ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་རྩ་སྒྲུབ་ཟླ་བའི་འོད་ཕྲེང་༔

From Dudjom Wiki
TTDL-ZABTER-08-NYA-031
Wylie title zab gsang mkha' 'gro'i snying thig las: lha chen tshogs kyi bdag po'i rtsa sgrub zla ba'i 'od phreng: TTDL-ZABTER-08-NYA-031.pdf
Location bdud 'joms gling pa zab gter
Volume 8, Text 31, Pages 279-290 (Folios 1a1 to 6b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen tshogs kyi bdag po'i rtsa sgrub zla ba'i 'od phreng. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 279-290. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rtsa sgrub   Verso: bdud 'joms bka' srung tshogs bdag
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཚོགས་མཆོག་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang khrag 'thung bdud 'joms rdo rje khro lod rtsal gyis gter nas bton te dag par phab pa'i yi ge pa ni rang slob dam pa tshogs mchog rdo rje'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་རྩ་སྒྲུབ་ཟླ་བའི་འོད་ཕྲེང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ རྩ་སྒྲུབ་ཟླ་བའི་འོད་ཕྲེང་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ རབ་དབེན་གཙང་མའི་གནས་མཆོག་ཏུ༔ དཀྱིལ་འཁོར་བཀོད་ལེགས་ཟླ་གམ་སྟེང་༔ ཙནྡན་དམར་པོའི་ཕྱེ་མ་བརྡལ༔ དེ་སྟེང་ཟངས་སྣོད་ཡངས་པ་ནི༔ ཆག་གྲུམ་མེད་ཅིང་ངོས་འཇམ་ནང་༔ རི་རབ་བང་རིམ་གསུམ་པའི་སྟེང་༔ བཤོས་ཟླུམ་ནོར་བུ་དབང་རྒྱལ་དབྱིབས༔ མཚལ་དང་ལི་ཁྲིའི་ཁུ་བས་བྱུགས༔ མེ་ཏོག་དམར་པོའི་རྒྱན་མཛེས་བྱ༔ མདུན་དུ་སྒྲུབ་རྟེན་སྲོག་འཁོར་བཞག༔ གཡས་སུ་སྙིང་འདྲའི་བཤོས་བྲན་དང་༔ གཡོན་དུ་ལྷ་བཤོས་དམར་པོ་བཞག༔ དེ་མཐར་བཤོས་ཕྲན་བཅུ་ཡིས་བསྐོར༔ ལེ་རྒན་དམར་པོའི་ལྡིང་གུར་ཕུབ༔ ས་མ་ཡ༔ མཆོད་པའི་ཡོ་བྱད་འབྱོར་ཚོགས་བཤམས༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ ངང་ནས་མདུན་བསྐྱེད་རིམ་པ་ནི༔ སྣང་སྲིད་ཐམས་ཅད་སྟོང་པ་ཉིད་ཀྱི་རོལ་པར་གྱུར༔ སྟོང་པའི་ངང་ལས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལག་པའི་མཐིལ་དུ་བཀྲམ་པ་ལྟ་བུའི་དབུས་སུ་རི་རབ་བང་རིམ་གསུམ་དང་ལྡན་པའི་སྟེང་དུ་པདྨ་རཱ་གའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བ་དབྱིབས་ཟླ་གམ་པ་གསེར་གྱི་བྲག་ལ་ལོགས་གཏད་པའི་སྟེང་དུ༔ ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿཡིག་དམར་པོ་འོད་འབར་བ་གཅིག་བབ་པ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་གྱི་སྲོག་སྙིང་ནུས་བཅུད་ཐམས་ཅད་བསྡུས་ཏེ་ཧྲཱིཿལ་བསྟིམ༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས་ཀྱི་སྲོག་སྙིང་ནུས་མཐུ་ཐམས་ཅད་བསྡུས་ཏེ་བསྟིམ་པས༔ ཧྲཱིཿལས་ལྷ་ཆེན་དབང་ཕྱུག་ཚོགས་ཀྱི་བདག༔ སྐུ་མདོག་དམར་གསལ་གཅེར་བུ་འོད་ཕུང་འབར༔ ཞལ་གཅིག་ཕྱག་གཉིས་སྟོབས་ལྡན་གླང་པོའི་གདོང་༔ ཕྱག་གཡས་ལྕགས་ཀྱུས་སྐྱེ་འགྲོའི་བློ་ཡིད་བཀུག༔ རིན་ཆེན་གཏེར་གྱི་བུམ་པ་མཆན་དུ་བརྟེན༔ ཕྱག་གཡོན་ཞགས་པས་སྣང་བྱེད་འབངས་སུ་བསྟིམ༔ སྤྱི་བོར་ཟླ་ཕྱེད་ནོར་བུའི་ཏོག་གིས་མཛེས༔ ཞབས་གཉིས་འདོར་སྟབས་བག་དྲོ་ལྷུན་ཆགས་བརྗིད༔ ལིང་ག་བསྒྲེངས་ཤིང་ཆགས་པའི་ཟིལ་པ་འཁྲིགས༔ གཡོན་དུ་ལྷ་མོ་ཨུ་མ་དཱེ་ཝི་ནི༔ སྤྲེའུའི་གཟུགས་ངོམས་ཕྱག་གཡས་ནོར་བུ་འཛིན༔ གཡོན་པས་བཅུད་ལྡན་སྨན་གྱི་རིལ་བུ་སྟོབ༔ དགྱེས་ཆགས་འབར་བས་ཡབ་ཀྱི་སྐུ་ལ་བཏུད༔ གཡས་སུ་སྲས་མཆོག་བྷི་རྣུ་ར་ཙ་ནི༔ དམར་གསལ་ཕྱག་གཉིས་ལྕགས་ཀྱུ་འཁོར་ལོ་བསྣམས༔ རིན་ཆེན་རྒྱན་དང་དར་དཔྱངས་དམར་པོས་སྤྲས༔ མཐའ་བསྐོར་རི་རབ་བང་རིམ་དང་པོ་ལ༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་འཇིགས་བྱེད་དགུ༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་སྡེ་བཞི་དང་༔ རྒྱུ་སྐར་ཆེན་པོ་ཉེར་བརྒྱད་ལ་སོགས་པ༔ གཙང་རིས་མགོན་པོ་འཁོར་དང་བཅས་པས་བསྐོར༔ དེ་འོག་རི་རབ་བང་རིམ་གཉིས་པ་ལ༔ འཇིག་རྟེན་དྲེགས་པ་ལྷ་མིན་སྡེ་བརྒྱད་བསྐོར༔ དེ་འོག་རི་རབ་བང་རིམ་གསུམ་པ་ལ༔ མི་དང་དུད་འགྲོ་ཡི་དྭགས་དམྱལ་བ་དང་༔ སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པས་བསྐོར༔ ཀུན་ཀྱང་གཙོ་ལ་རབ་གུས་བཀའ་ཉན་ཅིང་༔ ཕྲིན་ལས་ལས་ཀྱི་ཕོ་ཉར་ཁོལ་བར་བསྐྱེད༔ ཀུན་སྲོག་སྙིང་པོ་ལས་ནི་འོད་འཕྲོས་པས༔ ལྷ་ཆེན་འཁོར་དང་བཅས་པ་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ སྟོང་གསུམ་སྟོང་གི་འཇིག་རྟེན་ཆེན་པོ་རུ༔ དབང་མཛད་བདག་པོ་ལྷ་ཆེན་ཚོགས་ཀྱི་བདག༔ སུམ་ཅུ་རྩ་གསུམ་གནས་ནས་སྐུ་བསྐྱོད་ལ༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿརི་རབ་ལྷུན་པོའི་ནུབ་ཕྱོགས་དགའ་བའི་ཚལ༔ འོད་འབར་རིན་ཆེན་གསེར་གྱི་བྲག་སྐྱིབ་ནས༔ ལྷ་ཆེན་གཙུག་ན་ཟླ་བ་ཡབ་ཡུམ་འཁོར༔ དད་དང་དམ་ཚིག་གཉན་པོས་སྤྱན་འདྲེན་ནོ༔ ཧཱུྃ་ཧྲཱིཿ རྩུབ་འགྱུར་འཇིགས་བྱེད་ཚལ་གྱི་དུར་ཁྲོད་ནས༔ དྲེགས་པ་བྲན་བཀོལ་བསྟན་དགྲའི་དཔུང་འཇོམས་པའི༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལྕམ་དྲལ་ཚོགས༔ དད་དང་དམ་ཚིག་གཉན་པོས་སྤྱན་འདྲེན་ནོ༔ མ་འགྱངས་མ་གཡེལ་དམ་ཚིག་རྗེས་དགོངས་ལ༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་བུ་བཞིན་སྐྱོང་ཕྱིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་བསྡུས་ཕྱིར་གཤེགས་སུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ དུས་ངན་གཡོ་འཁྲུགས་བཟློག་ཕྱིར་གཤེགས་སུ་གསོལ༔ དབུལ་ཕོངས་འབྱོར་རྒུད་སྐྱོབ་ཕྱིར་གཤེགས་སུ་གསོལ༔ ལོངས་སྤྱོད་ཆར་ལྟར་འབེབ་ཕྱིར་གཤེགས་སུ་གསོལ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཡུམ་མཆོག་ཨུ་མ་དཱེ་ཝ་གཤེགས་སུ་གསོལ༔ སྲས་མཆོག་བྷི་རྣུ་ར་ཛ་གཤེགས་སུ་གསོལ༔ དཔལ་མགོན་བདུན་ཅུ་རྩ་ལྔ་གཤེགས་སུ་གསོལ༔ བཀའ་སྡོད་དྲེགས་པ་འཁོར་བཅས་གཤེགས་སུ་གསོལ༔ འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་བཅས༔ མ་ལུས་སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིང་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿ སྣང་སྲིད་དབང་བསྒྱུར་སྒྲུབ་ལ་དངོས་གྲུབ་སྟེར༔ འཇིག་རྟེན་གསུམ་གྱི་གཙུག་ན་མངོན་མཐོ་བ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས༔ བསྒྲུབ་ཅིང་བསྟེན་པའི་གནས་མཆོག་དམ་པ་འདིར༔ རབ་ཏུ་དགྱེས་ཤིང་མི་འབྲལ་བརྟན་བཞུགས་ནས༔ འདོད་རྒུའི་དཔལ་ཡོན་ལོངས་སྤྱོད་ཆར་དུ་ཕོབས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿ ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་གི༔ ཁམས་གསུམ་འཁོར་ལོས་སྒྱུར་བའི་གར་མཁན་མཆོག༔ ལྷ་ཆེན་ཚོགས་བདག་ལྕམ་དྲལ་བཅས་པ་ལ༔ གུས་པས་ཕྱག་འཚལ་མི་འབྲལ་གྲོགས་མཛོད་ཅིག༔ ན་མོ་ས་མ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཧྲཱིཿ ལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་བཅས་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ༔ སྨན་གཏོར་རཀྟའི་མཆོད་རྫས་དམ་པ་འབུལ༔ སྐད་ཅིག་འབྲལ་བ་མེད་པའི་གྲོགས་མཛོད་ཅིག༔ དར་ཟབ་སྣ་ཚོགས་གོ་མཚོན་གཅན་གཟན་དང་༔ གསེར་དངུལ་གཡུ་སོགས་རིན་པོ་ཆེ་ཡི་རིགས༔ ཛ་ཏི་སྨན་རྒྱལ་ལ་སོགས་སྨན་གྱི་ཚོགས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་དལ་དུ་འབུལ༔ སྐད་ཅིག་མི་འབྲལ་བརྩེ་བའི་གྲོགས་མཛོད་ཅིག༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་སོགས༔ གཟུགས་འགྲོས་སྣ་ཚོགས་དཀོར་གྱི་མཆོད་པ་འབུལ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ལ་སོགས་པའི༔ ལོངས་སྤྱོད་མི་ཟད་གཏེར་གྱི་མཆོད་པ་འབུལ༔ མཆོད་རྫས་སྒྲུབ་རྫས་བསྐང་རྫས་བརྟེན་རྫས་སོགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་གུས་པས་མཆོད༔ སྣང་སྲིད་སྐྱེ་འགྲོ་ཕོ་མོའི་བློ་ཡིད་སེམས༔ རང་དབང་མེད་པར་བདག་གིས་དབང་དུ་སྡུས༔ འདོད་རྒུའི་དཔལ་ཡོན་ལོངས་སྤྱོད་ཆར་ལྟར་ཕོབས༔ རི་ལྟར་བརྟན་ཅིང་མཚོ་ལྟར་འཁྱིལ་བ་ཡི༔ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་དུ་སྤེལ༔ སྔོན་གྱི་བཀའ་དང་དམ་ཚིག་དྲན་མཛོད་ལ༔ མ་གཡེལ་མ་འགྱངས་སྐད་ཅིག་ཡུད་ཙམ་དུ༔ གྲུབ་རྟགས་དངོས་གྲུབ་མཚན་བཟང་མྱུར་དུ་སྟོན༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་ཨརྒྷཾ་སོགས་ནས་ ཤཔྟ་རཱུ་པ་ཤཔྟ་སོགས་ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་ག་ཎ་མ་ཧཱ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ ཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས༔ འགྲོ་ཀུན་ཐུགས་རྗེས་མི་དོར་ཆགས་པ་ཆེས༔ ཁམས་གསུམ་བློ་ཡིད་འགུགས་པའི་ཕོ་ཉ་རུ༔ ཆགས་པའི་རྒྱལ་པོ་སྟོབས་ལྡན་དབང་པོར་བཞེངས༔ དབང་གི་བདག་ཉིད་དམར་གསལ་རཱ་གའི་མདོག༔ སྟོབས་རྩལ་འགྲན་ཟླ་བྲལ་ཕྱིར་གླང་པོའི་གདོང་༔ ཁམས་གསུམ་དབང་དུ་བསྡུས་པའི་ལྕགས་ཀྱུ་དང་༔ སྐྱེ་འགྲོ་བྲན་དུ་བཅིང་བའི་ཞགས་པ་སྡོམ༔ རྣལ་འབྱོར་བུ་ལྟར་སྐྱོང་ཕྱིར་བུམ་བཟང་བརྟེན༔ འདོད་པའི་རྒྱལ་པོ་བདེ་ཆེན་རོལ་པ་ཆེས༔ གོས་རྒྱན་སྤང་ནས་གསང་བའི་རྡོ་རྗེ་བསྒྲེང་༔ འགྲོ་ལ་རབ་བརྩེ་ཆགས་པའི་ཟིལ་པ་འཁྲིགས༔ མཐོང་བས་ཡིད་འཕྲོག་དྲན་པས་བདེ་ཆེན་སྟེར༔ བསྟེན་པས་འགྲོ་འདུད་བསྒྲུབ་པས་དངོས་གྲུབ་འབྱུང་༔ ཡིད་བཞིན་དཔལ་སྟེར་ཁྱེད་ལ་ཕྱག་འཚལ་བསྟོད༔ ཕྱི་ལྟར་འདོད་ཁམས་དྲེགས་པ་ཀུན་གྱི་གཞི༔ ནང་ལྟར་ལྷའི་བུ་གཙུག་ན་ཟླ་བ་སྟེ༔ གསང་བ་འགྲོ་ཁམས་དགྱེས་ཆགས་ངོམས་པའི་སྟོབས༔ ཐབས་ཀྱི་རྡོ་རྗེ་བསྐྱོད་པའི་རླབས་ཆེན་གྱིས༔ ཤེས་རབ་ཨུ་མའི་མཁའ་གསང་བདེ་ཆེན་བསླང་༔ ཁམས་གསུམ་ཆགས་བདེ་བསྡུས་དྲིལ་རྒྱས་བཏབ་པས༔ བདེ་བའི་རོ་ལ་རྟག་པར་རོལ་པ་ལས༔ ལང་ཚོའི་སྟོབས་རྒྱས་ཆགས་པའི་ཟིལ་པ་འཁྲིགས༔ འགྲོ་ཁམས་རྒྱ་མཚོའི་སེམས་སྣང་དབང་དུ་བྱེད༔ བདེ་ཆེན་འདོད་པའི་རྒྱལ་པོ་ཁྱེད་ལ་བསྟོད༔ རྗེ་བཙུན་འཕགས་མ་སྒྲོལ་མའི་རྣམ་རོལ་གར༔ དཔའ་བོའི་སྟོབས་རྩལ་བསྐྱེད་པའི་མཛའ་ན་མོ༔ ཆགས་དང་བདེ་སྟོང་མི་ཟད་གཏེར་མཛོད་ཆེ༔ ཨུ་མ་དཱེ་ཝི་ཡུམ་ལ་ཕྱག་འཚལ་བསྟོད༔ སྣང་སྲིད་དབང་བསྒྱུར་དྲེགས་པ་བྲན་དུ་བཀོལ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་སྟོབས་མངའ་ཞིང་༔ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་སྲུང་ཆེ༔ སྲས་མཆོག་བྷི་རྣུ་ར་ཛའི་སྐུ་ལ་བསྟོད༔ སྲིད་གསུམ་འགྲན་ཟླ་བྲལ་བའི་དབང་ཕྱུག་ཆེར༔ རབ་འདུད་བཀའ་ཉན་ལས་ཀྱི་ཕོ་ཉ་བྲན༔ དཔལ་མགོན་སྣང་སྲིད་དྲེགས་པ་ཐམས་ཅད་དང་༔ འཇིག་རྟེན་འཁོར་གྱི་རོལ་པར་བཅས་ལ་བསྟོད༔ བསྐྱེད་རིམ་དམིགས་གསལ་གནད་ལྡན་པ༔ བསྒྲུབ་པའི་གནད་ཀྱི་ཡང་ཞུན་ཡིན༔ གནད་དེ་ལྡན་ན་མི་རིང་འགྲུབ༔ མི་ལྡན་བསྐལ་པར་བསྒྲུབ་ཀྱང་མིན༔ དེ་ཕྱིར་གནད་དེ་གནད་དུ་ཟུངས༔ ས་མ་ཡ༔ སླར་ཡང་འཛབ་དམིགས་རིམ་པ་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་གསལ་བ་ལས༔ གཙོ་བོའི་ཐུགས་ཀར་སྲོག་གི་ཡི་གེ་ཧྲཱིཿདམར་པོ་ཚེགས་དྲག་དང་བཅས་པ་གསལ་བའི་མཐར་སྔགས་ཀྱིས་གཡས་སུ་བསྐོར་བ༔ ཡུམ་གྱི་ཐུགས་ཀར་སྲོག་ཡིག་ཧྲཱིཿདམར་པོ་ལ་སྔགས་ཀྱིས་གཡོན་དུ་འཁོར་བ་དང་༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་ཕྲ་མོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ བདག་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་བསྟན་སྲུང་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཐམས་ཅད་ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཞེས་སྔགས་དེ་ཁོ་ནར་གྱུར་ནས་བདག་གིས་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿ ཨུ་མ་དཱེ་ཝི་ཧྲཱིང་༔ ས་མ་ཡ་ཕེཾ་ཛཿ འབོད་སྔགས་སྲོག་འདྲེན་བཟླ་བའི་ཚེ༔ དམིགས་པ་གཞན་དུ་མི་ཡེངས་པར༔ རྩེ་གཅིག་གསལ་བའི་གཟེར་གྱིས་གདབ༔ མི་ཚིག་དག་གིས་བར་མི་གཅོད༔ གདན་གྱི་དྲོད་མ་ཡལ་བར་སྒྲུབ༔ དེ་ནི་གནད་ཀྱི་དམ་པའོ༔ ས་མ་ཡ༔ མེ་ཏོག་དམར་པོའི་ཚལ་མཐོང་ཞིང་༔ སྐྱེས་པ་དག་གིས་བསྐུར་སྟི་དང་༔ བུད་མེད་མཛེས་མས་དགའ་གདུང་དང་༔ རབ་གསལ་ཟླ་བ་ཤར་བ་དང་༔ ནོར་བུ་གཏེར་བུམ་རྙེད་པ་དང་༔ ཉེ་འཁོར་མང་པོས་རྗེ་བོར་བཀུར༔ ཁྲོམ་མང་དག་ལ་དབང་བསྐུར་སོགས༔ གྲུབ་པའི་ལྟས་སུ་ལེགས་པ་ཡིན༔ བསྒྲུབ་པའི་མན་ངག་རིན་ཆེན་འདི༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུང་༔ དམ་ཉམས་བཀའ་ལོག་དབང་པོ་སྣུབས༔ སྣོད་ལྡན་སྐྱེས་བུའི་འདོད་དོན་སྒྲུབས༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཚོགས་མཆོག་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།