མཁའ་འགྲོ་གསང་བའི་གབ་ཐིག་ལས༔ ཡང་གསང་སྤྲུལ་སྐུའི་སྒྲུབ་པ་པད་མའི་ཕྲེང་བ༔

From Dudjom Wiki
TTDL-ZABTER-07-JA-052
Wylie title mkha' 'gro gsang ba'i gab thig las: yang gsang sprul sku'i sgrub pa pad ma'i phreng ba: TTDL-ZABTER-07-JA-052.pdf
Location bdud 'joms gling pa zab gter
Volume 7, Text 52, Pages 599-618 (Folios 1a1 to 10b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Mkha' 'gro gsang ba'i gab thig las yang gsang sprul sku'i sgrub pa pad ma'i phreng ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 599-618. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms mkha' 'gro mtsho rgyal
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle མཁའ་འགྲོ་གསང་བའི་གབ་ཐིག་ (mkha' 'gro gsang ba'i gab thig)
Deity ye shes mtsho rgyal
Colophon

ཞེས་པ་འདི་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་མཐར་སྤྲུལ་པའི་སྐུ་མཆོག་སྣ་ཚོགས་རང་གྲོལ་གྱིས་དབྱངས་སྙན་རོལ་མོའི་སྒྲ་དང་བཅས་ཏེ་བསྐུལ་བའི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་མཁའ་འགྲོ་གསང་བའི་བརྡ་རིས་ལས་དག་པར་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di gser smad rnga la stag rtse'i g.yas logs shwa brag rdo rje can nas gdan drangs te mi lo sum cu rtsa bdun bar du bka' rgyas btab mthar sprul pa'i sku mchog sna tshogs rang grol gyis dbyangs snyan rol mo'i sgra dang bcas te bskul ba'i ngor khrag 'thung bdud 'joms rdo rjes mkha' 'gro gsang ba'i brda ris las dag par phab pa'o/_/dge'o/_/legs so/_/sarba mang+ga laM//

[edit]
(བརྡ་ཡིག་) མཁའ་འགྲོ་གསང་བའི་གབ་ཐིག་ལས༔ ཡང་གསང་སྤྲུལ་སྐུའི་སྒྲུབ་པ་པད་མའི་ཕྲེང་བ་བཞུགས་སོ༔


(བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་དག་འཁྲུལ་པའི་སྒོ་གསུམ་པོ༔ དག་པ་ཡེ་ཤེས་རྡོ་རྗེ་ཡི༔ གྲོང་འཕོ་གྲོང་འཇུག་གདམས་པ་ནི༔ ལག་ཏུ་ལེན་པའི་རིམ་པ་ལ༔ སྒྲུབ་གནས་ཉམས་དགའ་སྐྱེད་ཚལ་དུ༔ མཎྜལ་མདའ་གང་གྲུ་བཞི་ལ༔ གཞལ་ཡས་སྒོ་གཅིག་མཚན་ལྡན་བྱ༔ ཡང་ན་ཚོམ་བུའི་དཀྱིལ་འཁོར་རམ༔ རྟེན་གསུམ་གང་ལ་བརྟེན་ཀྱང་རུང་༔ མཆོད་རྫས་གཙང་ཞིང་ཡིད་འོང་བར༔ ལེགས་པར་བཀོད་དེ་སྔོན་འགྲོ་ལ༔ དཀར་ཕྱོགས་དག་ལ་དཀར་གཏོར་དང་༔ ནག་ཕྱོགས་རིགས་ལ་དམར་གཏོར་བཏང་༔ བགེགས་ལ་ངར་མི་ཆངས་བུ་དང་༔ མར་མེ་ཞལ་ཟས་འབྲས་ཆན་དང་༔ ཤ་ཁྲག་རྒྱན་གྱིས་བརྒྱན་པ་བཤམས༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་མོ་རྣལ་འབྱོར་མ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་ལ༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ཅིང་སེམས་བསྐྱེད་ལ༔ ཧོཿ མ་གྱུར་མཁའ་མཉམ་སེམས་ཅན་ཀུན༔ རྣམ་མཁྱེན་སངས་རྒྱས་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་ཁྱེད་བསྒྲུབ་ནས༔ གོ་འཕང་མཆོག་ལ་བསྒྲོད་པར་བྱ༔ ལན་གསུམ་བརྗོད་ཅིང་སེམས་བསྐྱེད་བྱ༔ དེ་ནས་བགེགས་བསྐྲད་བྱ་བ་ལ༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ འདོད་རྒུར་འཆར་བའི་གླུད་གཏོར་ཁྱེར༔ འདི་རུ་མ་འདུག་གཞན་དུ་སོང་༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་མཚོན་ཐུན་འཁྲུལ་འཁོར་གྱིས༔ མགོ་འགས་ལུས་སེམས་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་སུམ་བྷ་ནི་སོགསཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་སྲུང་འཁོར་ནི༔ ཧཱུྃ༔ བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཆོས་ཉིད་རོལ་པའི་ཆོ་འཕྲུལ་ལས༔ མཚོན་ཆའི་གུར་དང་མེ་རླུང་ཆུས༔ ར་བ་སྲ་མཁྲེགས་བརྟན་པར་གྱུར༔ ཙཀྲ་བཛྲ་རཏྣ་པདྨ་ཀརྨ་རཾ་ཡཾ་ཁཾ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཨཱཿགདོད་མའི་ཡེ་གཞི་ཆོས་ཀྱི་སྐུ༔ མ་རིག་གཉིས་འཛིན་སྒྲིབ་པས་བསྒྲིབས༔ གཉིས་མེད་མཉམ་པ་ཉིད་དུ་དག༔ སྐུ་དང་ཡེ་ཤེས་འཆར་སྒོ་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ལ༔ ན་མོ༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་དལ༔ སྒྲུབ་རྩོལ་མེད་པར་ངང་གིས་རྫོགས༔ རང་ངོ་རང་ཞལ་མཇལ་ཕྱག་འཚལ༔ ཛྙཱ་ན་ཙཀྲ་མཎྜ་ལ་ན་མོ་ན་མ་ཧོཿ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ཀ་དག་སྤྲོས་བྲལ་ཕོ་བྲང་ནས༔ ཆོས་སྐུའི་མཁའ་འགྲོས་བྱིན་ཕོབ་ཅིག༔ ལྷུན་གྲུབ་བདེ་ཆེན་ཀློང་མཛོད་ནས༔ ལོངས་སྐུའི་མཁའ་འགྲོས་བྱིན་ཆེན་ཕོབ༔ ཕྱོགས་མེད་ཐུགས་རྗེའི་གར་མཁན་མོ༔ སྤྲུལ་སྐུའི་མཁའ་འགྲོས་བྱིན་ཆེན་ཕོབ༔ སྐུ་གསུམ་མཉམ་སྦྱོར་དབྱིངས་སུ་ཡུམ༔ ཡེ་ཤེས་མཚོ་རྒྱལ་བྱིན་ཆེན་ཕོབ༔ ན་མོ༔ དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ ཛྙཱ་ན་ཌཱཀྐི་ནཱི་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཨཱཿསྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ རང་བཞིན་སྟོང་པ་ཉིད་དུ་ཞིག༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྒྱུ་མའི་དགའ་སྟོན་འཕྲུལ་བཞིན་དུ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་ཨརྒྷཾ་སོགས་ནསཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ རཱུ་པ་སོགསདྷརྨ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ༔ མ་ཧཱ་བ་ལིཾ་ཏ་སྭཱ་ཧཱ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཱ༔ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨོཾ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་ཆེན་པོར་ཞིག༔ སྤྲོས་བྲལ་རྣམ་ཐར་གསུམ་ལྡན་མཁའ༔ མ་བཅོས་དེ་བཞིན་ཉིད་དུ་བརྡལ༔ སརྦ་དྷརྨ་ག་ག་ན་ས་མ་ཏི་ཨཱཿདེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཨཱཿདེ་ལྟར་མ་རྟོགས་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོར་བརྡལ༔ ཁྱབ་བརྡལ་རིག་པ་བྱང་ཆུབ་སེམས༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ བཛྲ་དྷརྨ་ཀཱ་ཡ་ས་མ་ཏི་ཨཱཿསླར་ཡང་རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ རང་རིག་བྃཿཡིག་དཀར་དམར་མདངས༔ ཡེ་ཤེས་ལྔ་ཡི་འོད་མདངས་འབར༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ བྃ་ཙིཏྟ་བཛྲ་ས་མ་ཏི་ཧཱུྃ༔ རྟེན་གཞལ་ཡས་ཁང་བསྐྱེད་པ་ལ༔ ཧཱུྃ༔ བྃ་ལས་འོད་དང་འོད་ཟེར་འཕྲོས༔ ཡུམ་ཆེན་ལྔ་ཡི་མཁའ་ཀློང་དུ༔ ལྷུན་གྲུབ་བདེ་ཆེན་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ ཟླ་གམ་སྒོ་གཅིག་མཚན་ཉིད་རྫོགས༔ རྒྱ་ཆེ་བཀོད་ལེགས་ཡིད་འཕྲོག་ཅིང་༔ འོད་དང་འཇའ་ཚོན་དྲྭ་བ་འཁྲིགས༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཟླ་བ་དང་ནི་ཉི་གདན་གསལ༔ ཛྙཱ་ན་པཉྩ་བྷྲུྃ་པདྨ་ཙནྡྲ་སཱུཪྻ་མཎྜ་ལ་ཧཱུྃ༔ བརྟེན་པ་ལྷར་གསལ་བ་ལ༔ ཧཱུྃ༔ མཁའ་ལས་བྃཿཡིག་གདན་ལ་བབས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད༔ རྟེན་དང་བརྟེན་པ་སྤྱན་དྲངས་བསྟིམ༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ འབྱུང་ལྔའི་དྭངས་བཅུད་དཔལ་ཡོན་དང་༔ ཚེ་དང་བསོད་ནམས་མ་ལུས་པ༔ བསྡུས་ཏེ་སྲོག་གི་ཡི་གེར་བསྟིམ༔ བྃཿལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ དཀར་དམར་མཚན་དཔེའི་ལང་ཚོས་མཛེས༔ བཅུ་དྲུག་གཞོན་ནུ་འོད་ཕུང་འབར༔ ལྗང་སྔོན་རལ་པའི་ཟུར་ཕུད་ལ༔ རིན་པོ་ཆེ་དང་རྩེ་ཕྲན་མཛེས༔ པདྨ་དཀར་པོའི་ཐོད་གདེངས་བྱས༔ ལྷག་མས་སྐུ་རྒྱབ་ཁེབ་ཅིང་འཁྲོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ གཅེས་བུ་རིན་ཆེན་སྣ་ཚོགས་དང་༔ དམར་སེར་པདྨའི་ཕྲེང་བས་སྤྲས༔ ཕྱག་གཡས་རྡོ་རྗེའི་གྲི་གུག་གིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ གཡོན་པས་ཡེ་ཤེས་ཀ་པཱ་ལར༔ བདེ་སྟོང་བདུད་རྩིའི་བཅུད་ཀྱིས་གཏམས༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བརྟེན༔ ཡེ་ཤེས་འཇའ་ཚོན་འོད་ལྔའི་ཀློང་༔ ཆུ་ཟླ་དང་ནི་གཟུགས་བརྙན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་ལས༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་གཞོན་ནུ་མཚན་དཔེས་མཛེས༔ གཡས་རྣམས་རང་རྟགས་གྲི་གུག་དང་༔ གཡོན་པས་བྷནྡྷ་བདུད་རྩི་བསྣམས༔ ཞབས་གཉིས་གར་སྟབས་ཁ་ཊྭཱྃ་བརྟེན༔ རྒྱན་དང་ཆ་ལུགས་གཙོ་མོ་བཞིན༔ ཡེ་ཤེས་འོད་ལྔའི་ཀློང་དུ་གསལ༔ གནས་གསུམ་རྡོ་རྗེ་སྙིང་པོ་དང་༔ ཐུགས་ཀར་རང་རང་སྲོག་ཡིག་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་དག་པའི་ཞིང་ཁམས་དང་༔ གནས་ཡུལ་ས་སྤྱོད་མཁའ་སྤྱོད་ནས༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་ཚོགས༔ མཚོ་ལ་ཁ་ཆར་བབ་པ་བཞིན༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ དེ་ནས་སྤྱན་འདྲེན་ལ༔ ཧཱུྃ༔ ཀ་དག་སྤྲོས་མཐའ་བྲལ་བའི་དབྱིངས༔ ཆོས་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་དབྱིངས༔ ལོངས་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ སྣ་ཚོགས་ཐབས་ཀྱི་གར་མཁན་མོ༔ སྤྲུལ་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ ལྷོ་ནུབ་ཟ་བྱེད་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཌཱཀྐི་ནཱི་བྃ་ཧ་རི་ནི་ས་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛཿལན་གསུམ་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་སྤྱན་དྲངས་ཏེ་བསྟིམ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ངོ་བོ་རང་བཞིན་ཐུགས་རྗེའི་ངང་༔ མངོན་གྱུར་ཆེན་པོར་གདིང་ཐོབ་པའི༔ རྡོ་རྗེ་གསུམ་གྱི་ངོ་བོར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་མོ་རྣལ་འབྱོར་མ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ ཧོཿ པྲ་ཏཱིཙྪ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ཚོགས༔ གདོད་ནས་རང་བྱུང་མཆོད་པའི་མཆོག༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ ཟག་མེད་བདེ་བའི་དངོས་གྲུབ་སྩོལ༔ མ་ཧཱ་ག་ན་སརྦ་པཱུ་ཛ་ཧོཿ ཆོས་ཉིད་ནམ་མཁའི་མཛོད་ཀྱི་འཕྲུལ༔ འདོད་རྒུར་འཆར་བའི་ཆོ་འཕྲུལ་ཅན༔ ཡེ་ཤེས་འཕྲུལ་གྱི་སྤྲིན་པ་ཡི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་རྫས༔ རྨད་དུ་བྱུང་བའི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགསཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོཿ རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ག་ན་གུ་ཧྱ་སརྦ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཀ་དག་ཁྱབ་བརྡལ་ཆོས་སྐུ་སྤྲོས་མཐའ་བྲལ༔ ལྷུན་གྲུབ་རོལ་པ་སྐུ་དང་ཡེ་ཤེས་རྫོགས༔ ཐུགས་རྗེ་ཐབས་ཀྱིས་འགྲོ་ཁམས་བདེ་ལ་སྦྱོར༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ༔ རྡོ་རྗེའི་སྐུ་ནི་སྐྱེ་འཆི་བསྒྲེས་རྒུད་བྲལ༔ ཨཱཿཚངས་པའི་གསུང་ནི་ཡན་ལག་དྲུག་ཅུའི་དབྱངས༔ ཧཱུྃ༔ སྤྲོས་བྲལ་ཐུགས་ནི་ཉག་གཅིག་ཐིག་ལེ་ཆེ༔ རྒྱལ་བའི་ཡུམ་མཆོག་རྒྱལ་བ་བསྐྱེད་མཛད་མ༔ གདུལ་དཀའ་འདུལ་མཛད་གཟུགས་ཀྱི་སྐུར་སྟོན་ཅིང་༔ མཐོང་ཐོས་དྲན་རེག་ཐར་བའི་ལམ་ལ་སྦྱོར༔ ཌཱཀྐིའི་རྗེ་མོ་མཁར་ཆེན་བཟའ་ལ་བསྟོད༔ སྐུ་དང་ཡེ་ཤེས་མདངས་ཀྱི་གདངས་རྩལ་ལས༔ རིགས་བཞིའི་མཁའ་འགྲོས་ཉོན་མོངས་གནས་ནས་སྦོར༔ ཆོ་འཕྲུལ་འབུམ་ཕྲག་མཁའ་འགྲོའི་རོལ་གར་གྱིས༔ རབ་འབྱམས་ཕྲིན་ལས་རྒྱ་མཚོར་མངའ་དབང་བསྒྱུར༔ གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ལ༔ རང་ཉིད་མཁའ་འགྲོའི་ཐུགས་ཀ་རུ༔ ཕག་མོ་མཐིང་ནག་གྲོ་ཐོད་ཅན༔ ཐུགས་ཀར་ཉི་ཟླའི་གའུའི་སྦུབས༔ དྭངས་མ་འོད་ལྔའི་ཀློང་དཀྱིལ་དུ༔ བྃཿཡིག་མཐིང་ནག་འོད་འབར་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་དང་༔ སྐུ་གསུམ་མཁའ་འགྲོའི་རྟེན་བརྟེན་པ༔ འོད་ཀྱི་རྣམ་པར་ཚུར་བསྡུས་ཏེ༔ ཐུགས་སྲོག་ཉིད་ལ་བཅུད་དུ་དྲིལ༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་རྫོགས་སངས་རྒྱས༔ ཨོཾ་ཛྙཱ་ན་ཌཱཀྐི་ནཱི་ས་རཱ་ཛ་ཡ་བྃ་ཧ་རི་ནི་ས་ཧཱུྃ༔ ནམ་མཁའ་སྤྲིན་དང་བྲལ་བ་དང་༔ ཉི་ཟླ་ཤར་དང་རོལ་མོ་འཁྲོལ༔ མཁའ་ལ་འཕུར་དང་རི་རྩེར་སླེབ༔ མཁའ་འགྲོའི་ཚོགས་དཔོན་བྱེད་པ་རྣམས༔ དང་པོའི་རྟགས་སུ་ཤེས་པར་བྱ༔ དེ་ནས་སྒྲུབ་སྔགས་བཟླ་བ་ལ༔ སླར་ཡང་འོད་དང་འོད་ཟེར་འཕྲོས༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ སྐུ་གསུམ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ དབང་དང་བྱིན་རླབས་དངོས་གྲུབ་དང་༔ ཡེ་ཤེས་ཡོན་ཏན་མ་ལུས་པ༔ འོད་ལྔའི་རྣམ་པར་ཚུར་བསྡུས་ཏེ༔ ཐུགས་སྲོག་སྔགས་འཁོར་ལ་ཐིམ་པས༔ གཟི་བརྗིད་འོད་ཕུང་འབར་བ་དང་༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསྒོམ༔ ཨོཾ་ཛྙཱ་ན་ཌཱཀྐི་ནཱི་ས་རཱ་ཛ་ཡ་བྃ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿལོངས་སྤྱོད་གཏེར་ཆེན་རྡོལ་བ་དང་༔ བུད་མེད་གཞོན་ནུ་མཛེས་ལྡན་གྱིས༔ ཡིད་དུ་འོང་བའི་ཟས་སྟེར་རམ༔ བྷནྡྷར་བཟའ་བཏུང་རོལ་བ་དང་༔ རྟོགས་པ་གསར་དུ་སྐྱེ་བ་རྣམས༔ བར་གྱི་རྟགས་སུ་ཤེས་པར་བྱ༔ དེ་ནས་ལས་ལ་སྦྱོར་བ་ནི༔ མཁའ་འགྲོའི་ཐུགས་ལས་འོད་འཕྲོས་པས༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཀུན༔ མཁའ་འགྲོའི་ཐུགས་གསང་མཉམ་ཉིད་ཀློང་༔ འཇའ་ཚོན་མཁའ་རུ་ཞིག་པ་བཞིན༔ འཁོར་འདས་དག་མཉམ་ཆེན་པོ་རུ༔ འུབ་ཆུབ་རོལ་པར་རྫོགས་སངས་རྒྱས༔ སྐབས་སུ་མེ་རླུང་ཐུན་མཚོན་འཕྲོས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ དྲག་ཅིང་རྩུབ་པའི་བསམ་སྦྱོར་ཅན༔ མ་ལུས་ཐལ་བའི་རྡུལ་དུ་བརླག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར༔ ཨོཾ་ཛྙཱ་ན་ཌཱཀྐི་ནི་ས་རཱ་ཛ་ཡ་བྃ་ཧ་རི་ནི་ས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དང་པོ་ལས་བཞི་དུས་དང་བསྟུན༔ དམིགས་པའི་ལྡེ་ཁ་བསྒྱུར་ཏེ་བཟླས༔ གཞན་ཡང་ལས་རྣམས་གང་ལ་ཡང་༔ བསྒྱུར་ཁ་མཁས་པ་གནད་དུ་ཤེས༔ དེ་ནས་རྟགས་ཀྱི་རིམ་པ་ལ༔ དམག་མི་མང་པོ་དང་འགྲོགས་ཏེ༔ ཡུལ་ཆེན་ཁ་ལོ་བསྒྱུར་བ་དང་༔ རི་རབ་མེ་ལ་བསྲེགས་པ་དང་༔ བྲག་ཆེན་བཤིག་དང་ཤིང་ཆེན་བཅོམ༔ ཁྲོམ་བསྡུས་དབང་བསྐུར་ཆོས་འཆད་དང་༔ དཔོན་ཆེན་བྲན་དུ་ཁོལ་བ་དང་༔ སྲོག་ཆགས་མང་པོ་གསོད་རྨི་ན༔ ཐ་མའི་རྟགས་སུ་ཤེས་པར་བྱ༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ ཚོགས་རྫོགས་ཉམས་རྟོགས་འཕེལ་བའི་ཕྱིར༔ ཚོགས་ཀྱི་འཁོར་ལོའི་ཆོ་ག་ནི༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཤ་དང་ཆང་གི་གཙོ་བྱས་པའི༔ བཟའ་བཏུང་གང་འོས་ཐམས་ཅད་དང་༔ སྤོད་ཀྱི་རིགས་བྱེད་ཀུན་བསགས་ཏེ༔ གྲོང་དང་འཁོར་ཡུག་ཚུལ་དུ་བཀོད༔ དང་པོ་ཚོགས་རྫས་བྱིན་བརླབས་ལ༔ ཧཱུྃ༔ བདག་ཉིད་མཁའ་འགྲོའི་ཐུགས་ཀ་ནས༔ རཾ་འཕྲོས་ཚོགས་ཀྱི་ཉེས་སྐྱོན་བསྲེགས༔ ཡཾ་འཕྲོས་དངོས་འཛིན་དབྱིངས་སུ་བཤིག༔ ཁཾ་འཕྲོས་སེར་སྣའི་འབག་རྩོག་སྦྱངས༔ དབྱིངས་ལ་དབྱིངས་བཞུགས་ཀུན་ཁྱབ་བརྡལ༔ རཾ་ཡཾ་ཁཾ༔ འབྲུ་གསུམ་རྡོ་རྗེའི་སྙིང་པོ་དང་༔ བཤམས་པའི་རྫས་དང་བརྟན་གཡོ་བཅུད༔ ཚུར་འདུས་ཡེ་ཤེས་ཀ་པཱ་ལར༔ ཟག་མེད་བདེ་སྟོང་བདུད་རྩི་བསྐྱིལ༔ རིན་ཆེན་སྣ་ཚོགས་ས་གཞི་ལ༔ འདོད་རྒུའི་དཔལ་ཡོན་མི་ཟད་གཏེར༔ རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་ཀློང་མཛོད་ནས༔ ལོངས་སྐུ་ཕག་མོ་རིགས་ལྔ་དང་༔ ལོངས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཁའ་སྤྱོད་ཨོ་རྒྱན་སྤྲུལ་པའི་ཞིང་༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་ཡུལ་ལྔ་བཅུ་རྩ་དྲུག་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མ་ལུས་ལུས་པ་མེད་པ་རུ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཨོཾ་ཛྙཱ་ན་ཌཱཀྐི་ནཱི་བྃ་ཧ་རི་ནི་ས་ཧྲཱིཾ་ཡ་བྷྱོ་ཛ་བཛྲ་ས་མ་ཡ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཡོངས་འདུས་བདག་ཉིད་ཆེན་མོ་ཉིད༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ བདེ་སྟོང་ཡེ་ཤེས་བདུད་རྩི་དང་༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ བདག་ནི་བག་མེད་དབང་གྱུར་ཏེ༔ སྡོམ་དང་བསླབ་པ་དམ་ཉམས་པ༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་ག་ཎ་ཙཀྲ་སཏྭ་སོགས༔ དེ་ནས་ཉམས་པ་བསྒྲལ་བ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་དབྱིངས་ནས་བཞེངས༔ ལས་བྱེད་མཁའ་འགྲོའི་དུས་ལ་བབ༔ ཉམས་བདུན་ལྡན་དགྲ་བགེགས་རྣམས༔ མྱུར་དུ་ཁུག་ལ་བྱད་དུ་ཆུག༔ ལྷ་དང་ཕྲོལ་ལ་སྨྱོ་རུ་ཆུག༔ ཐུན་དང་མཚོན་གྱི་ཆར་ཕོབ་ལ༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ མ་བྷྱོ་ཛ་ཧྲཱིཾ་ས་མ་ཡ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་རྦད་སོད་ཧཱུྃ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧོཿ ཡེ་ཤེས་མཁའ་འགྲོ་ཞལ་ཕྱེས་ཤིག༔ དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་ཀུན༔ རྗེེས་ཤུལ་ལྷག་མ་མེད་པ་རུ༔ ཞལ་དུ་བསྟབ་བོ་བཞེས་ཤིག་རོལ༔ ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ལ༔ ཧཱུྃ་བྷྱོ༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ལྷག་སྐྱོང་གནས་ཉུལ་མ་མོའི་ཚོགས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་བཞེས༔ སྒྲུབ་པའི་བར་ཆད་དབྱིངས་སུ་རོལ༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཅིང་༔ དམ་ཚིག་ཇི་བཞིན་ལས་མཛོད་ཅིག༔ མ་མ་ཧྲཱིཾ་ཧྲཱིཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྐུལ་བ་བྱ་བ་ལ༔ ཧཱུྃ་བྷྱོ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ གཙོ་མོ་རྡོ་རྗེ་ཕག་མོ་བསྐུལ༔ གཉིས་མེད་ཡུམ་ཆེན་མཚོ་རྒྱལ་མ༔ སྤྲུལ་པ་དབྱིངས་ཀྱི་ཡུམ་ལྔ་བསྐུལ༔ ཡངས་སྤྲུལ་འབུམ་ཕྲག་མཁའ་འགྲོ་བསྐུལ༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་མ་མོ་མཁའ་འགྲོའི་ཚོགས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ རྫུ་འཕྲུལ་དབང་གིས་འདིར་གཤེགས་ལ༔ ཕྱི་དགྲ་བསྟན་ལ་སྡང་བ་དང་༔ ནང་དགྲ་ནང་འཁྲུགས་འཐབ་མོ་དང་༔ གསང་དགྲ་སྒྲུབ་ལ་བར་གཅོད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བཀའ་འདིའི་དམ་ཉམས་སྨོན་ལོག་པའི༔ གནོད་བྱེད་གདུག་པའི་སྙིང་ཁྲག་རོལ༔ སྔོན་གྱི་ལས་དང་ཚེ་ཡི་ཚད༔ དུས་ཀྱི་དབང་དུ་མ་བཏང་བར༔ མཐའ་རྩ་སྐྱེ་རྒྱུད་ལས་མཐའ་བསྟུང་༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ རྗེས་ཤུལ་མེད་པར་བརླག་ནས་ཀྱང་༔ བསྟན་འགྲོ་བདེ་ལ་འགོད་པར་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ རང་དམ་གཉན་པོ་དྲན་པར་གྱིས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་ཆད་མདོ་བཏང་བ་ལ༔ ཧཱུྃ་བྷྱོ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ བར་དུ་བཅོམ་ལྡན་རྡོ་རྗེ་ཅན༔ ཐ་མ་ཨོ་རྒྱན་ཆེན་པོ་སོགས༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཁས་བླངས་པའི༔ དམ་ཅན་བཀའ་ཡི་སྲུང་མ་རྣམས༔ ཆད་དོན་དམར་གྱི་གཏོར་མ་ལོངས༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ རྣལ་འབྱོར་སྒྲུབ་པའི་བར་ཆད་བཟློག༔ བསྟན་དང་བསྟན་འཛིན་ལ་གནོད་པའི༔ དགྲ་བགེགས་མ་ལུས་ཆོམ་ལ་ཕོབ༔ བདག་གི་གང་བསམ་འདོད་དོན་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ བཀའ་དམ་གཉན་པོ་དཔང་གཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ བཤལ་ཆུ་གཏོར་མ་བཏང་བ་ལ༔ ཧཱུྃ་བྷྱོ༔ ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་བྱིན་བརླབས་ཤིང་༔ གཏེར་གཉེར་གཏད་ཅིང་བཀའ་བསྒོས་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་ནི༔ སྤྲུལ་པ་མང་པོ་འཁོར་དང་བཅས༔ བྲན་གཡོག་མང་པོ་དཔུང་དང་བཅས༔ སྣང་སྲིད་ལྷ་སྲིན་སྡེ་དང་བཅས༔ སིལ་སྙན་མང་པོའི་སྒྲ་དང་བཅས༔ རིན་ཆེན་སྣ་ཚོགས་རྒྱན་དང་བཅས༔ ལྷབ་ལྷུབ་མང་པོའི་གོས་དང་བཅས༔ འབོད་ནི་དམ་ཚིག་གཉན་གྱིས་འབོད༔ གཤེགས་ནི་མི་མངོན་དབྱིངས་ནས་གཤེགས༔ བཤལ་ཆུ་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་སྒྲུབ་པའི་མཐུན་རྐྱེན་སྒྲུབས༔ སྒྲུབ་པ་གཉན་པོའི་དྲོད་སྲུངས་ལ༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ མཐའ་མི་དབུས་སུ་མ་བཏང་བར༔ བོད་ཁམས་བདེ་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་ལ་ལ་ལེ་ལེ་ཏ་ཏ་ཏཾ་ཏཾ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ བཀའ་འདས་དམ་ཉམས་སྨོན་ལོག་པའི༔ ལོག་འདྲེན་དམ་སྲི་སྒབ་འདྲེ་ཀུན༔ ལས་ཀྱི་གཤིན་རྗེའི་ལྟོ་བར་བྲུབ༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ བྲོ་ནི་སྟོང་པ་ཉིད་ཀྱི་བྲོ༔ གླུ་ནི་ཆོས་ཉིད་རོལ་པའི་གླུ༔ ཡེ་ཤེས་ལྔ་ཡི་རྟ་བྲོ་འདི༔ དུག་ལྔའི་མགོ་ལ་ཆེམས་ཆེམ་བརྡུང་༔ མཉམ་ཉིད་རོལ་པའི་རྟ་བྲོ་འདི༔ བདག་ལྟའི་རཱུ་ཏྲའི་མགོ་ལ་ཆེམ༔ ཉོན་མོངས་དུག་ལྔ་དུག་གསུམ་ལས༔ བསྐྱེད་པའི་ལོག་པར་རྟོག་པ་ཀུན༔ མནན་ནོ་བྲུབ་བོ་བྲོ་ཡིས་བཅོམ༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧོཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ཐེམ༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ བདག་གི་ཚེ་རབས་ཐོག་མེད་ནས༔ སྒོ་གསུམ་བག་མེད་དབང་གྱུར་ཏེ༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ འདི་དང་དུས་གསུམ་དགེ་ཚོགས་ཀུན༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ བདག་སོགས་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ལན་གསུམ་གྱིས་རྒྱས་གདབ་སྟེ༔ བསྡུ་བའི་རིམ་པ་ལ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་བརྡལ་ཁྱབ་ཆེན་བོར་ཨཱཿམཁའ་ལ་འཇའ་ཚོན་ཤར་བ་ལྟར༔ རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུ༔ རྒྱན་དང་ཆ་ལུགས་རྫོགས་པར་གསལ༔ སྲ་མཁྲེགས་རྡོ་རྗེའི་གོ་ཁྲབ་བགོ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧོཿ མཛེས་སྡུག་མཚན་དཔེ་རྫོགས་པ་རྡོ་རྗེའི་སྐུ༔ ཚངས་དབྱངས་ཡན་ལག་དྲུག་ཅུ་རྡོ་རྗེའི་གསུང་༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྡོ་རྗེའི་ཐུགས༔ མཁའ་འགྲོའི་གསང་གསུམ་རྡོ་རྗེའི་བཀྲ་ཤིས་ཤོག༔ དེ་ལྟར་མཁའ་འགྲོའི་གསང་མཛོད་འདི༔ ཚུལ་བཞིན་གནད་དང་ལྡན་གྱུར་ཏེ༔ ཤེས་པ་གཞན་དུ་མ་ཡེངས་ན༔ ཟླ་བ་དྲུག་གིས་ངེས་པར་འགྲུབ༔ མངོན་སུམ་ལྷ་ཞལ་མཇལ་བའམ༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ འཁོར་འདས་གཉིས་ཀྱིས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་ཆེན་པོའི་ངང་༔ མཉམ་ཉིད་རྟོགས་པའི་ལྟ་བ་དང་༔ བསྒོམ་མེད་ཡེངས་མེད་འཛིན་མེད་པའི༔ ཆོས་ཉིད་མངོན་གྱུར་ཆེན་པོའི་ངང་༔ སྒོམ་པ་གཏད་མེད་རྒྱ་ཡན་གནད༔ སྒོ་གསུམ་བྱ་བ་དགུ་ཕྲུག་དང་༔ བྱར་མེད་སྤྱོད་པ་ཅོག་བཞག་གནད༔ མ་བཅོས་རང་ཀར་འདུག་པ་ཡི༔ གནད་དང་ལྡན་པའི་ཤེས་རབ་ཀྱིས༔ འབྲས་བུ་རང་ཐོག་རང་གྲོལ་ཏེ༔ གདོད་མའི་མགོན་པོའི་གོ་འཕང་མཆོག༔ འབད་མེད་ངང་གིས་འཐོབ་འགྱུར་རོ༔ མཁའ་འགྲོ་གསང་བའི་གབ་ཐིག་འདི༔ བཀའ་སྲུང་དབང་ཕྱུག་ཆེན་པོར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྒྲུབ་མཆོག་བུ་བཞིན་རྟག་སྐྱོང་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་མཐར་སྤྲུལ་པའི་སྐུ་མཆོག་སྣ་ཚོགས་རང་གྲོལ་གྱིས་དབྱངས་སྙན་རོལ་མོའི་སྒྲ་དང་བཅས་ཏེ་བསྐུལ་བའི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་མཁའ་འགྲོ་གསང་བའི་བརྡ་རིས་ལས་དག་པར་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།