ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ལྡན་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་ཕ་རོལ་དཔུང་འཇོམས་རྡོ་རྗེ་ཕ་ལམ༔

From Dudjom Wiki
TTDL-ZABTER-08-NYA-001
Wylie title zab gsang mkha' 'gro'i snying thig las: dpal ldan ma hA kA la'i sgrub thabs pha rol dpung 'joms rdo rje pha lam: TTDL-ZABTER-08-NYA-001.pdf
Location bdud 'joms gling pa zab gter
Volume 8, Text 1, Pages 1-15 (Folios 1a1 to 8a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal ldan ma hA kA la'i sgrub thabs pha rol dpung 'joms rdo rje pha lam. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 1-15. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub thabs   Verso: bdud 'joms bka' srung legs ldan
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity ma hA kA la
Colophon

ཞེས་དཔལ་མགོན་མ་ཧཱ་ཀཱ་ལའི་སྒྲུབ་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བརྒྱད་བར་དུ་བཀའ་རྒྱས་བཏབ་མཐར་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་དགེ་ལེགས་དཔལ་བཟང་པོའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes dpal mgon ma hA kA la'i sgrub pa 'di nyid khrag 'thung bdud 'joms rdo rjes gter nas bton te mi lo sum cu rtsa brgyad bar du bka' rgyas btab mthar khrom dpon kun bzang bstan 'dzin gyis nan du bskul ngor gtan la phab pa'i yi ge pa ni rnal 'byor dge legs dpal bzang po'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ལྡན་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་ཕ་རོལ་དཔུང་འཇོམས་རྡོ་རྗེ་ཕ་ལམ་ཞེས་བྱ་བ་བཞུགས་སོ༔


ཐྂ༎༔ ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་འབྱུང་༔ འཁོར་འདས་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ མ་མོ་མཁའ་འགྲོ་ཡོངས་འདུས་གནམ་ཞལ་ཡུམ༔ ཁྱེད་ལ་གུས་འདུད་མགོན་པོ་འགྲུབ་མཛད་གསོལ༔ (བརྡ་ཡིག་) དཔལ་ལྡན་སྔགས་ཀྱི་ལམ་ཞུགས་རྣལ་འབྱོར་གྱིས༔ བསྒྲུབ་ལ་བར་དུ་གཅོད་པའི་མི་མཐུན་ཕྱོགས༔ མ་ལུས་སྒྲོལ་ཞིང་ཟློག་པའི་ལས་ཟབ་མོ༔ ལས་སྣང་འཁོར་བའི་གཡང་ས་ལས་ཟློག་པའི༔ ཕོ་ཉ་དྲག་གཏུམ་རྔམས་པ་སྲིན་པོའི་གདུང་༔ དཔལ་ལྡན་མ་ཧཱ་ཀཱ་ལ་སྒྲུབ་པའི་ཐབས༔ དང་པོ་གཞན་གྱིས་རྒྱུ་འགྲུལ་མེད་པའི་གནས༔ དྲག་ལ་རྩུབ་ཅིང་གཡའ་ཁྲོད་ནག་པོ་རུ༔ དཀྱིལ་འཁོར་གྲུ་བཞི་སྒོ་གྲུ་རྟ་བབ་ཅན༔ དེ་ནང་གྲུ་གསུམ་ཁ་ཏོག་མཐིང་ནག་གི༔ དབུས་སུ་རཱུ་ཏྲ་གན་རྐྱལ་གནས་པ་ཡི༔ ལྟོ་བ་གྲུ་གསུམ་བྲུབ་ཁུང་ནག་པོ་རུ༔ དུག་ཁྲག་ཕུང་ས་སྣ་ཚོགས་བྱུགས་བྱས་ཏེ༔ བྲུབ་ཁུང་ཁ་ཁྱེར་དང་ནི་བམ་གྱི་མཐར༔ རྩང་གི་ར་བ་སྲིན་མོའི་འགྲོས་སུ་གཟུགས༔ བྲུབ་ཁུང་སྟེང་དུ་མཉྫིའི་ཁྲི་ཡི་ཁར༔ ལྕགས་སམ་དྲག་པོའི་སྣོད་མཆོག་ཡངས་པའི་སྟེང་༔ དམར་གྱི་གཏོར་མ་རྔམས་བརྗིད་ཆེ་ཆུང་ཚད༔ ཁྲུ་གང་ངམ་ནི་ཆག་གང་མཐོ་གང་བ༔ གང་རུང་གཡས་དང་གཡོན་དུ་དམར་གཏོར་རེ༔ མདུན་དུ་དམར་གཏོར་དྲག་བརྒྱན་མཛེས་ལྡན་བཞག༔ དེ་མཐར་དམར་གཏོར་བཅུ་དང་དེ་མཐར་བརྒྱད༔ སྙིང་དང་དར་མཚོན་སྟག་གཟིག་ལྤགས་རས་བརྒྱན༔ སྟེང་དུ་མཐིང་ནག་དར་གྱི་ལྡིང་གུར་ཕུབ༔ བྲུབ་ཁུང་ནང་དུ་དགྲ་ཡི་མིང་རུས་གཞུག༔ སྤྱི་ལྟར་བྲིས་ཏེ་སྲོག་ཏུ་བྱད་ཐག་བཏགས༔ ཁ་དོག་སྔོ་དམར་བསྒྲིལ་བ་གཙོ་གཏོར་གྱི༔ མཐའ་མར་རྩང་གི་ར་བ་ལ་བཏགས་བྱ༔ མདུན་དུ་སྟེགས་བུའི་སྟེང་དུ་ཁྲག་སྐྱེམས་དང༔ ཆང་སྐྱེམས་ལ་སོགས་སྐྱེམས་ཀྱི་རིགས་བྱེད་བཤམས༔ གཞན་ཡང་སྨན་གཏོར་རཀྟ་འདོད་ཡོན་དང་༔ ཤ་ཁྲག་གཏོར་མ་དང་ནི་ཉེར་སྤྱོད་བདུན༔ མདོར་ན་འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ གོ་མཚོན་རིགས་དང་མདའ་དར་མདུང་དར་སོགས༔ བསྟོད་དེ་གཞན་གྱིས་མི་མཐོང་ཡོལ་བས་བསྒྲིབས༔ དང་པོ་ཡི་དམ་གང་ཡང་རུང་བ་ཡི༔ བསྐྱེད་རིམ་གནད་ལྡན་སྨྲ་བཅད་བསྙེན་པའི་གྲངས༔ བྱེ་བ་བཅུ་ཕྲག་ཚད་དུ་ལོང་བྱས་མཐར༔ དཔལ་ལྡན་མ་ཧཱ་ཀཱ་ལའི་དལ་དུ་འཇུག༔ འདི་ཡང་བསྐྱེད་པ་གཞུང་བཞིན་གནད་དུ་བཟུང་༔ རང་ཉིད་ལྷ་ཡི་ང་རྒྱལ་གདིང་ལྡན་པས༔ མདུན་གྱི་དཀྱིལ་འཁོར་གཏོར་མ་སྣོད་བཅུད་དང་བཅས་པ་སྟོང་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་པར་བསྒོམ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ སྟོང་པའི་ངང་ལས་རང་ཉིད་དཔལ་ཧེ་རུ་ཀ་ཁྲོ་གཏུམ་རྔམས་བརྗིད་བལྟར་མི་བཟོད་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ་སྐུ་ཆེ་ལ་ཡན་ལག་རགས་པ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུ་རྒྱན་དུ་འཆང་བ་གར་དགུའི་ཉམས་དང་ལྡན་ཞིང་ཡེ་ཤེས་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་དུ་བསྐྱེད་དོ༔ ཡི་དམ་གྱི་རྩ་སྔགས་བརྗོད༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ནག་མེ་འབར་བ་གཅིག་མདུན་མཁར་འཕྲོས་པ་ལས་འོད་འཕྲོས་པས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་རྒྱ་ཆེ་ལ་ཁྱོན་ཡངས་པ༔ ཡེ་ཤེས་ཀྱི་མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་དུ་མདུང་དང་རལ་གྲི་གཤིབས་པའི་ཕོ་བྲང་རབ་འཇིགས་རྔམས་བརྗིད་བལྟར་མི་བཟོད་པ་ཐུན་མཚོན་དང་གསོད་བྱེད་ཀྱི་ལས་མཁན་མེ་ལས་མེ་སྟག་བཞིན་དུ་འཕྲོ་བ༔ མི་མགོ་དང་མིག་འབྲས་ཀྱི་དྲྭ་བ་དང་དྲྭ་ཕྱེད་བྱས་ཤིང་༔ ཕྱོགས་བཞི་རུ་མི་རོའི་རྒྱལ་མཚན་ཕྱར་བ༔ ཕྱི་རིམ་མེ་དཔུང་གི་ཀློང་ནས་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་སྟོང་ལྟ་བུ་ལྡིར་བ༔ དེ་ཡི་དབུས་སུ་པདྨ་དང་ཉི་མ་ཞིང་བཅུའི་བསྟན་དགྲ་ཕོ་མོ་བསྣོལ་བའི་ཁྲིའི་སྟེང་དུ་ཧཱུྃ་མཐིང་ནག་དེ་ཉིད་བབས་པ་ལས་འོད་ཟེར་ཡར་འཕྲོས་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཚུར་འདུས་པ་དང་དུས་མཉམ་དུ་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ ཡང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་ཐམས་ཅད་འཁྲུལ་མི་ཤེས་པའི་དབྱིངས་སུ་བསད་ཅིང་བརྡལ་བར་བྱས༔ དེ་དག་གི་མཐུ་ནུས་སྟོབས་དང་རྩལ་ཤུགས་ཐམས་ཅད་དང་༔ ཁམས་གསུམ་སེམས་ཅན་འབྱུང་བ་སྣོད་དང་བཅས་པའི་དྭངས་བཅུད་ནུས་པ་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་མ་ཧཱ་ཀཱ་ལ་སྐུ་མདོག་མཐིང་ནག་ཆར་སྤྲིན་གྱི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ༔ ཞལ་གདངས་ཤིང་ལྗགས་གློག་དམར་ལྟར་དུ་འདྲིལ་བ་ཚེམས་དང་མཆེ་བ་གངས་རི་ལྟར་དཀར་བ༔ ཁྲོ་གཉེར་ཆུ་བོའི་གཉེར་མ་བཞིན་དུ་འཁྲུགས་ཤིང་སྤྱན་གསུམ་སྡང་མིག་ཏུ་གཡོ་བ༔ སྤྱན་རྩ་ལས་གློག་སྟོང་འཁྱུགས་ཤིང་བར་སྣང་གོ་སྐབས་འབྱེད་པ༔ ཕྱག་གཡས་ཙནྡན་གྱི་བིང་ཆེན་ཕྱར་བས་ལྷ་དམག་བྱེ་བ་འབུམ་སྡེ་ལས་ལ་འགྱེད་པ༔ ཕྱག་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་ཤིང་ཁམས་གསུམ་ཁྲག་ཏུ་རོལ་པ༔ ཞབས་གཉིས་བསྟན་དགྲ་ཕོ་མོ་བསྣོལ་བའི་སྟེང་དུ་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་བྱས་ཤིང་དར་སྣ་ལྔ་ཡི་ཅོད་པན་བཅིང་བ༔ ཉི་མ་དང་ཟླ་བས་སྙན་ཆ་བྱས་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་༔ རྐེད་པར་མི་ལྤགས་ཀྱི་གཡང་གཞི༔ སྐུ་སྨད་ལ་སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བའི་ཕྱི་རྒྱ་བེར་ནག་པོ་ལྷུབ་ཆེན་གསོལ་བ༔ མགོ་ཕྲེང་དང་སྦྲུལ་ནག་རྒྱན་དུ་འཆང་བ༔ དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་མཁུར་ཚོས་ལ་རཀྟའི་ཐིག་ལེ་ཞལ་ལ་ཞག་གི་ཟོ་རིས་ལ་སོགས་པའི་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བར་བསྐྱེད་དོ༔ དེའི་གཡོན་དུ་ཡུམ་ཡཀྴ་བཻ་ཏ་ལི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་གཡོན་ཐོད་ཁྲག་བསྣམས་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་གྱི་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་བ༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་ཞིང་མི་ལྤགས་ཀྱི་གཡང་གཞི་དང་མི་མགོའི་ཕྲེང་བས་དོ་ཤལ་བྱས་པ༔ དྲེལ་དམར་གྭ་པ་ལ་མི་རོའི་སྒ་ཆ་བྱས་པའི་སྟེང་དུ་རོལ་སྟབས་སུ་བཞུགས་པའོ༔ གཡས་སུ་སྐུ་ཡི་མགོན་པོ་སྨུག་ནག་གཡས་དགྲ་སྟྭ་དང་གཡོན་ལྕགས་ཕུར་འདྲིལ་བ༔ ཤར་དུ་ཐུགས་ཀྱི་མགོན་པོ་སྐུ་མདོག་དཀར་པོ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ ལྷོ་རུ་ཡོན་ཏན་གྱི་མགོན་པོ་སྐུ་མདོག་སེར་པོ་གཡས་བེ་ཅོན་དང་གཡོན་ནོར་བུ་བསྣམས་པ༔ ནུབ་ཏུ་གསུང་གི་མགོན་པོ་སྐུ་མདོག་དམར་པོ་གཡས་རལ་གྲི་དང་གཡོན་པས་ཞགས་པ་བསྣམས་པ༔ བྱང་དུ་ཕྲིན་ལས་ཀྱི་མགོན་པོ་སྐུ་མདོག་ལྗང་ནག་གཡས་ཙན་དན་གྱི་བིང་ཆེན་དང་གཡོན་འགུགས་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཕྱོགས་མདོག་གི་དར་བེར་ལྷུབ་ཆེན་གསོལ་བའོ༔ དེའི་ཕྱི་རིམ་དུ་ཕྱོགས་བཅུའི་མགོན་པོ༔ དེ་རྒྱབ་སྡེ་བརྒྱད་ཀྱི་མགོན་པོ༔ ཕྱི་རིམ་འཁོར་ཡུག་ཏུ་ལྷ་དམག་བྱེ་བ་དུང་ཕྱུར་གྱི་ཚོགས་ཐམས་ཅད་ཀྱིས་ལྷ་མིའི་དམག་དཔུང་འཚོགས་པ་བཞིན་དུ་བསྐོར་ནས་བཞུགས་པར་བསྒོམ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་ལས་འོད་འཕྲོས་པས་འོག་མིན་རྣམ་སྣང་གངས་ཆེན་གྱི་ཐུགས་ཀ་ནས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ མགོན་པོ་འཁོར་བཅས་སྤྱན་འདྲེན་ནོ༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་གཤེགས་སུ་གསོལ༔ དབྱིངས་ཀྱི་ཡུམ་ཆེན་གཤེགས་སུ་གསོལ༔ སྐུ་ཡི་མགོན་པོ༴ གསུང་གི་མགོན་པོ༴ ཐུགས་ཀྱི་མགོན་པོ༴ ཡོན་ཏན་མགོན་པོ༴ ཕྲིན་ལས་མགོན་པོ༴ ཕྱོགས་བཅུའི་མགོན་པོ༴ སྡེ་བརྒྱད་མགོན་པོ་གཤེགས་སུ་གསོལ༔ ལྷ་དམག་བྱེ་བ་དུང་ཕྱུར་དང་༔ བཀའ་སྡོད་འབངས་བཅས་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀྲོ་ཏ་ན་ཐ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ པདྨ་དང་ནི་ཉི་ཟླ་དང་༔ བསྟན་དགྲ་ཕོ་མོ་བསྣོལ་བའི་སྟེང་༔ ལེགས་ལྡན་ནག་པོ་བཞུགས་སུ་གསོལ༔ སྤྲུལ་པའི་མགོན་པོ་བཞུགས་སུ་གསོལ༔ ཕྱོགས་བཅུའི་མགོན་པོ་བཞུགས་སུ་གསོལ༔ སྡེ་བརྒྱད་མགོན་པོ་བཞུགས་སུ་གསོལ༔ བཀའ་སྡོད་འཁོར་བཅས་བཞུགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཆེ་བའི་མཆོག༔ དཔལ་ལྡན་མ་ཧཱ་ཀཱ་ལ་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ དགྲ་བགེགས་བསྒྲལ་ཕྱིར་ཕྱག་འཚལ་ལོ༔ ཕྲིན་ལས་བསྒྲུབ་ཕྱིར་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་བཅས་ལ༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ ཆུ་སེར་ཞབས་བསིལ་མཚོ་ལྟར་བསྐྱིལ༔ དགྲ་བགེགས་དབང་པོའི་མེ་ཏོག་དང་༔ ཤ་ཆེན་ཚིལ་ཆེན་གསུར་དུད་དང་༔ ཞུན་ཆེན་མར་མེ་གསལ་བའི་མདངས༔ མཁྲིས་པའི་དྲི་ཆབ་ཤ་རུས་ཀྱི༔ ཞལ་ཟས་རྣམ་པ་སྣ་ཚོགས་འབུལ༔ གཞན་ཡང་ཉེ་བར་སྤྱོད་པའི་རྫས༔ རྣམ་པ་བདུན་དང་འདོད་ཡོན་ལྔ༔ འདོད་འབྱུང་དམར་གྱི་གཏོར་མ་དང་༔ བདུད་རྩི་སྨན་གྱི་རྒྱ་མཚོ་དང་༔ རཀྟ་ཁྲག་ཆེན་རྒྱ་མཚོར་བཅས༔ འབུལ་ལོ་དགྱེས་དགོངས་བཞེས་སུ་གསོལ༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ ནད་གདོན་བར་ཆད་ཞི་བ་དང་༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་ཐལ་བའི་རྡུལ་དུ་རློགས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་ས་པ་རི་ཝཱ་ར་མ་ཧཱ་ཨརྒྷཾ་པཱདྱཾ་ནས་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་ཧོཿ མ་ཧཱ་རཱུ་པ་ཤཔྡ་ནས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་ནས་གནོད་པ་དང་གནོད་པའི་སེམས་དང་ལྡན་པ༔ གདུག་པ་དང་གདུག་པའི་སེམས་དང་ལྡན་པ༔ དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ༔ སྡང་བ་དང་སྡང་བའི་སེམས་དང་ལྡན་པ༔ རྒོལ་བ་དང་རྒོལ་བའི་སེམས་དང་ལྡན་པ་ཐམས་ཅད་ལྷ་ཡང་རུང་སྟེ་ཕྲིན་ལས་མངོན་སྤྱོད་དྲག་པོའི་སྒོ་ནས་ཚར་ཆོད་ལ༔ གནོད་བྱེད་དེ་དག་རྣམས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མདོར་ན་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་གནོད་བྱེད་དགྲ་བགེགས་ཐམས་ཅད་སརྦ་མ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་མ་མི་ཀ་ཡ་སརྦ་ཨ་དྷི་སིདྡྷི་ཡེ་སྭཱ་ཧཱ༔ དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྨན་གཏོར་རཀྟ་ཕྱི་ནང་གསང་མཆོད་བདུད་རྩི་གསེར་སྐྱེམས་ཀྱི་མཆོད་པ་དམ་པ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་ལ་དགྱེས་པའི་ཞལ་སྟོན་ཅིག༔ སྒྲུབ་པའི་རྟགས་ཕྱུངས་ཤིག༔ འདོད་པའི་དོན་སྒྲུབས་ཤིག༔ དཔལ་དང་གཟི་མདངས་བསྐྱེད་ཅིག༔ ཚེ་དང་འབྱོར་པ་སྤེལ་ཅིག༔ འཁོར་དང་བསྟན་པ་སྐྱོངས་ཤིག༔ སྙན་པའི་དུང་བུས་ཤིག༔ གྲགས་པའི་བ་དན་ཕྱོར་ཅིག༔ དཔའ་བའི་དཔུང་བསྐྱེད་ཅིག༔ ཆག་ཆེ་དང་ཉམ་ང་བཟློག་ཅིག༔ མདུན་གྱི་འཁར་བ་གྱིས་ཤིག༔ རྒྱབ་ཀྱི་བརྟེན་ས་གྱིས་ཤིག༔ ཉིན་གསུམ་གྱི་བྱ་ར་གྱིས་ཤིག༔ མཚན་གསུམ་གྱི་མེལ་ཚེ་གྱིས་ཤིག༔ མི་ཡི་དགྲ་བླ་མཛོད་ཅིག༔ ཕྱུགས་ཀྱི་གཡང་ལྷ་དང་དཀོར་གྱི་བདག་པོ་གྱིས་ཤིག༔ ནད་གདོན་དང་བར་ཆད་ཞི་བར་མཛོད་ཅིག༔ རྐྱེན་ངན་དང་བར་ཆད་བཟློག་པར་མཛོད་ཅིག༔ མི་ལ་ན་ཚ་དང་ཤི་ཆད་མ་བཏང་༔ ཕྱུགས་ལ་གོད་ཁ་དང་ཕུང་བརླག་མ་བཏང་༔ རྟ་ཕྱུགས་གནག་ལུག་ནོར་ལོངས་སྤྱོད་དང་བཅས་པ་ལ་སྟོར་བརླག་མ་བཏང་༔ བསམ་པའི་དོན་ལ་བར་ཆད་མ་བཏང་༔ ཁ་འཛིན་དང་སྡོང་གྲོགས་མཛོད་ཅིག༔ དགྲ་ཇག་དང་ཆོམ་རྐུན་གཅན་གཟན་གྱི་འཇིགས་པ་མ་བཏང་ཞིག༔ སྡང་བའི་དགྲ་སོད་ཅིག༔ གནོད་པའི་བགེགས་ཐུལ་ཅིག༔ བར་ཆད་ཀྱི་རྐྱེན་བཟློག་ཅིག༔ ལེགས་པ་བརྒྱ་དང་སྤྲོད་ཅིག༔ ཉེས་པ་སྟོང་དང་བསྣོལ་ཅིག༔ མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་གདུལ་བྱ་ཕྲིན་ལས་ཐམས་ཅད་དར་ཞིང་རྒྱས་པ་དང་༔ ནུབ་པ་མེད་པར་རབ་ཏུ་གནས་ཤིང་བརྟན་པར་མཛོད་ཅིག༔ མདོར་ན་རྣལ་འབྱོར་པ་བདག་གི་འདི་ཕྱིའི་རེ་སྨོན་དམ་པ་ཡིད་བཞིན་དུ་གྲུབ་ནས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུར༔ གདོད་ནས་ཡང་དག་རྫོགས་པའི་སངས་རྒྱས་ཀྱང་༔ སངས་རྒྱས་བསྟན་དང་བསྟན་འཛིན་སྡེ་སྐྱོངས་ཤིང་༔ ཞི་བས་མི་འདུལ་མི་སྲུན་རཱུ་ཏྲའི་སྡེ༔ དྲག་པོ་མངོན་སྤྱོད་ལས་ཀྱིས་འདུལ་བའི་ཕྱིར༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྟོན་པ༔ དབང་ཕྱུག་ལེགས་ལྡན་ནག་པོ་ཁྱོད་ལ་བསྟོད༔ ཆོས་ཀུན་ཆོས་ཉིད་ཆེན་པོར་རོལ་པའི་ཡུམ༔ ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེ་ཐབས་ཀྱིས་ཁྲོ་མོའི་སྐུར་བཞེངས་ཏེ༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ ཡུམ་ཆེན་བཻ་ཏ་ལི་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལ་ཐ་དད་མ་གྲུབ་ཀྱང་༔ གདུལ་བྱའི་མོས་ངོར་སྣ་ཚོགས་ཅིར་ཡང་སྟོན༔ གདུལ་དཀའ་འདུལ་བའི་ལས་ལ་རྟག་ཏུ་རྒྱུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད༔ ཆོ་འཕྲུལ་ཆེན་པོའི་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་འབོད་སྔགས་བཟླ་བ་ལ༔ བདག་མདུན་གཉིས་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུ་ཤ་སྟག་ཏུ་གྱུར་ཏེ་ཆུ་ལ་ཆུ་བཞག་པ་ལྟ་བུར་བསྐྱེད་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ༔ བཛྲ་ཡཀྴ་བཻ་ཏ་ལི་བྷྱོ༔ སརྦ་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿ ཡང་བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ལས་ནམ་མཁའི་དབྱིངས་ནས་ནམ་མཁའི་ངོ་བོ་མགོན་པོ་མཐིང་ནག༔ ས་ཡི་དབྱིངས་ནས་ས་ཡི་ངོ་བོ་མགོན་པོ་སེར་པོ༔ ཆུ་ཡི་དབྱིངས་ནས་ཆུ་ཡི་ངོ་བོ་མགོན་པོ་དཀར་པོ༔ མེ་ཡི་དབྱིངས་ནས་མེ་ཡི་ངོ་བོ་མགོན་པོ་དམར་པོ༔ རླུང་གི་དབྱིངས་ནས་རླུང་གི་ངོ་བོ་མགོན་པོ་ལྗང་ནག་དཔག་ཏུ་མེད་པ་རྒྱུན་མི་ཆད་པར་མཚོ་ལ་ཁ་བ་བབས་པ་བཞིན་དུ་དཔལ་ཡེ་ཤེས་མགོན་པོའི་སྐུ་ལ་སིབ་སིབ་ཐིམ་པས་འཁོར་འདས་ཡོངས་ཀྱི་མཐུ་ནུས་དཔལ་ཡོན་ཡོངས་སུ་རྫོགས་པར་བསྒོམ་ལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ༔ བཛྲ་ཡཀྴ་བཻ་ཏ་ལི་ཤྲཱི་ནག་མོ་ཏི་མ་བྷྱོ༔ སརྦ་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿ ཞེས་གདན་གྱི་དྲོད་མི་ཡལ་བར་སྡོད་པ་དང་༔ མི་ཚིག་གིས་བར་མི་ཆོད་པར་ཆུ་བོའི་རྒྱུན་བཞིན་བཟླ་བ་དང་༔ ཤེས་པ་གཞན་དུ་མི་ཡེངས་པར་དམིགས་གསལ་གྱི་གནད་ལ་འབད་པར་བྱའོ༔ དེ་ལྟར་གནད་དང་ལྡན་པ་ཡི༔ རྩེ་གཅིག་སྒྲུབ་ལ་འཇུག་པ་རྣམས༔ ཟླ་བ་དྲུག་གི་ལྷ་ཞལ་མཐོང་༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ སྲིད་པ་གསུམ་ལས་རྣམ་པར་རྒྱལ༔ བླ་མར་དམ་ཚིག་བསྲུང་བ་དང་༔ ཡི་དམ་ལྷ་བསྒོམ་བསྙེན་གྲངས་ཐེམ༔ དངོས་འབྱོར་མཆོད་པའི་རྫས་རྣམས་ལ༔ ཡིད་ཀྱིས་འདོད་རྒུའི་ལོངས་སྤྱོད་གཏེར༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ དེ་གསུམ་གནད་ཀྱི་མཆོག་ཏུ་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ གུ་ཧྱ༔ ཞེས་དཔལ་མགོན་མ་ཧཱ་ཀཱ་ལའི་སྒྲུབ་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བརྒྱད་བར་དུ་བཀའ་རྒྱས་བཏབ་མཐར་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་དགེ་ལེགས་དཔལ་བཟང་པོའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།