ཟབ་གསང་མཁའ་འགྲོའི་སྲོག་ཐིག་ལས༔ རྗེ་བཙུན་དམ་ཚིག་སྒྲོལ་མའི་སྒྲུབ་པ་མཁའ་སྤྱོད་མྱུར་ལམ༔

From Dudjom Wiki
TTDL-ZABTER-07-JA-046
Wylie title zab gsang mkha' 'gro'i srog thig las: rje btsun dam tshig sgrol ma'i sgrub pa mkha' spyod myur lam: TTDL-ZABTER-07-JA-046.pdf
Location bdud 'joms gling pa zab gter
Volume 7, Text 46, Pages 565-582 (Folios 1a1 to 9b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i srog thig las rje btsun dam tshig sgrol ma'i sgrub pa mkha' spyod myur lam. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 565-582. Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms sgrol ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity sgrol ma
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di ni khrag 'thung bdud 'joms rdo rjes gter nas bton te mi lo sum cu rtsa brgyad bar du bka' rgya byas mthar sprul sku bstan pa'i rgyal mtshan gyis nan du bskul ngor gtan la phab pa'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྲོག་ཐིག་ལས༔ རྗེ་བཙུན་དམ་ཚིག་སྒྲོལ་མའི་སྒྲུབ་པ་མཁའ་སྤྱོད་མྱུར་ལམ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཡེ་ཤེས་མཁའ་འགྲོའི་སྲོག་ཐིག་ལས༔ (བརྡ་ཡིག་) མ་འོངས་ལྔ་བརྒྱའི་སྙིགས་མའི་དུས༔ པདྨ་ང་ཡི་བརྒྱུད་འཛིན་པའི༔ སྐལ་བ་བཟང་པོའི་སྐྱེས་བུ་མཆོག༔ མཁའ་སྤྱོད་མྱུར་ལམ་བགྲོད་འདོད་ན༔ དེ་ཕྱིར་པདྨ་ཐོད་ཕྲེང་ངས༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྒྲུབ་པ་མཁའ་སྤྱོད་མྱུར་ལམ་བསྟན༔ འདི་ཉིད་ཉམས་སུ་ལེན་པ་ལ༔ བསྐྱེད་དང་རྫོགས་པའི་རིམ་པ་གནད༔ ཤེས་པ་གཞན་དུ་མ་ཡེངས་པར༔ རྩེ་གཅིག་དམ་རྒྱས་སྒྲུབ་པ་གནད༔ དཀར་ཕྱོགས་སྐྱོང་བའི་གཞི་བདག་ལ༔ དཀར་གཏོར་ཕུལ་ཏེ་སྡོང་གྲོགས་དང་༔ མཐུན་རྐྱེན་སྒྲུབ་པའི་ལས་བཅོལ་བྱ༔ ནག་ཕྱོགས་གདུག་པའི་ལྷ་འདྲེ་ལ༔ དམར་གཏོར་དང་ནི་ངར་གླུད་བཏང་༔ དྲག་པོའི་དམིགས་པའི་འཁྲུལ་འཁོར་གྱིས༔ རི་རབ་ཆེན་པོའི་ཟོམས་སུ་བསྐྲད༔ སྒྲུབ་པའི་གཞུང་དུ་འཇུག་པ་ལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སྐུ་བཞིའི་བདག་ཉིད་བླ་མ་དང༔ རྒྱལ་ཡུམ་འཕགས་མ་སྒྲོལ་མ་ལ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ དེ་ནས་བྱང་ཆུབ་སེམས་བསྐྱེད་ལ༔ ཧོཿ བདག་གིས་མཁའ་མཉམ་སེམས་ཅན་ཀུན༔ སངས་རྒྱས་ས་རུ་བཀོད་ནུས་ཕྱིར༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ རྡོ་རྗེ་གསུམ་གྱི་གྲོང་འཇུག་བྱ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ གླུད་གཏོར་ལོངས་ལ་གཞན་དུ་སོང་༔ སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ སྤྲུལ་པ་ལས་ཀྱི་ཐུན་མཚོན་གྱིས༔ བགེགས་རྣམས་རྒྱ་མཚོའི་ཕ་མཐར་བསྐྲད༔ ཚུར་འདུས་འཁོར་ལོ་རིམ་དགུར་གྱུར༔ མ་མ་ཌཱིཀྐི་ཧ་རི་ནི་ས་ཛྙཱ་ན་པཉྩ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་དབབ་པ་ལ༔ ཧཱུྃ༔ རྒྱལ་ཡུམ་འཕགས་མ་སྒྲོལ་མ་དང་༔ རྣམ་འཕྲུལ་དཔག་ཡས་མཁའ་འགྲོའི་ཚོགས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ ན་མོ་ཨཱཪྻ་ཏཱ་རེ་བཾ་ཧ་རི་ནི་ས་སརྦ་ཌཱཀྐི་ནཱི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཧཱུྃ༔ ཡུལ་དྲུག་སྣང་བའི་ཆོས་སོ་ཅོག༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ ཕྱི་ནང་གསང་མཆོད་བླ་ན་མེད༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་ནསརཱུ་པ་ཤཔྡ་སོགས༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་གུ་ཧྱ་སྭཱ་ཧཱ༔ དེ་ནས་ཏིང་འཛིན་རྣམ་གསུམ་ནི༔ ཨཱཿཆོས་རྣམས་ཆོས་ཉིད་ཆེན་པོར་ཞིག༔ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ ཨོཾ་ཧཱ་ཤུ་ནྱ་ཏཱ༴ འདི་ལྟར་མ་རྟོགས་སེམས་ཅན་ལ༔ མཉམ་པར་བརྡལ་བའི་སྙིང་རྗེ་བསྒོམ༔ དྷརྨ་དྷརྟུ་ཛྙཱ་ན་ས་མ་ཏི་ཨཱཿཆོས་ཉིད་སྤྲོས་མཐའ་བྲལ་བའི་མཁར༔ རིག་པ་རྒྱུ་ཡི་ཡི་གེ་ཤར༔ ཏཱཾཿབཛྲ་ཙིཏྟ་ཧཱུྃ༔ ཏཱཾཿལས་འབྱུང་བའི་དྭངས་མ་ལྔ༔ རིམ་བརྩེགས་ཡེ་ཤེས་སྒྱུ་མའི་འཕྲུལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་པའི༔ རང་སྣང་རྣམ་དག་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ཡི་རང་གདངས་ལས༔ འོད་ལྔ་ལས་གྲུབ་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་རྫོགས་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེངས་སུ༔ རིག་པ་རྒྱུ་ཡི་ཡི་གེར་བབ༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ རྟེན་དང་བརྟེན་པ་བསྡུས་ཏེ་བསྟིམ༔ ཁམས་གསུམ་སེམས་ཅན་ཆོས་སྐུར་བསྒྲལ༔ སྣོད་བཅུད་འབྱུང་ཡོན་ཚེ་བསོད་ནམས༔ བསྡུས་ཏེ་བཅུད་དུ་དྲིལ་བ་ལས༔ རང་ཉིད་འཕགས་མ་སྒྲོལ་མའི་སྐུ༔ སྔོ་ལྗང་ཞལ་གཅིག་ཕྱག་གཉིས་པ༔ གཞོན་ཚུལ་མཚན་དཔེའི་ལང་ཚོས་མཛེས༔ སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགས༔ དབུ་མས་ཆོས་དབྱིངས་མངོན་དུ་བྱེད༔ ཞབས་གཉིས་བརྐྱང་བསྐུམ་པད་ཟླར་བཞུགས༔ ཕྱག་གཡས་མཆོག་སྦྱིན་གདུལ་བྱ་སྐྱོང་༔ གཡོན་པས་ཨུཏྤལ་ཐུགས་ཀར་བསྣམས༔ དབུ་རྒྱན་སྙན་ཆ་ཕྲེང་བ་དང་༔ དོ་ཤལ་གདུ་བུ་སེ་མོ་དོ༔ རིན་པོ་ཆེ་ཡིས་རབ་ཏུ་བརྒྱན༔ ཅོད་པན་སྟོད་གཡོགས་སྨད་དཀྲིས་དང་༔ དར་དཔྱངས་པང་ཁེབས་སྐུ་རེག་སོགས༔ དར་སྣ་ལྔ་ཡིས་མཛེས་པར་སྤྲས༔ ཡེ་ཤེས་འཇའ་འོད་ཐིག་ལེའི་ཀློང་༔ སྣང་ལ་རང་བཞིན་མེད་པར་གསལ༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་རུ༔ ཤར་དུ་དབྱངས་ཅན་ལྷ་མོ་དཀར༔ ཕྱག་ན་རལ་གྲི་མེ་ལོང་བསྣམས༔ ལྷོ་རུ་འོད་ཟེར་ཅན་མ་སེར༔ ཕྱག་གཡས་སྐྱབས་སྦྱིན་གཡོན་ནོར་བུ༔ ནུབ་ཏུ་རིག་བྱེད་ཆེན་མོ་དམར༔ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས༔ བྱང་དུ་ནོར་རྒྱུན་ལྷ་མོ་ལྗང་༔ ཕྱག་གཡས་འབྲས་ཀྱི་སྙེ་མ་དང་༔ གཡོན་པས་ཡིད་བཞིན་ནོར་བུ་འཛིན༔ ཀུན་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ༔ མཚན་དཔེས་མཛེས་ཤིང་སྐྱིལ་ཀྲུང་བཞུགས༔ ཤར་སྒོར་འགུགས་བྱེད་ཆེན་མོ་དཀར༔ ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་བསྣམས༔ ལྷོ་སྒོར་འཆིང་བྱེད་ཆེན་མོ་སེར༔ ཕྱག་གཉིས་རིན་ཆེན་ཞགས་པ་བསྣམས༔ ནུབ་སྒོར་རྨོངས་བྱེད་ཆེན་མོ་དམར༔ ཕྱག་ན་པདྨ་ལྕགས་སྒྲོག་བསྣམས༔ བྱང་སྒོར་མྱོས་བྱེད་ཆེན་མོ་ལྗང་༔ ཕྱག་ན་རྒྱ་གྲམ་དྲིལ་བུ་བསྣམས༔ ཀུན་ཀྱང་བཞེངས་པའི་སྟབས་སུ་བཞུགས༔ གཟིག་ཤམ་དང་ནི་རུས་རྒྱན་གསོལ༔ ཞི་མ་ཁྲོ་འཛུམ་མེ་དཔུང་འབར༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ སྤྲུལ་པའི་ལྷ་མོ་དཔག་མེད་པས༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ འོད་ཕུང་བསྐལ་བའི་མེ་ལྟར་འབར༔ གཟི་བརྗིད་ཉི་མ་འབུམ་ལས་ལྷག༔ དེ་ལྟར་གསལ་བའི་གནས་གསུམ་དུ༔ རྡོ་རྗེ་སྙིང་པོ་འབྲུ་གསུམ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ འོག་མིན་གནས་དང་པོ་ཊ་ལ༔ གཡུ་ལོ་བཀོད་པའི་ཞིང་ཁམས་སོགས༔ དཔག་ཡས་རྒྱལ་བའི་ཞིང་ཁམས་ནས༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ རྣམ་འཕྲུལ་ཡེ་ཤེས་ལྷ་མོའི་ཚོགས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཪྻ་ཏཱ་རེ་བཾ་ཧ་རི་ནི་ས་སརྦ་མ་མ་ཌཱཀྐི་ནཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ རྣམ་འཕྲུལ་ཡེ་ཤེས་ལྷ་མོའི་ཚོགས༔ གདན་གསུམ་ཚང་བའི་ངོ་བོ་རུ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་སྟྭཾ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་འཕགས་མ་སྒྲོལ་མ་དང་༔ རིགས་ལྔ་དབྱིངས་ཀྱི་ཡུམ་ལྔ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ན་མོ་ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ ཧོཿ དེ་ནས་ཕྱི་མཆོད་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ དངོས་དང་ཡིད་ལས་སྐྱེས་པ་ཡི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ བཞེས་ནས་བདག་རྒྱུད་བྱིན་གྱིས་རློབས༔ ན་མོ་ཨཱཪྻ་ཏཱ་རེ་ས་པ་རི་ཝཱ་ར་སརྦ་ཨརྒྷཾ་པཱདྱཾ་ནསཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མཱ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་ནང་མཆོད་འབུལ་བ་ལ༔ ཧཱུྃ༔ སྣང་ཞིང་སྲིད་པའི་འཇིག་རྟེན་ན༔ དབང་པོ་ལྔ་ཡི་ཡུལ་གྱུར་པའི༔ འདོད་ཡོན་ལྔ་ཡི་བྱེ་བྲག་ཀུན༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ ལྷུན་གྲུབ་རོལ་པའི་དལ་དུ་འབུལ༔ བཞེས་ནས་བདག་རྒྱུད་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ རཱུ་པ་ཤཔྡ་སོགས༔ དེ་ནས་གསང་མཆོད་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ ཟག་མེད་བདེ་ཆེན་བསྐྱེད་པའི་ཕྱིར༔ བདེ་སྟོང་བདུད་རྩིའི་སྨན་མཆོད་འབུལ༔ གཟུང་འཛིན་ཞེན་པ་ལས་བཟློག་ཕྱིར༔ རོ་བརྒྱ་ལྡན་པའི་གཏོར་མ་འབུལ༔ བདག་ལྟའི་རཱུ་ཏྲ་གཞིག་པའི་ཕྱིར༔ དམར་ཆེན་རཀྟའི་མཉེས་མཆོད་འབུལ༔ བདག་རྒྱུད་སྨིན་ཅིང་གྲོལ་ནས་ཀྱང་༔ ཀུན་ཏུ་འོད་ཀྱི་ས་ལ་དྲོངས༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ལ་ཁཱ་ཧི༔ དེ་ནས་སྦྱོར་མཆོད་འབུལ་བ་ལ༔ ཨཱཿསྣང་བ་ཐབས་མཆོག་སྒྱུ་མའི་སྐུས༔ སྟོང་ཉིད་ཡུམ་གྱི་མཁའ་རུ་སྦྱོར༔ ཟག་མེད་བདེ་ཆེན་བྱང་ཆུབ་སེམས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་འབུལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་བོ་དྷི་ཙིཏྟ་སུ་ཁ་པཱུ་ཛ་ ཧོཿ དེ་ནས་བསྒྲལ་མཆོད་ལ༔ ཧཱུྃ༔ བདེ་ཆེན་ཐབས་ཀྱི་རྡོ་རྗེ་ཡིས༔ ཤེས་རབ་སྟོང་ཉིད་མཁའ་དབྱིངས་སུ༔ གཉིས་སྣང་རཱུ་ཏྲ་ཕྱེ་མར་བཏུལ༔ ཤ་ཁྲག་རུས་པའི་ཕུང་པོར་བརྡལ༔ བཞེས་ནས་སངས་རྒྱས་ས་རུ་སྐྱོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ དེ་ནས་ཁྱད་པར་གྱི་མཆོད་པ་ནི༔ ཨཱཿཆོས་ཀུན་རྣམ་དག་སྤྲོས་མཐའ་བྲལ༔ ཤེས་རབ་ཆེན་པོས་མངོན་བྱེད་པའི༔ རང་བྱུང་རང་གྲོལ་རྫོགས་སངས་རྒྱས༔ བླང་དོར་མེད་པའི་མཆོད་པ་བཞེས༔ མ་ཧཱ་དྷརྨ་དྷརྟུ་ཧྲཱི་ད་ཡ་ཨཱཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གདོད་ནས་མ་བཅོས་ཀ་དག་ཆོས་སྐུ་ཡུམ༔ རང་བཞིན་ལྷུན་གྲུབ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རོལ་རྩལ་སྣ་ཚོགས་མཁའ་འགྲོའི་གར༔ ཡོངས་འདུས་བདག་ཉིད་འཕགས་མ་སྒྲོལ་མར་བསྟོད༔ ཀ་དག་བརྡལ་ཁྱབ་ངང་ལས་མ་གཡོས་ཀྱང་༔ གདུལ་དཀའ་འདུལ་ཕྱིར་སྣ་ཚོགས་ཐབས་དུ་མས༔ འགྲོ་བའི་སྡུག་བསྔལ་སྐྱོབ་ཕྱིར་གཟུགས་སྐུར་སྟོན༔ རྒྱལ་ཡུམ་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད༔ དུག་ལྔ་ཕུང་ལྔའི་ཡུལ་ལ་མངོན་ཞེན་པའི༔ ཉམ་ཐག་སྐྱབས་དང་བྲལ་བའི་སྐྱེ་རྒུ་རྣམས༔ འཇིགས་དང་སྡུག་བསྔལ་ཀུན་ལས་སྒྲོལ་མཛད་པའི༔ འཕགས་མ་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད༔ སྐུ་ལ་བཀོད་པ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ གསུང་དབྱངས་ཡན་ལག་དྲུག་ཅུས་འགྲོ་བ་འདུལ༔ ཐུགས་གསང་མཉམ་ཉིད་འཁོར་འདུས་འུབ་ཆུབ་རོལ༔ རྗེ་བཙུན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ འདི་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྒྱལ་ཡུམ་སྒྲོལ་མ་ཁྱེད་ཀྱིས་རྗེས་བཟུང་ནས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཅིང་༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿ རྒྱལ་བའི་དགྱེས་སྐོང་རྒྱལ་བ་བསྐྱེད་པའི་ཡུམ༔ རྗེ་བཙུན་འཕགས་མ་ཁྱེད་ཀྱི་སྤྱན་སྔ་རུ༔ བདག་གིས་དུས་གསུམ་བསགས་པའི་སྡིག་པ་དང་༔ སྡོམ་དང་བསླབ་པ་དམ་ཚིག་ཉམས་ཆག་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ བཤགས་སོ་དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་འཛབ་དམིགས་ནི༔ ཧཱུྃ༔ རང་ཉིད་འཕགས་མ་སྒྲོལ་མ་ཡི༔ ཐུགས་ཀར་དྭངས་མའི་ཐིག་ཀློང་དུ༔ ཉི་ཟླའི་གའུ་ཁ་སྦྱོར་ནང་༔ ཏཱཾཿཡིག་སྔོ་ལྗང་འོད་འབར་བའི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་རབ་འཕྲོས་ཏེ༔ ཕྱོགས་བཅུའི་རྒྱལ་བ་རྟེན་བརྟེན་པ༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔ དག་གྲོལ་ཆེན་པོར་མངོན་སངས་རྒྱས༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པ་དབང་བྱིན་རླབས༔ དངོས་གྲུབ་མ་ལུས་ཇི་སྙེད་པ༔ འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ༔ བདག་ཐིམ་གཟི་བརྗིད་འབར་བར་བསྒོམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ དེ་ནས་ལས་ལ་སྦྱོར་བ་ལ༔ ཧཱུྃ༔ རང་ཉིད་འཕགས་མའི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཀུན་ཀྱང་འཕགས་མའི་སྐུར་གྱུར་ཏེ༔ གྲགས་སྟོང་སྔགས་ཀྱི་འཛབ་དབྱངས་སྒྲོགས༔ སླར་ཡང་འོད་ཟེར་རབ་འཕྲོས་པས༔ འཁོར་འདས་དྭངས་བཅུད་ཚེ་བསོད་ནམས༔ ཡེ་ཤེས་ཡོན་ཏན་ཐམས་ཅད་ཀུན༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ ཚེ་བསོད་དཔལ་ཡོན་རྒྱས་པར་མཛོད༔ མོས་པ་རྣམ་བཞིས་དབང་དུ་འདུས༔ ཐུགས་ཀའི་སྔགས་ལས་འོད་འཕྲོས་པས༔ གཟུང་དང་འཛིན་པའི་རྒྱུས་བསྐྱེད་པའི༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ སྦུར་མ་མེ་ལ་བསྲེགས་བཞིན་བརླག༔ རྣམ་པར་ཤེས་པ་ཆོས་སྐུར་བསྒྲལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ དེ་ལྟར་དམིགས་གནད་དང་ལྡན་པའི༔ དུས་བཞིར་ལས་བཞིའི་སྔགས་བསྒྲིལ་བཟླས༔ ཤེས་པ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ང་རྒྱལ་བརྟན་པོར་བཟུང་༔ མི་ཚིག་དག་གིས་མ་བསླད་པར༔ ཆུ་བོའི་གཞུང་བཞིན་སྔགས་བཟླས་འབད༔ སྟན་གྱི་དྲོད་མི་ཡལ་བ་རུ༔ བསྒུལ་བསྐྱོད་མེད་པར་སྡོད་ས་བཟུང་༔ དེས་ནི་རིང་པོར་མི་ཐོགས་པར༔ དངོས་གྲུབ་འཐོབ་པར་གདོན་མི་ཟ༔ ས་མ་ཡ༔ རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ ཚོགས་མཆོད་ཕུལ་པའི་རིམ་པ་ལ༔ འབྱོར་ཚོགས་ཅི་རིགས་བཤམས་ནས་སུ༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ རཾ༔ རཾ་ལས་ཡེ་ཤེས་མེ་བྱུང་བས༔ མ་དག་འབག་རྩོག་ཐམས་ཅད་བསྲེགས༔ ཡཾ༔ ཡཾ་ལས་ཡེ་ཤེས་རླུང་བྱུང་བས༔ གཟུང་དང་འཛིན་པའི་དྲི་མ་གཏོར༔ ཁཾ༔ ཁཾ་ལས་དག་བྱེད་ཆུ་རྒྱུན་བྱུང་༔ སྒྲིབ་གཉིས་བག་ཆགས་ཐམས་ཅད་སྦྱངས༔ རཾ་ཡཾ་ཁཾ༔ སྟོང་ཆེན་དབྱིངས་ཀྱི་ཀ་པཱ་ལར༔ སྣོད་བཅུད་འབྲུ་གསུམ་རོལ་པར་ཞུ༔ བདེ་སྟོང་བདུད་རྩིའི་ངོ་བོ་ལས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ དྲིན་ཆེན་བླ་མ་གཤེགས་སུ་གསོལ༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ལས་རབ་རྫོགས་པའི་ཞིང་ཁམས་ནས༔ དམ་ཚིག་སྒྲོལ་མ་གཤེགས་སུ་གསོལ༔ གཡུ་ལོ་བཀོད་པའི་ཞིང་ཁམས་ནས༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ན་མོ་ཨཱཪྻ་ཏཱ་རེ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿལན་གསུམ་བརྗོད༔ དེ་ནས་བདུད་རྩི་སྐྱེམས་མཆོད་ལ༔ ཨོཾ་ཨཱཿཧཱུྃ༔ བདེ་སྟོང་ཟག་པ་མེད་པ་ཡི༔ བདུད་རྩི་རོ་བརྒྱའི་དཔལ་འཛིན་པ༔ འདོད་རྒུའི་ལོངས་སྤྱོད་ཅི་ཡང་འཆར༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧཱུྃ༔ རོ་བརྒྱ་ནུས་པ་སྟོང་ལྡན་པའི༔ བཅུད་ལྡན་དཔལ་གྱི་ཞལ་ཟས་འདི༔ རྗེ་བཙུན་འཕགས་མ་སྒྲོལ་མ་སོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་འབུལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ རྗེ་བཙུན་འཕགས་མ་སྒྲོལ་མ་སོགས༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ༔ སྡོམ་དང་བསླབ་པ་ཉམས་པ་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་སོགས་དེ་ནས་བསྒྲལ་ལས་བྱ་བ་ལ༔ ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ དཀྱིལ་འཁོར་ལྷ་ཚོགས་དབྱིངས་ནས་བཞེངས༔ ཉོན་མོངས་དུག་ལྔ་དུག་གསུམ་གྱི༔ རྒྱུ་རྐྱེན་ལས་གྱུར་དགྲ་དང་བགེགས༔ སོད་ཅིག་སྒྲོལ་ཅིག་ཕྱེ་མར་ཐུལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ མ་ཊཾ་རཱུ་ཏྲ་ཨ་མུ་ཀ་མཱ་ར་ཡ་རྦད་སོད༔ དེ་ནས་ཞལ་དུ་བསྟབས་པ་ནི༔ ཧཱུྃ༔ བདག་ལྟའི་རཱུ་ཏྲ་དུག་ལྔར་བཅས༔ ཞིང་བཅུ་བསྒྲལ་བའི་ཤ་ཁྲག་ཚོགས༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང༔ ཡེ་ཤེས་རོལ་པའི་ཚོགས་ལ་འབུལ༔ མ་ཏྲཾ་རཱུ་ཏྲ་ཨ་མུ་ཀ་ཀ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ལ༔ བྷྱོ༔ དཔལ་གྱི་བཀའ་ཉན་ལྷག་སྐྱོང་ཚོགས༔ མ་ལུས་འཁོར་བཅས་འདིར་གཤེགས་ཤིག༔ འདོད་ཡོན་ལྷག་མ་འདི་རོལ་ལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་བྷྱོ་ཛ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ ག་ཎ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ རིག་འཛིན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་རྣམས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ སརྦ་དྷརྨ་པཱ་ལ༔ ཀྵེ་ཊ་པཱ་ལ༔ ལོ་ཀ་པཱ་ལ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཧཱུྃ་བྷྱོ༔ སྔོན་ཚེ་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ མ་སྲིང་བརྟན་མ་བཅུ་གཉིས་དང་༔ སྐྱོང་མ་ཡ་མ་འཁོར་དང་བཅས༔ འདིར་གཤེགས་གཏོར་མའི་བཤལ་ཆུ་བཞེས༔ རྣལ་འབྱོར་སྒྲུབ་པའི་མཐུན་རྐྱེན་སྒྲུབས༔ འགལ་རྐྱེན་དགྲ་བགེགས་རྡུལ་དུ་རློག༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བྲོ་ཡིས་མནན་པ་ལ༔ ཧཱུྃ༔ ལོག་པར་འདྲེན་པའི་དམ་སྲི་དང་༔ བར་ཆད་བྱེད་པའི་སྒབ་འདྲེ་རྣམས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ ཡེ་ཤེས་རོལ་པའི་བྲོ་རྒྱས་བཏབ༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ དམ་སྲི་སྒབ་འདྲེ་སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧོཿ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་མ་ལུས་ཇི་སྙེད་པ་༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྩ་སྔགས་ཤམ་དུ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ ཧོཿ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿ རྗེ་བཙུན་སྒྲོལ་མའི་དཀྱིལ་འཁོར་དུ༔ མཆོད་རྫས་མ་ཚང་སྒྲུབ་པ་གཡེལ༔ སྔགས་བཟླས་མ་དག་ལྷ་མ་གསལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་འགྱོད་ཀྱིས༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགསཨཱཿདེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ འདི་དང་དུས་གསུམ་དགེ་རྩ་ཀུན༔ མཁའ་མཉམ་སེམས་ཅན་ཡོངས་ལ་བསྔོ༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་རྟག་མཐའ་བསལ་བ་ལ༔ ཧོཿ ཐབས་ཀྱི་བསྐྱེད་པའི་དཀྱིལ་འཁོར་ལྷ༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ རང་ལ་བསྡུས་ཏེ་ཐུགས་སྲོག་ལ༔ དེ་ཡང་སྟོང་ཉིད་ནམ་མཁའི་ངང་༔ ཨ་ཨ་ཨ༔ དེ་ནས་ཆད་མཐའ་བསལ་བ་ལ༔ ཧོཿ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ རང་ཉིད་ཡེ་ཤེས་སྒྱུ་མའི་སྐུ༔ རྗེ་བཙུན་འཕགས་མ་སྒྲོལ་མར་གསལ༔ མི་ཤིགས་རྡོ་རྗེའི་གོ་ཁྲབ་བགོ༔ རྩ་སྔགས༔ བཛྲ་རཀྵ་ཨོཾ་བྷྲུྃ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཀ་དག་ཆོས་སྐུའི་ནམ་མཁའ་ལ༔ ལྷུན་གྲུབ་བདེ་ཆེན་བཀོད་པ་རྫོགས༔ ཡེ་ཤེས་ཆེན་པོ་མངོན་བྱེད་ཀྱི༔ དག་མཉམ་རོལ་པའི་བཀྲ་ཤིས་ཤོག༔ འདི་བཞིན་བསྐྱེད་པའི་གདིང་ལྡན་ཏེ༔ རྩེ་གཅིག་ཉམས་སུ་ལེན་པ་ཡི༔ དད་དམ་ལྡན་པའི་སྐྱེས་བུ་རྣམས༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ བརྩོན་འགྲུས་ཐང་ལྷོད་མེད་པ་དང་༔ ལྷ་ལ་ཡིད་ཆད་མེད་པ་དང་༔ གདམས་པར་ཐེ་ཚོམ་མེད་པ་དང་༔ བླ་མར་ལོག་ལྟ་མེད་པ་ནི༔ ལྷ་དང་བླ་མའི་བླ་རྡོ་ཡིན༔ མ་བརྗེད་སྲོག་གི་གཏའ་རུ་ཟུངས༔ སྣང་སྲིད་འཁོར་འདས་ཆོས་སོ་ཅོག༔ ཁྱབ་བརྡལ་སྟོང་ཉིད་ཆེན་པོ་རུ༔ མ་བཅོས་མཉམ་པ་ཉིད་དུ་བརྡལ༔ དེ་ལྟར་ཚུལ་བཞིན་རྟོགས་པ་ཡི༔ ལྟ་བའི་རྒྱལ་པོ་གཞི་རུ་མཆོག༔ གནས་ལུགས་རང་ཞལ་མངོན་གྱུར་ཏེ༔ བསྒོམ་བཅོས་བསྒྱུར་བསམ་བློ་བྲལ་གྱི༔ ངང་བཞག་ཁས་ལེན་ལས་འདས་པ༔ མི་བསྒོམ་པ་ཡི་ལམ་གྱི་མཆོག༔ ལུས་ངག་ཡིད་ཀྱི་སྒོ་གསུམ་པོ༔ བྱ་བ་དགུ་སྤྲུག་བཏང་བྱས་ཏེ༔ བྱར་མེད་བྱ་བཏང་གནས་པ་ནི༔ སྤྱོད་པ་མ་བཅོས་སྤྱོད་པའི་མཆོག༔ དེ་ལྟར་གནད་གསུམ་དང་ལྡན་པའི༔ ཚེ་གཅིག་སྙིང་པོའི་བསྒྲུབ་ལ་གཞོལ༔ བསྒོམ་རྟོགས་མི་འཇིགས་གདིང་བཞི་ཐོབ༔ ཆོས་ཅན་སྣང་བ་ཐམས་ཅད་ཀུན༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་༔ ཟད་ནས་གཞོན་ནུ་བུམ་པའི་སྐུར༔ མངོན་སངས་རྒྱས་པའི་འབྲས་བུ་མཆོག༔ དེ་ལྟར་བསྐྱེད་རྫོགས་རིམ་གཉིས་ཀྱི༔ གནད་མཆོག་དང་ལྡན་སྐྱེས་བུ་རྣམས༔ པདྨ་ང་དང་གཉིས་སུ་མེད༔ མཁའ་འགྲོ་འབུམ་གྱི་སྙིང་ཐིག་འདི༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ སྣོད་མིན་རྣམས་ལ་གུ་ཧྱ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ།།