ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་ཆེན་པོའི་སྒྲུབ་པའི་གནད་ཐིག༔

From Dudjom Wiki
TTDL-ZABTER-08-NYA-059
Wylie title zab gsang mkha' 'gro'i snying thig las: gnod sbyin shan pa chen po'i sgrub pa'i gnad thig: TTDL-ZABTER-08-NYA-059.pdf
Location bdud 'joms gling pa zab gter
Volume 8, Text 59, Pages 505-507 (Folios 1a1 to 2a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gnod sbyin shan pa chen po'i sgrub pa'i gnad thig. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 505-507. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub pa   Verso: bdud 'joms bka' srung shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་གནད་བྱང་ཡང་ཐིག་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བཏབ་སྟེ་མཐར་མཚམས་སྤྲུལ་རིན་པོ་ཆེའི་བཀའ་ཡིས་བསྐུལ་ངོར་ཟླ་རྒྱལ་དཔའ་བོའི་ཉེ་འདབས་སུ་གཏན་ལ་ཕབ་པའོ། །དགེའོ།།

zhes gnad byang yang thig 'di yang khrag 'thung rdo rje khro lod kyis gter nas bton te mi lo nyi shu'i bar du bka' rgya btab ste mthar mtshams sprul rin po che'i bka' yis bskul ngor zla rgyal dpa' bo'i nye 'dabs su gtan la phab pa'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་ཆེན་པོའི་སྒྲུབ་པའི་གནད་ཐིག་བཞུགས་སོ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་སྙིགས་མའི་དུས་བབ་ནས༔ ང་ཡི་བརྒྱུད་འཛིན་ཉམས་དམའ་ནས༔ མི་སྲུན་སྐྱེ་བོས་བསྡིགས་པའི་ཚེ༔ གནོད་སྦྱིན་དྲག་པོ་འདི་བསྒྲུབ་ཅིང་༔ ལས་ཀ་མཐུ་ལ་བརྩོན་པའི་ཚེ༔ འདི་ལྟར་ཚད་ལ་བརྟགས་བྱས་ནས༔ གནད་ལ་དབབ་པའི་མན་ངག་ཟུངས༔ འགྲུབ་པའི་ཚད་ནི་ཞག་དགུར་ངེས༔ དེས་མ་འགྲུབ་ན་ལན་དགུར་དཔོག༔ དེས་མ་འགྲུབ་ན་གསུམ་དཔོག་ཅིང་༔ ལན་དགུའི་བར་དུ་དཔོག་བྱས་ནས༔ ཅིས་ཀྱང་འགྲུབ་རྟགས་མ་བྱུང་ན༔ གནད་ལ་དབབ་པའི་མན་ངག་ཟུངས༔ དང་པོ་སྲོག་འཕྲོག་མན་ངག་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནོད་སྦྱིན་ཤན་པ་དམར་ནག་སྤྲུལ་འཁོར་བཀའ་སྡོད་དང་བཅས་པའི་སྲོག་སྙིང་ཐམས་ཅད་ཡི་གེ་ཀྵཿཧྲཱིཿའི་རྣམ་པར་བསྡུས་ཏེ་རང་ཡི་དམ་གྱི་ཐུགས་ཀའི་སྲོག་ཡིག་ལ་ཐིམ་པས་ཁོའི་སྲོག་སྙིང་རང་ལ་ཐོབ་ནས་ཕྲིན་ལས་མི་བསྒྲུབ་པའི་དབང་མེད་པར་ཡང་ཡང་བསམ༔ དེས་ནི་འགྲུབ་རྟགས་ངེས་པར་འབྱུང་བ་ཡིན༔ དེས་ཀྱང་འགྲུབ་རྟགས་མ་བྱུང་ན༔ སྔགས་ཀྱང་མགོ་འཇུག་བཟློག་ནས་བཟླས༔ དེས་ཀྱང་འགྲུབ་རྟགས་མ་བྱུང་ན༔ ཤི་ས་བསྟན་པ་འདི་ལ་བརྩོན༔ ཤོག་གུ་ལ་ཁོའི་གཟུགས་བྲིས་ཤིང་རྒྱ་མཚལ་ཅོག་ལ་མིའི་ཁུ་བ་བྱུག༔ མཐར་ཁོའ་ིསྔགས་འཁོར་ཡིག་མགོ་ནང་དུ་བསྟན་ནས་བྲིས༔ མཚོན་ཆ་མང་པོའི་རྩེ་ནང་དུ་བསྟན་པ་བྲིས༔ དེ་འགུགས་གཞུག་མང་དུ་བྱས་ཏེ་བལྟེབས་ནས༔ ཏེའུ་ལོའམ་ཐ་ན་ཕག་ཐོད་དུ་གཅུག་ཅིང་རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ དེ་སྟེང་རང་ཡི་དམ་གྱི་ང་རྒྱལ་དང་མ་བྲལ་བར་ཁོའི་སྔགས་འབྲུ་བཟློག་ཏུ་བཟླ༔ དུས་གསུམ་དུ་འགུགས་གཞུག་ནན་དུ་བྱ་ཞིང་དྲག་སྔགས་བརྗོད་ནས་ཐུན་མཚོན་གྱིས་གཟིར༔ ཡང་ཁ་བཅད་ནས་རང་ཡི་དམ་གྱི་ཁྲོ་འོག་ཏུ་མནན་པས་ཁོས་སྐད་ངན་ཙིར་ཙིར་འདོན་ཞིང་ཁས་ལེན་པར་ཡང་ཡང་བསམ༔ བར་སྐབས་སུ་གཏུམ་པོའི་སྐུ་བསྒོམ་པའི་ཞབས་མཐིལ་གྱིས་མནན་པས་སྐད་ངན་ཤོར་ནས་ཁས་ལེན་པར་བསམ༔ ནམ་ཕྱེད་དུ་བསྐུལ་རྦད་བྱ༔ དེ་དུས་བན་བཙུན་སྔགས་པ་སྐྱེས་པ་ཨ་ཙ་ར་རྣམས་ཕྱག་འཚལ་ཞིང་བྲན་དུ་ཁས་ལེན་པ་དང་༔ གློ་སྙིང་མགོ་བོ་རྣམས་འབུལ་དུ་འབྱུང་བ་དང་༔ ཉེས་ཅན་བཙོན་དུ་བཟུང་བ་དང་༔ དགྲ་བོ་དངོས་སུ་ཁྲིད་བྱུང་ནས་གསོད་པ་དང་༔ སྲོག་ཆགས་གང་ཡང་རུང་བ་དག་གསོད་ཅིང་ཤ་ཁྲག་དམར་གཡོས་བྱེད་པ་རྣམས་བྱུང་ན་གཟུགས་ཐོད་པ་ནས་ཕྱུང་སྟེ་ཁྲུས་དང་བསང་སྦྱངས་བྱས་ཏེ་གསོལ་མཆོད་བསྐང་ཚོགས་བཏང་ཞིང་བསྙེན་བསྒྲུབ་ལ་བརྩོན་པས་དགྲ་བོ་ངེས་པར་ཐུབ་བོ༔ བསད་རྟགས་ངེས་པར་བྱུང་ཡང་དགྲ་བོ་མ་ཤི་ན་དེ་ལྟར་ཤི་ས་བསྟན་པ་ལས༔ དུས་མ་ཡིན་པར་ཤི་ས་བསྟན་ན་རང་སྲོག་ལ་འབབ་པ་ལས་འོས་མེད་པས་དེ་དོན་ཤེས་པར་མཛོད༔ དུས་དང་བསྟུན་ནས་འདི་ལྟར་ཤི་ས་བསྟན་པས་དགྲ་བོ་ངེས་པར་ཐུབ་པ་ཡིན༔ བཀའ་འདི་སྔགས་སྲུང་དམ་ཅན་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་གནད་བྱང་ཡང་ཐིག་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བཏབ་སྟེ་མཐར་མཚམས་སྤྲུལ་རིན་པོ་ཆེའི་བཀའ་ཡིས་བསྐུལ་ངོར་ཟླ་རྒྱལ་དཔའ་བོའི་ཉེ་འདབས་སུ་གཏན་ལ་ཕབ་པའོ། །དགེའོ།། །།