་གི་ཉམས་སྣང་དང་༔ ཐ་མ་ལ་ཡང་རྨི་ལམ་དུ༔ ལྷ་འདྲེ་དབང་བསྡུས་ཚར་ཚད་ནི༔ གྲངས་མང་ཁྲོམ་གྱི་ཕྱོགས་ཕྱོགས་ན༔ རང་ལ་བསྙེན་བསྐུར་བྱེད་པ་འོང་༔ མདོར་ན་བསྙེན་བསྐུར་བྱེད་ཀུན་ནོ༔ ཟིལ་གྱིས་གནོན་པའི་ཚར་ཚད་ནི༔ རང་ཉིད་དཔོན་དུ་གྱུར་ནས་སུ༔ བཀའ་བསྒོ་ཁྲིམས་བསྐུལ་བྱེད་པ་འབྱུང་༔ བྲན་དུ་ཁོལ་བའི་ཚར་ཚད་ནི༔ གང་བཅོལ་ལས་ལ་ཉན་བསྒྲུབ་བོ༔ དེ་གསུམ་ཕྱི་ཡི་ཚར་ཚད་ཡིན༔ ཆོ་འཕྲུལ་གང་བྱུང་རང་ཡལ་རྗེས༔ སྔངས་སྐྲག་རེ་དོགས་ངང་གིས་ཞི༔ བློ་བདེ་ཉམས་དགའ་བག་དྲོ་ཞིང་༔ རིག་པ་དྭངས་སང་གསལ་ལེ་བ༔ ལྷ་འདྲེ་རང་སེམས་འཕྲུལ་དུ་ཤེས༔ ལུས་ངག་ཡིད་གསུམ་དགེ་སྦྱོར་ལ༔ བསྐུལ་བར་སྤྲོ་དང་འདུས་བྱས་ལ༔ སྙིང་པོ་མེད་པར་ལྷག་པར་མཐོང་༔ རྟོག་ཚོགས་སྔར་ལས་གསལ་བ་རྣམས༔ ལམ་དུ་སློང་བའི་ཚར་ཚད་དོ༔ གསུམ་པ་གསང་བའི་ཚར་ཚད་ནི༔ རང་ལ་ཁྲུས་བྱས་མེ་ལོང་གཡའ་བྲལ་དང་༔ ཤེལ་གོང་དྲི་བྲལ་ནམ་མཁའ་སྤྲིན་བྲལ་སོགས༔ སྡིག་སྒྲིབ་དག་པའི་མཚན་མ་རྨིས་པ་དང་༔ རང་རྒྱུད་ལ་ཡང་སྔར་དང་མི་འདྲ་བའི༔ ཉམས་དང་རྟོགས་པ་ཁྱད་འཕགས་སྐྱེས་པ་དང་༔ སྨིག་རྒྱུ་ལ་སོགས་མཐོང་ཉམས་མཐའ་ཡས་དང་༔ མངོན་པར་ཤེས་པ་དང་ནི་རྫུ་འཕྲུལ་སོགས༔ ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་འཆར༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པ་སོགས༔ འདི་ལ་ལམ་རྟགས་ཡོན་ཏན་དུ་མ་འབྱུང་༔ དེ་ལྟར་བཟང་རྟགས་ཡོན་ཏན་གང་བྱུང་ཡང་༔ རེ་དོགས་དགའ་བྲོད་རློམ་སེམས་ཐམས་ཅད་གང་༔ མི་བྱེད་སྣང་སྲིད་རང་སེམས་འཕྲུལ་དུ་ཤེས༔ ཡུམ་ཆེན་ཆོས་སྐུའི་དགོངས་ཀློང་ཡངས་པར་སྙོམས༔ དེ་ལྟར་སློང་ཚད་ཚར་ཚད་ཐམས་ཅད་ལ༔ རེ་ཞིང་ཆེད་རྩོལ་དོགས་ཤིང་སྤངས་པ་སོགས༔ ཅི་ཡང་མི་བྱ་ཆོས་ཉིད་ངང་དུ་བཞག༔ གང་ཞིག་རྣལ་འབྱོར་གཉན་ཁྲོད་འགྲིམ་པའི་ཚེ༔ དང་པོ་བླ་མ་ཡི་དམ་ལ་གུས་ཤིང་༔ གསོལ་བ་འདེབས་ཤིང་མོས་ངོར་དཔང་དུ་བཙུག༔ དེ་ནས་སྔ་ནོན་གནམ་ལྕགས་རྡོ་རྗེ་བཏང་༔ རྡོ་རྗེས་གཉན་མིག་བཤིགས་ཤིང་ལྷ་འདྲེ་བསྡུས༔ རྡོ་རྗེའི་ལྟེ་བར་གསང་བ་ཡེ་ཤེས་ཀྱི༔ ཐུགས་ཀྱི་རང་མདངས་མཁའ་འགྲོ་སྡེ་ལྔ་འཕྲོས༔ སྟེང་འོག་ཕྱོགས་མཚམས་འབུམ་ལྔ་མཁའ་འགྲོས་བསྲུངས༔ ལྷ་འདྲེ་བྲོས་པའི་ཡུལ་མེད་དཀྱིལ་དུ་བསྡུས༔ འདར་ཞིང་ལྡང་མེད་དཀྱིལ་ཚོམ་འདུས་པར་བསམ༔ རྒྱུས་མེད་གཉན་སར་སྔར་བཞིན་རྡོ་རྗེ་བཏང་༔ འབུམ་ལྔ་མཁའ་འགྲོའི་ཕྱི་རིམ་མི་ནག་ནི༔ འཇིགས་རྔམས་དཔའ་གཏུམ་ལག་འབྲེལ་གྱིས་བསྲུང་ཞིང་༔ དེ་མཐར་རྡོ་རྗེ་གྱེན་ལངས་མེ་འབར་གྱིས༔ ར་གུར་སྲུབ་མེད་བསྲུང་བ་གསུམ་གྱི་འཁོར་ལོས་བཅུམ༔ དེ་ལ་འགྲོ་ལུགས་རྣམ་བཞིས་འགྲོ་བར་བྱ༔ གཉན་མིག་རི་ཡི་མགོ་བོ་མཐོང་བའི་ཚེ༔ སྔར་བཞིན་ཟིལ་གནོན་རྡོ་རྗེ་འབུམ་ལྔ་བཏང་༔ དེ་ནས་གཉན་མིག་དེ་རུ་སླེབས་མ་ཐག༔ དབང་སྡུད་ཕོ་ཉ་བཏང་ཞིང་བསྐུལ་བ་བྱ༔ དེ་ནས་ལུས་ཀྱང་མཆོད་སྦྱིན་འགྱེད་བྱ་སྟེ༔ བྱམས་པ་བྱང་ཆུབ་སེམས་ཀྱང་བསྒོམ་པར་བྱ༔ བླ་མར་གསོལ་འདེབས་མོས་གུས་དྲག་པོ་བགྱི༔ དེ་ནས་ཉིན་མོ་མེ་འབུད་བཟའ་བཏུང་ལས༔ མཚན་མོ་མེ་མི་བཏང་བ་ཐ་ཚིག་གོ༔ གཉན་སར་ཞབས་རྗེན་གྱིས་ནི་མི་འགྲོ་བ༔ དྲི་ཆུ་གཤང་ལྕི་ཕྱོགས་གཅིག་འཇོག་པ་ལས༔ ཕྱོགས་ཀུན་ལ་ཡང་མ་བཏང་བ་གསུམ་ནི༔ དམ་ཚིག་ཡིན་ནོ་མ་འོངས་སྐལ་ལྡན་རྣམས༔ ཉལ་ཚེ་ལུས་ཀྱི་ཡུལ་ནོན་དམིགས་པས་ཉལ༔ ཚར་ཚད་སློང་ཚད་ཆོད་ཚད་མི་འབྱུང་ན༔ མཐའ་གཏད་དམིགས་པའི་གཟེར་གྱི་གནད་ལྡན་་བྱ༔ ལུས་ངག་ཡིད་གསུམ་སློང་ཞིང་སྔངས་སྐྲག་དང་༔ མདོར་ན་སྡོད་མི་ཚུག་གམ་རྨི་ལམ་ལས༔ སད་ཚེ་ཡིད་མི་བདེ་བ་སློང་བའི་ཚད༔ ཟས་ནོར་སྦྱིན་ལེན་བདེ་བ་སྐྱེས་པ་དང་༔ སྣང་སྲིད་ལྷ་འདྲེས་དད་གནས་བྱེད་པ་ཡི༔ རྨི་ལམ་སད་ཚེ་བློ་བདེ་ཡིད་དགའ་ན༔ ཚར་ཚད་ཡིན་ཏེ་གཞན་གང་མ་ཡིན་ནོ༔ དེ་ནས་མཐའ་གཏད་དམིགས་པའི་གཟེར་བཞི་ལ༔ རྡོ་བྲག་ཤིང་གཉན་གང་ལ་ཐག་པ་བཏགས༔ དེ་ཉིད་རང་ཉིད་རྐེ་ལ་བཏགས་བྱས་ནས༔ ངས་ནི་གཉན་ས་ཆེན་པོ་འདི་ཉིད་དུ༔ ལུས་འདི་བགེགས་ལ་ལྟོས་མེད་བཏང་བསམ་དང་༔ ང་ཡི་བརྣག་པའི་ལས་ནི་མ་འགྲུབ་ཡོད༔ ད་ལྟ་འགྲུབ་དགོས་སྣང་སྲིད་ལྷ་འདྲེ་རྣམས༔ སང་གི་ཉི་མ་ཤར་རན་ཚུན་ཆད་ལ༔ ང་ཉིད་དམྱལ་བ་མནར་མེད་གནས་སུ་འཕོང་༔ མིན་ན་ད་ལྟ་ཉིད་དུ་དབུགས་མེད་ཐོང་༔ ཡང་ན་ཤི་མིན་གསོན་མིན་ནད་ཅིག་ཐོབ༔ རེམ་རེམ་ལུས་འདི་ཚོ་ཞིང་སྣུམ་བཅུད་ཚོ༔ འདི་ལས་གཅེས་པ་ང་ལ་གང་ཡང་མེད༔ དེ་རིང་ཕ་མ་ཁྱོད་ལ་དྲིན་ལན་གཏོང་༔ ཟོ་ཞིག་ཁྱེར་ཅིག་ད་ལྟ་ཉིད་དུ་ལོངས༔ བསམ་ཞིང་བརྗོད་དེ་ཁྱབ་བརྡལ་ངང་ལ་བསྲེ༔ དེ་ནས་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༔ མི་ཐུབ་ཟེར་ཞིང་ཆོ་ངེ་འདེབས་པ་དང་༔ མཐའ་བསྐོར་རྒྱུག་མཆོང་བྱེད་པ་སོགས་མངོན་བྱུང་༔ དེ་དུས་ང་རྒྱལ་ལམ་ནི་ཡ་ང་སོགས༔ མི་བྱེད་ཆོས་ཉིད་ངང་དུ་མཉམ་པར་བཞག༔ སྣང་སྲིད་རང་སེམས་ངང་དུ་ཤེས་པར་བྱ༔ སློང་ཚད་མེད་དང་མི་འབྱུང་དུས་སུ་བྱ༔ གཉིས་པ་མཁར་དང་ཆུ་བྲག་རྩ་བར་འདུག༔ ངས་ནི་སྙིང་སྟོབས་ཆེན་པོའི་བྱམས་སེམས་ཀྱིས༔ ཕ་མ་དག་ལ་ལུས་འདི་ལྟོས་མེད་སྦྱིན༔ མ་བཞག་ད་ལྟ་ཉིད་དུ་ཁྱེར་ལ་སོང་༔ ཁྱོད་ལས་ལེན་མཁན་བཙལ་ཀྱང་མ་རྙེད་ཡོད༔ ད་ནི་ད་ལྟ་ཉིད་དུ་ཁྱེར་ཅིག་ཟོ༔ རྔམས་པར་ཟོ་ལ་སྔམ་པར་མྱོག་མྱོག་མིད༔ བསམ་ཞིང་བརྗོད་དེ་མདུན་གྱི་ནམ་མཁའ་རུ༔ བླ་མ་མ་ཅིག་ཐུགས་དང་དབྱེར་མེད་བསྲེ༔ ཧབ་ཧུབ་སོད་རྒྱོབ་འཇིགས་པའི་སྒྲ་བྱུང་ཡང་༔ ཡ་ང་བག་ཚ་ཆོས་སྐུའི་ཀློང་དུ་བཤིགས༔ གསུམ་པ་ཡུལ་དགོན་མངོན་པའི་ས་རུ་ཕྱིན༔ ཀྭའི་ཀྭའི་གྲོང་འདྲེ་གྲི་བོ་གཤེད་འཁྱམས་དང་༔ སྲོག་གཅོད་དབུགས་ལེན་ཟ་འདྲེ་ཤི་གཤེད་རྣམས༔ ཕོ་གདོན་མོ་གདོན་ཀླུ་གདོན་ཕོ་མོ་རྣམས༔ ངས་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ གླུད་དང་ལན་ཆགས་བུ་ལོན་སོད་པའི་ཕྱིར༔ ལུས་སྲོག་ཤ་ཁྲག་རུས་དབུགས་མ་ལུས་པར༔ དེ་རིང་སྣང་སྲིད་ལྷ་འདྲེ་ཁྱེད་ལ་འཇལ༔ ན་ཡང་ང་ལ་ཤི་སྐལ་ང་ཡིས་འཇལ༔ སྡུག་བསྔལ་ང་ལ་དངངས་སྐྲག་ངས་འཇལ་ལོ༔ འེ་འདིར་ཤོག་འདིར་འདུས་ང་ཟོ་ང་ཁྱེར་ཞིག༔ ཞེས་བརྗོད་ཁ་ཞེ་མེད་པར་སེམས་ཀྱིས་བསམ༔ ཐུན་གཅིག་ལ་ནི་རང་གི་སེམས་ཉིད་དང་༔ ཀུན་ཏུ་བཟང་མོའི་དགོངས་པ་དབྱེར་མེད་དུ༔ མཉམ་པར་བཞག་ཅེས་ཁྱབ་གདལ་ངང་ལ་བཞག༔ དེ་དུས་ལྷ་འདྲེ་འཚུབས་ཤིང་གཟུགས་ངོམས་ནས༔ མཚོན་འདེབས་ཧབ་ཐོབ་སོད་རྒྱོབ་སྒྲ་སྒྲོགས་ཤིང་༔ གཅན་གཟན་བྱ་རིགས་མགོ་བརྙན་ཅན་རྣམས་ཀྱིས༔ ངར་སྐད་སྒྲོགས་ཤིང་མངོན་དུ་ཟིན་བྱུང་ཡང་༔ རང་སེམས་འཁྲུལ་པས་རང་ལ་འཇིགས་ངོམ་དུ༔ ཤེས་ཤིང་ལྟ་བའི་རང་མདངས་མ་ཤོར་བར༔ མཉམ་པར་བཞག་མཐར་ལུས་ཀྱི་སྦྱིན་པ་བཏང་༔ བཞི་པ་རང་ངམ་ནད་པའི་ལུས་ལ་ནི༔ ཐག་པ་བཏགས་ཤིང་ཐག་སྣ་འདྲེ་ལ་འཕང་༔ སྔོན་ཡང་གཅེས་འཛིན་འདི་ཡིས་ང་ཕུང་ཡིན༔ ད་ནི་ལུས་སྲོག་དབུགས་གསུམ་ལྟོས་མེད་དུ༔ ལྷ་འདྲེ་ཁྱེད་ཅག་རྣམས་ལ་ལྷག་མེད་སྦྱིན༔ མི་འདོད་དུས་ན་སྡུག་བསྔལ་ཆར་ལྟར་བབས༔ ད་ནི་སྡུག་བསྔལ་ངས་འདོད་ང་ལ་དགོས༔ ང་ནི་མནར་མེད་དམྱལ་བར་ཁྲིད་ལ་སོང་༔ ད་ལྟ་ཉིད་དུ་མྱུར་དུ་ཁྲིད་ལ་སོང་༔ བདུད་པོ་ཁྱོད་ཀྱི་འདོད་པ་བསྐང་བར་གྱིས༔ ཟོ་ཞིག་ཁྱེར་ཞིག་ད་ལྟ་ཉིད་དུ་ཁྱེར༔ ང་ཁྲིད་འགྲོའོ་དམྱལ་བའི་གནས་སུ་འགྲོ༔ མིན་ན་ད་ལྟ་ཉིད་དུ་ང་སོད་ཅིག༔ མིན་ན་མི་བཟོད་ནད་ཅིག་ད་ལྟ་ཐོབ༔ བསམ་ཞིང་བརྗོད་དེ་རིག་པ་མ་ཡེངས་པར༔ དབྱིངས་ཉིད་ཀུན་ཏུ་བཟང་མོའི་མཁའ་ལ་བསྲེ༔ དེ་ཚེ་ལྷ་འདྲེ་དཔག་ཏུ་མེད་པ་ཡིས༔ ཐག་པ་བཟུང་ནས་འཁྲིད་དེ་ཁྱེར་བ་དང་༔ དངངས་སྐྲག་འཇིགས་པའི་སྣང་བ་ཅི་བྱུང་ཡང་༔ དེ་ལ་རེ་དོགས་ཡ་ང་བག་ཚ་སྤངས༔ རང་སེམས་སྟོང་པ་བདག་མེད་ཆོས་དབྱིངས་ལ༔ བཏགས་འཛིན་གསོད་གཅོད་བྱེད་པའི་ཡུལ་མེད་པས༔ མཉམ་པར་བཞག་ཅིང་ལྷ་འདྲེ་རང་སེམས་སུ༔ ཤེས་ཤིང་དེ་ཡི་ངང་ལ་ལུས་སྦྱིན་བཏང་༔ གཟུགས་ཅན་གཟུགས་མེད་ཤན་མི་འབྱེད་པ་ནི༔ སློང་བ་བྱུང་ན་དེའི་ཤན་འབྱེད་པའི་ཐབས༔ རང་གི་བསམ་རྒྱུད་སློང་བའི་བསམ་རྒྱུད་གཉིས༔ དབྱེར་མེད་བསྲེས་ཏེ་བཟང་མོའི་ཀློང་དུ་བསྲེ༔ དེའི་ངང་ཕཊ་སྒྲ་ཉེར་གཅིག་བརྗོད་བྱས་ན༔ གཟུགས་མེད་གང་དག་དེ་ཡིས་ཡལ་བར་འགྱུར༔ དེས་མ་ཡལ་ན་གཟུགས་ཅན་ཡིན་ངེས་སོ༔ གཟུགས་ཅན་ཡིན་ཡང་གཉིས་སུ་མི་འཛིན་པར༔ རང་སེམས་འཁྲུལ་དུ་ཤེས་པའི་ངང་ཉིད་ལས༔ རང་ཉིད་གསང་བ་མཁའ་འགྲོའི་གདངས་མ་ཤོར༔ མ་ཡེངས་ངང་ནས་བྱ་བ་བྱེད་པར་བྱ༔ མཐའ་གཏད་དམིགས་པའི་གནད་བཞི་བྱ་བ་ནི༔ མི་སློང་དུས་སུ་བྱ་སྟེ་དེ་ལས་མིན༔ འཐོར་བུ་བྱེ་བྲག་སོ་སོར་དམིགས་པ་ནི༔ དང་པོ་གནས་ཁང་སྒོ་ཐེམ་མི་སློང་ན༔ རང་ཉིད་མེ་ཡི་རྡོ་རྗེ་རྒྱ་གྲམ་ལས༔ མེ་འབར་ཁང་པ་ཤུལ་མེད་གཞོབ་དུ་བསྲེགས༔ གནས་བཅས་གནས་པོ་སྐྱབས་མེད་རྗེན་ལ་བྱུང་༔ བྲོས་ཡུལ་མེད་པར་མཐའ་མ་མེ་རིས་བསྐོར༔ ཕཊ་སྒྲ་དྲག་པོ་བདུན་བརྗོད་ཁྱབ་གདལ་དུ༔ སྟོང་པའི་ངང་ལ་མཉམ་པར་འཇོག་པའོ༔ དེས་ནི་ཚར་སློང་ངེས་པར་འབྱུང་འགྱུར་རོ༔ གཉིས་པ་བྲག་ཆེན་སྲ་བརྟན་མ་སློང་ན༔ རང་ཉིད་གནམ་ལྕགས་རྡོ་རྗེ་མེ་འབར་བའི༔ ཚྭ་ཚྭ་གནམ་ལྕགས་ཐོག་གི་ཚ་ལ་འཕྱུར༔ བྲག་རི་རྨིང་ནས་བཤིག་ཅིང་ལྷག་མེད་བསྲེགས༔ སྐྱབས་མེད་གནས་པོ་གཅེར་བུར་བྱུང་ནས་སུ༔ བྲོས་ཡུལ་མེད་པར་མེ་རི་རྡོ་རས་བསྐོར༔ ཕཊ་སྒྲ་བཅུ་བརྗོད་བཟང་མོའི་མཁའ་ལ་བསྲེ༔ དེས་ནི་ཚར་སློང་ཆོད་ཚད་ངེས་པར་འབྱུང་༔ གསུམ་པ་རི་བོ་ཆེན་པོ་མ་སློང་ན༔ རང་ཉིད་ཁྲོ་ཆུ་ཞུན་མའི་རྡོ་རྗེ་ལས༔ ཁྲོ་ཆུ་འཕྱུར་བས་རི་བོས་རྩེ་ནས་བཤིགས༔ རྨིང་ཙམ་མེད་པར་སྤུ་གྲིའི་རླུང་ལ་བསྐུར༔ གནས་པོ་སྐྱབས་མེད་གཅེར་བུ་མངོན་བྱུང་ནས༔ བྲོས་ཡུལ་མེད་པར་རྡོ་ར་མེ་རིས་བསྐོར༔ ཕཊ་སྒྲ་ལྔ་བརྗོད་བཟང་མོའི་མཁའ་ལ་ལྷུག༔ དེས་ནི་ཚར་སློང་ངེས་པར་འབྱུང་འགྱུར་རོ༔ བཞི་པ་དུར་ཁྲོད་ཆེན་པོ་མ་སློང་ན༔ རང་ཉིད་ཁྲོ་མོ་གསང་བ་ཡེ་ཤེས་ཀྱི༔ སྐུ་ཡི་བ་སྤུའི་བུ་ག་ཐམས་ཅད་ནས༔ ཡེ་ཤེས་ཁྲོ་མོ་འབར་བ་གྲངས་མེད་ཀྱིས༔ སྣང་སྲིད་ཁམས་གང་སའི་འོག་རྡུལ་གྲངས་འཕྲོས༔ ས་བདག་དང་ནི་དུར་ཁྲོད་ལ་གནས་པའི༔ གནས་པོ་གནས་ཡུལ་མེད་པར་རྗེན་ལ་ཕྱུང་༔ བྲོས་ཡུལ་མེད་པར་རྡོ་ར་མེ་རིས་བསྐོར༔ ནམ་མཁར་མཁའ་འགྲོ་མཐིང་ནག་ཚོགས་ཀྱིས་གང་༔ གད་རྒྱངས་སྒྲོགས་པས་རི་བོ་རྩེ་ནས་འགེམས༔ བར་སྣང་ས་གཞི་མཁའ་འགྲོ་དམར་མོས་ཁེངས༔ གད་རྒྱངས་སྒྲོགས་པས་སྟོང་གསུམ་གཡོ་བར་བསྒོམ༔ ས་འོག་མཁའ་འགྲོ་དཀར་ནག་ཚོགས་ཀྱིས་གང་༔ གད་རྒྱངས་སྒྲོགས་པས་དབང་ཆེན་ས་གཞི་ཡང་༔ གནམ་ལྕགས་ཞུན་མ་མེ་འབར་ལ་བསྒྱུར་བསམ༔ ཕཊ་སྒྲ་གསུམ་བརྗོད་ཆོས་དབྱིངས་ངང་དུ་བཞག༔ དེས་ནི་ཚར་སློང་གཉིས་མི་འགྱང་བར་འོང་༔ ལྔ་པ་བརྒྱ་ལམ་ཆེན་པོ་མ་སློང་ན༔ རང་ཉིད་རྡོ་རྗེ་རྒྱ་གྲམ་མེ་འབར་ལས༔ རྡོ་རྗེ་མེ་མཚོན་ཁྲོ་ཚོགས་སྐར་ལྟར་འཁྲིགས༔ ལམ་གྱི་མཐའ་ནས་བསྐོར་ཏེ་ཐག་གྱིས་བཅད༔ ཚུར་ཚུར་འདུས་ན་ལྷ་འདྲེ་མ་ལུས་པ༔ བྱིའུ་ཆུང་ཁྲ་ཡིས་བཅུམས་པ་བཞིན་དུ་བསྡུས༔ རང་མཐར་བསྡུས་ནས་མཐའ་ཡང་མཚོན་མེས་བསྐོར༔ བསམ་ཞིང་ཕཊ་སྒྲ་གསུམ་བརྗོད་མཉམ་པར་བཞག༔ དེས་ནི་ཚར་སློང་ངེས་པར་འབྱུང་འགྱུར་རོ༔ དྲུག་པ་ཆུ་མིག་གཉན་པོ་མ་སློང་ན༔ རང་ཉིད་ལྕགས་ཀྱི་བྱ་ཁྱུང་མེ་འབར་ལས༔ ལྕགས་ཁྱུང་ནག་པོས་སྟོང་གསུམ་གང་བར་འཕྲོས༔ སའི་འོག་རྡུལ་གྱི་གྲངས་ཙམ་དཔག་མེད་ཁེངས༔ དེར་གནས་ཀླུ་བཙན་སྡེ་བརྒྱད་ཐམས་ཅད་ཀུན༔ གནས་བརྟེན་སྐྱབས་མེད་ས་སྟེང་རྗེན་ལ་ཕུད༔ དེ་མ་ཐག་ཏུ་དབང་ཆེན་ས་གཞི་ཡང་༔ གནམ་ལྕགས་ཞུན་མ་མེ་འབར་རང་བཞིན་གྱུར༔ བྲོས་ཡུལ་མེད་པར་རྡོ་ར་མཚོན་མེས་བསྐོར༔ ཕཊ་སྒྲ་བཅུ་བརྗོད་མཉམ་པར་བཞག་པའོ༔ དེས་ནི་ཚར་སློང་མི་འགྱངས་མྱུར་དུ་འབྱུང་༔ བདུན་པ་རྒྱ་མཚོ་ཆེན་པོ་མ་སློང་ན༔ རང་ཉིད་གཞོམ་བྲལ་གནམ་ལྕགས་བྱ་ཁྱུང་གི༔ སྤྲུལ་པ་དུག་ཁྱུང་ནག་པོས་སྣང་སྲིད་ཁྱབ༔ རྒྱ་མཚོ་ཁ་གཏིང་མེད་པར་ཁྱུང་གིས་ཁེངས༔ གནས་པ་པོ་དེ་སྐྱབས་མེད་ས་ཡི་སྟེང་༔ མངོན་ཕུད་བུད་མ་ཐག་ཏུ་དུག་མཚོར་བསྒྱུར༔ བྲོས་ཡུལ་མེད་པར་རྡོ་ར་ཁྱུང་མེས་བསྐོར༔ བསམ་ཞིང་ཕཊ་སྒྲ་བཅུ་བརྗོད་མཉམ་པར་བཞག༔ དེས་ནི་ཚར་སློང་མི་འགྱང་མྱུར་དུ་འབྱུང་༔ བརྒྱད་པ་ཤིང་གཉན་དྲག་ཅན་མ་སློང་ན༔ རང་ཉིད་གནམ་ལྕགས་རྡོ་རྗེའི་ཐོ་ལུམ་ནི༔ མེ་འབར་བ་ལས་གནམ་ལྕགས་དགྲ་སྟྭ་འཕྲོས༔ ཤིང་གཉན་རྩད་ནས་བཅད་ཅིང་ལྷག་མེད་བསྲེགས༔ གནས་པོ་རྗེན་ཕུད་བྲོས་ཡུལ་སྔར་བཞིན་བཅད༔ ཕཊ་སྒྲ་གསུམ་བརྗོད་མ་བཅོས་ངང་ལ་བཞག༔ དགུ་པ་ཁང་སྟོང་འདྲེ་བཅས་མ་སློང་ན༔ རང་ཉིད་ལྕགས་ཀྱི་སྡིག་པ་མགོ་དགུ་པ༔ མེ་འབར་རྭ་ནི་བཅོ་བརྒྱད་ཡོད་པ་ཞིག༔ གྱུར་ཏེ་མེ་འབར་ཁང་སྟོང་ས་རྡོ་བཅས༔ རྗེས་ཤུལ་མེད་པར་ཡེ་ཤེས་མེ་ལ་བསྲེགས༔ གནས་པའི་འདྲེ་གདོན་རྒྱལ་བསེན་རྗེན་ལ་ཕུད༔ བྲོས་ཡུལ་མེད་པར་སྔར་བཞིན་ར་བས་བསྐོར༔ ཕཊ་སྒྲ་གསུམ་བརྗོད་ཁྱབ་གདལ་ངང་ལ་བཞག༔ བཅུ་པ་གངས་རི་ཆེན་པོ་མ་སློང་ན༔ རང་ཉིད་དུང་སེང་དཀར་མོ་རལ་ཅན་ལས༔ དུང་སེང་མེ་འབར་ས་འོག་ས་སྟེང་དུ༔ བར་མེད་ས་ཡི་རྡུལ་གྱི་གྲངས་ཙམ་འཕྲོས༔ གངས་རི་ཞུ་ནས་རྗེས་ཤུལ་མེད་པར་བརླག༔ རི་ཡི་ནང་ཀུན་རྩལ་ཆེན་སེང་གེས་ཁེངས༔ གནས་པོ་མངོན་ཕྱུང་ས་ཡི་སྟེང་དུ་ཕུད༔ བྲོས་ཡུལ་མེད་པར་སྔར་བཞིན་ར་བས་བསྐོར༔ ཕཊ་སྒྲ་གསུམ་བརྗོད་ཁྱབ་གདལ་ངང་ལ་བཞག༔ བཅུ་པ་གངས་རི་ཆེན་པོ་མ་སློང་ན༔ རང་ཉིད་དུང་སེང་དཀར་མོ་རལ་ཅན་ལས༔ དུང་སེང་མེ་འབར་ས་འོག་ས་སྟེང་དུ༔ བར་མེད་ས་ཡི་རྡུལ་གྱི་གྲངས་ཙམ་འཕྲོས༔ གངས་རི་ཞུ་ནས་རྗེས་ཤུལ་མེད་པར་བརླག༔ རི་ཡི་ནང་ཀུན་རྩལ་ཆེན་སེང་གེས་ཁེངས༔ གནས་པོ་མངོན་ཕྱུང་ས་ཡི་སྟེང་དུ་ཕུད༔ བྲོས་ཡུལ་མེད་པར་སྔར་བཞིན་ར་བས་བསྐོར༔ ཕཊ་སྒྲ་གསུམ་བརྗོད་སྤྲོས་བྲལ་ངང་ལ་བཞག༔ དེས་ནི་ཚར་སློང་མི་འགྱང་མྱུར་དུ་འབྱུང་༔ བཅུ་གཅིག་ལུང་སྟོང་ཆེན་པོ་མ་སློང་ན༔ རང་ཉིད་དཔལ་ཆེན་རྡོ་རྗེ་གཏུམ་པོར་བསྒོམ༔ གཡས་གཡོན་གནམ་ལྕགས་རྡོ་རྗེ་ཞགས་པ་ཡིས༔ གནོད་བྱེད་རྐེ་ནས་འཆིངས་ཤིང་བརྡུང་བྱས་ནས༔ ལས་བྱེད་བདག་མེད་བསམ་གྱིས་མི་ཁྱབ་པས༔ ལུང་པའི་ཕུ་མདའ་ཉིན་སྲིབ་ཐམས་ཅད་གང་༔ གནས་པོ་མཐའ་ནས་བསྡུས་ཏེ་རང་མཐར་བསྐོར༔ གང་དུ་བྲོས་པའི་ཡུལ་མེད་ར་བཞིས་བསྐོར༔ བསམ་ཞིང་ཕཊ་སྒྲ་བདུན་བརྗོད་ཁྱབ་གདལ་ངང་༔ དེས་ནི་ཚར་སློང་གཉིས་ཀ་མི་འགྱང་འབྱུང་༔ བཅུ་གཉིས་རྒྱུས་མེད་ས་རུ་ཟིལ་གནོན་ནི༔ རང་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་བཅུ་རྫོགས་པའི༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་མེ་འབར་གཅིག༔ གཉན་མིག་དེ་ལ་ཐོག་ལྟར་བབས་ནས་སུ༔ རི་བྲག་ཐང་ལམ་རྩམ་གཞོང་བཞིན་དུ་བསྲིགས༔ གནས་པ་པོ་དེ་གཅེར་བུར་རྗེན་ལ་ཕྱུང་༔ མཁའ་འགྲོ་མ་བཅུས་སྟེང་འོག་ཕྱོགས་མཚམས་བསྲུངས༔ དེ་ཡི་ཕྱི་རིམ་རྡོ་རྗེ་ར་བས་བསྐོར༔ དེ་ཡི་ཕྱི་རིམ་མེ་འབར་ར་བས་བསྐོར༔ དེ་ཡི་ཕྱི་རིམ་མཚོན་ཐུན་ར་བས་བསྐོར༔ དེ་ཡི་ཕྱི་རིམ་མི་ནག་གོ་མཚོན་ཅན༔ བསམ་གྱིས་མི་ཁྱབ་གཤིབས་པའི་ར་བས་བསྐོར༔ འགྲོ་ལུགས་རྣམ་བཞིས་འགྲོ་སྟེ་གཉན་ས་ཡི༔ མགོ་བོ་མཐོང་ཚེ་དབང་བསྡུས་ཕོ་ཉ་བཏང་༔ དེ་རུ་སླེབ་ཚེ་དབང་སྡུད་ཟིལ་གནོན་བྱ༔ ཟིལ་གནོན་དམིགས་པ་བདུན་པོ་རེ་མོས་བྱ༔ དེ་ནས་ཟིལ་གནོན་དམིགས་པ་དང་པོ་ནི༔ རང་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་མ༔ དམར་གསལ་གྲི་གུག་ཐོད་ཁྲག་བསྣམས་པ་ཡིས༔ རྐང་གཡས་ལུང་པའི་ཕུ་གནོན་གཡོན་མདའ་གནོན༔ མེ་དང་རྒྱན་ཆས་ལུང་པའི་གཞུང་གནོན་པའི༔ རྐང་འོག་པདྨ་དམར་པོའི་གདན་འོག་ཏུ༔ སྣང་སྲིད་ལྷ་འདྲེ་མ་ལུས་གནོན་པར་བསམ༔ མཐའ་བསྐོར་དཔའ་བོ་མཁའ་འགྲོས་བསྐོར་བར་བསམ༔ བདག་ཉིད་ཇི་སྲིད་བསྐལ་པ་མ་སྟོང་བར༔ འདི་ནས་མི་གཡོ་མི་འགུལ་དམ་བཅའ་བཟུང་༔ གཉིས་པ་རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ དཀར་དམར་མདངས་ལྡན་བཅུ་དྲུག་གཞོན་པའི་ཚུལ༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས༔ གཅེར་བུ་གོས་མེད་རུས་པའི་རྒྱན་དྲུག་གསོལ༔ སྐུ་སྟོད་སྲིད་པའི་རྩེ་རུ་འགྱིང་བ་ཡི༔ སྐུ་སྨད་འཁོར་བའི་གནས་རྣམས་ཁྱབ་གདལ་བའི༔ སྣང་སྲིད་ལྷ་འདྲེ་ལྷ་སྲིན་ཐམས་ཅད་ཀུན༔ ཞབས་གཡས་མཐིལ་གྱིས་ཕོ་རྣམས་སྦུབས་ཏེ་མནན༔ གཡོན་མཐིལ་མོ་རྣམས་གན་རྐྱལ་མནན་པར་བསམ༔ ཤར་ལྷོ་ནུབ་བྱང་དང་ནི་མཚམས་བཞི་དང་༔ སྟེང་འོག་ཐམས་ཅད་ཁྲོ་བོ་ཁྲོ་མོས་བསྲུངས༔ རྡོ་རྗེ་མཚོན་ཆ་མེ་རིའི་གུར་ཁང་འཁྱུད༔ ལྷ་འདྲེ་གང་དུ་ལྡང་བའི་དབང་མེད་བསམ༔ གོང་བཞིན་མི་གཡོ་མི་འགུལ་དམ་བཅའ་བཟུང་༔ གསུམ་པ་རང་ཉིད་བཅོམ་ལྡན་ཤཱཀྱ་ཐུབ༔ གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ༔ གསལ་བའི་གདན་གསུམ་སེང་ཁྲིའི་པད་གདན་ལ༔ རྒྱལ་པོ་ཆེན་པོ་རིགས་བཞིའི་མཐའ་བསྐོར་དུ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ཏེ༔ རང་གི་ཐུགས་ཀའི་ལས་བྱེད་ཕོ་ཉ་ནི༔ ས་ཡི་རྡུལ་ཙམ་ན་བུན་རླུང་བཞིན་འཕྲོས༔ ས་འོག་ས་སྟེང་ས་བླ་ཐམས་ཅད་དང་༔ ནམ་མཁའ་བར་སྣང་ཐམས་ཅད་གང་བ་ཡིས༔ སྣང་སྲིད་ཁམས་ཀྱི་ལྷ་འདྲེ་ཐམས་ཅད་ཀུན༔ བྱིའུ་ཆུང་ཁྲ་ཡིས་བཅུམས་པ་ཇི་བཞིན་དུ༔ རང་དབང་མེད་པར་མཐའ་ནས་བཅུམ་བྱས་ཏེ༔ རང་གི་མདུན་དུ་དབང་མེད་གནས་པ་ལ༔ གང་དུ་བྲོས་པའི་ཡུལ་མེད་ཕོ་ཉས་གཏམས༔ སྟེང་དུ་སྐད་ཅིག་ལྡང་བའི་གནས་མེད་པར༔ ཁྲོ་བོ་ཁྲོ་མོའི་ཚོགས་རྣམས་སྤྲིན་བཞིན་གཏིབས༔ ཁོ་ལ་གནོད་པའི་ནུས་སྟོབས་མེད་པར་བསམ༔ ཀུན་ཀྱང་བདག་གི་བཀའ་ཉན་ཚུལ་དུ་བསྒོམ༔ དེ་ལ་སྙིང་རྗེ་བྱམས་སེམས་དྲག་པོ་ཡིས༔ དམ་པའི་ཆོས་བཤད་ཡི་གེ་དྲུག་པ་བཟླས༔ ཀྱེ་མ་འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ༔ ལས་ངན་དབང་གིས་སྡུག་བསྔལ་རྒྱུན་ཆད་མེད༔ སྔོན་ཡང་ལས་ངན་བསགས་པའི་རྣམ་སྨིན་གྱིས༔ ད་ལྟ་ཁྱེད་ཅག་བགེགས་ཀྱི་རིགས་སུ་སྐྱེས༔ ཡང་ཡང་འཁྲུལ་པའི་ཉིང་འཁྲུལ་སྡུག་བསྔལ་ལོ༔ ད་ལྟ་ལས་ངན་བསགས་པའི་རྣམ་སྨིན་གྱིས༔ མཐར་ནི་དམྱལ་བ་མནར་མེད་གནས་སུ་ལྟུང་༔ ཁྱེད་ཅག་གདོས་བཅས་ཤ་ཁྲག་ལུས་དང་བྲལ༔ ད་ནི་རྣམ་ཤེས་སྟོང་པ་གཅེར་བུར་འདུག༔ བསམ་མ་ཐག་ཏུ་བསམ་པའི་སར་ཕྱིན་ལས༔ ལམ་ལ་བསྒྲོད་མེད་པ་ལ་བསམ་གཞིག་ཐོངས༔ ང་ནི་སེམས་ཉིད་རང་ངོར་སད་པ་ཡི༔ འབད་རྩོལ་མེད་པའི་རང་གྲོལ་སངས་རྒྱས་ཡིན༔ ཕ་མ་ཁྱེད་ཅག་ཐར་པའི་ལམ་འདྲེན་ཡིན༔ རབ་དུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་༔ དཀའ་ངལ་མེད་པའི་བདེ་ལམ་ངས་བསྟན་ནོ༔ སྟེང་གི་ལྷ་ཁམས་ཚངས་གནས་མན་ཆད་ནས༔ འོག་གི་ཀླུ་རྒྱལ་རིན་ཆེན་ཡན་ཆད་དང་༔ བར་གྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔ མི་འཇིག་པ་ནི་གཅིག་ཀྱང་མི་འདུག་པས༔ འཇིག་ཚེ་རང་རང་ལས་ཀྱི་རྗེས་སུ་འབྲང་༔ སྐྱེས་མཆོག་ལས་ཅན་ཐར་པའི་ལམ་ལ་འགྲོ༔ ལས་ངན་ཐམས་ཅད་དམྱལ་བའི་གནས་སུ་ལྟུང་༔ དམྱལ་བའི་གནས་ན་སྡུག་བསྔལ་བཟོད་གླག་མེད༔ ད་ལྟ་ཁྱེད་ཅག་རྣམ་ཤེས་སྟོང་པ་ཉིད༔ གང་བསམ་ཐམས་ཅད་སྣང་ངོར་རྫོགས་པ་འདི༔ འཁོར་འདས་ས་མཚམས་གར་འགྲོ་རང་དབང་ཡོད༔ རང་དབང་ཡོད་དུས་བདེ་བ་ཚོལ་དགོས་ཏེ༔ ད་ལྟ་ཉིད་དུ་བདེ་ལམ་མི་ཚོལ་ན༔ ཁྱོད་ཅག་འཇིག་ཚེ་གཉིད་ལས་སད་ཙམ་གྱིས༔ དམྱལ་བར་ལྟུང་སྟེ་སྡུག་བསྔལ་མྱོང་བར་འགྱུར༔ དེ་ཚེ་ཁྱོད་ལ་རང་དབང་མེད་པ་ཡིན༔ ཁྱོད་ཅག་རྣམ་ཤེས་སྟོང་པ་འདི་ཉིད་ལ༔ བཟའ་བཏུང་འཚོ་བ་མི་དགོས་ནམ་མཁའ་འདྲ༔ ལུས་མེད་བསམ་པ་ཙམ་གྱིས་བསྒྲོད་ལ་ལྟོས༔ འཁྲུལ་པའི་དབང་གིས་ཡིད་ལུས་ཤར་བ་ཙམ༔ ཤེས་པར་གྱིས་ཤིག་ཕ་མ་དྲིན་ཆེན་རྣམས༔ སྣང་སྲིད་ཐམས་ཅད་རང་སེམས་འཁྲུལ་པའི་འཕྲུལ༔ གཟུགས་སྣང་ཐམས་ཅད་རང་སེམས་འཁྲུལ་པའི་གཟུགས༔ གཟུང་ཡུལ་ཕྱི་སྣོད་ནང་བཅུད་འདི་དག་ཀྱང་༔ མེད་ལ་ཡོད་འཛིན་སེམས་ཀྱིས་བྱས་པ་ནི༔ དཔེར་ན་གཟུགས་བརྙན་མེད་པའི་མེ་ལོང་ལ༔ གཟུགས་འཕྲད་གཟུགས་བརྙན་བཙན་ཐབས་ཤར་བ་ལྟར༔ ཆོས་ཀུན་སྟོང་པ་བདག་མེད་རང་བཞིན་ལ༔ ཡོད་འཛིན་རྟག་འཛིན་བཙན་ཐབས་ཤར་བ་ཡིན༔ ཤར་ཡང་རང་ལ་རང་གིས་སྤྱོད་པ་ལས༔ སུ་ལ་སྤྱོད་མིན་གང་གིས་བྱས་པས་མིན༔ འདུས་བྱས་ཐམས་ཅད་རང་སེམས་འཁྲུལ་པ་ཡིན༔ རང་གཟུགས་ཕྱི་ལ་ཤར་ལས་གཞན་གང་མིན༔ དྲན་བསམ་ཐམས་ཅད་སྔ་མ་ནུབ་པ་དང་༔ ཕྱི་མའི་ཕྱི་མ་རིམ་བཞིན་ནུབ་པའི་རྟགས༔ མཛའ་གྲོགས་ནོར་རྫས་སྔ་མ་རིམ་བཞིན་དུ༔ ནུབ་པའི་རྗེས་སུ་ཕྱི་མའི་ཕྱི་མ་བཞིན༔ ཡང་བྱས་པ་ལས་ཡང་སྲིད་ཤར་བ་མིན༔ དེ་བཞིན་རང་སེམས་སྟོང་པ་བདག་མེད་ལ༔ སྡུག་བསྔལ་བདེ་བ་དགའ་སྡུག་ཡུལ་མེད་པའི༔ ཡུལ་མེད་ཟང་ཐལ་གཞི་མེད་རྩ་བྲལ་ལོ༔ མ་ཡེངས་དེ་ཀ་མ་ཡེངས་དེ་ཀའོ༔ མ་ཡེངས་ལམ་མཆོག་མ་ཡེངས་ཡིད་ལ་ཟུངས༔ མ་ཡེངས་གཅིག་པུ་རྒྱལ་བ་ཀུན་གྱི་ལམ༔ མ་ཡེངས་སེམས་ཤིག་བསྒོམ་ཞིག་ཕ་མ་རྣམས༔ མ་ཡེངས་མ་ཡེངས་གཉིས་འཛིན་ལྷ་འདྲེ་རྣམས༔ མ་ཡེངས་ངང་ནས་རང་རིག་འདི་ལ་ལྟོས༔ མ་རིག་མུན་པའི་སྨག་རུམ་འཐུག་པོ་རུ༔ མ་ཡེངས་གསལ་བའི་སྒྲོན་མེའི་ངང་ནས་ལྟོས༔ ཞེ་སྡང་མེ་ལྟར་འབར་བའི་འོབ་ཆེན་ལ༔ མ་ཡེངས་སྙིང་རྗེས་བསིལ་ཆུ་ཐོབ་ལ་ལྟོས༔ ང་རྒྱལ་བྲག་ལྟར་ཉིལ་བའི་འཇིགས་ཁྲོད་དུ༔ མ་ཡེངས་བྱམས་ཆེན་ཐོ་བས་རྡུལ་ཕོབ་ལྟར༔ འདོད་ཆགས་དུག་མཚོ་ཁོལ་མའི་ཚ་དབལ་ལ༔ མ་ཡེངས་དགའ་ཆེན་བསིལ་སྨན་ཐོབ་ལ་ལྟོས༔ ཕྲག་དོག་རླུང་ལྟར་འཚུབས་མའི་བསིལ་ཁྲོད་དུ༔ མ་ཡེངས་བཏང་སྙོམས་བཙན་རྫོང་ཟུང་ལ་ལྟོས༔ ཉོན་མོངས་འཁྲུལ་པའི་གཡང་ས་ཆེན་པོ་ལ༔ མ་ཡེངས་ཡེ་ཤེས་འདབ་གཤོག་རྩལ་གྱིས་འཕུར༔ རང་ཅག་སྐད་ཅིག་སྡུག་བསྔལ་མི་བཟོད་ན༔ དེ་ལྟར་གཞན་ལ་གནོད་པ་མ་བྱེད་ཅིག༔ ཁྱོད་ཅག་ཡིད་ལུས་སྟོང་པ་ཉིད༔ སྐད་ཅིག་གཅིག་གི་བྱེ་བྲག་གིས༔ སྐད་ཅིག་རྫོགས་སངས་རྒྱས་པའི་ལམ༔ མ་ཡེངས་རིག་པའི་རང་ངོར་ལྟོས༔ ཤར་ཆ་རིག་པ་རང་གྲོལ་ཐོང་༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ དྲན་ཙམ་ཡོངས་རྫོགས་རྫོགས་པ་ཡི༔ རིག་སྟོང་རྫོགས་པ་ཆེན་པོ་ལ༔ བཅོས་བསྒྱུར་མེད་པར་ལྷུག་པར་ཞོག༔ རང་གཞི་ཡེ་ནས་སངས་རྒྱས་རྒྱུ༔ བཅོས་བསྒྱུར་བསླད་མི་འཇུག་པ་རུ༔ ཡེ་གནས་ཡེ་ཡིན་ལམ་གྱིས་བསྒྱུར༔ སྟོང་གསལ་གདལ་ཁྱབ་ངང་སློང་ངང་༔ ཁྱབ་གདལ་རིག་པ་ཀུན་ཏུ་བཟང་༔ གྲོལ་ནས་རང་སྣང་འོད་གསལ་ཀློང་༔ སད་པས་སངས་ཏེ་རིག་རྩལ་རྒྱས༔ ཞིང་ཡང་རང་ཀློང་སངས་རྒྱས་རང་༔ རྩལ་སྣང་འཁོར་ལོ་སྤྲུལ་བསྒྱུར་འཕྲུལ༔ གང་དུ་མ་བཙལ་མ་བསྒྲོད་པའི༔ རང་སར་རང་སད་རང་ཀློང་དུ༔ སྐད་ཅིག་འཁོར་བ་སྐད་ཅིག་འདས༔ ཁྱབ་གདལ་ཆོས་སྐུའི་རྒྱལ་སའོ༔ མ་ཡེངས་རང་སེམས་རིག་པར་འཕོས༔ འགྱུ་ན་འགྱུ་བ་རིག་པར་འཕོས༔ དྲན་ན་གང་ཤར་རང་གྲོལ་ཐོང་༔ བདེ་ན་བདེ་མཁན་ཡུལ་མེད་ངང་༔ སྡུག་ན་སྡུག་མཁན་ཟང་ཐལ་ངང་༔ འཛིན་ཆགས་ཆེན་པོས་འཆིང་བ་ན༔ གཞི་མེད་རྩ་བྲལ་ཆེན་པོའི་ངང་༔ བཀྲེས་སྐོམ་ཉེར་མཁོའི་འགྱུ་དྲན་ལ༔ ཡུལ་མེད་ཟང་ཐལ་ཆེན་པོའི་ངང་༔ བསྒྲོད་དང་འགུལ་བསྐྱོད་སེམས་པ་ན༔ མཐའ་བྲལ་ཁྱབ་གདལ་ཆེན་པའི་ངང་༔ དངངས་སྐྲག་འཇིགས་པའི་སྣང་ཤར་ན༔ མི་འཇིགས་ནམ་མཁའ་ཁྱབ་གདལ་ངང་༔ སྣ་ཚོགས་བསམ་མནོ་ཤར་བས་ན༔ ཤར་ཚད་རིག་པ་རྗེན་པར་བཤིགས༔ རྟག་པར་ལྟ་བའི་གེགས་བྱུང་ན༔ རང་སེམས་དང་པོའི་བྱུང་ས་ནས༔ ཐ་མའི་མཐར་ཐུག་པ་བར་དུ༔ ཚོལ་ལ་ངེས་པར་རྙེད་པར་གྱིས༔ ཆད་པར་ལྟ་བའི་བློ་བྱུང་ན༔ བདེ་སྡུག་ཉེ་བར་ལེན་པོ་དང་༔ འཁོར་བའི་བྱ་བ་བྱེད་པ་པོ༔ མེད་ན་སུ་ཡིན་ཐག་ཆོད་དང་༔ མེད་ན་ཡོད་དེ་ཡོད་ན་མེད༔ ཡོད་མེད་གཉིས་མིན་རིག་པ་ནི༔ འཁོར་བ་ལས་འཕགས་རིག་པ་ཅན༔ རིག་པའི་རིག་པ་སྤྲོས་དང་བྲལ༔ བསྒོམ་ན་བསྒོམས་པ་བསམ་བཞག་ཅན༔ མ་བསྒོམས་པས་ན་འཁྲུལ་འབྱམས་སོང་༔ ཡེངས་ན་འགྲོ་ཀུན་ཡེངས་པས་བསླུས༔ མ་ཡེངས་པ་ཡི་འཛིན་སྟངས་ཅན༔ བཅོས་ན་བཅོས་མའི་སངས་རྒྱས་མིན༔ མ་བཅོས་རང་ཁར་འཁྲུལ་པ་མིན༔ མཁའ་ལ་གློག་དམར་འཁྱུག་པ་ན༔ འོད་དང་ཁ་དོག་མ་བྱས་རྫོགས༔ མ་བཅོས་རིག་པར་འཁོར་འདས་རྫོགས༔ དབྱིངས་ལ་ཉི་ཟླ་ཤར་བ་ན༔ འོད་དང་ཁ་དོག་རེག་བྱ་སོགས༔ སུས་ཀྱང་མ་བྱས་རང་ངོར་རྫོགས༔ མ་བཅོས་མ་ཡེངས་རིག་པ་ལ༔ སངས་རྒྱས་དང་ནི་སངས་རྒྱས་ཞིང་༔ མ་བྱས་རང་བྱུང་ངང་གི་རྫོགས༔ མ་ཡེངས་མི་བསྒོམ་རིག་པ་ལ༔ སངས་རྒྱས་དང་ནི་སངས་རྒྱས་སྲས༔ ཞིང་དང་བཀོད་པ་ངང་གི་རྫོགས༔ རང་སྣང་བཟུང་བའི་ཡུལ་དུ་གྲུབ༔ འཁོར་ཡང་འཁོར་བའི་ཆོས་སོ་ཅོག༔ མངོན་གྲུབ་དང་འཛིན་འཛིན་པ་པོས༔ སྤྱོད་ཅིང་སྤྱོད་ཡུལ་རང་གི་ཀློང་༔ རང་ལ་གཉིས་སུ་བཅད་དགོས་ན༔ རང་ཀློང་རང་ཉིད་སྤྱོད་པའོ༔ འཁྲུལ་ཡང་ཐམས་ཅད་འདི་རུ་འཁྲུལ༔ དེ་བཞིན་གྲོལ་ཡང་རང་གྲོལ་ངང་༔ མ་ཡེངས་སྣང་སྲིད་ལྷ་འདྲེ་རྣམས༔ ཤར་ཆའི་རྗེས་སུ་མ་འབྲང་བར༔ གང་ཤར་རང་གྲོལ་ངང་དུ་ཐོང་༔ ཆུ་ལ་ཆུ་ལྦུར་རྡོལ་ཐིམ་དང་༔ མཁའ་ལས་གློག་བྱུང་མཁར་ཐིམ་དང་༔ སྤྲུལ་འཕར་མདུད་ཅིང་བབ་གྲོལ་བཞིན༔ ཤར་བ་གྲོལ་བ་མཉམ་སྦྱོར་ངང་༔ མི་ཞེན་གཞིར་བྱུང་གཞི་ཀློང་ཐིམ༔ ཀློང་གྲོལ་ཁྱབ་གདལ་ཆེན་པོའི་ངང་༔ རང་ལས་བྱུང་བ་རང་ངོར་བཤིག༔ གཉིས་ལྟར་ཐ་དད་མ་ཡིན་ཏེ༔ བྱུང་བ་རང་ལ་རིག་དང་གྲོལ༔ རང་ཤར་རང་གྲོལ་ཆེན་པོའི་ངང་༔ ཀ་དག་ཆོས་སྐུ་འཐོབ་གྱུར་རོ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ དག་པའི་ཞིང་དུ་དགའ་སྟོན་བྱེད༔ གང་འདུལ་སྤྲུལ་པས་འགྲོ་བ་འདྲེན༔ བཀོད་པ་རྨད་བྱུང་དེ་ན་ཡོད༔ དགའ་བདེའི་ལོངས་སྤྱོད་དེ་ན་ཆེ༔ འདོད་ཡོན་རང་བྱུང་དེ་ན་ཡོད༔ བརྩེ་བའི་མཛའ་འཁོར་དེ་ན་མང་༔ འཇིག་རྟེན་འཁྲུལ་བ་ཉིང་འཁྲུལ་ཅན༔ ལྷ་འདྲེ་མ་རུངས་གདུག་ཅན་གྱིས༔ འགྲོ་བའི་བདེ་བ་བཅོམ་ཉེས་གཏོང་༔ ཕ་ཤ་ཟ་ཞིང་མ་སྲོག་གཅོད༔ ད་ལྟ་སྡུག་བསྔལ་དེ་ན་ཆེ༔ ཕྱི་མ་རྣམ་སྨིན་དམྱལ་བར་ལྟུང་༔ ཡ་ང་གཡང་ས་དེ་ལ་ཆེ༔ མཐོང་ཚོར་དགྲ་འཛིན་སྡུག་རེ་བསྔལ༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་ཞེས་བྱ་བ་ཡོད༔ བཀོད་པ་རྨད་བྱུང་དེ་ན་ཡོད༔ དགའ་བདེའི་ལོངས་སྤྱོད་དེ་ན་ཆེ༔ སེམས་དཔའ་སེམས་མ་དེ་ན་མང་༔ འདོད་པའི་ཡོན་ཏན་རང་བྱུང་ཡོད༔ དགའ་སྟོན་བྱེད་པ་དེ་ན་མང་༔ ཞིང་དེའི་མགོན་པོ་འོད་དཔག་མེད༔ མཚན་ཐོས་ཙམ་གྱིས་བྱང་ཆུབ་འཐོབ༔ ཞིང་དེའི་ས་མཁན་སྤྱན་རས་གཟིགས༔ དྲན་པ་ཙམ་གྱིས་ལམ་སྣ་འདྲེན༔ རང་སྣང་བདེ་བ་ཅན་གྱི་ཞིང་༔ རང་རིག་འོད་དཔག་མེད་མགོན་པོ༔ རང་གསལ་ཐུགས་རྗེ་ཆེན་པོ་ཡིན༔ སྒྲ་གྲགས་ཡི་གེ་དྲུག་མ་ཡིན༔ མ་ཡེངས་ངང་ནས་དྲན་མཛོད་ལ༔ རྩེ་གཅིག་གུས་པས་གསོལ་བ་ཐོབ༔ མཚན་གསུམ་བརྗོད་དེ་སྔགས་གཉིས་པོ༔ བརྒྱའམ་ཉེར་གཅིག་ལ་སོགས་བརྗོད༔ དེ་ལྟར་བགེགས་ལ་བཤད་པའི་ཚེ༔ ཚིག་བརྗོད་དོན་བསྒོམ་ངང་ལ་སྨྲ༔ རིག་པ་སེམས་སུ་མ་ཡེངས་པར༔ བཟང་མོའི་ཀློང་དུ་བསྲེས་ཏེ་བཤད༔ དེ་ཚེ་དམིགས་པ་འདི་ཉིད་གཅེས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་རྗེའི་འོད་ཟེར་ན་བུན་ལྟར༔ ཐིབས་ཀྱིས་བྱུང་བའི་འོད་བུམ་སྦུབས༔ སྣང་སྲིད་ལྷ་སྲིན་ལྷ་འདྲེ་རྣམས༔ སྒོང་སྦུབས་བྱི་འུ་ཚུད་པ་ལྟར༔ གང་དུ་བྲོས་པའི་ཡུལ་འགགས་ནས༔ དམ་པའི་ཆོས་ལ་ཉན་དབང་ཐོབ༔ དད་པའི་ཡིད་ཀྱིས་ཉན་པར་བསམ༔ རང་སེམས་ལྷ་འདྲེ་ཡུམ་ཆེན་ཐུགས༔ དབྱེར་མེད་འདྲེས་ཏེ་བཤད་པའི་ཚིག༔ དོན་ཀུན་གསལ་ལེ་རྒྱུད་ལ་ཞུགས༔ མཇུག་ཏུ་ཡིག་དྲུག་བརྗོད་པའི་སྐབས༔ སྣང་སྲིད་ལྷ་སྲིན་ལྷ་འདྲེ་རྣམས༔ རང་སྣང་འོད་གསལ་ཆེན་པོའི་ཀློང་༔ མཉམ་པར་སད་དེ་མ་རིག་སངས༔ ཤེས་བྱ་རིག་རྩལ་རྒྱས་པ་ཡི༔ ཐམས་ཅད་མངོན་རྫོགས་སངས་རྒྱས་བསམ༔ ཕཊ་གཅིག་སྤྲུལ་པའི་སྐུ་རུ་སད༔ གཉིས་པས་ལོངས་སྤྱོད་རྫོགས་སྐུའི་ཀློང་༔ གསུམ་པ་ཆོས་སྐུ་སྐྱེ་མེད་ཀྱི༔ ཀློང་དུ་ཐམས་ཅད་སད་པར་བསམ༔ བཞི་པས་ནམ་མཁའ་ལྟར་ཁྱབ་པའི༔ ཁྱབ་གདལ་ཆོས་སྐུའི་དགོངས་པར་བསྲེ༔ གདལ་ཁྱབ་ངང་ལ་མཉམ་པར་བཞག༔ འདི་ལྟར་མ་ནོར་ཚུལ་བཞིན་དུ༔ རིག་པའི་ངང་ལ་སྟོན་པ་པོས༔ དངོས་མེད་ལྷ་འདྲེའི་འགྲོ་དོན་འགྲུབ༔ པད་འབྱུང་བདག་དང་སྐལ་བ་མཉམ༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ མ་འོངས་བསྐལ་རྗེ་བསྐལ་པ་རུ༔ འགྲོ་དོན་རྫོགས་པའི་སངས་རྒྱས་འགྱུར༔ བསྟན་པའི་ཆོས་ཀྱི་འགྲོ་རྣམས་འདྲེན༔ མཚན་ཐོས་ཙམ་གྱིས་སངས་རྒྱས་ཐོབ༔ དངོས་མེད་ལྷ་འདྲེའི་སྟོན་པ་ལ༔ འཇིགས་དང་སྡུག་བསྔལ་ཀུན་མི་འབྱུང་༔ ཡང་དག་རྫོགས་པའི་སངས་རྒྱས་ཏེ༔ བདེ་གཤེགས་ཡོངས་འདུས་ཆེ་བའི་མཆོག༔ བསྙེན་བཀུར་གནས་གྱུར་མཆོག་ཏུ་ཆེ༔ རང་གི་རྒྱུད་ལ་མི་གསལ་ན༔ གཞན་ལ་བསྟན་པས་ག་ལ་གྲོལ༔ རང་གི་རྒྱུད་ལ་གསལ་བར་གྱིས༔ དངོས་མེད་ལྷ་འདྲེའི་འགྲོ་དོན་མཛོད༔ གཟུགས་ཅན་གཟུགས་མེད་གང་དག་གི༔ བཀུར་མཆོད་བསྙེན་བཀུར་ཕྱག་བསྐོར་ཀྱང་༔ སྣང་སྲིད་རང་སེམས་འཕྲུལ་ཤེས་ངང་༔ དེ་ལ་ང་རྒྱལ་མཆོག་འཛིན་དང་༔ རེ་རློམས་བྱས་ན་བདུད་ཀྱིས་ཟིན༔ གང་ཟག་ཕལ་ཆེ་འདི་ལྟར་བསླུ༔ བསླུ་བར་མ་ཞེན་སྐལ་ལྡན་རྣམས༔ བཟང་རྐྱེན་ལམ་སློང་ཤིན་ཏུ་དཀའ༔ བཟང་པོའི་རྐྱེན་ལ་ངན་པ་བརྫུ༔ ཐར་པའི་སྲོག་རྩ་གཅོད་བྱེད་པའི༔ དུག་གི་སྤུ་གྲི་འདི་ལ་གཟོབ༔ ངན་རྐྱེན་དབང་གིས་མི་ཐུབ་པས༔ བདུད་ཀུན་བཟང་རྐྱེན་ལ་བརྫུ་འོང་༔ རེམ་ཅིག་མ་འོངས་རྗེས་འཇུག་རྣམས༔ སྙིང་གཏམ་ཚིག་གི་བདུད་རྩི་རོལ༔ ངེས་མེད་རི་ལ་བཙན་ས་ཟུངས༔ དགོས་མེད་རྒྱུད་ལ་བཀལ་བར་གྱིས༔ བཞི་པ་ལ་ཡང་སྔར་བཞིན་དུ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ ཆེ་ཞིང་བརྗིད་པའི་སྐུར་བསྒོམ་སྟེ༔ ལུས་ཀྱི་ལྤགས་པ་ཐང་ལ་བཀྲམ༔ སྟེང་དུ་ཤ་ཚིལ་ཉལ་ཉིལ་བཞག༔ ལས་བྱེད་མཁའ་འགྲོ་གྲངས་མེད་ཀྱིས༔ ཡུལ་གྱི་གདོན་བགེགས་ཕོ་མོ་རྣམས༔ ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ ལྤགས་པའི་སྟེང་དུ་བཀུག་པ་ཡི༔ ལས་བྱེད་མཁའ་འགྲོ་དཀར་སེར་དམར༔ ལྗང་ནག་འབར་བས་ཕྱོགས་བཞི་ནས༔ ཞིང་ལྤགས་འུབ་ཀྱིས་བསྡུས་པའི་ནང་༔ གདོན་བགེགས་འབྱུང་པོ་ཐམས་ཅད་དྲིལ༔ སྦྲུལ་དང་རྒྱུ་མའི་ཞགས་པས་བཅིངས༔ ཀླད་ལ་ལན་གསུམ་བསྐོར་བ་ཡིས༔ ལན་གསུམ་ས་ལ་བརྡབ་བྱས་ནས༔ ཁོ་ཡི་མཐུ་སྟོབས་ནུས་པ་ཀུན༔ བརླག་ཅིང་ཉམས་བྱས་བསྟུམ་པར་བཅས༔ དེ་ནས་ལྕགས་ཁང་སྒོ་མེད་དུ༔ བཅུག་སྟེ་རང་གི་འོག་ཏུ་མནན༔ བསྐལ་པ་ཆགས་ནས་མ་སྟོང་བར༔ འདི་ནས་མི་འགུལ་དམ་བཅའ་བཟུང་༔ མཐར་ཡང་ཁྲོ་བོ་ཁྲོ་མོས་བསྐོར༔ ངེས་པར་མྱུར་དུ་ཚར་སློང་འབྱུང་༔ ལྔ་པ་རང་ལུས་སྔར་བཞིན་ནོ༔ དྲུག་པ་རང་ལུས་ཤ་མེད་པའི༔ ཀེང་རུས་སྐམ་པོ་མེ་འབར་བས༔ ལྷ་འདྲེ་གནས་རྟེན་ཐམས་ཅད་བསྲེགས༔ བསམ་ཞིང་ཡུམ་གྱིས་མཁའ་ལ་བསྲེ༔ ངེས་པར་ཚར་སློང་འབྱུང་བའོ༔ བདུན་པ་རང་ཉིད་མཁའ་འགྲོར་བསྒོམ༔ ལྷ་འདྲེ་གནས་ནས་ཕྱིར་བསྐྲད་དེ༔ དེའི་ཤུལ་རང་ཉིད་ཀྱིས་བཟུངས་ནས༔ མཐའ་བསྐོར་དཔའ་བོ་མཁའ་འགྲོས་ཁེངས༔ བསྐལ་པ་ཆགས་ནས་སྲིད་འཇིག་བར༔ དེ་རུ་མི་འགུལ་དམ་བཅའ་བཟུངས༔ ཡུམ་ཆེན་ཐུགས་དང་བསྲེས་ལ་ཕཊ༔ དེས་ནི་ངེས་པར་ཚར་ཚད་འབྱུང་༔ ཐོག་དམིགས་མི་འཇིགས་སྲུང་འཁོར་བཞི༔ དྲག་རྩུབ་ཆོད་ལ་དཔག་མེད་བསྒོམ༔ སྤྲིན་གྱིས་རང་ཐོག་བསྙག་བྱུང་ན༔ སྤྲིན་ནི་རབ་འཇིགས་གཞལ་ཡས་དབུས༔ པད་ཉི་སྡེ་བརྒྱད་བསྣོལ་བའི་སྟེང་༔ རང་གི་ཐུགས་ཀར་ཧཱུྃ་མཐིང་ལས༔ ཡོངས་གྱུར་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་ཧ་ཧ་འབྲུག་སྟོང་ལྡིར༔ སྣང་སྲིད་ཐམས་ཅད་ཤིག་ཤིག་འགུལ༔ གཡོན་དམར་ཧཱུྃ་ཧཱུྃ་འབྲུག་སྟོང་ལྡིར༔ རབ་འབྱམས་རྒྱལ་བ་སྤྱན་དྲངས་བསྐོར༔ དབུས་ཞལ་ཕཊ་སྒྲ་འབྲུག་སྟོང་ལྡིར༔ སྡེ་བརྒྱད་འབྱུང་པོའི་མགོ་སྙིང་འགེམས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་དང་༔ གནམ་ལྕགས་རྭ་གདེངས་རྩེ་ལྔའི་རྡོར༔ གཡོན་གཉིས་མེ་དཔུང་ཁ་ཊྭཱྃ་བསྣམས༔ མཐའ་གཉིས་གནམ་ལྕགས་ཕུར་པ་འདྲིལ༔ གནོད་བྱེད་ཐམས་ཅད་བརླག་ནུས་བསམ༔ ཞབས་བཞིས་སྡེ་བརྒྱད་འབྱུང་པོ་གནོན༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ འཁོར་ལོ་རྒྱས་འདེབས་གཡོན་ནས་འཁྲིལ༔ ཕྱག་གཉིས་ཁ་ཊྭཱྃ་བྷན་ཁྲག་སྟོབ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་བསྟིམས༔ དེའི་སྐུའི་གནས་རྣམས་ཐམས་ཅད་ནས༔ མེ་དཔུང་ཁྲོ་ཚོགས་སྐར་ལྟར་འཁྲིགས༔ སྤྲིན་རྣམས་མེ་དཔུང་རང་བཞིན་གྱུར༔ དེའི་ཀློང་སྤྲུལ་པའི་སེང་གེ་དང་༔ ཁྲོ་ཆུང་ལྕགས་སྡིག་མཚོན་ཐུན་གྱིས༔ གང་ནས་དགྲ་བགེགས་གནོད་བྱེད་རྣམས༔ ཐལ་བ་རླུང་གིས་གཏོར་བཞིན་དུ༔ བརླག་ནས་རྗེས་ཤུལ་མེད་པར་བསམ༔ དེའི་ངང་ཡུམ་ཆེན་ཀློང་དུ་བསྲེ༔ དེ་ཡིས་ཕན་པར་མ་འགྱུར་ན༔ རང་གི་སྤྱི་གཙུག་གྲུ་གང་གི༔ སྟེང་དུ་པདྨ་ཉི་ཟླའི་སྟེང་༔ རིག་འཛིན་པདྨ་འབྱུང་གནས་ལ༔ རིག་འཛིན་བརྒྱད་དང་པཎ་གྲུབ་སྟོང་༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ དེ་སྟེང་པདྨ་འདབ་སྟོང་དབུས༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་བསྐྱེད༔ འདབ་སྟོང་སྟེང་དུ་སངས་རྒྱས་སྟོང་༔ དེ་སྟེང་པདྨ་འདབ་ཁྲིའི་ཁར༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས༔ བསྐོར་ནས་བཞུགས་པར་བསྒོམ་བྱས་ལ༔ ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམས༔ དེ་དག་སྐུ་ནི་རི་རབ་ཙམ༔ རང་གི་སྤྱི་བོ་ཡན་ཆད་ནས༔ སྟེང་ཕྱོགས་མེ་རི་འབར་བའི་བར༔ སྐུ་ཡི་བཀོད་པས་ཁྱབ་པར་བསྒོམ༔ གནས་གསུམ་སྤྲུལ་པའི་ཁྲོ་ཚོགས་སྤྲོས༔ ནམ་མཁའ་བར་སྣང་ས་གཞི་ཀུན༔ ཁྲོ་བོ་དང་ནི་ཁྲོ་མོས་གང་༔ ཕྱོགས་བཅུར་ཁྲོ་བཅུ་ཡབ་ཡུམ་བསྒོམ༔ སྡེ་བརྒྱད་སེར་བ་སེར་བྱེད་ཀུན༔ གླིང་བར་མུན་པའི་མཚམས་སུ་མནན༔ སྟེང་དུ་ལྡང་པའི་དབང་མེད་བསམ༔ རང་ཉིད་གསང་བ་ཡེ་ཤེས་མའི༔ གསང་གསུམ་ཡུམ་ཆེན་མཁའ་ལ་སྦ༔ ཕཊ་སྒྲ་གསུམ་བརྗོད་ཐོག་སྔགས་བཟླས༔ དམིགས་པ་སྙིང་གི་ནོར་བུ་ཡིན༔ འདི་ཡིས་མི་ཐུབ་གང་ཡང་མེད༔ ཡང་ན་སྟེང་འོག་བར་གསུམ་ཀུན༔ རྡོ་རྗེ་ཕ་ལམ་ལས་གྲུབ་པའི༔ གཞོམ་བྲལ་གའུ་རིམ་དགུའི་སྦུབས༔ བཅོམ་ལྡན་འདས་ཀྱིས་ཐུགས་ཀ་རུ༔ རང་ཉིད་གསང་བ་ཡེ་ཤེས་མའི༔ གསང་གསུམ་ཁྱབ་གདལ་ཀློང་དུ་སྦ༔ ཡེ་ཤེས་སྤྱན་གྱིས་མི་གཟིགས་པའི༔ མ་བཅོས་ཁྱབ་གདལ་ཆེན་པོར་བསྒོམ༔ ཡང་ན་རང་གི་སྤྱི་བོ་རུ༔ ཡི་དམ་ལྷ་ཡི་སྐུ་གསལ་བའི༔ སྐུ་ཡིས་སྣང་སྲིད་ཐམས་ཅད་ཁྱབ༔ གནས་གསུམ་རིགས་ཀུན་རྒྱལ་བའི་ཞིང་༔ མ་འདྲེས་ཡོངས་སུ་རྫོགས་པའི་སྐུ༔ སྡེ་བརྒྱད་ལྷ་འདྲེ་ཀུན་གྱིས་མཐོང་༔ བལྟར་མི་བཟོད་པའི་སྔངས་སྐྲག་གིས༔ བ་ལང་སྤྱོད་དུ་བསྐྲད་པར་བསམ༔ རང་ཡང་གསང་བ་ཡེ་ཤེས་མས༔ ཕཊ་སྒྲ་བསྒྲགས་པས་གླགས་ལྟ་བའི༔ གནོད་བྱེད་བརྒྱལ་ཞིང་ནུས་མཐུ་བརླག༔ རྒྱ་མཚོའི་གཏིང་དུ་ལྷུང་བར་བསམ༔ ལྷ་འདྲེ་རང་སེམས་སུ་ཤེས་ཤིང་༔ འཁྲུལ་པ་བཤིགས་པའི་ཕཊ་སྒྲ་གསུམ༔ དེས་ནི་བར་ཆད་ངེས་པར་སེལ༔ མི་བཟོད་ནད་ཀྱིས་གདུང་གྱུར་ན༔ དེ་ཡི་དམིགས་པ་ཐོར་བུ་ལ༔ དང་པོ་མགོ་ནད་དམིགས་པ་ནི༔ ནམ་མཁའ་སྟོང་པའི་ཀློང་ཡངས་ནས༔ བཟང་མོའི་སྐུ་ལས་སྤྲུལ་པ་ཡི༔ མཁའ་འགྲོ་དཀར་མོ་ཕག་གདོང་ཅན༔ ནམ་མཁའ་ནས་ནི་ཤར་གྱིས་བྱུང་༔ ཀླད་པ་རྩ་ཁྲག་ཐམས་ཅད་ཀུན༔ ཁམ་གྱིས་བཅད་འཇིབ་གྱུར་མིད་བསམ༔ ཕག་གདོང་ནག་མོའི་མཚན་བཟུང་ནས༔ ཕཊ་སྒྲ་གསུམ་བརྗོད་མཉམ་པར་བཞག༔ མཐར་ནི་ལུས་ཀུན་སྦྱིན་པ་བཏང་༔ གཉིས་པ་མགྲིན་པའི་ནད་བྱུང་ན༔ བཟང་མོའི་གསུང་ལས་སྤྲུལ་པ་ཡི༔ མཁའ་འགྲོ་དམར་མོ་རྨ་བྱའི་གདོང་༔ ནམ་མཁའི་དབྱིངས་ནས་ཤར་གྱིས་བྱུང་༔ ཁར་ཞུགས་མགྲིན་པ་ནད་དང་བཅས༔ ལྷག་མེད་ཁམ་ཆོད་གྱུར་མིད་བསམ༔ བྱ་གདོང་དམར་མོའི་མཚན་བཟུང་ནས༔ ཕཊ་སྒྲ་གསུམ་བརྗོད་མཉམ་པར་བཞག༔ མཐར་ནི་ལུས་སྦྱིན་བཏང་བའོ༔ གསུམ་པ་སྙིང་སྲོག་ན་བ་ན༔ བཟང་མོའི་ཐུགས་ལས་སྤྲུལ་པ་ཡི༔ མཁའ་འགྲོ་མཐིང་ནག་སྦྲུལ་གདོང་ཅན༔ ནམ་མཁའ་ནས་བྱུང་ཁར་ཞུགས་ནས༔ སྙིང་ནད་དམ་ནི་སྲོག་ནད་ནི༔ སྙིང་ངམ་སྲོག་དང་བཅས་པ་ཀུན༔ ལྷག་མེད་ཟོས་ཤིག་གྱུར་མིད་བསམ༔ ཕཊ་ཅེས་ངང་ལ་མཉམ་པར་བཞག༔ མཐར་ཡང་དཀར་དམར་ལུས་སྦྱིན་བྱ༔ བཞི་པ་ལྟེ་སྐོར་ཕོ་བ་འམ༔ མཆིན་མཁལ་རྒྱུ་མའི་ནད་བྱུང་ན༔ བཟང་མོའི་ཡོན་ཏན་ལས་སྤྲུལ་པའི༔ མཁའ་འགྲོ་སེར་མོ་རྟ་ཡི་གདོང་༔ ནམ་མཁའི་ཀློང་ནས་ཤར་གྱིས་བྱུང་༔ ཁ་ནས་མགྲིན་པའི་ལམ་བརྒྱུད་དེ༔ ནད་དང་ནད་རྒྱུ་བཅས་པ་ཀུན༔ ལྷག་མེད་ཟོས་ཤིང་གྱུར་མིད་བསམ༔ ཕཊ་སྒྲ་གསུམ་བརྗོད་མཉམ་པར་བཞག༔ མཐར་ནི་ལུས་ཀུན་སྦྱིན་པར་བཏང་༔ ལྔ་པ་མཚན་མ་གསང་གནས་སམ༔ རྐང་པ་གཤང་ལམ་ནད་བྱུང་ན༔ བཟང་མོའི་ཕྲིན་ལས་སྤྲུལ་པ་ནི༔ མཁའ་འགྲོ་ལྗང་མོ་ཁྱི་ཡི་གདོང་༔ མཁའ་ནས་ཤར་གྱིས་བྱུང་བ་ཡི༔ མཚན་མ་འམ་ནི་གཤང་ལམ་ནས༔ ཞུགས་ཏེ་ནད་དང་ན་ས་བཅས༔ ཧབ་ཧབ་ཟ་ཞིང་གྱུར་མིད་དེ༔ ལྷག་མ་ཙམ་ཡང་མེད་པར་བསམ༔ དྲུག་པ་གདོན་གསུམ་ནད་བྱུང་ན༔ རླུང་གི་ནད་རིགས་གང་བྱུང་ཡང་༔ ཕོ་གདོན་རྒྱལ་པོས་བྱས་པ་ཡིན༔ དེ་ལ་རྡོ་རྗེ་སྦྲུལ་གདོང་མ༔ མཁྲིས་པའི་ནད་རིགས་གང་བྱུང་ཡང་༔ མོ་གདོན་བསེན་མོས་བྱས་པ་ཡིན༔ དེ་ལ་པདྨ་བྱ་གདོང་མ༔ བད་ཀན་ལས་གྱུར་ནད་བྱུང་ན༔ ཀླུ་གདོན་ས་བདག་བྱས་པ་སྟེ༔ དེ་ལ་བུདྡྷ་ཕག་གདོང་མ༔ བདུན་པ་ལག་གཡས་ནད་བྱུང་ན༔ རྡོ་རྗེ་རིགས་ཀྱི་ཁྱུང་དཀར་པོ༔ ནམ་མཁའ་ལས་ནི་ཤར་གྱིས་བྱུང་༔ ལག་གཡས་ནད་དང་ནད་བདག་བཅས༔ རྩད་ནས་བཅད་དེ་གྱུར་མིད་བསམ༔ ཕཊ་སྒྲ་གསུམ་གྱིས་མཉམ་པར་བཞག༔ བརྒྱད་པ་ལག་གཡོན་ནད་བྱུང་ན༔ རིན་ཆེན་བྱ་ཁྱུང་སེར་པོ་ཡིས༔ ལག་པ་ནད་དང་བཅས་པ་ཀུན༔ ལྷག་མ་མེད་པར་ཟོས་པར་བསམ༔ དེའི་ངང་ཕཊ་བརྗོད་མཉམ་པར་བཞག༔ དགུ་པ་རྐང་གཡས་ན་བ་ན༔ པདྨ་བྱ་ཁྱུང་དམར་པོ་ཡིས༔ རྐང་གཡས་ནད་དང་བཅས་པ་ཀུན༔ ལྷག་མ་མེད་པར་ཟོས་པར་བསམ༔ དེ་ཡི་ངང་ལ་མཉམ་པར་བཞག༔ བཅུ་པ་རྐང་གཡོན་ནད་བྱུང་ན༔ ཀརྨ་བྱ་ཁྱུང་ལྗང་གུ་ཡིས༔ རྐང་པ་ནད་དང་ནད་བདག་བཅས༔ ལྷག་མ་མེད་པར་ཟོས་པར་བསམ༔ ཕཊ་སྒྲ་བརྗོད་ཅིང་མཉམ་པར་བཞག༔ བཅུ་གཅིག་སྡིག་ནག་མགོ་དགུ་ནི༔ ཕྱི་ཡི་ཤ་ལྤགས་ན་བ་ན༔ ནད་དང་ན་ས་བཅས་པ་ཀུན༔ སྡིག་ནག་མགོ་དགུས་ཟོས་པར་བསམ༔ བར་གྱིས་རྩ་རྒྱུས་ན་བ་ལ༔ སྡིག་དཀར་མགོ་དགུས་ཟོས་པར་བསམ༔ ནང་རོལ་གནས་ལྔར་སྔར་བཞིན་དུ་༔ དཀར་མཐིང་དམར་ལྗང་སྡིག་པ་བསྒོམ༔ བཅུ་གཉིས་མེ་འབར་དམིགས་པ་ལ༔ མགོ་ནད་བྱུང་ན་རང་ལུས་ཀྱི༔ ཀླད་དཀྱིལ་འཁོར་ལོ་རྩིབས་བརྒྱད་ལ༔ མེ་འབར་མགོ་བོ་གཞོབ་བསྲེག་ནས༔ ལྷག་མ་རྗེས་ཤུལ་མེད་པར་བསམ༔ ཕཊ་སྒྲ་ལྔ་བརྗོད་མཉམ་པར་བཞག༔ མཐར་ནི་ལུས་ཀྱི་སྦྱིན་པ་བཏང་༔ མགྲིན་པ་མགུལ་སྐོར་ན་བ་ན༔ ཟངས་ཀྱི་པདྨའི་མེ་ལ་བསྲེགས༔ སྙིང་སྐོར་ཁོག་སྟོད་ན་བ་ན༔ རྡོ་རྗེ་སྔོན་པོའི་མེ་ལ་བསྲེགས༔ ལྟེ་སྐོར་ཕྱི་ནང་ན་བ་ན༔ རིན་ཆེན་སེར་པོའི་མེ་ལ་བསྲེགས༔ གསང་སྐོར་ཕྱི་ནང་ན་བ་ན༔ རྒྱ་གྲམ་ལྔ་ཚོམ་མེ་ལ་བསྲེགས༔ རྐང་ལག་རྣམ་བཞི་ན་བ་ལ༔ ལྕགས་འབུ་ནག་པོའི་མེ་ལ་བསྲེགས༔ རེས་འགའ་རིག་པའི་ཡེ་ཤེས་ནི༔ སྙིང་དབུས་དྭངས་མའི་ཐིག་ལེ་ལས༔ ཡེ་ཤེས་རྣམ་ལྔའི་མེ་བྱུང་ནས༔ ནད་དང་ན་ས་བཅས་པའམ༔ ཡང་ན་སྡིག་སྒྲིབ་བག་ཆགས་དང་༔ གདོས་བཅས་ཤ་ཁྲག་ལུས་དང་བཅས༔ མེ་ལྕེའི་ཁ་ན་སྤུ་ཤད་ལྟར༔ རྗེས་ཤུལ་མེད་པར་བསྲེགས་པར་བསམ༔ རིག་པ་ཁྱབ་གདལ་ངང་དུ་བསྲེ༔ འདི་ཉིད་རྒྱུན་གྱི་དམིགས་པའོ༔ རེས་འགའ་རང་གི་ལུས་འདི་ནི༔ ཀེང་རུས་སྐམ་པོ་མེ་འབར་བས༔ ཉེ་འམ་ཐོ་ཕྱི་ཐམས་ཅད་དུ༔ གནས་པའི་ནད་དང་ནད་བདག་བཅས༔ རྗེས་ཤུལ་མེད་པར་བསྲེགས་པར་བསམ༔ རེས་འགའ་ན་སར་བླ་མ་བསྒོམ༔ ཡེ་ཤེས་མེ་འབར་ནད་རྣམས་བསྲེགས༔ རེས་འགའ་ཐུགས་རྗེ་ཆེན་པོ་བསྒོམ༔ ཐུགས་རྗེའི་འོད་ཀྱིས་ནད་བསྲེགས་བསམ༔ རེ་འགའ་འཇམ་དཔལ་གཤིན་རྗེ་གཤེད༔ རེས་འགའ་ཕྱག་ན་རྡོ་རྗེ་བསྒོམ༔ སྐུ་ལས་ཡེ་ཤེས་མེ་འབར་བས༔ ནད་དང་ནད་བདག་ན་ས་བཅས༔ བསྲེགས་ཤིང་སྟོང་པའི་ངང་དུ་བསྲེ༔ རེས་འགའ་ལུས་ཀྱང་མ་ལུས་པ༔ ལྕགས་ཀྱི་རྡོ་རྗེ་མེ་འབར་བསྒོམ༔ ནད་དང་དངོས་པོ་ཐམས་ཅད་བསྲེགས༔ རེས་འགའ་གསེར་རྡོར་མེ་འབར་གསལ༔ རེས་འགའ་ཟངས་ལ་རེས་འགའ་ལྕགས༔ ཡེ་ཤེས་རྣམ་ལྔའི་མེ་བྱུང་བས༔ ཉོན་མོངས་འཁྲུལ་པའི་ནད་རྣམས་བསྲེགས༔ ཡན་ལག་རྣམ་བཞི་ན་བ་ལ༔ ཚ་བ་དུག་གི་མེ་དང་ནི༔ ཟངས་དམར་མེ་འབར་མེ་ལ་བསྲེགས༔ ཉིང་ལག་རྣམ་བཞི་ན་བ་ལ༔ ཧཱུྃ་ཡིག་ནག་པོའི་མེ་ལ་བསྲེགས༔ བཅུ་གསུམ་མིག་གི་ནད་བྱུང་ན༔ བྱ་ཁྱུང་དཀར་པོ་གཅིག་བྱུང་ནས༔ མིག་ནད་མིག་དང་བཅས་པ་ཀུན༔ འུབ་ཀྱིས་རྔུབ་ཤིང་གྱུར་མིད་ནས༔ ལྷག་མ་རྗེས་ཤུལ་མེད་པར་བསམ༔ བཅུ་བཞི་རྣ་བ་འོན་པ་ནི༔ ཡེ་ཤེས་བྱ་ཁྱུང་དཀར་ནག་གཉིས༔ བྱུང་ནས་རྣ་བ་དང་ནི་ནད༔ རྗེས་ཤུལ་མེད་པར་ཟོས་པར་བསམ༔ བཅོ་ལྔ་གདོང་ལ་ནད་བྱུང་ན༔ ཡེ་ཤེས་བྱ་ཁྱུང་དཀར་ནག་གཉིས༔ བྱུང་ནས་སྣ་ནད་རྩ་རྒྱུས་བཅས༔ ལྷག་མ་མེད་པར་ཟོས་པར་བསམ༔ བཅུ་དྲུག་ལྕེ་ལ་ནད་བྱུང་ན༔ ཡེ་ཤེས་བྱ་ཁྱུང་དམར་པོ་ཡིས༔ ལྕེ་ཉིད་ནད་དང་བཅས་པ་ཀུན༔ ལྷག་མ་མེད་པར་ཟོས་པར་བསམ༔ རེས་འགའ་ལྕགས་སྡིག་དེ་བཞིན་ནོ༔ ཕྱི་ནང་དབང་པོ་དོན་སྣོད་ལ༔ དེ་བཞིན་གང་ན་ན་ས་དང་༔ ནད་བཅས་སོ་སོར་དེས་ཟོས་བསམ༔ ཕཊ་ཅེས་དབྱིངས་དང་རིག་པ་བསྲེ༔ དེ་རྗེས་ལུས་ཀྱི་སྦྱིན་པ་བཏང་༔ ཀུན་ལ་ཡིད་བཞིན་ཉམས་ལེན་བྱ༔ བཅུ་བདུན་ཁྱུང་སྡིག་དཀར་ནག་ལ༔ ལུས་ཀྱི་ནང་རོལ་ནད་རྣམས་ལ༔ མཆོག་གསུམ་རྩ་གསུམ་ཐུགས་རྗེའི་མདངས༔ ཡེ་ཤེས་བྱ་ཁྱུང་དཀར་ནག་གཉིས༔ དཀར་པོ་ཁ་ནས་མར་ལ་ཞུགས༔ ནག་པོ་འོག་ནས་ཡར་ལ་ཞུགས༔ དཀར་པོའི་སྤྲུལ་པའི་ཁྱུང་དཀར་གྱིས༔ སྟོད་ཀྱི་ཁོག་པའི་རྩ་རྣམས་ཁྱབ༔ ནག་པོའི་སྤྲུལ་པའི་ཁྱུང་ནག་གིས༔ སྨད་ཀྱི་ཁོག་པའི་རྩ་རྣམས་ཁྱབ༔ ནད་དང་ན་ས་མ་ལུས་པ༔ ཧབ་ཧབ་མྱོག་མྱོག་ཟོས་པ་ཡིས༔ ལྷག་མ་རྡུལ་ཙམ་མེད་པར་བསམ༔ མཐར་ནི་ཁ་འོག་གཉིས་ནས་ཐོན༔ ཆེ་ཞིང་སྟོང་གསུམ་གང་བ་ཡིས༔ བྱ་ཁྱུང་དཀར་ནག་གཉིས་སུ་གྱུར༔ ནད་བདག་ཕོ་མོ་ཐམས་ཅད་ཟོས༔ ཡུམ་ཆེན་མཁའ་ལ་ཡལ་བར་བསམ༔ སྡིག་པ་དཀར་ནག་དེ་བཞིན་ནོ༔ མཉམ་པར་བཞག་མཐར་ལུས་སྦྱིན་བཏང་༔ བཅོ་བརྒྱད་ཁྱུང་སྡིག་ཁྲོ་ཆུང་ལ༔ རང་ཉིད་གསང་བ་ཡེ་ཤེས་མའི༔ ཐུགས་ལས་འོད་ཟེར་དཔག་མེད་ཀྱིས༔ མ་ལུས་རྒྱལ་བ་སྲས་བཅས་མཆོད༔ ཀུན་གྱི་ཐུགས་དམ་རྒྱུད་བསྐུལ་ནས༔ སྤྲུལ་པའི་ཁྱུང་སྡིག་ཁྲོ་ཆུང་ནི༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ རང་གི་བ་སྤུའི་བུ་ག་རུ༔ རྡོ་རྗེའི་ལྗགས་ཀྱི་སྦུ་གུ་བཙུག༔ ཕྱི་ནང་ཟང་ཐལ་ཐལ་མར་ཕུག༔ ལུས་ཀྱི་ཕྱི་ནང་བར་གསུམ་གྱི༔ ན་ཚ་ཟུག་རྔུ་ཐམས་ཅད་ཀུན༔ ལྕགས་བསྲེགས་ལེབ་ཏུ་ཆུ་ཐིག་བཞིན༔ ལྷག་མ་རྗེས་ཤུལ་མ་ལུས་པ༔ འཇིབ་ནས་ཁྲོ་ཆུང་ཁྱུང་སྡིག་རྣམས༔ བདེ་སྟོང་རོ་ཡིས་ཚིམ་བསམ་སྟེ༔ དབྱིངས་ཀྱི་མཁའ་ལ་ཐིམ་པར་བསམ༔ ཕཊ་སྒྲ་གསུམ་བརྗོད་མཉམ་པར་བཞག༔ དེ་ལས་ལངས་ཏེ་ལུས་སྦྱིན་བཏང་༔ བཅུ་དགུ་མཛེ་གྲུམ་ནད་བྱུང་ན༔ རང་ཉིད་དུག་གི་བྱ་ཁྱུང་ནི༔ དུག་གི་རྒྱ་མཚོར་གནས་པ་ལ༔ དུག་གི་མེ་ཏོག་ལ་ཟ་ཞིང༔ ཕྱི་ལ་ཁྱུང་འཕྲོས་ནང་དུ་འདུས༔ མཛེ་གྲུམ་ཀླུ་དང་བཅས་པ་ཀུན༔ སྤྲུལ་པའི་ཁྱུང་གིས་འཇོམས་པ་ཡིས༔ རང་ལུས་ཟང་ཐལ་ཆེན་པོ་ནི༔ ཆོས་དབྱིངས་ཡེ་ཤེས་ངང་དུ་བཤིག༔ ཕཊ་བརྗོད་དབྱིངས་སུ་མཉམ་པར་བརྡལ༔ མཐར་ཡང་ལུས་ཀྱི་སྦྱིན་པ་བཏང་༔ དེ་དག་མ་ནོར་ཚུལ་བཞིན་དུ༔ ཉམས་སུ་ལེན་པའི་གང་ཟག་གི༔ ནད་གདོན་བར་ཆད་ཐམས་ཅད་སེལ༔ སེར་བའི་འཇིགས་པའི་སྤྲིན་བྱུང་དུས༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་ལས་ཧཱུྃ་ཡིག་མེ་འབར་ནི༔ ནམ་མཁའ་ཁྱབ་པར་རབ་སྤྲོས་པས༔ སྤྲིན་རྣམས་ཡེ་ཤེས་མེ་རུ་བསྒྱུར༔ ནམ་མཁའ་ཐམས་ཅད་ཁྲོ་བོས་གང་༔ འགྱུར་བ་མེད་པར་རྒྱས་གདབ་བོ༔ དེས་ནི་སེར་སྤྲིན་ངེས་པར་ཞི༔ གཉིས་པ་སེར་བའི་སྤྲིན་བྱུང་ན༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་ལས་སྤྲུལ་པའི་ཁྲོ་མོ་ཡིས༔ རང་གི་མཐའ་བསྐོར་ཐོ་ཕྱི་དང་༔ ནམ་མཁའ་བར་སྣང་ས་གཞི་ཀུན༔ གོ་མཚམས་མེད་པར་ཁྱབ་པ་ཡིས༔ སེར་བ་སེར་བྱེད་སྡེ་བརྒྱད་དང་༔ སེར་བདག་ཕོ་མོར་བསྡིགས་པ་ཡིས༔ དཔག་ཚད་བརྒྱད་དུ་བསྐྲད་པར་བསམ༔ སྔགས་བརྗོད་སྡིགས་མཛུབ་གཏོད་བྱས་ཏེ༔ སྡེ་བརྒྱད་འཁྲུལ་པ་བཤིག་བསམ་སྟེ༔ ཕཊ་སྒྲ་ཉེར་གཅིག་བརྗོད་པས་ཐུབ༔ ཐོག་གི་དམིགས་པ་ཡང་ཟབ་ལ༔ རྡོ་རྗེ་རྒྱ་གྲམ་འབར་བའི་སྟེང་༔ གནམ་ལྕགས་རྡོ་རྗེ་ཕ་ལམ་ལས༔ གྲུབ་པའི་འཁོར་ལོ་རྩིབས་བརྒྱད་ལྟེར༔ པདྨ་གེ་སར་བཞད་པའི་ཁར༔ ཉི་མ་དང་ནི་ཟླ་གདན་ལ༔ རང་ཉིད་གསང་བ་ཡེ་ཤེས་བསྒོམ༔ མདུན་དུ་ཡེ་ཤེས་མཚོ་རྒྱལ་མ༔ ཕྱོགས་བཞི་རིགས་བཞིའི་མཁའ་འགྲོ་དང་༔ མཚམས་བཞིར་ལས་བཞིའི་མཁའ་འགྲོ་ལ༔ འབུམ་ཕྲག་བརྒྱད་ཀྱིས་མཁའ་འགྲོ་བསྐོར༔ སྤྱི་བོར་ཕག་གདོང་ཝ་ར་ཧི༔ དེ་སྟེང་ཀུན་ཏུ་བཟང་མོ་ལ༔ འབུམ་ཕྲག་མཁའ་འགྲོས་བསྐོར་བར་བསམ༔ ཀུན་ཀྱང་འཇའ་ཚོན་རྣམ་པར་གསལ༔ དེ་དག་ལས་ནི་ཁྲོ་མོ་དང་༔ མཚོན་ཐུན་མེ་རླུང་སེང་གེ་སྤྲོས༔ སྟེང་ཕྱོགས་ནམ་མཁའི་ཁམས་གང་ནས༔ སྡེ་བརྒྱད་འབྱུང་པོ་ཐམས་ཅད་ནི༔ ཁྲོ་ཚོགས་མཚོན་ཐུན་གྱིས་ཕྱིར་བསྐྲད༔ འབྲུག་གློག་སེང་གེའི་ངར་གྱིས་བསྐྲད༔ སེར་བ་མེ་ཡིས་བཞུས་ནས་སུ༔ སྤྲིན་དམར་མེ་ཡི་འཁོར་ལོར་བསྒྱུར༔ རླུང་དབལ་མེ་ལ་ཕོག་ཙམ་གྱིས༔ ལྷ་ཡང་རུང་སྟེ་བསྲེགས་པར་བསམ༔ གད་རྒྱངས་བཅུ་གསུམ་བསྒྲག་པར་བྱ༔ སྟེང་ཕྱོགས་མེ་རི་འབར་བ་ཡི༔ ཞིང་ཁམས་ནས་བཟུང་བདག་ཡན་ཆད༔ གོ་མཚམས་སྤུ་ཙམ་མེད་པ་ཡི༔ ཡེ་ཤེས་ཁྲོ་ཚོགས་ཀྱིས་གང་བསམ༔ དེ་དག་གད་རྒྱངས་སྒྲ་བསྒྲགས་པས༔ ཁམས་གསུམ་འཁོར་བ་འཇིགས་པར་བསྒོམ༔ ཕཊ་སྒྲ་བརྗོད་པས་འབྲུག་གློག་དང་༔ སྡེ་བརྒྱད་བརྒྱལ་ཞིང་འདར་བ་ཡི༔ རྒྱ་མཚོའི་གཏིང་དུ་ལྟུང་བར་བསམ༔ མ་ཡེངས་དབྱིངས་རིག་ཆམ་བརྡལ་གྱིས༔ བྱམས་དང་སྙིང་རྗེའི་གོ་ཆ་ཟུང་༔ འདིས་ནི་འཇིགས་པ་ལས་གྲོལ་འགྱུར༔ དྲག་དམིགས་གབ་པའི་ཡིག་ཆུང་ལྟར༔ རྣལ་འབྱོར་སྲོག་ལ་བབས་དུས་སུ༔ གབ་ཡིག་བཞིན་དུ་དྲག་དམིགས་བྱ༔ དེ་ལས་མིན་ནོ་དམ་ཚིག་འཆོལ༔ འགགས་གྲིའི་ཐག་པ་གཅོད་པ་ལ༔ རང་ཉིད་གསང་བ་ཡེ་ཤེས་མའི༔ སྐྱེ་ཤི་གཅོད་པའི་གྲི་གུག་ལ༔ བདེ་གཤེགས་རྒྱལ་བའི་མཐུ་སྟོབས་བསྟིམ༔ དེ་ནས་ནམ་མཁར་ཕྱར་ཙམ་གྱིས༔ ཁམས་གསུམ་འཁོར་བའི་རཀྟ་བསྡུས༔ གཡོན་པས་བྷནྡྷར་བླུག་བྱས་ནས༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ རིག་པ་རྗེན་པར་རིག་པ་ཡིས༔ ལན་གསུམ་རོལ་ཏེ་ལྷག་མེད་བཏང་༔ མི་ལྤགས་གཡང་གཞི་ལན་གསུམ་བརྡབ༔ དང་པོས་གཏི་མུག་ཆོས་དབྱིངས་ངང་༔ གཉིས་པས་འདོད་ཆགས་སོར་རྟོག་ངང་༔ གསུམ་པས་ཞེ་སྡང་མེ་ལོང་ངང་༔ ཡང་ཅིག་བརྡབ་པས་ཉོན་མོངས་པ༔ བརྒྱད་ཁྲི་བཞི་སྟོང་མ་ལུས་པ༔ ངོ་བོ་སྐྱེ་མེད་ཀློང་དུ་བཤིག༔ དེ་ནས་གྲི་གུག་ལན་གསུམ་ཕྱར༔ དང་པོས་གཟུགས་མེད་ཁམས་ཀྱི་ནི༔ འཁོར་བར་འབྲེལ་བའི་འབྲེལ་ཐག་བཅད༔ གཉིས་པས་གཟུགས་ཁམས་འབྲེལ་ཐག་བཅད༔ གསུམ་པས་འདོད་ཁམས་འཁོར་བ་དང་༔ འབྲེལ་བའི་འབྲེལ་ཐག་རྦད་ཀྱིས་བཅད༔ དེ་ནས་རང་དང་ཚེ་འདས་དང་༔ གནོད་པའི་བགེགས་ཀྱི་བསམ་རྒྱུད་གསུམ༔ ཕཊ་ཅེས་དང་པོས་སྤྲུལ་སྐུའི་མཁའ༔ གཉིས་པས་ལོངས་སྤྱོད་རྫོགས་སྐུའི་མཁའ༔ གསུམ་པས་ཆོས་སྐུའི་ཀློང་དུ་བསྲེ༔ ཁྱབ་གདལ་ངང་ལ་མཉམ་པར་བཞག༔ དེ་ལས་ལངས་ཏེ་རང་དང་ནི༔ ཚེ་འདས་ཕུང་པོ་དབྱེར་མེད་དུ༔ མཆོད་སྦྱིན་ལ་ནི་བརྩོན་པར་བྱ༔ ཉལ་བའི་ཚེ་ཡང་འདི་ལྟར་བསྒོམ༔ ལུས་ནི་བདུད་དང་བགེགས་ལ་བྱིན༔ སེམས་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ རྒྱལ་བའི་སྤྱན་གྱིས་མི་གཟིགས་བསམ༔ དེས་དང་དབྱིངས་རིག་བསྲེས་ཏེ་ཉལ༔ གཞན་ཡང་མཐའ་གཏད་བྱེད་པའི་དུས༔ རང་དང་ནད་པའི་ལུས་སེམས་བསྲེས༔ རིག་པ་ཡེ་ཤེས་ཀྱི་གདངས་ཀྱིས༔ རྐེ་ལ་ཐག་པ་བཏགས་ནས་སུ༔ གཉན་ས་རྟེན་ལ་བཏགས་བྱས་ནས༔ གདོན་གྱིས་མིང་ནས་བཟུང་བྱས་ཏེ༔ འདིར་ཤོག་འདི་ལོང་སྔར་བཞིན་དུ༔ དམྱལ་བའི་གནས་སུ་ཁྲིད་སོང་སོགས༔ བྱས་ལ་དབྱིངས་རིག་དབྱེར་མེད་བསྲེ༔ མཐར་ཡང་ལུས་གྱི་སྦྱིན་པ་བཏང་༔ གཉན་ས་གཞན་ལ་སྤོ་བའི་ཚེ༔ རང་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་བསྒོམ༔ རྡོ་འམ་ཤིང་ལ་ཡི་གེ་དྲུག་པ་བྲིས༔ རབ་གནས་བྱ་ཞིང་བཀྲ་ཤིས་སྨོན་ལམ་བརྗོད༔ གཉིས་སུ་འཛིན་པའི་བགེགས་རིགས་ཐམས་ཅད་ལ༔ འདི་ལ་ཕྱག་བསྐོར་མཆོད་པ་གྱིས་ཤིག་བསྒོས༔ དེ་ནས་རང་ཉིད་ཡར་ལངས་འདི་ལྟར་བསྒོམ༔ ལུས་ཀྱི་ཤ་ཁྲག་ཕུང་པོ་མ་ལུས་པ༔ གཉན་ས་དེ་ལ་ཐར་གྱིས་ཞིག་པ་ཡིས༔ ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་དང་༔ གང་ལ་གང་མཁོའི་འདོད་ཡོན་རྒྱ་མཚོར་གྱུར༔ རང་ལུས་ཀེང་རུས་སྐྱ་ཁྲོལ་གྱུར་པ་ཡིས༔ ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ་ཧེ་ཧེ་བྷྱོ་བྷྱོ་ཕཊ༔ གད་རྒྱངས་བཅུ་གསུམ་བསྒྲགས་ནས་འགྲོ་བར་བྱ༔ དེ་ནས་ཕར་ལ་ཅུང་ཟད་ཕྱིན༔ དེ་རུ་ཐོ་གཅིག་བརྩིགས་ནས་སུ༔ ཀྭའི་ཀྭའི་དྲག་ཅིང་ཟིལ་གནོན་པ༔ དུར་ཁྲོད་མགོན་པོ་ཀེང་ཆེན་གྱིས༔ ང་ཡི་གནས་པོ་འདི་ཉིད་བསྲུངས༔ གཞན་གྱི་འདྲེ་གདོན་མ་བཙུད་ཅིག༔ ཡུལ་འདིའི་གཞི་བདག་མཐུ་རྩལ་ཅན༔ ང་ཡི་གནས་པོ་འདི་ཉིད་ལ༔ སུས་ཀྱང་གནོད་པ་མ་བྱེད་ཅིག༔ ཞེས་ཟེར་ལུས་ཀྱི་སྦྱིན་པ་བཏང་༔ དེ་ནས་ཐོ་དེ་ཤ་ཡི་རི་བོའི་རྩེས༔ སྟེང་ཕྱོགས་མེ་རི་འབར་བ་ཡི༔ ཞིང་ཁམས་ཡན་ཆད་ཁྱབ་ཅིང་གང་༔ རང་དང་བགེགས་མཚམས་དེས་བཅད་བསམ༔ དེ་ནས་ཟིལ་གནོན་སྔོན་ལ་བཏང་༔ ཕྱི་ལ་ཕྱི་མིག་མི་བལྟ་བར༔ གསང་བ་མཁའ་འགྲོ་བཅུ་སྤྲུལ་ནས༔ གཅིག་ནི་ནམ་མཁའི་དབྱིངས་ནས་འགྲོ༔ གཅིག་ནི་ས་ཡི་འོག་ནས་འགྲོ༔ བརྒྱད་པོ་ཕྱོགས་བཞི་མཚམས་བཞིར་འགྲོ༔ འགྲོ་ལུགས་དམིགས་པ་སྔར་བཞིན་ནོ༔ དེ་མིན་རང་ཁྱིམ་ལ་འགྲོ་ལ༔ ལུས་ཀྱི་སྦྱིན་པ་བཏང་བའི་མཐར༔ རིག་པའི་རིག་རྩལ་རང་མདངས་ལས༔ འབུམ་ལྔ་མཁའ་འགྲོའི་བྲོ་ར་བཙུག༔ སྣང་སྲིད་གར་གྱིས་ཁྱབ་པ་ཡི༔ ཀློང་ནས་རང་གི་རིག་པ་ནི༔ ཐིག་ལེ་མཐིང་ནག་ཉུང་འབྲུ་ཙམ༔ དེའི་ནང་རང་རིག་རྡོ་རྗེ་ནི༔ སྤུ་ཡི་རྩེ་མོ་ཙམ་དུ་གྱུར༔ ཡེ་ཤེས་ལྔ་ཡི་འོད་ཟེར་ལམ༔ བཟང་མོའི་ཀློང་ནས་བརྐྱངས་པ་ལ༔ བརྒྱུད་དེ་ཧྲིལ་གྱིས་འདྲིལ་བསམ་འགྲོ༔ ཤུལ་དུ་དཔའ་བོ་མཁའ་འགྲོ་ཡིས༔ བྲོ་ར་གར་འཆམས་བྱེད་པ་ཡང་༔ དཀར་པོ་ཐམས་ཅད་ཤར་དུ་གྱེས༔ མཐིང་ཀ་སྟེང་ལ་སེར་པོ་ལྷོ༔ དམར་པོ་ནུབ་ལ་ལྗང་གུ་བྱང་༔ ཞིང་ཁམས་ལྔ་ལ་སོང་བ་ཡིས༔ སངས་རྒྱས་ལྔ་ལ་དབང་དང་ལུང་༔ གདམས་པའི་མན་ངག་ཐམས་ཅད་ཞུས༔ དཔའ་བོ་མཁའ་འགྲོ་སྐུ་ལ་བསྡུས༔ དེ་ནས་ཀུན་བཟང་ཀློང་དུ་འདུས༔ ཁྱབ་བརྡལ་ངང་ལ་ཡུན་ཅིག་བཞག༔ སྐད་ཅིག་མཁའ་ལ་གློག་ལྟར་བྱུང་༔ རང་དང་དབྱེར་མེད་རོ་གཅིག་རོལ༔ དེ་ནི་ཕྱི་ནོན་དམིགས་པ་མཆོག༔ ས་མ་ཡ༔ གར་ཕྱིན་ལམ་གྱི་དམིགས་པ་ནི༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ ཆེ་ཞིང་བརྗིད་པའི་སྐུར་བསྒོམ་མོ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་མ་ལུས་ཟིལ་གནོན་བསྒོམ༔ རིག་པ་སེམས་སུ་མ་ཡེངས་པར༔ ལྟ་བའི་གདིང་དང་ལྡན་པར་བྱ༔ སྣང་སྲིད་རང་སེམས་ངོ་བོར་རིག༔ ཆུ་བྲག་ས་རྡོ་གངས་མཚོ་གྲོང་༔ གང་མཐོང་བ་ལ་གནས་པ་ཡི༔ ལྷ་འདྲེའི་བསམ་རྒྱུད་རང་སེམས་དང་༔ ཡུམ་ཆེན་ཐུགས་གསུམ་དབྱེར་མེད་དུ༔ བསྲེས་ལ་ཕཊ་ཀྱིས་ཁྱབ་གདལ་ལོ༔ མཐོང་ཚད་ལ་ཡང་དེ་ལྟར་བྱ༔ དུས་རྣམས་རྟག་ཏུ་དམིགས་པའོ༔ རིག་པ་བྲེད་ཡེངས་བུན་དུས་ཀྱང་༔ འདི་ལྟར་བསྒོམ་པ་མཆོག་ཏུ་གཅེས༔ འདི་ལ་གོམས་འདྲིས་ཆེར་སོང་ན༔ ཚེ་འདིར་འཇིགས་པ་ཀུན་ལས་གྲོལ༔ ཕྱི་མ་བར་དོ་དང་པོར་གྲོལ༔ རྨི་ལམ་ལ་ཡང་ཡུམ་ཀློང་མཉམ༔ རྣལ་འབྱོར་གཉན་ཁྲོད་འགྲིམ་པ་ལ༔ ཤེས་པ་རྣམ་བཞིའི་མན་ངག་དགོས༔ དང་པོ་ཉེ་རུ་ཤེས་པ་ལ༔ ལྷ་འདྲེ་ཕ་མར་ཤེས་པ་དང་༔ ནད་རྣམས་དྲིན་དུ་ཤེས་པ་ནི༔ ཉེ་བར་ཤེས་པ་མཆོག་གཉིས་སོ༔ གཉིས་པ་ཕན་པར་ཤེས་པ་ནི༔ ལྷ་འདྲེ་སྨན་པར་ཤེས་པ་དང༔ ནད་རྣམས་སྨན་དུ་ཤེས་པ་དང་༔ ཟུག་རྔུ་སྒྲིབ་པ་འབྱིན་ཤེས་པ༔ འདི་ནི་ཕན་པར་ཤེས་པ་གསུམ༔ གསུམ་པ་རྩ་བར་ཤེས་པ་ནི༔ ལྷ་འདྲེ་བླ་མར་ཤེས་པ་དང་༔ ནད་དེ་དམ་པའི་ཆོས་སུ་ཤེས༔ མྱོང་དུས་བྱིན་རླབས་ཞུགས་པར་ཤེས༔ དེ་ནི་རྩ་བར་ཤེས་པ་མཆོག༔ བཞི་པ་མཆོག་ཏུ་ཤེས་པ་ནི༔ ལྷ་འདྲེ་ལྷ་རུ་ཤེས་པ་དང་༔ ནད་ནི་དངོས་གྲུབ་མཆོག་ཏུ་ཤེས༔ མྱོངས་དུས་ཡེ་ཤེས་ཉམས་མྱོང་བསམ༔ དེ་དག་མན་ངག་ཡིད་བཞིན་ནོར༔ དེ་ནས་བླ་མེད་ཤེས་པ་ནི༔ ལྷ་འདྲེ་རང་གི་སེམས་སུ་ཤེས༔ ནད་ནི་བདེ་སྟོང་ཡེ་ཤེས་ངང་༔ ཟུག་རྔུ་ཉམས་སུ་ཤེས་པར་བྱ༔ ནད་ལ་དགའ་བ་བསྒོམས་པར་བྱ༔ སྡུག་བསྔལ་ལ་ཡང་དགའ་བ་བསྒོམ༔ ཕན་བྱེད་ཟས་ནོར་དུག་ཏུ་ཤེས༔ བླ་མེད་ཤེས་པ་རྣམ་དྲུག་གོ༔ མ་ཡེངས་མ་འཁྲུལ་སྐལ་ལྡན་རྣམས༔ རྟག་ཏུ་དམ་པའི་ཆོས་ལ་འབད༔ དུས་གཅིག་ཆོས་གཉིས་འགྲུབ་པ་མིན༔ ཚེ་འདིའི་དོན་གཉེར་སྐྱུར་ལ་ཐོངས༔ བསྒྲུབ་ན་བྱ་བ་ཟིན་དུས་མེད༔ སྐྱེས་ནས་ད་བར་ཚེ་ཟད་བསྟུངས༔ བསམ་མནོ་ཐོང་དང་སྐད་ཅིག་གི༔ སྡོད་པའི་སྣང་བ་མ་བྱུང་ན༔ ཕྱིར་ཡང་དེ་ལྟར་མི་འབྱུང་བས༔ མི་ཚེ་དམ་པའི་ཆོས་ལ་ཟད༔ འཁོར་གྲོགས་ཉེ་འབྲེལ་རྩ་ལག་རྣམས༔ ཚེ་འདི་ཕན་ཆད་མི་ཤེས་ཤིང་༔ རྒོད་ཁྱུ་ཕྱོགས་ལ་གྱེས་པ་ལྟ༔ འབྲལ་ལས་འགྲོགས་པའི་དབང་མེད་ན༔ འཁོར་བར་རྒྱབ་ཀྱིས་ཕྱོགས་པར་གྱིས༔ ངེས་མེད་རི་ལ་བཙན་ས་ཟུངས༔ རང་མགོ་རང་གིས་འདོན་ཐབས་གྱིས༔ དེ་ལས་སུས་ཀྱང་སྐྱོབ་མཁན་མེད༔ ཕྱོགས་མེད་འགྲོ་དོན་མཛད་པར་གྱིས༔ ཚེ་འདིར་ཆེ་བཙན་གྲགས་ཆེ་ཡང༔ ཕྱི་མར་ངོ་མཐོ་བྱེད་པ་མེད༔ ཤེས་ན་རང་དོན་རང་གིས་བསྒྲུབས༔ ཚེ་འདིར་དོན་གཉེར་སྐྱུར་ལ་ཐོངས༔ རང་བློ་བདེ་ན་དེས་ཆོག་གོ༔ དམིགས་པ་གང་དག་གང་ལ་ཡང་༔ མཐར་ནི་ལུས་སྦྱིན་བཏང་བ་དང་༔ སྣང་སྲིད་འཁོར་འདས་སྣོད་དང་བཅུད༔ རྐྱེན་སྣང་ལྷ་འདྲེ་མ་ལུས་པ༔ རང་གི་སེམས་སུ་ཤེས་པ་ཡི༔ དྲན་རྟོག་འཁྲུལ་འཁོར་ཐམས་ཅད་ཀུན༔ ཕཊ་ཅེས་དབྱིངས་སུ་བསྲེ་ལ་བཞག༔ ཁྱབ་གདལ་ངང་ལ་ཆམ་བརྡལ་བཏང་༔ ས་མ་ཡ༔ རིག་པ་འདི་ལ་འཁོར་འདས་རྫོགས༔ ཞིང་ཁམས་ལྷ་དང་བཀོད་པ་ཡང་༔ རིག་པ་རིག་རྩལ་རིག་མདངས་ལ༔ སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་རྫོགས༔ གཞི་ལས་ཀློང་ཤར་རང་བྱུང་བའི༔ སྣང་སྲིད་གཞིར་བཞེངས་ཆེན་པོ་ཉིད༔ ལྷུན་གྲུབ་རྫོགས་པའི་རྫོགས་པ་ཆེ༔ ཆོས་ཀུན་གྲོལ་བ་འདི་ཀའོ༔ གོམས་པ་ཀློང་དུ་མ་གྱུར་ན༔ ང་རྒྱལ་ངར་འཛིན་ཞེ་སྡང་གི༔ དམིགས་པ་རང་འཁྲུལ་བགེགས་སུ་འཁྲུལ༔ གོམས་པ་ཀློང་དུ་གྱུར་བར་མཛོད༔ བདེ་སྡུག་མ་ལུས་ཐམས་ཅད་ཀུན༔ མྱོང་མཁན་སེམས་ལས་གཞན་མེད་དེ༔ ཕྱིར་ཡང་རྣམ་པར་ཤེས་པ་ཉིད༔ ལས་ཀྱི་རྗེས་སུ་འབྲང་བ་ཡི༔ དཀར་ནག་བྱེད་མྱོང་མཁན་པོ་རུ༔ འདུག་ན་འདི་ཉིད་གྲོལ་དགོས་ཏེ༔ འདི་མ་གྲོལ་བའི་ཆོས་གང་ཡང་༔ མངོན་སངས་རྒྱས་པའི་རྒྱུར་མི་འགྲོ༔ དེས་ན་རང་སེམས་གྲོལ་བར་གྱིས༔ བྱང་ཆུབ་སེམས་ཀྱི་ཁང་བཟང་ཕུབ༔ བརྩོན་འགྲུས་ཤུགས་ལྡན་རྟ་ལ་ཞོན༔ བཟོད་པའི་གོ་ཆ་སྲ་བརྟན་གྱོན༔ ཤེས་རབ་རྣོ་བའི་མཚོན་ཐོགས་ལ༔ ཉོན་མོངས་དགྲ་བགེགས་འདུལ་བར་གྱིས༔ རིག་པའི་ཁྱེའུ་ཆུང་བུ་རུ་འཚོས༔ འཕགས་པའི་ནོར་བདུན་ཕྱུགས་ལ་སྐྱོངས༔ དེས་དང་སྦྱར་བའི་ཚིག་རྒྱན་ནི༔ བདུན་པོ་ལས་ཅན་བུ་ལ་གདམས༔ པདྨ་བདག་གི་སྙིང་ཐིག་ནི༔ གསང་བ་རྒྱ་ཡིས་བཏབ་ནས་སུ༔ མ་འོངས་རྗེས་འཇུག་དོན་ལ་བཞག༔ མཁའ་འགྲོ་ཀློང་གི་མཛོད་དུ་སྦས༔ ཆོས་སྐྱོང་སྲུང་མར་གཉེར་གཏད་བྱས༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ འདི་ཉིད་ཉམས་སུ་ལེན་པ་ཡིས༔ མཐའ་རུ་ཕྱིན་པའི་གང་ཟག་རྣམས༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པདྨ་ང་ཡིས་བསླུས་པ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་གསང་མཛོད་ཡི་གེར་བྲིས༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གཅོད་པ་མང་པོར་གྲགས་པ་མང་མོད་ཀྱང་༔ འདི་བཞིན་ཉམས་སུ་ལེན་པ་དཀོན་པར་འགྱུར༔ དེ་དུས་བསྟན་པའི་གསོས་སུ་འདི་གྱུར་ཅིག༔ བཀའ་འདི་མ་མོ་བཅུ་གཉིས་ཉེར་བརྒྱད་དང་༔ གནོད་སྦྱིན་ཞིང་སྐྱོང་བཙན་དམར་བཅས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ དམ་ཉམས་ལྟ་ལོག་ལོག་སྤྱོད་སྒྲོ་སྐུར་མཁན༔ བསྟན་བཤིག་གད་མོ་མཁན་རྣམས་ཐམས་ཅད་ཀུན༔ མ་བཞག་མ་འགྱངས་དབང་པོའི་མེ་ཏོག་སྣུབས༔ སྙིང་ཁྲག་ཧུབ་རོལ་སྐྱེ་རྒྱུད་རྩད་ནས་ཆོད༔ བཛྲ་ས་མ་ཡ༔ དམ་ལྡན་རྣམས་ལ་མ་ཡི་བུ་ལྟར་སྐྱོངས༔ མཐུན་རྐྱེན་འདོད་དོན་བསྒྲུབ་ལ་བར་ཆད་སོལ༔ ཟབ་མོའི་གཅོད་རྒྱུད་ཨ་ཏི་ཉེ་ལམ་མཁའ་འགྲོའི་སྙིང་གི་ཡང་ཏིག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གླིང་པ་གར་དབང་བདུད་འཇོམས་རྡོ་རྗེ་ཁྲག་འཐུང་རོལ་པ་རྩལ་ལྷ་བཙུན་འོད་གསལ་སྙིང་པོ་སྔགས་ནག་ཧཱུྃ་ཆེན་ཀཱ་ར་ཀློང་ཆེན་མི་འགྱུར་རྡོ་རྗེ་སོགས་མང་པོར་གྲགས་ཤིང་དོན་ལ་ཀུན་གྱིས་སྤངས་པའི་མ་ནུས་སྤྲང་སྨྱོན་ཟོབ་རྫུན་མཁན་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོག་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་སྟེ་མཐར་སྲིན་ཡུལ་གཉིས་པ་མགོ་ལོག་གི་ཡུལ་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་གནས་དབེན་པའི་ཁྲོད་དུ་དག་པར་ཕབ་པའི་ཡེ་གེ་པ་ནི་མཚོ་རྒྱལ་མཁའ་འགྲོའི་བྱིན་རླབས་ཀྱི་སྤྲུལ་པ་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་ཞེས་བྱའོ། །དགེ་བས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། ཤུབྷཾ། ཛ་ཡནྟུ།། །།