ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་མའི་ནང་སྒྲུབ་སེང་གེའི་གདོང་ཅན་གྱི་ཕྱག་རྒྱ་འཁོར་བའི་གཡུལ་ཟློག་རྡོ་རྗེའི་རྒྱ་ཅན༔

From Dudjom Wiki
TTDL-ZABTER-07-JA-031
Wylie title zab gsang mkha' 'gro'i snying thig las: mkha' 'gro gsang ba ye shes ma'i nang sgrub seng ge'i gdong can gyi phyag rgya 'khor ba'i g.yul zlog rdo rje'i rgya can: TTDL-ZABTER-07-JA-031.pdf
Location bdud 'joms gling pa zab gter
Volume 7, Text 31, Pages 417-451 (Folios 1a1 to 18a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las mkha' 'gro gsang ba ye shes ma'i nang sgrub seng ge'i gdong can gyi phyag rgya 'khor ba'i g.yul zlog rdo rje'i rgya can. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 417-451. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms mkha' 'gro seng gdong
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཡང་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་མགུལ་ནས་ལུག་ལོའི་དགུན་འབྲིང་པོའི་ཉེར་ལྔའི་ཉིན་རིག་འཛིན་བདུད་འཇོམས་རྡོ་རྗེས་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་ཏེ་གཏེར་ནས་བཏོན་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་སྟེ།མཐར་རྟེན་འབྲེལ་དུས་ལ་བབས་ཚེ་རང་སློབ་དམ་པ་ཀློང་ཆེན་ཞེས་པ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ཡང་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའི་དགེ་བའི་རྩུབ་འགྱུར་དུས་ཀྱི་ཡོ་ལང་ནད་མུག་མཚོན་གྱིས་འཁྲུལ་འཁོར་ཀླ་ཀློའི་རིགས་སྔགས་རྫས་སྦྱོར་ཐམས་ཅད་མིང་གི་ལྷག་མར་གཞོམ་པའི་ཐོ་ལུམ་དང་བསྟན་དང་འགྲོ་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་གནས་སུ་གྱུར་ཅིག །དགེའོ། །དགེའོ། །དགེའོ། ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang gser smad rnga la stag rtse'i g.yas logs shwa brag rdo rje can gyi mgul nas lug lo'i dgun 'bring po'i nyer lnga'i nyin rig 'dzin bdud 'joms rdo rjes ngo mtshar ba'i ltas bzang du ma dang bcas te gter nas bton te mi lo bzhi bcu rtsa gsum bar du bka' rgyas btab ste/mthar rten 'brel dus la babs tshe rang slob dam pa klong chen zhes pa dang ngag dbang phrin las gnyis kyis nan du bskul ngor ye shes mkha' 'gro'i brda ris las zhal bshus te gtan la phab pa'i yi ge pa yang rnal 'byor ngag dbang phrin las kyis bgyis pa'i dge ba'i rtsub 'gyur dus kyi yo lang nad mug mtshon gyis 'khrul 'khor kla klo'i rigs sngags rdzas sbyor thams cad ming gi lhag mar gzhom pa'i tho lum dang bstan dang 'gro la phan bde rgya chen po 'byung ba'i gnas su gyur cig_/dge'o/_/dge'o/_/dge'o/_legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་མའི་ནང་སྒྲུབ་སེང་གེའི་གདོང་ཅན་གྱི་ཕྱག་རྒྱ་འཁོར་བའི་གཡུལ་ཟློག་རྡོ་རྗེའི་རྒྱ་ཅན་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བདུད་འདུལ་པདྨ་འབྱུང་གནས་ངས༔ གང་ལ་གང་འདུལ་ཐབས་དུ་མས༔ མ་ངེས་སྣ་ཚོགས་སྤྱོད་པ་སྤྱོད༔ ལྔ་བརྒྱ་སྙིགས་མ་ལྔ་བདོའི་དུས༔ ནག་ཕྱོགས་དབུ་འཕང་མཐོ་བ་དང་༔ དཀར་ཕྱོགས་དཔའ་བཀོང་དམངས་སུ་འབེབས༔ མཐའ་ཡི་བདུད་བསྟན་དབུས་སུ་རྡིབ༔ མི་བཟློག་སྡེ་ལྔ་བྱུང་བའི་ཚེ༔ གདུལ་བྱའི་ལྷག་མ་སྐྱོང་བའི་ཕྱིར༔ གདམས་ངག་སྙིང་གི་ཡང་ཐིག་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་བཞག༔ ས་མ་ཡ༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་ནི༔ རབ་མཛེས་བཀོད་ལེགས་ཡིད་འོང་ཞིང་༔ མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ཏེ༔ དར་གྱི་ལྷབ་ལྷུབ་སྣ་ཚོགས་དང་༔ རིན་ཆེན་ཕྲེང་བས་ལེགས་པར་བརྒྱན༔ དཀར་གསུམ་མངར་གསུམ་ལ་སོགས་ཀྱི༔ འབྲུ་ཟན་དང་སྦྲེལ་གཏོར་མ་ལ༔ གཏོར་ཕྲན་བཞི་ཡིས་བསྐོར་བའི་མཐར༔ གཏོར་ཕྲན་བརྒྱད་དང་སྒོ་བཞི་བཅས༔ མཛེས་ཤིང་རྒྱན་ལྡན་ཡིད་འོང་བ༔ ཤ་ཁྲག་ལ་སོགས་ཟས་སྣའི་ཚོགས༔ མཆོད་རྫས་ཅི་རིགས་པ་རུ་བཤམས༔ དེ་དག་བཅའ་གཞིའི་རིམ་པའོ༔ དེ་ནས་བསྒྲུབ་པའི་སྔོན་འགྲོ་ཡི༔ ཐོག་མར་སྐྱབས་སུ་འགྲོ་བ་ལ༔ མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་སྐད་ཅིག་གིས་བཀྲ་ལམ་གྱི་གསལ་ཏེ༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་ལ༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ལ༔ ཧོཿ མ་གྱུར་མཁའ་མཉམ་སེམས་ཅན་རྣམས༔ རྣམ་གྲོལ་སྐུ་གསུམ་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་ཁྱེད་བསྒྲུབ་ནས༔ དོན་གཉིས་འགྲུབ་ཕྱིར་སེམས་བསྐྱེད་དོ༔ ལན་གསུམ་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ནས་རང་ཉིད་སྐད་ཅིག་གིས༔ དྲན་རྫོགས་ཙམ་གྱི་རིག་སྐུ་ཡིས༔ ལོག་རྟོག་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ་ཧྲཱིཿང་ནི་སྤྱི་དཔལ་སེང་གདོང་མ༔ གསང་བ་ཡེ་ཤེས་དྲག་མོའི་སྐུ༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ རབ་འབྱམས་རྒྱལ་བ་བསྐྱེད་པའི་ཡུམ༔ སྤྲུལ་པའི་མཁའ་འགྲོ་ནམ་མཁའ་གང་༔ ལས་བྱེད་མཁའ་འགྲོས་བར་སྣང་གང་༔ སྒྲོལ་བྱེད་མཁའ་འགྲོས་ས་གཞི་གང་༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཤ་མཁོན་བུ་ལོན་ལན་ཆགས་རྣམས༔ གླུད་ཀྱི་གཏོར་མ་འདིས་འཇལ་གྱིས༔ མགུ་བར་གྱིས་ལ་རང་གནས་སུ༔ ད་ལྟ་ཉིད་དུ་འགྲོ་བར་གྱིས༔ གནས་འདིར་གསང་ཆེན་མཁའ་འགྲོའི་དལ༔ ད་ལྟ་ཉིད་དུ་འདེབས་འཚལ་བས༔ བཀའ་འདས་ལུས་སེམས་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ རྩ་སྔགས་དང་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་དོ༔ དེ་ནས་མཚམས་གཅོད་པ་ནི༔ སྟེང་འོག་བར་གསུམ་ཐམས་ཅད་ཡེ་ཤེས་ལྔའི་རང་རྩལ་རྡོ་རྗེ་སྲུང་བའི་གུར་ཁང་གཞོམ་གཞིག་དང་བྲལ་བ་རིམ་དགུར་གསལ་ཏེ༔ ཧཱུྃ་ཧྲཱིཿབདག་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་འཁོར་ལོར་བསྒོམ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛྙཱ་ན་རཾ་རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ་ཧྲཱིཿརང་རིག་གདོད་ནས་ཡེ་ཤེས་མཁའ་འགྲོའི་དལ༔ མ་རིག་དབང་གིས་ཆོས་ཉིད་འཆར་སྒོ་འགགས༔ ད་ནི་རང་རིག་ཡེ་ཤེས་རྟོགས་པའི་ལྷ༔ རང་ངོ་མཇལ་ཕྱིར་ཡེ་ཤེས་འཆར་སྒོ་ཕྱེས༔ ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ་ཨཱཿགཟུང་འཛིན་གཉིས་མེད་ཡེ་ཤེས་ཀློང་༔ གདོད་ནས་རང་རིག་ཡུམ་ཆེན་མོ༔ རྟོག་ཚོགས་གནས་དག་མཁའ་འགྲོའི་གར༔ རང་ཞལ་མཇལ་ཕྱིར་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་བྱིན་ཆེན་འབེབས་པ་ནི༔ ཧཱུྃ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གནས༔ རང་སྣང་རྣམ་དག་གཞལ་ཡས་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་མཁའ་འགྲོ་སེང་གེའི་གདོང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་སོགས༔ རབ་འབྱམས་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དབང་གིས་གནས་འདིར་བྱོན༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་དང་༔ ལྷུན་གྲུབ་གསང་ཆེན་དཀྱིལ་འཁོར་ལ༔ བྱིན་རླབས་ཡེ་ཤེས་བྱིན་ཕོབ་ཅིག༔ གསང་བ་གསུམ་གྱིས་དབང་བསྐུར་ཅིག༔ མཁའ་སྤྱོད་ཞིང་དུ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཀརྨ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཨོཾ་ཨཱཿཧཱུྃ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་རྣམ་དག་དྲི་མ་མེད༔ ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ ཡེ་ནས་རང་བྱུང་ལྷུན་གྲུབ་བོ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ དེ་བཞིན་དུ་ཤཔྡའི་བར་དང༔ ཨོཾ་བཛྲ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ༔ ཨོཾ་ཨཱཿཧཱུྃ་མ་ཧཱུ་བ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ཧྲཱིཿ ཤྭ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཏ་ན་ག་ན་གུ་ཧྱ་སརྦ་ག་ཎ་པཉྩ་ཨ་མྲྀ་ཏ་སརྦ་སྭཱ་ཧཱ༔ དེ་ཡིས་སྔོན་འགྲོའི་རིམ་པ་རྫོགས་པའོ༔ དེ་ནས་དངོས་གཞི་བསྐྱེད་རིམ་ལ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨཱཿསྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ བརྡལ་ཁྱབ་སྤྲོས་མཐའ་བྲལ་བའི་ངང་༔ སརྦ་དྷརྨ་ག་ག་ན་ཧཱུྃ་ཨཱཿདེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ༔ ཧཱུྃ༔ འདི་ལྟར་མ་རྟོགས་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོར་བརྡལ༔ ཕྱོགས་རིས་བྲལ་བའི་བྱང་ཆུབ་སེམས༔ མངོན་གྱུར་ཆེན་པོར་རིག་པར་བྱ༔ མ་ཧཱ་སརྦ་དྷརྨ་པྲཛྙཱ་ཛྙཱ་ན་ཧཱུྃ་ཨཱཿདེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ལ༔ ཧཱུྃ༔ བརྡལ་ཁྱབ་གསང་བའི་ནམ་མཁའ་ལས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཡེ་ཤེས་ཐུགས་ཀྱི་སྒྱུ་འཕྲུལ་ནི༔ རྒྱུ་ཡི་ཡི་གེ་ཧཱུྃ་ལྗང་གསལ༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ དེ་ནས་རྟེན་དང་བརྟེན་པ་ལ༔ ཧཱུྃ་ལས་འབྱུང་ལྔའི་ས་བོན་ནི༔ ཨེ་ཡཾ་རཾ་སུཾ་ཀེཾ་རཾ་འཕྲོས༔ ཨེ་ལས་སྟོང་ཆེན་ནམ་མཁའ་མཐིང་༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་༔ ར་ལས་རཀྟའི་རྒྱ་མཚོར་འཁྱིལ༔ སུཾ་ལས་དྲག་པོའི་ས་གཞི་ལྗང་༔ ཀེཾ་ལས་རུས་པའི་རི་རབ་སྟེང་༔ རཾ་ལས་བསྐལ་བའི་མེ་དཔུང་འབར༔ དེའི་དབུས་སུ་ཕྱི་ལྟར་ན་ས་གཞི་ཞིང་ལྤགས་བརྒྱངས་པ་ལྟ་བུ་ལ༔ རི་བོ་ཐམས་ཅད་ཀེང་རུས་དཀར་པོ་དང་༔ རྩི་ཤིང་ཐམས་ཅད་མདའ་མདུང་རལ་གྲི༔ ཆུ་འབབས་ཐམས་ཅད་ཁྲག་དང་རྣག་གི་རང་བཞིན༔ གཟུགས་སྣང་ཐམས་ཅད་གསོད་གཅོད་ལས་ཀྱི་ཕོ་ཉ༔ སྒྲ་གྲགས་ཐམས་ཅད་ཕཊ་ཕེཾ་སོད་རྒྱོབ་བྷྱོ་ཟློག་གི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་བསྒྲགས་པ་ལྟ་བུས་འཆི་བདག་གཤིན་རྗེའི་དཔུང་ཚོགས་ཀྱང་དཔལ་བཀོང་བ༔ འཇིག་བྱེད་ཁྲོ་བོ་བཅུ་པོའང་རྒྱུ་བར་མི་ནུས་ཤིང་༔ མི་འཇིགས་འཇིགས་མེད་རྡོ་རྗེ་ཅན་ཡང་འཇིགས་པའི་གནས༔ ཐུན་མཚོན་དང་མཚོན་ཆ་སྣ་ཚོགས་སྐྱི་སེར་ལྟ་བུར་འཚུབས་པ༔ འཇིག་རྟེན་ལས་ཀྱི་ཕོ་ཉ་རྦད་འདྲེ་གདུག་པ་ཅན་ཐམས་ཅད་ཐལ་བར་བརླག་ཅིང་དུམ་བུར་གཏུབས་པ༔ ཡེ་ཤེས་མཁའ་འགྲོའི་སྤྲུལ་པའི་དུར་བྱ་ཤ་ཟན་གྱི་ཚོགས་དང་གཅན་གཟན་གྱི་ཚོགས་རྣམས་ཀྱིས་དགྲ་གདོན་བྱད་མ་རྦོད་གཏོང་ལྷ་དང་བཅས་པའི་དབུགས་ལ་ཧབ་ལེན་བྱེད་ཅིང་ཤ་ལ་རྔམས་ཟས་བྱེད་པ༔ མི་རོ་དང་རྟ་རོ་ལ་སོགས་པའི་རོ་རུལ་བ་དང་བམ་པ་དང་ཧམ་པ་སྣ་ཚོགས་གཅལ་དུ་བཀྲམ་པ༔ ཁྲག་མཚོ་དམར་ནག་རྦ་རླབས་དྲག་ཏུ་འཁྲུགས་ཤིང་ཁྲག་ལྦུ་རབ་ཏུ་བརྡོལ་བའི་ཀློང་དུ་མི་རོ་རྟ་རོ་འཕྱོ་བའོ༔ ནང་ལྟར་ན་ཡེ་ཤེས་མཁའ་འགྲོ་རང་རང་གི་སྤྱོད་ཡུལ་དུ་ཞིང་ཁམས་ཁ་དོག་ལྔ་ལྡན་དབུས་མཐིང་ནག་བཻ་ཌཱུཪྻའི་ཁ་དོག་ལྟ་བུ༔ ཤར་དཀར་པོ་དུང་གི་ཁ་དོག་ལྟ་བུ༔ ལྷོ་སེར་པོ་གསེར་གྱི་ཁ་དོག་ལྟ་བུ༔ ནུབ་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ༔ བྱང་ལྗང་གུ་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུ་ལས་རང་མདོག་གི་འོད་དང་འོད་ཟེར་ནམ་མཁར་འཕགས་པ་རྒྱ་ཆེ་ལ་ཁྱོན་ཡངས་པ༔ སྣ་ཚོགས་པདྨ་དང་སྨན་གྱི་སྤང་རི་མཛེས་ཤིང་ཡིད་དུ་འོང་བའོ༔ གསང་བ་ལྟར་ན་གནས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དང་ཨུ་ཙ་ལ་དང་གསང་ཆེན་རོལ་པ་རྣམས་གཅིག་དྲིལ་གཅིག་རྫོགས་ཀྱི་ངོ་བོའོ༔ སྲུང་བའི་འཁོར་ལོ་རིམ་དགུའི་དབུས༔ ཕྱི་ནི་ཐོད་པ་རིམ་གསུམ་ལ༔ དམར་ཆེན་ཁྲག་གི་ཞམ་ཆུ་འབེབས༔ ནང་ནི་ཡེ་ཤེས་འོད་ལྔ་ལས༔ གྲུབ་པའི་གཞལ་ཡས་ཁང་དབུས་སུ༔ གྲུ་ཆད་ལྗང་གུ་དཔངས་མཐོ་བའི༔ གློ་འབུར་རིགས་བཞིའི་ཁ་དོག་འཆར༔ དེ་དབུས་པད་ཟླ་ཉི་མའི་སྟེང་༔ བྱད་མ་ལོག་ལྟ་བདུད་དཔུང་དང་༔ ལྟ་ལོག་རཱུ་ཏྲ་ཕོ་མོའི་ཚོགས༔ བསྣོལ་ཞིང་བརྩེགས་པའི་ཁྲི་ཡི་ཁར༔ རང་རིག་ཡི་གེ་ཧཱུྃ་ལྗང་བབས༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད༔ སྲས་བཅས་ཞིང་ཁམས་གཞལ་ཡས་ལྷ༔ འོད་ཕུང་རྣམ་པར་ཚུར་འདུས་ཏེ༔ རིག་པ་ཧཱུྃ་གི་ཡི་གེར་བསྡུ༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ སྣང་སྲིད་དཔལ་ཡོན་ཚེ་བསོད་བཅུད༔ ཚུར་འདུས་རིག་པ་ཧཱུྃ་ལ་བསྟིམ༔ ཧཱུྃ་ལས་རང་ཉིད་སྐད་ཅིག་གིས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་མོ༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་༔ ལྗང་གསལ་རལ་པ་དམར་སེར་བརྫེས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་གཡོ་ཞིང་འཁྲུགས༔ ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང་༔ ཉི་ཟླའི་སྙན་རྒྱན་འོད་དུ་འབར༔ ཕྱག་གཡས་རྒྱ་གྲམ་གྱིས་ཡུ་བ༔ བྱས་པའི་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ ཧེ་རུ་ཀ་དཔལ་སྦས་པའི་ཚུལ༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཀལ༔ ཞབས་གཉིས་གཡས་བསྐུམ་གསང་བར་གཏད༔ གཡོན་པས་རཱུ་ཏྲ་ཕོ་མོ་མནན༔ ཐོད་ཚར་གསུམ་གྱིས་དོ་ཤལ་བྱས༔ རུས་པའི་རྒྱན་དྲུག་ཕྲེང་བ་སྤྲས༔ ཡེ་ཤེས་བསྐལ་བའི་མེ་ལྟ་བུར༔ འབར་བའི་ཀློང་ནས་རང་འདྲ་བའི༔ མཁའ་འགྲོ་བྱེ་བ་འབུམ་སྡེ་འགྱེད༔ སྤྱི་བོར་འཇའ་གུར་འོད་ལྔའི་ཀློང་༔ རིག་བདག་ཀུན་ཏུ་བཟང་མོ་མཐིང་༔ གཅེར་བུ་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཤར་དུ་ཐུགས་ཀྱི་སྤྲུལ་པ་ལས༔ རྡོ་རྗེ་དཀར་མོ་སེང་གེའི་གདོང་༔ ཕྱག་གཡས་རྡོ་རྗེ་གྲི་ཁུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ རང་འདྲ་བྱེ་བ་འབུམ་གྱིས་བསྐོར༔ ལྷོ་རུ་ཡོན་ཏན་སྤྲུལ་པ་ལས༔ རིན་ཆེན་སེར་མོ་སེང་གེའི་གདོང་༔ ཕྱག་གཡས་རིན་ཆེན་གྲི་ཁུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ རང་འདྲ་བྱེ་བ་འབུམ་གྱིས་བསྐོར༔ ནུབ་ཏུ་གསུང་གི་སྤྲུལ་པ་ལས༔ པདྨ་དམར་མོ་སེང་གེའི་གདོང་༔ ཕྱག་གཡས་པདྨ་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ རང་འདྲ་བྱེ་བ་འབུམ་གྱིས་བསྐོར༔ བྱང་དུ་སྐུ་ཡི་སྤྲུལ་པ་ལས༔ སངས་རྒྱས་མཁའ་འགྲོ་སེང་གདོང་མཐིང་༔ ཕྱག་གཡས་འཁོར་ལོ་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ རང་འདྲ་བྱེ་བ་འབུམ་གྱིས་བསྐོར༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས༔ རུས་རྒྱན་དྲིལ་གཡེར་ཅོད་པན་དང་༔ ཐོད་པ་ཚར་གསུམ་ཕྲེང་བས་བརྒྱན༔ ཞབས་གཉིས་གར་སྟབས་ཁ་ཊྭཱྃ་ཀ༔ སེང་སྐད་སྒྲོགས་པས་ས་གསུམ་གཡོ༔ ཡེ་ཤེས་བསྐལ་པའི་མེ་ལྟར་འབར༔ པད་ཉིའི་གདན་ལ་རཱུ་ཏྲ་གནོན༔ ཕྱི་རིམ་པདྨ་འདབ་བཞིའི་སྟེང་༔ ལས་བྱེད་རིགས་བཞིའི་མཁའ་འགྲོ་མ༔ ཤར་དུ་དཀར་མོ་ཁྱུང་གདོང་མ༔ རྡོ་རྗེ་གཡས་ལ་ཐོད་ཁྲག་གཡོན༔ ལྷོ་རུ་སེར་མོ་སྡིག་པའི་གདོང་༔ བེ་ཅོན་གཡས་ལ་ཐོད་ཁྲག་གཡོན༔ ནུབ་ཏུ་དམར་མོ་འཕར་གདོང་མ༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ བྱང་དུ་ལྗང་མོ་ཁྱི་ཡི་གདོང་༔ རྒྱ་གྲམ་གཡས་ལ་ཐོད་ཁྲག་གཡོན༔ ཀུན་ཀྱང་རྡོ་རྗེའི་གཤོག་པ་གདེངས༔ ཞབས་གཉིས་གར་སྟབས་རུས་རྒྱན་གསོལ༔ པད་ཉིའི་གདན་ལ་བྱད་མ་གནོན༔ རང་སྐད་སྒྲོགས་པས་ས་གསུམ་གཡོ༔ འཁོར་བའི་འཁྲུལ་འཁོར་དབྱིངས་སུ་འཇིགས༔ ཤར་ལྷོར་དམ་ཚིག་མཁའ་འགྲོའི་གཙོ༔ དམར་ནག་དབང་དྲག་འཛོམ་པའི་ཞལ༔ འུག་གདོང་རུ་མཚོན་སྙིང་ཞགས་བསྣམས༔ ལྷོ་ནུབ་ཐམས་ཅད་མཁའ་འགྲོའི་གཙོ༔ བྱ་རོག་གདོང་ཅན་ཤ་སྐད་སྒྲོགས༔ སེར་ནག་འཁོར་ལོ་ཐོད་ཁྲག་བསྣམས༔ ནུབ་བྱང་ཤ་ཟ་མཁའ་འགྲོའི་གཙོ༔ དུར་བྱའི་གདོང་ཅན་འཇིགས་པའི་གཟུགས༔ ལྗང་ནག་གློ་སྙིང་རྒྱུ་ཞགས་བསྣམས༔ བྱང་ཤར་འཇིག་རྟེན་མཁའ་འགྲོའི་གཙོ༔ མཐིང་ནག་སྦྲུལ་གྱི་མགོ་བོ་ཅན༔ གྲི་ཁུག་གཡས་ལ་ནད་རྐྱལ་གཡོན༔ ཀུན་ཀྱང་གར་སྟབས་རུས་རྒྱན་ཅན༔ བྱད་མ་གདུག་པའི་སྤྱི་ནས་གནོན༔ རྦད་འདྲེ་ཧུར་ཐུམ་གཏོང་བ་མོ༔ ཧ་ཧེ་བྷྱོ་ཟློག་ཕཊ་སྒྲ་སྒྲོགས༔ སྲིད་པ་མ་མོའི་ཚོགས་ཀྱིས་བསྐོར༔ མཁའ་ལ་ཐོགས་མེད་གོམ་གྱིས་བགྲོད༔ ཉིན་མཚན་དུས་དྲུག་རྣམས་སུ་རྒྱུ༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོའི་རྗེས་ཡང་གཅོད༔ གནས་མཆོག་ཉི་ཤུ་རྩ་བཞི་དང་༔ ཡུལ་ཆེན་སོ་གཉིས་དུར་ཁྲོད་བརྒྱད༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ བཞུགས་པའི་མ་དང་མཁའ་འགྲོའི་ཚོགས༔ ལྷ་མིའི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔ ཤར་སྒོར་རྡོ་རྗེ་པུ་ཤུད་གདོང་༔ ལྕགས་ཀྱུ་གཡས་ལ་གྲི་ཁུག་གཡོན༔ ལྷོ་སྒོར་རཏྣ་དུར་བྱའི་གདོང་༔ ཞགས་པ་གཡས་ལ་སྡིགས་མཛུབ་གཡོན༔ ནུབ་སྒོར་པདྨ་སྲིན་བྱའི་གདོང་༔ ལྕགས་སྒྲོག་གཡས་ལ་སྤུ་གྲི་གཡོན༔ བྱང་སྒོར་ཀརྨ་ཁྲ་ཡི་གདོང་༔ དྲིལ་བུ་གཡས་ལ་མེ་དཔུང་གཡོན༔ དཀར་སེར་དམར་དང་ལྗང་གུའི་མདོག༔ ཀུན་ཀྱང་འདོར་སྟབས་རུས་རྒྱན་དང་༔ མེ་དཔུང་དམར་ནག་འབར་འཁྲིགས་ཀློང་༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ རང་འདྲའི་སྤྲུལ་པ་དཔག་མེད་འགྱེད༔ ཉོན་མོངས་རང་གཟུགས་བདུད་བཞི་གནོན༔ དེ་ལྟར་མཁའ་འགྲོ་མ་ཡི་ཚོགས༔ ཀུན་ཀྱང་རལ་པ་གསིག་པའི་གསེབ༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཅན༔ རང་འདྲའི་མཁའ་འགྲོས་སྣང་སྲིད་ཁེངས༔ དེ་ལྟར་འབུམ་ཕྲག་མཁའ་འགྲོ་མའི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་རང་སྲོག་ལས༔ འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷའི༔ ཐུགས་དམ་རྒྱུད་བསྐུལ་མཁའ་འགྲོ་ཡི༔ རྣམ་པར་གཟུགས་ཀྱི་སྐུར་བཞེངས་ཏེ༔ ཁ་བ་བབས་ལྟར་སྤྱན་དྲངས་ནས༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ སྤྱན་དྲངས་བསྐྱེད་པའི་ལྷ་ལ་བསྟིམ༔ ཛྙཱ་ན་ཀརྨ་ཌཱ་ཀི་ནཱི་ཧ་རི་ནི་ས་བཾ་སིང་ཧ་མུ་ཁ་སརྦ་དྷརྨ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཌཱ་ཀི་ནཱི་སརྦ་ཐ་ཀ་ཌཱ་ཀི་ནཱི་སརྦ་ལོ་ཀ་ཌཱ་ཀི་ནཱི་རུ་ལུ་རུ་ལུ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ སྟྭཾ་སྟྭཾ༔ ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿའོག་མིན་གནས་དང་མཁའ་སྤྱོད་གནས༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་མཁའ་འགྲོ་སེང་གེའི་གདོང་༔ གསང་བ་ཡེ་ཤེས་མཁའ་སྤྱོད་མ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་དང་༔ ལས་དབང་མོ་དང་མནྡྷ་ར༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཡེ་ཤེས་དབྱིངས་སུ་ཐ་མི་དད༔ མ་ངེས་གང་འདུལ་ཐབས་དུ་མས༔ གདུལ་བྱ་གདུལ་དཀའ་འདུལ་མཛད་པའི༔ སྤྲུལ་དང་ཡང་སྤྲུལ་ཉིང་སྤྲུལ་དང་༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་ཚོགས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ སྒྲུབ་མཆོག་བྱིན་གྱིས་བརླབས་པ་དང་༔ མཆོག་ཐུན་དངོས་གྲུབ་སྩོལ་བ་དང་༔ འཁོར་བ་དབྱིངས་སུ་སྒྲོལ་བའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་སྤྱན་འདྲེན་ནོ༔ བརྩེ་བའི་ཐུགས་ཀྱིས་གཤེགས་སུ་གསོལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས༔ ནམ་མཁར་སྐར་ཚོགས་བཞིན་འཁྲིག་ཅིང་༔ བར་སྣང་སྤྲིན་དཔུང་བཞིན་འཐིབས་ཏེ༔ ས་གཞི་ཆར་ལྟར་འབེབས་པ་བཞིན༔ སྒྱུ་འཕྲུལ་གར་གྱིས་གཤེགས་སུ་གསོལ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་བཾ་ཧ་རི་ནི་ས་ཛྙཱ་ན་ས་མ་ཡ་ལོ་ཀ་ཌཱ་ཀི་ནཱི༔ ཨོཾ་བཛྲ་ས་མ་ཡ་ཛཿཨཱཿབཛྲ་ས་མ་ཡ་ཛཿཧཱུྃ་བཛྲ་ས་མ་ཡ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་རང་རིག་ཆོས་ཀྱི་སྐུ༔ དམ་ཚིག་པ་དང་ཡེ་ཤེས་པ༔ གཉིས་མེད་ལྷུན་རྫོགས་རྡོ་རྗེའི་ངང་༔ འགྱུར་མེད་ཆོས་སྐུའི་ངོ་བོར་བཞུགས༔ བཛྲ་ས་མ་ཡ་ཛ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿསྐྱེ་མེད་ཡེ་ཤེས་ཀུན་བཟང་མོ༔ འཁོར་འདས་དབང་བསྒྱུར་སེང་གེའི་གདོང་༔ ཕྱོགས་མེད་མཚོ་རྒྱལ་མནྡྷ་ར༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས༔ རང་ངོར་རིག་པས་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཨ་ཏི་པཱུ་ཧོཿ པྲ་ཏཱི་ཛ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿངར་འཛིན་གདངས་ལས་སྐྱེས་པ་ཡི༔ གཟུང་བ་ཡུལ་གྱི་ཆོས་སོ་ཅོག༔ མཆོད་སྤྲིན་མི་ཟད་གཏེར་དུ་ཤར༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ གསང་བ་མཁའ་འགྲོའི་དཀྱིལ་འཁོར་ལ༔ ཚོགས་གཉིས་རྫོགས་ཕྱིར་མཆོད་པ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུཥྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པཱུ་ཛ་ ཧོཿ རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པཱུ་ཛ་ ཧོཿ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་བྷནྡྷ་ཡངས་པའི་ནང་༔ རྩ་བརྒྱད་སྟོང་སྦྱར་སྨན་ཆེན་པོ༔ ཡེ་ཤེས་འོད་ཟེར་རླངས་པ་འཕྱུར༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཧཱུྃ་ཧྲཱིཿཡེ་ཤེས་དབྱིངས་ཀྱི་བྷནྡྷ་རུ༔ འཁོར་བ་དབྱིངས་སྒྲོལ་རཀྟ་འཁྱིལ༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ ཧཱུྃ་ཧྲཱིཿཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧིཿཧཱུྃ་ཧྲཱིཿསྣང་བ་ཡབ་ལ་སྟོང་པ་ཡུམ༔ ཡབ་ཡུམ་སྦྱོར་བའི་བྱེད་ལས་ཀྱིས༔ བདེ་བའི་རོ་སྙོམས་མཆོད་པ་འབུལ༔ མི་བསྒྲལ་ཤུགས་ཀྱིས་སྒྲོལ་བ་ཡིས༔ འཁོར་བ་དབྱིངས་བསྒྲལ་ཤ་རུས་ཁྲག༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བོ་དྷི་ཙིཏྟ་ཏ་ན་ག་ན་གུ་ཧྱ་སརྦ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་བྱ་བ་ལ༔ རང་སེམས་ཆོས་སྐུའི་ངོ་བོ་ལ༔ རང་རྩལ་རྫོགས་པའི་ཡེ་ཤེས་ལྷ༔ རང་ངོར་རིག་པའི་ངོ་མཚར་གྱིས༔ གདུང་དབྱངས་གར་བསྒྱུར་རོལ་མོས་བསྟོད༔ ཧཱུྃ་ཧྲཱིཿཆོས་སྐུའི་ཞིང་ན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་ངང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་པ་གར་གྱི་སྒྱུ་འཕྲུལ་ངོམས༔ གསང་ཆེན་མཁའ་འགྲོའི་དཀྱིལ་འཁོར་ལ༔ གཉིས་མེད་ཡིད་ཀྱིས་ཕྱག་འཚལ་བསྟོད༔ རབ་འབྱམས་རྒྱལ་བའི་ཡུམ་ཆེན་མོ༔ ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ༔ མ་གཅིག་གསང་བ་ཡེ་ཤེས་ཀྱི༔ སྐུ་ཡི་སྤྲུལ་པས་འཁོར་འདས་ཁྱབ༔ གསུང་གི་ང་རོས་ཁམས་གསུམ་དབང་༔ ཐུགས་ལས་རབ་འབྱམས་མཁའ་འགྲོ་འགྱེད༔ ཡོན་ཏན་སྤྲུལ་པས་ལོག་རྟོག་འདུལ༔ ཕྲིན་ལས་གར་གྱིས་འཁོར་བ་འཇོམས༔ རང་བྱུང་ཡེ་ཤེས་མཁའ་འགྲོ་མ༔ རང་ངོར་རིག་པས་ཕྱག་འཚལ་བསྟོད༔ ཆོས་སྐུ་ཡུམ་ཆེན་ངོ་བོ་ཉིད༔ ལོངས་སྐུའི་མཁའ་འགྲོ་ཀུན་གྱི་གཞི༔ སྤྲུལ་སྐུའི་མཁའ་འགྲོའི་སྤྱི་རྗེ་མོ༔ རང་སེམས་ཆོས་ཉིད་རོལ་པ་རུ༔ གནས་དག་ཡེ་རིག་སྟོང་གསལ་གྱི༔ གཞི་ལས་འཇིགས་མཛད་སེང་གེའི་གདོང་༔ མ་ངེས་སྤྲུལ་པའི་ཆོ་འཕྲུལ་གྱིས༔ ལ་ལ་བུད་མེད་རྒན་མོ་ལ༔ ལུས་སོགས་སྔོ་ལ་གཉེར་མ་སྡུད༔ དབུ་སྐྲ་སེར་པོ་ལྟག་པར་བཅིངས༔ ཁ་ན་སོ་མེད་ཧ་ཧ་སྒྲོགས༔ མིག་གཉིས་བསྒྲད་ཅིང་ཁ་ཟུང་བརྡབ༔ རྐང་པ་ས་ལ་ཁྱོར་ཞིང་འགྲོ༔ ལག་ན་སྦ་ཡི་དབྱུག་པ་ཐོགས༔ ལ་ལ་བུད་མེད་གཞོན་ནུ་མ༔ མཛེས་ཤིང་ཡིད་འོང་ཀུན་ཏུ་རྒྱུ༔ གཟུགས་མཛེས་ངོམས་ཤིང་སྙན་པའི་སྒྲས༔ སྐྱེ་བོའི་ཚོགས་ཀྱི་བློ་ཡིད་འགུགས༔ ལ་ལ་སྔོ་སངས་ནམ་མཁའི་མདོག༔ སྒྲུབ་ལ་དགའ་ཞིང་མཐུན་རྐྱེན་བསྒྲུབ༔ ལ་ལ་ཤ་ཟ་མཆེ་གཙིགས་མ༔ རང་གི་ཁྱོ་ཡི་ཤ་ལ་ཟ༔ དེ་འདྲའི་སྣ་ཚོགས་སྤྱོད་པ་སྤྱད༔ སྐལ་ལྡན་རྣམས་ལ་བརྡ་ཆོས་སྟོན༔ སྐལ་མེད་རྣམས་ལ་ཆད་ལ་གཅོད༔ ཅིང་ཤེས་ཅིང་བྱེད་མཁའ་འགྲོའི་ཚོགས༔ དེ་དག་གང་དང་གང་ལས་སྐྱེས༔ མཁའ་འགྲོའི་གཙོ་མོ་ཁྱོད་ཀྱིས་འཕྲུལ༔ ཐབས་རྣམ་དུ་མས་སྟོང་ཉིད་ཀྱི༔ དབྱིངས་སུ་སྦྱོར་བའི་མ་མ་ཆེ༔ མ་ཆེན་ཁྱོད་ལ་བདག་བསྟོད་དོ༔ ཁྱོད་ཉིད་དབྱིངས་ལས་མ་གཡོས་ཀྱང་༔ བདག་ཅག་འཁྲུལ་པ་མངོན་ཞེན་གྱིས༔ འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ༔ ཐུགས་དམ་བསྐུལ་ལོ་དུས་ལ་བབ༔ མཆོག་ཐུན་དངོས་གྲུབ་སྩོལ་བ་དང་༔ གཏན་བདེའི་ས་ལ་ད་དྲོངས་ཤིག༔ བསྟོད་ཅིང་ཕྲིན་ལས་བཅོལ་བ་འདི༔ གནས་མེད་ལོག་ལྟའི་དབང་གྱུར་པས༔ འཁྲུལ་པའི་སེམས་ཅན་ཐམས་ཅད་ཀུན༔ ཚེ་འདིར་འཇིགས་དང་སྡུག་བསྔལ་ལས༔ སྒྲོལ་ནས་དག་པ་མཁའ་སྤྱོད་དུ༔ འདྲོངས་པའི་ཨ་མ་སྟོབས་ལྡན་ཁྱོད༔ མ་གཡེལ་མ་འགྱངས་གཅེས་པའི་བུར༔ ཐུགས་རྗེས་ཟུངས་ཤིག་ཐུགས་དམ་བསྐུལ༔ དུས་ལ་བབ་བོ་མ་གཡེལ་ཅིག༔ ཁྱོད་ཀྱི་ཡོན་ཏན་ཡོངས་རྫོགས་ཀྱིས༔ ཚུལ་དྲན་བསྟོད་པ་བྱས་པ་འདིར༔ དགོངས་ལ་བསམ་དོན་ཡོངས་གྲུབ་མཛོད༔ གུས་པས་བསྟོད་དོ་ཕྱག་ཀྱང་འཚལ༔ ངག་གིས་བསྟོད་དོ་གླུ་དབྱངས་སྒྲོགས༔ སེམས་ཀྱིས་བཤགས་སོ་ཡོན་ཏན་དྲན༔ སྐུ་གསུང་ཐུགས་ཀྱི་བསྟོད་པ་འདིས༔ མཁའ་འགྲོ་མཉེས་ཤིང་དངོས་གྲུབ་སྩོལ༔ མ་དག་སྒོ་གསུམ་རྡོ་རྗེ་གསུམ༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ ཅེས་པས་བསྟོད་ཅིང་བཤགས་པ་ལ༔ ཧོཿ འཁོར་འདས་སྤྱི་དཔལ་ཆེན་མོ་དགོངས༔ བདག་ནི་ཚེ་རབས་ཐོག་མེད་ནས༔ མ་རིག་ཉོན་ཤེས་དབང་གྱུར་ཏེ༔ སྒོ་གསུམ་འཁོར་བར་འཆོལ་བ་ཀུན༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་ནས་ཀྱང་༔ རྡོ་རྗེ་འཛིན་པའི་ས་རུ་སྐྱོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་སྐབས་དང་བསྟུན་ཏེ་ཅི་འགྲུབ་བཟླའོ༔ དེ་ནས་ཚོགས་ཀྱི་ལས་རིམ་ལ༔ རྣལ་འབྱོར་ཉམས་ཆགས་བསྐང་བ་དང༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་པ༔ རི་རབ་རོལ་མཚོའི་ཚུལ་དུ་བཀོད༔ དང་པོ་དངོས་འཛིན་སྦྱང་བ་ལ༔ རཾ༔ རཾ་གིས་དངོས་འཛིན་དྲི་མ་སྦྱངས༔ ཡཾ༔ ཡཾ་གིས་མི་གཙང་འབག་རྩོག་གཏོར༔ ཁཾ༔ ཁཾ་གིས་བག་ཆགས་ཐམས་ཅད་བཀྲུས༔ རཾ་ཡཾ་ཁཾ༔ གཉིས་པ་ཚོགས་རྫས་བྱིན་བརླབ་ལ༔ ཨ་ལས་བྷནྡྷ་ཡངས་པའི་ནང་༔ ཨོཾ་ཨཱཿཧཱུྃ་ལས་མཆོད་པའི་སྤྲིན༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར༔ སྣང་སྲིད་ཚོགས་ཀྱི་འཁོར་ལོར་བཤམས༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ འདོད་རྒུར་འཆར་བའི་ལོངས་སྤྱོད་གཏེར༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ བདེ་སྟོང་ཟག་མེད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཡེ་སྭཱ་ཧཱ༔ གསུམ་པ་ཚོགས་ལ་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿཀུན་ཁྱབ་གདལ་བ་འོག་མིན་ནས༔ སྐྱེ་མེད་ཆོས་སྐུའི་གཞལ་ཡས་ཁང༔ རང་བཞིན་རྣམ་དག་དགའ་བདེའི་གནས༔ འགགས་མེད་ལོངས་སྤྱོད་རྫོགས་སྐུའི་ཞིང་༔ མི་མཇེད་ཞིང་ཁམས་བྱེ་ཕྲག་བརྒྱ༔ དག་པ་མཁའ་སྤྱོད་གནས་མཆོག་སོགས༔ སྐུ་གསུམ་རྒྱལ་བ་བཞུགས་པའི་གནས༔ རང་སྣང་དོན་གྱི་འོག་མིན་ནས༔ རྒྱལ་དང་རྒྱལ་སྲས་སྒྱུ་འཕྲུལ་ཚོགས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ དབྱིངས་ལས་སྐུར་བཞེངས་དུས་ལ་བབ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་བསམ་ཡས་འགྱེད༔ ལོངས་སྐུའི་མཁའ་འགྲོ་སེང་གེའི་གདོང་༔ ལོངས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན༴ རྔ་ཡབ་ཟ་བྱེད་སྲིན་པོའི་ཡུལ༔ དཔའ་བོ་མཁའ་འགྲོའི་འདུ་གླིང་ནས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན༴ མངོན་པར་དགའ་བའི་ཞིང་ཁམས་ནས༔ མེ་ལོང་ཡེ་ཤེས་རང་མདངས་ལས༔ ཤར་ཕྱོགས་རྡོ་རྗེ་སེང་གདོང་མ༔ དཀར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན༴ དཔལ་དང་ལྡན་པའི་ཞིང་ཁམས་ནས༔ མཉམ་ཉིད་ཡེ་ཤེས་རང་མདངས་ལས༔ ལྷོ་ཕྱོགས་རིན་ཆེན་སེང་གདོང་མ༔ སེར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན༴ བདེ་བ་ཅན་གྱི་ཞིང་ཁམས་ནས༔ སོར་རྟོག་ཡེ་ཤེས་རང་མདངས་ལས༔ ནུབ་ཕྱོགས་པདྨ་སེང་གདོང་མ༔ དམར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན༴ ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བྱ་གྲུབ་ཡེ་ཤེས་རང་མདངས་ལས༔ བྱང་ཕྱོགས་ཀརྨ་སེང་གདོང་མ༔ ལྗང་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན༴ གཞན་ཡང་དུར་ཁྲོད་གནས་ཡུལ་བདག༔ ཀུན་ཏུ་བཟང་མོའི་རོལ་པའི་གར༔ མ་ཚོགས་མཁའ་འགྲོ་རྒྱ་མཚོར་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་ལ་བྱིན་གྱིས་རློབས༔ སྒྲུབ་མཆོག་བུ་ལ་དབང་བསྐུར་ཅིག༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ སྒྲུབ་ཁང་འདི་ལ་བྱིན་ཕོབ་ཅིག༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་རྫས་རྣམས་ལ་བྱིན་ཕོབ་ཅིག༔ སྒྲུབ་རྫས་རྣམས་ལ་མདངས་ཕྱུངས་ཤིག༔ ཚོགས་རྫས་བདུད་རྩིའི་རྒྱ་མཚོ་རུ༔ བསྒྱུར་མཛོད་ཡེ་ཤེས་མཁའ་འགྲོའི་ཚོགས༔ བཛྲ་ས་མ་ཡ་ཛ་ཛཿབཞི་པ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿབླ་མ་རིག་འཛིན་རྒྱ་མཚོ་དང་༔ ཡི་དམ་དཔའ་བོ་དཔའ་མོ་དང་༔ མ་ཚོགས་ཡེ་ཤེས་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ ལྔ་པ་བཤགས་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿའདས་དང་མ་འོངས་ད་ལྟ་རུ༔ བསགས་པའི་ལས་ཉོན་བག་ཆགས་དང་༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ ཚོགས་ཀྱིས་བསྐང་ཤིང་བཤགས་པར་བགྱི༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ་སོགས༔ ཚང་བར་བརྗོད༔ དྲུག་པ་ཉམས་པ་བསྒྲལ་བ་ལ༔ ཧཱུྃ་ཧྲཱིཿང་ནི་ཡེ་ཤེས་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དྲག་མོའི་སྐུ༔ སྤྱི་དཔལ་ཆེན་མོ་སེང་གེའི་གདོང་༔ སྤྲུལ་པ་ཡེ་ཤེས་སྒྱུ་མའི་འཕྲུལ༔ ཕྲིན་ལས་ཐོགས་མེད་དགྲ་བགེགས་འདུལ༔ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་འགྱེད༔ ཛཿལས་མཁའ་འགྲོ་ལྕགས་ཀྱུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛ༔ ཧཱུྃ་ལས་མཁའ་འགྲོ་ཞགས་པ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཆིངས་ཤིག་རཏྣ་པཱ་ཤ་ཧཱུྃ༔ བཾ་ལས་མཁའ་འགྲོ་ལྕགས་སྒྲོག་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སྡོམ་ཞིག་པདྨ་སྥོ་ཊ་བཾ༔ ཧོཿ ལས་མཁའ་འགྲོ་དྲིལ་བུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཕོབ་ཅིག་ཀརྨ་གྷཎྜེ་ཧོཿ ཧཱུྃ༔ ང་ནི་གསང་བ་ཡེ་ཤེས་མ༔ དྲག་ཁྲོས་བདུད་འདུལ་སེང་གེའི་གདོང་༔ ཕྲིན་ལས་རོལ་གར་གློག་ལྟར་འཁྱུགས༔ གསོད་བྱེད་མཁའ་འགྲོ་ལས་ལ་འགྱེད༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བྱད་ཕུར་རྦོད་གཏོང་དབྱེ་རྨོངས་སོགས༔ དྲག་སྔགས་ལས་སྦྱོར་ཕྲ་མ་མཁན༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སོད་ཅིག་ཐུལ་ཞིག་ཕྱེ་མར་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་གུ་ཧྱ་ཛྙཱ་ན་སེང་ཧ་མུ་ཁ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿདགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཚལ་པར་རྦད༔ དུམ་བུར་རྦད༔ ཧཱུྃ་ཕཊ༔ བདུན་པ་ཞལ་དུ་བསྟབ་པ་ནི༔ ཧཱུྃ་ཧྲཱིཿདུག་གསུམ་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་ཕུང་པོར་བཅས༔ ཡེ་ཤེས་མཁའ་འགྲོའི་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཞིག་ལྷག་མེད་ཐོང་༔ མ་མ་ཧྲཱིཾ་ཧྲིཾ་དགྲ་བགེགས་བྱད་མའི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི༔ བརྒྱད་པ་ལ་གསུམ་ལས༔ དང་པོ་རྡོ་རྗེ་སློབ་དཔོན་ལ་དྲངས་པ་ནི༔ ལས་རྡོར་གྱིས་ཚོགས་རྫས་ལག་ཏུ་ཐོགས་ལ་གུས་པས་ཞུ་བ་ནི༔ ཀྱེ་ཧོཿ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ འདོད་ཡོན་ཚོགས་འཁོར་དམ་པ་འདི༔ གཙང་དང་རྨེ་བ་གཉིས་འཛིན་བྲལ༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ དེ་ནས་བླ་མས་པད་བསྐོར་དང་བཅས་ཏེ༔ ཧོཿ རྡོ་རྗེ་མཆེད་དང་ལྕམ་དྲལ་དགོངས༔ ཚོགས་འཁོར་འདོད་ཡོན་གསང་སྔགས་རྫས༔ དངོས་གྲུབ་ཐམས་ཅད་འདི་ལས་བྱུང་༔ ཚོགས་ཀྱི་དགའ་སྟོན་ལོངས་སྤྱོད་རོལ༔ ག་ཎ་ཙཀྲ་སིདྡྷི་ཕ་ལ་ཨ་ལ་ལ་ ཧོཿ དེ་ནས་མཉམ་དུ༔ ཨེ་མ༔ གསང་ཆེན་ཐེག་པ་ཆེན་པོའི་རྫས༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་སྟེ༔ དོན་ལ་དངོས་འཛིན་མི་མངའ་ཡང༔ ཐེག་ཆེན་ཐབས་ཀྱི་ཚུལ་དུ་རོལ༔ ཨ་ལ་ལ་ཧོཿ ཞེས་པས་མཆེད་ལྕམ་ཀུན་གྱིས་རོལ་ལོ༔ དགུ་པ་ལྷག་མ་བཏང་བ་ནི༔ ཧཱུྃ་བྷྱོ༔ ལྷག་ལ་དབང་བ་མ་མོའི་ཚོགས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་དམ་བཅའ་ཇི་བཞིན་དུ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ བྷྱོ༔ ཤར་ནས་ཞི་བའི་ལས་མཛད་མ༔ དབང་ཕྱུག་མ་བདུན་འཁོར་དང་བཅས༔ མགོ་བརྙན་རྣམ་འགྱུར་ཅིར་ཡང་སྟོན༔ ཟས་སུ་ཞིང་བཅུའི་ཤ་ལ་ཟ༔ སྐོམ་དུ་ཉམས་པའི་ཁྲག་ལ་འཐུང་༔ གོས་སུ་མི་ལྤགས་རློན་པ་གསོལ༔ སྣ་ཚོགས་གར་གྱིས་ནམ་མཁར་འགྲོ༔ ལས་སུ་དཀྱིལ་འཁོར་མཐའ་འཛིན་སྐྱོང་༔ མ་འཁོར་དང་བཅས་པ་འདིར་གཤེགས་ཤིག༔ འདོད་ཡོན་ལྷག་མའི་ལོངས་སྤྱོད་རོལ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་ཅི་བཞིན་ཕྲིན་ལས་མཛོད༔ བྷྱོ༔ ལྷོ་ནས་རྒྱས་པའི་ལས་མཛད་མ༔ དབང་ཕྱུག་མ་བདུན་འཁོར་དང་བཅས༔ མགོ་བརྙན་རྣམ་འགྱུར་ཅིར་ཡང་སྟོན༔ ཟས་སུ་ཞིང་བཅུའི་ཤ༴ སྐོམ་དུ་ཉམས་པའི༴ གོས་སུ་མི་ལྤགས༴ སྣ་ཚོགས་གར་གྱིས༴ ལས་སུ་དཀྱིལ་འཁོར༴ མ་འཁོར་དང་བཅས་པ་གཤེགས་སུ་གསོལ༔ འདོད་ཡོན་ལྷག་མའི༴ སྔོན་ཚེ་དཔལ་ཆེན་སྤྱན༴ ཁས་བླངས་ཅི་བཞིན༴ བྷྱོ༔ ནུབ་ནས་དབང་གི་ལས་མཛད་མ༔ དབང་ཕྱུག་མ་བདུན་འཁོར་དང་བཅས༔ མགོ་བརྙན་རྣམ༴ ཟས་སུ༴ སྐོམ་དུ༴ གོས་སུ༴ སྣ་ཚོགས༴ ལས་སུ༴ མ་འཁོར་དང་བཅས་པ༴ འདོད་ཡོན༴ སྔོན་ཚེ༴ ཁས་བླངས༴ བྷྱོ༔ བྱང་ནས་དྲག་པོའི་ལས་མཛད་མ༔ དབང་ཕྱུག་མ༴ མགོ་བརྙན་རྣམ༴ ཟས་སུ༴ སྐོམ་དུ༴ གོས་སུ༴ སྣ་ཚོགས༴ ལས་སུ༴ མ་འཁོར་དང་བཅས་པ༴ འདོད་ཡོན༴ སྔོན་ཚེ༴ ཁས་བླངས་ཅི་བཞིན་ཕྲིན་ལས་མཛོད༔ མ་བྷྱོཿཛཿཧྲཱིཾ་ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བཅུ་པ་ཆད་མདོ་བཀའ་ཡི་གཏོར་མ་ལ༔ ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ སྒྱུ་འཕྲུལ་ལོངས་སྐུའི་འཁོར་ཚོགས་ལ༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ སྟོན་འཁོར་དགོངས་པ་རོ་གཅིག་ངང་༔ རང་བྱུང་རང་ཤར་ཆེན་པོར་བསྟན༔ དེ་ཚེ་རང་རྩལ་དྲེགས་པ་ཅན༔ སྤྲུལ་ཏེ་བཀའ་ཡི་སྲུང་མར་བསྐོས༔ བསྟན་པ་སྤེལ་ཞིང་བསྟན་འཛིན་སྐྱོང་༔ བསྟན་དགྲ་བསྒྲལ་བའི་གཉེར་བླངས་བཞིན༔ ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་དུས་ཚིགས་གཉིས་པ་ལ༔ རང་སྣང་བཀོད་པ་ལྷུན་གྲུབ་ཏུ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ བདག་ལྟའི་མ་ཏྲཾ་རཱུ་ཏྲ་བསྒྲལ༔ རཱུ་ཏྲའི་འཁོར་ཚོགས་དཔག་མེད་པ༔ དམ་ལ་བཏགས་ཤིང་བྲན་དུ་བཀོལ༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཆད་བཞིན་དམར་གྱི་གཏོར་མ་ལོངས༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ དེ་འོག་དུས་ཚིགས་གསུམ་པ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ གསང་བདག་རྡོ་རྗེ་འཛིན་པ་ཡིས༔ ཞུ་བསྡུས་འཁོར་གྱི་རོལ་པ་ལ༔ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ༔ བཀའ་སྲུང་དྲེགས་པའི་འཁོར་རྣམས་ཀྱིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་འོག་དུས་ཚིགས་བཞི་པ་ལ༔ གནས་ཡུལ་དུར་ཁྲོད་ཐམས་ཅད་དུ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ གསང་སྔགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་འོག་དུས་ཚིགས་ལྔ་པ་ལ༔ མུན་གླིང་བོད་ཀྱི་རྒྱལ་ཁམས་སུ༔ གསང་སྔགས་སྟོན་པ་པད་འབྱུང་གི༔ སྐལ་ལྡན་ཕོ་མོའི་ཚོགས་རྣམས་ལ༔ རྡོ་རྗེ་ཐེག་པའི་ཆོས་བསྟན་མཛད༔ དེ་ཚེ་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་འོག་དུས་ཚིགས་དྲུག་པ་ལ༔ ཤམ་པོ་གངས་ཀྱི་ར་བ་རུ༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་ཡིས༔ མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་འོག་དུས་ཚིགས་བདུན་པ་ལ༔ ཨོ་རྒྱན་ཆེན་པོའི་ཞལ་ཚབས་སུ༔ ཐུགས་རྗེའི་རང་མདངས་འགྲོ་འདུལ་དཔལ༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ཡིས༔ མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོས་རང་གཟུགས་མངོན་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་བཞིན་གསང་ཆེན་དཀྱིལ་འཁོར་འདིར༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གིས༔ མཁའ་འགྲོ་དཀྱིལ་འཁོར་ཞལ་ཕྱེས་ནས༔ བཀའ་བཞིན་དམར་གྱི་གཏོར་མ་བཤམས༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས༔ ཁྱེད་ཅག་དམ་ལ་མ་འདའ་བར༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ སྒྲུབ་མཆོག་བུ་བཞིན་སྐྱོང་བ་དང་༔ ཕྱི་ནང་བར་ཆད་སེལ་བ་དང་༔ དམ་ཚིག་བཀའ་བཞིན་ཕྲིན་ལས་སྒྲུབས༔ མ་འདའ་བཛྲ་ས་མ་ཡ༔ བཅུ་གཅིག་པ་བརྟན་མ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཚེ་དང་ལྡན་པ་བརྟན་མའི་ཚོགས༔ མ་ལུས་འདིར་གཤེགས་གཏོར་མ་བཞེས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ སྒྲུབ་པའི་རྣལ་འབྱོར་ཕོ་མོ་ཡི༔ ཚེ་བསྲིང་སྲོག་སྐྱོབ་བར་ཆད་ཟློག༔ བསྟན་པའི་སྦྱིན་བདག་མངའ་ཐང་བསྐྱེད༔ བསྟན་དགྲ་གདུག་པའི་མགོ་འཕང་ཕོབ༔ མདོར་ན་གཟུགས་ཅན་གཟུགས་མེད་ཀྱི༔ དགྲ་བགེགས་གནོད་བྱེད་ཆོམ་ལ་ཕོབ༔ དང་པོ་རྡོ་རྗེ་འཆང་གི་བཀའ༔ བར་དུ་པདྨ་འབྱུང་གནས་དམ༔ ཐ་མ་རྣལ་འབྱོར་བདག་གི་ཚིག༔ མ་འདའ་བཛྲ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ བཅུ་གཉིས་པ་རྟ་བྲོ་བརྡུང་བ་ལ༔ ཧཱུྃ་ཧཱུྃ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས༔ ཆོས་དབྱིངས་ཡེ་ཤེས་བྲོ་བརྡུང་བས༔ གཏི་མུག་རཱུ་ཏྲའི་མགོ་ལ་ཆེམས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་ནོན༔ ཧཱུྃ་ཧ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས༔ མེ་ལོང་ཡེ་ཤེས་བྲོ་བརྡུང་བས༔ ཞེ་སྡང་རཱུ་ཏྲའི་མགོ་ལ་ཆེམས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་ནོན༔ ཧཱུྃ་རི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས༔ མཉམ་ཉིད་ཡེ་ཤེས་བྲོ་བརྡུང་བས༔ ང་རྒྱལ་རཱུ་ཏྲའི་མགོ་ལ་ཆེམས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་ནོན༔ ཧཱུྃ་ནི༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མས༔ སོར་རྟོག་ཡེ་ཤེས་བྲོ་བརྡུང་བས༔ འདོད་ཆགས་རཱུ་ཏྲའི་མགོ་ལ་ཆེམས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་ནོན༔ ཧཱུྃ་ས༔ བྱང་ཕྱོགས་ཀརྨ་མཁའ་འགྲོ་མས༔ བྱ་གྲུབ་ཡེ་ཤེས་བྲོ་བརྡུང་བས༔ ཕྲག་དོག་རཱུ་ཏྲའི་མགོ་ལ་ཆེམས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་ནོན༔ བྲོ་ནི་ཡེ་ཤེས་ལྔ་ཡི་བྲོ༔ གླུ་ནི་འགགས་མེད་རྡོ་རྗེའི་གླུ༔ ཐུགས་རྗེའི་ཐབས་ཀྱིས་ལོག་རྟོག་བསྒྲལ༔ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་བཤིག༔ ཆོས་ཕུང་བརྒྱད་ཁྲིའི་དབྱིངས་སུ་མནན༔ མ་ཤོར་སྐུ་དང་ཡེ་ཤེས་རྒྱ༔ མ་ལྡང་བདེ་བ་ཆེན་པོར་མནན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ སྟྭཾ་བྷ་ཡ་ནན༔ བཅུ་གསུམ་པ་རྗེས་ཀྱི་རིམ་པ་བདུན་ལས༔ དང་པོ་དངོས་གྲུབ་བླང་བ་ལ༔ ཧོཿ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་མའི༔ སྐུ་གསུང་ཐུགས་ཀྱི་ཀློང་མཛོད་ནས༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཀརྨ་སིདྡྷི་ཕ་ལ་ཧོཿ གཉིས་པ་བཤགས་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿའཁོར་ཚེ་ཐོག་མ་མེད་པ་ནས༔ མ་རིག་དབང་གྱུར་ཉེས་ལྟུང་ཚོགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཚང་བར་བརྗོད༔ གསུམ་པ་བསྔོ་བ་ནི༔ ཧཱུྃ་ཧྲཱིཿཡང་གསང་མཁའ་འགྲོའི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་འབྲས་བུའི་དགེ་བསགས་པ༔ མ་ལུས་བསྡུས་ཏེ་འགྲོ་རྣམས་ཀུན༔ རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བསྔོ༔ བཞི་པ་སྨོན་ལམ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་བདེན་སྟོབས་ཀྱིས༔ བདག་དང་མཁའ་མཉམ་སེམས་ཅན་རྣམས༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚོམ་བུ་གཅིག་ཏུ་འཚང་རྒྱ་ཤོག༔ ལྔ་པ་རྟག་མཐའ་བསལ་བ་ནི༔ ཧཱུྃ༔ སྣོད་བཅུད་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་བསྡུ༔ རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཧཱུྃ་ཡིག་ཆོས་དབྱིངས་ཀློང་དུ་ཨ༔ དྲུག་པ་ཆད་མཐའ་བསལ་བ་ནི༔ ཧཱུྃ་ཧྲཱིཿསྐད་ཅིག་ཆུ་ལས་ཆུ་ལྦུར་བཞིན༔ སྟོང་པའི་ངང་ལས་རང་རིག་ཉིད༔ འཁོར་འདས་སྤྱི་དཔལ་སེང་གདོང་མ༔ སྣང་སྲིད་ཁྱབ་གདལ་སྐུར་བསྒོམ་མོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿཕཊ༔ བདུན་པ་ཤིས་པ་བརྗོད་པ་ལ༔ ཧཱུྃ་ཧྲཱིཿངོ་བོ་སྐྱེ་མེད་ཆོས་སྐུའི་ཀློང༔ རང་བཞིན་འགགས་མེད་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་ཐབས་ཀྱིས་སྤྲུལ་སྐུར་ཤར༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཆོས་དབྱིངས་ཡེ་ཤེས་ཀུན་བཟང་མོའི༔ རྣམ་རོལ་མ་ངེས་སྒྱུ་འཕྲུལ་གར༔ གང་འདུལ་སྤྲུལ་པའི་མཁའ་འགྲོའི་ཚོགས༔ ཡོངས་རྫོགས་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལྷུན་གྲུབ་རིག་ལྔའི་མཁའ་འགྲོ་མ༔ དུག་ལྔ་གནས་དག་ཡེ་ཤེས་ལྔ༔ སྨིན་ཏེ་འགྲོ་རྣམས་ཞི་བདེ་རུ༔ འགོད་མཛད་ཕྲིན་ལས་བཀྲ་ཤིས་ཤོག༔ ས་མ་ཡ༔ མ་འོང་སྐལ་ལྡན་ལས་ཅན་རྣམས༔ ཡེ་ཤེས་ཡོངས་འདུས་ཐུགས་ཀྱི་གཏེར༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ ནང་སྒྲུབ་སེང་གེའི་གདོང་པ་ཅན༔ བསྒོམ་དང་བཟླས་པའི་གནད་མཆོག་གིས༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ འབྲེལ་འཇོག་ཙམ་གྱིས་སངས་རྒྱས་སོ༔ འདི་ནི་རྡོ་རྗེ་ཐེག་པའི་བཅུད༔ ད་ལྟ་སྤེལ་པའི་གནས་མེད་པས༔ མ་འོངས་བསྐལ་པ་སྙིགས་མ་ལ༔ སེམས་ཅན་བསོད་ནམས་དམན་པའི་དུས༔ བསྟན་འགྲོ་གསོ་ཕྱིར་གཏེར་དུ་སྦོས༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་ཁྱོད༔ སྐྱེ་བ་མང་དུ་བཞེས་པའི་མཐར༔ སྦས་པའི་རྣལ་འབྱོར་བདུད་འཇོམས་གླིང་༔ གསང་བདག་ཆོས་ཀྱི་རྡོ་རྗེར་འགྱུར༔ པདྨའི་གསང་མཛོད་བདག་པོ་ཉིད༔ འགྲན་ཟླ་བྲལ་པའི་སྐྱེས་བུ་འབྱུང་༔ ཟབ་གཏེར་སྒོ་འབྱེད་བདུད་སྟོབས་འཇོམས༔ ཆོས་ཀུན་དགོངས་པའི་ཀློང་ལས་རྡོལ༔ འབྲེལ་ཚད་ཐར་བའི་ལམ་ལ་འགོད༔ དེ་ཕྱིར་བཀའ་འདིའི་བདག་པོར་འགྱུར༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ གསང་ཆེན་པདྨའི་སྙིང་ཐིག་འདི༔ སྐལ་ལྡན་སྐལ་བར་གཏེར་དུ་སྦོས༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ སྔགས་བདག་སྲིད་རྒྱལ་དཔོན་གཡོག་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ལྷོ་བཙན་ནག་པོ་ལ་སོགས་པའི༔ བསྟན་སྲུང་མ་མོའི་ཚོགས་ལ་གཉེར༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ དགོངས་རྒྱ༔ གཉན་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་མགུལ་ནས་ལུག་ལོའི་དགུན་འབྲིང་པོའི་ཉེར་ལྔའི་ཉིན་རིག་འཛིན་བདུད་འཇོམས་རྡོ་རྗེས་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་ཏེ་གཏེར་ནས་བཏོན་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་སྟེ།མཐར་རྟེན་འབྲེལ་དུས་ལ་བབས་ཚེ་རང་སློབ་དམ་པ་ཀློང་ཆེན་ཞེས་པ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ཡང་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའི་དགེ་བའི་རྩུབ་འགྱུར་དུས་ཀྱི་ཡོ་ལང་ནད་མུག་མཚོན་གྱིས་འཁྲུལ་འཁོར་ཀླ་ཀློའི་རིགས་སྔགས་རྫས་སྦྱོར་ཐམས་ཅད་མིང་གི་ལྷག་མར་གཞོམ་པའི་ཐོ་ལུམ་དང་བསྟན་དང་འགྲོ་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་གནས་སུ་གྱུར་ཅིག །དགེའོ། །དགེའོ། །དགེའོ། ལེགས་སོ། །སརྦ་མངྒ་ལཾ།། །།