ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་ཆ་ལག་གསོལ་འདེབས་ཀ་དག་ལམ་ཟབ༔

From Dudjom Wiki
TTDL-ZABTER-07-JA-009
Wylie title zab gsang mkha' 'gro'i snying thig las: thugs sgrub ye shes nyi ma'i cha lag gsol 'debs ka dag lam zab: TTDL-ZABTER-07-JA-009.pdf
Location bdud 'joms gling pa zab gter
Volume 7, Text 9, Pages 195-199 (Folios 1a1 to 3a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub ye shes nyi ma'i cha lag gsol 'debs ka dag lam zab. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 195-199. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol 'debs   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཡང་མ་ནུས་སྤྲང་འཁྱམས་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གཏོན་ཏེ་མི་ལོ་གསུམ་གྱི་བར་དུ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་དབེན་པའི་གནས་མཆོག་མཁའ་འགྲོའི་འདུ་གནས་འབྲོས་ཕུག་ཏུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang ma nus sprang 'khyams gling pa bdud 'joms rdo rjes gser smad rnga rol stag rtse'i g.yas logs rdo rje brag nas gton te mi lo gsum gyi bar du bka' rgyas btab nas mthar smar stod dben pa'i gnas mchog mkha' 'gro'i 'du gnas 'bros phug tu dag par phab pa'i yi ge pa ni hor gyi ban+de phun tshogs bkra shis so/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་ཆ་ལག་གསོལ་འདེབས་ཀ་དག་ལམ་ཟབ་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ ལྷུན་གྲུབ་གདོད་མའི་ཀློང་ལ་ཕྱག་འཚལ་ལོ༔ (བརྡ་ཡིག་) མ་འོངས་དུས་ཀྱི་གང་ཟག་རྣམས༔ དད་གུས་ཆུང་ཞིང་སྙིང་རྗེ་ཞན༔ ཚེ་འདིར་ཁེ་དྲག་ལོ་འདོད་དང་༔ དངོས་གྲུབ་མཚན་མར་རེ་སེམས་དང་༔ གསང་བའི་སྒོ་འཆལ་ངོམ་ཆོས་བྱེད༔ དེ་ཕྱིར་གྲུབ་རྟགས་ཐོན་མཁན་མེད༔ གལ་སྲིད་ཐོན་ཀྱང་བདུད་ལ་འཆོར༔ ལོག་ལམ་དེ་ལས་བཟློག་པ་དང་༔ ཡང་དག་ལམ་དུ་འཛུད་པའི་ཕྱིར༔ བླ་མ་བརྒྱུད་པའི་མཚན་བཟུང་སྟེ༔ མོས་གུས་གདུང་བས་གསོལ་བ་འདེབས༔ ངག་གིས་བརྗོད་བཞིན་ཡིད་ལ་བྱ༔ དེས་ནི་བྱང་ཆུབ་ངེས་ཐོབ་འགྱུར༔ ཨེ་མ་ཧོཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན༔ རྒྱལ་ཀུན་སྤྱི་མྱེས་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཀ་དག་ཆོས་སྐུའི་ཀློང་༔ གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་རློབས༔ གཞོམ་བྲལ་རྡོ་རྗེ་འབར་བའི་གཞལ་ཡས་ན༔ རྡོ་རྗེ་སེམས་དཔའ་ལག་ན་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་རང་བཞིན་རྣམ་དག་ཀློང་༔ རང་གྲོལ་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ན༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཀ་དག་ལྷུན་གྲུབ་ཀློང་༔ གཞོན་ནུ་བུམ་སྐུར་གྲོལ་བར་བྱིན་གྱིས་རློབས༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ན༔ རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་གཤོག་རྒོད་རྩལ༔ གསོལ་བ་འདེབས་སོ་ཕྱོགས་མེད་ཐུགས་རྗེའི་ངང༔ འགྲོ་ཀུན་བདེ་ལ་འགོད་པར་བྱིན་གྱིས་རློབས༔ རང་སྣང་རྣམ་དག་བདེ་ཆེན་གཞལ་ཡས་ན༔ སྤྲུལ་པའི་སྐྱེས་མཆོག་རྗེ་འབངས་ཉེར་ལྔ་ལ༔ གསོལ་བ་འདེབས་སོ་ཆོས་ཉིད་འོད་གསལ་ཀློང་༔ རང་གྲོལ་རང་དབང་ཐོབ་པར་བྱིན་གྱིས་རློབས༔ ༈ཟབ་གསང་རྫོགས་པ་ཆེན་པོའི་གཞལ་ཡས་ན༔ ཟབ་གཏེར་མངའ་བདག་བདུད་འཇོམས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བློ་བྲལ་ཨ་ཏིའི་ཀློང་༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཅེས་པའི་ཤྭ་ལོ་ཀ་འདི་མངྒའི་མིང་གིས་སོ།།སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན༔ རིགས་ཀུན་བདག་ཉིད་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་སྐུ་གསུམ་ལྷུན་གྲུབ་ཀློང་༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ འོག་མིན་ཆོས་དབྱིངས་གདལ་ཁྱབ་གཞལ་ཡས་ན༔ ཆོས་སྐུ་ཡུམ་ཆེན་ཀུན་ཏུ་བཟང་མོ་ལ༔ གསོལ་བ་འདེབས་སོ་གནས་ལུགས་རང་གཞིའི་ཞལ༔ སྐྱེ་མེད་ཀ་དག་རྟོགས་པར་བྱིན་གྱིས་རློབས༔ ལྷུན་གྲུབ་གསང་ཆེན་རོལ་པའི་དུར་ཁྲོད་ན༔ མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་ལ༔ གསོལ་བ་འདེབས་སོ་རང་གཞིར་རང་གྲོལ་གྱིས༔ རང་སྣང་ལོངས་སྐུར་འཕོ་བར་བྱིན་གྱིས་རློབས༔ རྔ་ཡབ་རིག་འཛིན་མཁའ་འགྲོའི་དལ་དབུས་སུ༔ སྤྲུལ་སྐུའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཕྱོགས་མེད་ཐུགས་རྗེ་ཡིས༔ གང་འདུལ་འགྲོ་དོན་ནུས་པར་བྱིན་གྱིས་རློབས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ ཞེ་སྡང་རང་གྲོལ་རྡོ་རྗེ་མཁའ་འགྲོ་ལ༔ གསོལ་བ་འདེབས་སོ་ཞེ་སྡང་རང་གྲོལ་ངང་༔ མེ་ལོང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ ང་རྒྱལ་རང་གྲོལ་རིན་ཆེན་མཁའ་འགྲོ་ལ༔ གསོལ་བ་འདེབས་སོ་ང་རྒྱལ་རང་གྲོལ་ངང་༔ མཉམ་ཉིད་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ འདོད་ཆགས་རང་གྲོལ་པདྨ་མཁའ་འགྲོ་ལ༔ གསོལ་བ་འདེབས་སོ་འདོད་ཆགས་རང་གྲོལ་ངང་༔ སོར་རྟོག་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ ཕྲག་དོག་རང་གྲོལ་ཀརྨ་མཁའ་འགྲོ་ལ༔ གསོལ་བ་འདེབས་སོ་ཕྲག་དོག་རང་གྲོལ་ངང་༔ བྱ་གྲུབ་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ སྒོ་བཞིར་ཕྲིན་ལས་ལྷུན་གྲུབ་འོད་ཀློང་དུ༔ ཕྲིན་ལས་བཞི་བསྒྲུབ་ཡེ་ཤེས་སྒོ་མ་བཞིར༔ གསོལ་བ་འདེབས་སོ་ཚད་མེད་རྣམ་བཞི་ཡིས༔ འཁོར་བ་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས༔ གཞན་ཡང་དུར་ཁྲོད་གནས་ཡུལ་མཁའ་སྤྱོད་དུ༔ ཡེ་ཤེས་ལས་གྲུབ་མཁའ་འགྲོ་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་ཚེ་སྒྲུབ་མཐར་སོན་ནས༔ འཕོ་ཆེན་བུམ་སྐུར་གྲོལ་བར་བྱིན་གྱིས་རློབས༔ རང་བྱུང་རྣམ་པར་དག་པའི་དཀྱིལ་འཁོར་ནས༔ སྔགས་སྲུང་རྒྱལ་མོ་ཨེ་ཀ་ཙ་ཏི་དང་༔ སྔགས་བདག་སྲིད་པའི་རྒྱལ་མོ་མ་ཚོགས་དང་༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ལ་སོགས་པ༔ བསྟན་བསྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ གསོལ་བ་འདེབས་སོ་བར་ཆད་ཀུན་སེལ་ཞིང་༔ བསྟན་དགྲ་མ་ལུས་འཇོམས་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ སྐྱེ་འཆི་བསྒྲེས་རྒུད་བྲལ་བར་བྱིན་གྱིས་རློབས༔ ཉོན་མོངས་ཡེ་ཤེས་ངང་དུ་གྲོལ་བ་དང་༔ ཀ་དག་དགོངས་ཀློང་གྲོལ་བར་བྱིན་གྱིས་རློབས༔ སྒོ་གསུམ་མི་དགེའི་ལས་སྒྲིབ་ཀུན་དག་ནས༔ ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་ནས་ཀྱང་༔ རང་རིག་ཆོས་སྐུར་སྨིན་པར་བྱིན་གྱིས་རློབས༔ སྒྲུབ་དང་དཀྱིལ་འཁོར་ཀུན་ལ་དབང་འབྱོར་ཏེ༔ རང་ཉིད་ཡི་དམ་ལྷ་སྐུར་སྨིན་གྲོལ་ཤོག༔ རང་སྣང་དབང་བསྡུས་གཞན་སྣང་ཟིལ་གནོན་ཅིང་༔ སྡེ་བརྒྱད་བྲན་དུ་འཁོར་བར་བྱིན་གྱིས་རློབས༔ ཚེ་འདིར་མཆོག་གི་དངོས་གྲུབ་ཀུན་ཐོབ་ཅིང་༔ དོན་གཉིས་ལྷུན་གྲུབ་མཐུ་ལ་དབང་ཐོབ་སྟེ༔ ཀུན་བཟང་དགོངས་ཀློང་གྲོལ་བར་བྱིན་གྱིས་རློངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལྟར་མོས་གུས་གསོལ་བ་བཏབ་པའི་མཐར༔ བརྩོན་འགྲུས་དྲག་པོས་བསྒྲུབ་ལ་འབུང་བ་ཡིས༔ གང་ཟག་འདི་ནི་ཚེ་འདིར་འདིས་གྲོལ་གྱུར༔ བཀའ་འདི་མ་མོ་སྔགས་སྲུང་རྒྱ་མཚོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ལ་སོགས་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ལྟ་ལོག་ངན་སྨྲ་མཁན་གྱི་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ཞེས་པ་འདི་ཡང་མ་ནུས་སྤྲང་འཁྱམས་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གཏོན་ཏེ་མི་ལོ་གསུམ་གྱི་བར་དུ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་དབེན་པའི་གནས་མཆོག་མཁའ་འགྲོའི་འདུ་གནས་འབྲོས་ཕུག་ཏུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། །།