ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་གཟའ་བདུད་ནག་པོའི་དྲག་སྒྲུབ་མཆོན་ཆའི་འཁོར་ལོ༔

From Dudjom Wiki
TTDL-ZABTER-09-TA-002
Wylie title zab gsang mkha' 'gro'i snying thig las: bka' srung gza' bdud nag po'i drag sgrub mchon cha'i 'khor lo: TTDL-ZABTER-09-TA-002.pdf
Location bdud 'joms gling pa zab gter
Volume 9, Text 2, Pages 13-29 (Folios 1a1 to 9a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bka' srung gza' bdud nag po'i drag sgrub mchon cha'i 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 13-29. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag sgrub   Verso: bdud 'joms bka' srung gza' bdud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་བདུན་བར་དུ་བཀའ་རྒྱས་བཏབ་ནས་མཐར་རང་སློབ་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mi lo bcu bdun bar du bka' rgyas btab nas mthar rang slob chos kyi rdo rjes bskul ngor dag par phab pa'i yi ge pa ni phun tshogs bkra shis so//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་གཟའ་བདུད་ནག་པོའི་དྲག་སྒྲུབ་མཆོན་ཆའི་འཁོར་ལོ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བཀའ་སྲུང་གཟའ་བདུད་ནག་པོ་ཆེན་པོ་ཡི༔ དྲག་སྒྲུབ་མཚོན་ཆའི་འཁོར་ལོ་འབར་བ་འདི༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ བསྟན་དགྲ་མ་ལུས་འཇོམས་པའི་མཚོན་ཆར་བཞག༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རང་གི་མདུན་དུ་དཀྱིལ་འཁོར་གྲུ་བཞི་གྲུ་གང་དམར་ནག་གི་ནང་དུ་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་པ་བྲི༔ དེའི་ནང་དུ་རླུང་གི་འཁོར་ལོ་ཟླུམ་ལ་འཁྱིལ་བའི་ལྟེ་བར་ཕུང་ས་དུག་ཁྲག་གིས་བསྣོལ་བའི་བྲུབ་ཁུང་དམར་ནག་གྲུ་གསུམ་པའི་དབལ་ཟུར་ཕྱིར་ལ་བསྟན་པར་བྱ༔ དེ་ཡི་ནང་དུ་བྱ་སྦྲུལ་ཕག་གསུམ་གྱི་ཁྲག་གམ་ཤ་སྣ་བསྲེས་པའི་ཡུག་ས་དགུ་ཡི་ཁོག་དྲེག་གི་བྲིས་པའི་ལིང་ག་མིང་རུས་ཚང་བ་མཚོན་ཆའི་འཁོར་ལོའི་རྩིབས་ལ་བསྐྱོན་ནས་བརྒྱང་པ་བྲིས༔ དགྲ་ཡི་ཟག་རྫས་བྱུག་དུག་གསུམ་དང་ཁྲག་གསུམ་བླུགས་ལ་ཤི་ལྤགས་ལྟར་དྲིལ་ནས་བཞག༔ མཐར་གཟའ་བརྒྱད་ལ་དམར་གཏོར་བརྒྱད༔ རྒྱུ་སྐར་ལ་གཏོར་ཆུང་ཉེར་བརྒྱད༔ སྡེ་བརྒྱད་ལ་ཡང་དམར་གཏོར་བརྒྱད་བཞག༔ བྲུབ་ཁུང་གི་སྟེང་དུ་མཉྫིའི་ཁྲི་ཡི་ཁར་ར་ཁྲག་གིས་སྦྲུས་པའི་དམར་གཏོར་ནག་པོ་གཡས་སུ་དཀྱུས་པའི་ཕྱོགས་བཞིར་དམར་གཏོར་ཆུང་བ་བཞི་བཞག༔ སྲོག་འཁོར་གཟུག༔ སྐུ་གཟུགས་ཙཀླི་ཡང་འཛུག་གོ༔ བཤམས་རྫས་ཤ་སྣ་ཁྲག་སྣ་སྙིང་སྣ་སྨན་སྣ་འབྱོར་ཚད་བཤམས༔ མཆོད་རྫས་རྣམ་ལྔ་འདོད་ཡོན་གཏོར་མ་བཤམས༔ དང་པོ་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་འདི་ལྟར་བརྗོད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་མཐུ་བྱིན་རླབས་ནུས་སྟོབས་ཀྱིས༔ དྲང་སྲོང་གཟའ་བདུད་ནག་པོ་སྡོང་ཟླ་གདོང་མོ་མཆེད་བཞི༔ སྤྲུལ་པའི་གཟའ་བརྒྱད༔ འཁོར་གྱི་རྒྱུ་སྐར་ཉེར་བརྒྱད༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད༔ བཀའ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བསྒྲུབ་ཅིང་བརྟེན་པའི་དཀྱིལ་འཁོར་འདི་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཅིག༔ རབ་ཏུ་གནས་ཤིང་བདག་གིས་དབང་དུ་འདུ་ཞིང་བྲན་དུ་ཁོལ་བར་གྱུར་ཅིག༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྗེས་མེད་ཤུལ་མེད་ལྷག་མེད་དུ་བརླག་པར་གྱུར་ཅིག༔ ལན་བདུན་བརྗོད༔ ཨོཾ་ཨཱཿཧཱུྃ༔ མཆོད་པའི་ཡོ་བྱད་ཐམས་ཅད་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོ་ནམ་མཁའི་མཐའ་ཀླས་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་བདུན་བརྗོད༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་རྡོ་རྗེ་གཏུམ་པོར་གསལ་བ་ཡི༔ མདུན་དུ་དུར་ཁྲོད་ཆེན་པོ་མེ་འབར་བ༔ མི་རོ་རྟ་རོ་གཅལ་དུ་བཀྲམ་པའི་དབུས༔ དུག་ཁྲག་རྒྱ་མཚོ་ལྦུ་རླུང་འཁྲིགས་པའི་ཀློང་༔ ཨེ་ལས་གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ཀྱི༔ ལྟེ་བར་ཡཾ་ལས་རླུང་གི་དཀྱིལ་འཁོར་དབུས༔ དུག་གསུམ་འདུས་པའི་བྲུབ་ཁུང་ཡངས་པའི་ནང་༔ དགྲ་བོའི་ཚེ་བསོད་བླ་སྲོག་འདུས་པ་ཡི༔ ངོ་བོ་ནྲྀཿཡིག་སྔོ་སྐྱ་ཡོངས་གྱུར་ལས༔ རཱུ་པ་དབང་ཚང་ཧམ་ཞིང་རིད་པ་ཡི༔ ཉམ་ཐག་ཤ་མེད་རྐང་ལག་ལྕགས་སུ་བསྡམ༔ སྙིང་གའི་ནྲྀཿལས་འོད་ཟེར་རབ་འཕྲོས་པས༔ དགྲ་བོ་སྐད་ཅིག་ཡུད་ཙམ་གྱིས་བཀུག་བསྟིམ༔ དེ་སྟེང་རླུང་གི་འཁོར་ལོ་ཟླུམ་འཁྱིལ་སྟེང་༔ རཿཡིག་ནག་པོ་ཡོངས་སུ་གྱུར་པ་ལས༔ དྲང་སྲོང་རྒྱལ་པོ་གཟའ་བདུད་ནག་པོ་ཆེ༔ རབ་ཁྲོས་དབུ་དགུའི་སྟེང་དུ་བྱ་རོག་གདོང་༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་མེ་ལྟར་གྱེན་དུ་འབར༔ ལྟོ་བར་རབ་འཇིགས་ཞལ་གདངས་ལྗགས་དམར་འདྲིལ༔ ཕྱག་བཞི་གཡས་ཀྱི་དང་པོས་རལ་གྲི་བསྣམས༔ གཡོན་གྱི་དང་པོས་ཆུ་སྲིན་རྒྱལ་མཚན་འཛིན༔ འོག་མ་གཉིས་ཀྱིས་རྭ་ཡི་མདའ་གཞུ་འགེང་༔ མགོ་ལུས་ཡན་ལག་ཐམས་ཅད་མིག་གིས་གང་༔ སྐུ་སྨད་རབ་འཇིགས་གདུག་པ་སྦྲུལ་དུ་འཁྱིལ༔ མེ་རླུང་དུག་རླངས་འཚུབས་མའི་ཀློང་དུ་བསྐྱེད༔ མདུན་དུ་ཟོར་སྲིན་དཀར་མོ་སྟག་གི་གདོང་༔ ཕྱག་གཉིས་ཟོར་བ་སྤྲིན་དཔུང་འཚུབས་མ་བསྣམས༔ གཡས་སུ་བམ་སྲིན་སེར་མོ་དྲེད་ཀྱི་གདོང་༔ ཕྱག་གཉིས་མི་རོ་གློག་གི་ཞགས་པ་བསྣམས༔ རྒྱབ་ཏུ་ཀོང་སྲིན་དམར་ནག་བ་ལང་གདོང་༔ ཕྱག་གཉིས་ལྕགས་ཀྱུ་རླུང་གི་ཞགས་པ་བསྣམས༔ གཡོན་དུ་འབྲོག་སྲིན་ནག་མོ་ཆུ་སྲིན་གདོང་༔ ཕྱག་གཉིས་ཐོག་མདའ་ནད་ཀྱི་རྐྱལ་པ་ཐོགས༔ ཀུན་ཀྱང་དགྲ་བོའི་སྲོག་ལ་རྔམས་པར་བསྒོམ༔ དེ་ཡི་ཕྱི་རིམ་འཁོར་ལོའི་རྩིབས་སྟེང་དུ༔ ཤར་དུ་ཉི་མ་དམར་ནག་མེ་རི་བསྣམས༔ ལྷོ་རུ་ཟླ་བ་དཀར་པོས་ཆུ་ཞགས་འཛིན༔ ནུབ་ཏུ་དམག་དཔོན་དམར་པོས་མདུང་དམར་བསྣམས༔ བྱང་དུ་དུ་བ་འཇུག་རིང་དགྲ་སྟྭ་ཐོགས༔ ཤར་ལྷོར་ལྷག་པ་དཀར་པོས་འཁོར་ལོ་འཛིན༔ ལྷོ་ནུབ་ཕུར་བུ་ལྗང་ནག་མདའ་གཞུ་འགེང་༔ ནུབ་བྱང་པ་སངས་དཀར་པོས་སྐར་ཕྲེང་འཛིན༔ བྱང་ཤར་སྤེན་པ་དམར་ནག་ཐོག་མདའ་བསྣམས༔ ཀུན་གྱིས་གཡོན་དུ་སྦྲུལ་གྱི་ཞགས་པ་བསྣམས༔ རང་མདོག་མྱུར་མགྱོགས་ལྡན་པའི་རྟ་ལ་བཅིབས༔ དེ་མཐར་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ ལྷ་སྲིན་སྡེ་བརྒྱད་བྲན་དང་བཅས་པ་ཡིས༔ ལྷ་མིའི་ཁྲོམ་འཚོགས་བཞིན་དུ་བསྐོར་བར་བསམ༔ དེ་ནས་སྤྱན་འདྲེན་པ་ནི༔ རང་ཉིད་ཡི་དམ་རྡོ་རྗེ་གཏུམ་པོར་གསལ་པའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དྲང་སྲོང་འཁོར་དང་བཅས་པའི་སྲོག་གི་སྙིང་པོ་ཡི་གེ་རཿནག་པོར་གྱུར༔ དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དྲང་སྲོང་གཟའ་མཆོག་ཆེན་པོ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་སྣང་སྲིད་གར་བཞུགས་པའི་གནས་ནས་དམ་ཚིག་གི་དབང་གིས་སྤྱན་དྲངས་ཏེ་དགྲ་བོ་འཁོར་དང་བཅས་པ་བྱིའུ་ཆུང་ཁྲས་དེད་པ་ལྟར་བསྡུས་ཏེ་ལིང་ག་ལ་བསྟིམ༔ གཟའ་བདུད་འཁོར་དང་བཅས་པ་རང་རང་གི་སྐུར་གསལ་བ་ལ་ཐིམ་པར་བསམ༔ ཧཱུྃ་ཛཿདད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་གཟའ་བདུད་རཱ་ཧུ་ལ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ བཀའ་དང་དམ་བཞག་དབང་བསྐུར་མཛད༔ དྲེགས་པའི་གཙོ་བོ་རཱ་ཧུ་ལ༔ དམ་ཚིག་དབང་གིས་སྤྱན་འདྲེན་ནོ༔ དགྲ་བགེགས་འགུག་ཅིང་གཤེགས་སུ་གསོལ༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་བཀའ་བསྒོས་པས༔ དམ་ཅན་གཙོ་བོ་རཱ་ཧུ་ལ༔ ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ དམ་ཚིག་གཉན་དེས་སྤྱན་འདྲེན་ནོ༔ དགྲ་བོ་འགུག་ཅིང་འདིར་གཤེགས་ཤིག༔ ཧོཿ དྲང་སྲོང་ཆེན་པོ་དམ་ཚིག་ཅན༔ བདག་ནི་གསང་བདག་པད་འབྱུང་གི༔ བརྒྱུད་འཛིན་ཡིན་པས་ཁྱོད་བསྒྲུབ་བོ༔ བདག་ལ་སྡང་བའི་དགྲ་བོ་འདི༔ སྟོང་གསུམ་གང་ན་གནས་གྱུར་ཀྱང་༔ སྐད་ཅིག་ཉིད་དུ་ཁུག་ལ་ཤོག༔ མ་གཡེལ་མ་འགྱངས་དམ་ཚིག་གོ༔ དྲང་སྲོང་ཆེན་པོ་གཤེགས་སུ་གསོལ༔ དགྲ་བོ་ཁུག་ལ་འདིར་གཤེགས་ཤིག༔ གཟའ་མཆོག་ཆེན་པོ་གཤེགས་སུ་གསོལ༔ དགྲ་བོ་ཁུག་ལ་འདིར་གཤེགས་ཤིག༔ གདོང་མོ་མཆེད་བཞི་གཤེགས་སུ་གསོལ༔ དགྲ་བོ་ཁུག་ལ་འདིར་གཤེགས་ཤིག༔ སྤྲུལ་པའི་གཟའ་བརྒྱད་གཤེགས་སུ་གསོལ༔ དགྲ་བོ་ཁུག་ལ་འདིར་གཤེགས་ཤིག༔ རྒྱུ་སྐར་ཉེར་བརྒྱད་གཤེགས་སུ་གསོལ༔ དགྲ་བོ་ཁུག་ལ་འདིར་གཤེགས་ཤིག༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ དགྲ་བོ་ཁུག་ལ་འདིར་གཤེགས་ཤིག༔ དམ་ཉམས་དགྲ་བོ་ཆེ་གེ་མོས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ རྣལ་འབྱོར་བདག་ལ་བརྙས་བཙུགས་ཀྱི༔ དེ་ཕྱིར་སྲུང་མ་ཁྱོད་འབོད་དོ༔ དགྲ་བོའི་གཤེད་དུ་ཁྱོད་བསྒྲུབ་བོ༔ རྒྱང་ངེ་རིང་ངེ་མ་མཛད་པར༔ སྐད་ཅིག་ཉིད་དུ་དགྲ་བོ་ཁུག༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ སྒྲུབ་པའི་དཀྱིལ་འཁོར་འདིར་བཞུགས་ནས༔ བདག་གི་ཕྲིན་ལས་རྟག་ཏུ་བསྒྲུབས༔ བྷུ་ནཱ་ག་རཀྴ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཀྴ༔ གཟའ་བདུད་རྒྱལ་པོ་རཱ་ཧུ་ལ༔ སྒྲུབ་པའི་དཀྱིལ་འཁོར་འདིར་བཞུགས་ནས༔ བདག་གི་ཕྲིན་ལས་ཐོགས་མེད་སྒྲུབས༔ དགྲ་བོ་མི་ནོར་ལོངས་སྤྱོད་འཁོར༔ བཀའ་སྲུང་ཁྱེད་ལ་ཟ་སྐལ་གཏད༔ མ་གཡེལ་བཀའ་དང་ཐ་ཚིག་ཅན༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ འཇིགས་བྱེད་དྲེགས་པ་རཱ་ཧུ་ལ༔ བསྟན་པ་བསྲུང་བའི་དམ་ཚིག་ཅན༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ དགྲ་བོ་བསྒྲལ་ཕྱིར་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧོཿ དྲེགས་པའི་གཙོ་བོ་རཱ་ཧུ་ལ༔ སྡེ་བརྒྱད་ཡོངས་ཀྱི་སྤྱི་རྗེ་ལ༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ བདག་གི་ཕྲིན་ལས་བསྒྲུབ་པ་དང་༔ དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར༔ མཉེས་པའི་མཆོད་པ་འབུལ་བ་ནི༔ མཆོད་ཡོན་ཞབས་གསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ དམ་ཉམས་དགྲ་བོ་བསྒྲལ་བ་ཡི༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ དབང་ལྔའི་མེ་ཏོག་ཤ་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་རུས་ཞལ་ཟས་ཐོད་རྔའི་སྒྲ༔ དྲང་སྲོང་ཆེན་པོ་དགྱེས་ཕྱིར་འབུལ༔ ར་ཡི་རྒྱལ་མཚན་ཤ་ཁྲག་དང་༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང་༔ དར་ནག་རུ་མཚོན་གོ་མཚོན་རིགས༔ སྲོག་གི་འཁོར་ལོ་རྟེན་དུ་འབུལ༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ དགྲ་བོའི་མི་ནོར་ལོངས་སྤྱོད་འཁོར༔ གཟའ་བདུད་ཁྱོད་ལ་ཟ་སྐལ་གཏད༔ རྗེས་ཤུལ་ལྷག་མ་མེད་པར་མཛོད༔ བྷུ་ནཱ་ག་རཀྴ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་སོགསརཱུ་པ་ཤཔྡ་སོགསསརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧི༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ས་མ་ཡ༔ དགྲ་བོ་སརྦ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལས་བཅོལ་བ་ནི༔ ཀྵ༔ གཟའ་བདུད་ནག་པོ་དགོངས་སུ་གསོལ༔ ཁྱོད་ལ་ལས་ཀ་བཅོལ་བ་ནི༔ རྟག་ཏུ་སངས་རྒྱས་བསྟན་པ་སྲུངས༔ བདག་གི་མི་ནོར་ལོངས་སྤྱོད་འཁོར༔ མ་ལུས་བསྲུང་ཞིང་སྐྱོང་བ་དང་༔ མི་མཐུན་གནོད་པའི་རྐྱེན་རྣམས་ཀུན༔ སྡང་དགྲ་དམ་ཉམས་སྟེང་དུ་བསྒྱུར༔ བདག་དང་བདག་གི་དཀོར་ནོར་དང་༔ བྲན་དང་སྒོ་ཁྱི་རྟ་ཕྱུགས་སོགས༔ མདོར་ན་བདག་གིས་བདག་བཟུང་བའི༔ དཀོར་དང་ལོངས་སྤྱོད་ཐམས་ཅད་ཀུན༔ བསྲུང་ཞིང་རྟག་ཏུ་སྐྱོང་བར་མཛོད༔ ཉིན་རྫི་མཚན་གྱི་མེལ་རྩེ་མཛོད༔ སྡང་བར་བྱེད་པའི་དགྲ་བོ་དང་༔ གནོད་པར་བྱེད་པའི་བདུད་བགེགས་རྣམས༔ ཕྲིན་ལས་དྲག་པོས་ཚར་གཅོད་མཛོད༔ དེ་ནས་དྲག་པོའི་ལས་བཅོལ་བ་ནི༔ ཀྵ༔ དྲང་སྲོང་གཟའ་བདུད་ནག་པོ་ཁྱོད༔ སྐྱེ་འགྲོའི་སྲོག་ལ་དབང་མཛད་ཅིང་༔ བསྟན་པ་བསྲུང་བའི་མཐུ་རྩལ་ཅན༔ དཔལ་ཆེན་ཕྱག་ན་རྡོ་རྗེ་དང་༔ རིག་འཛིན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་དམ་ཅན་ཡིན་པའི་ཕྱིར༔ ང་ཡི་གྲོགས་སུ་ཁྱོད་ལེགས་པས༔ ད་ནི་མི་འབྲལ་དམ་བཅའ་འོ༔ མནའ་ཐོ་བྱས་སོ་མནའ་མ་ཟ༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ དྲག་པོའི་ལས་ཀྱི་གཉེར་གཏད་དོ༔ བདག་ལ་སྡང་བའི་དགྲ་བྱུང་ཡང་༔ སྐད་ཅིག་ཉིད་ལ་ཚར་གཅོད་ཅིག༔ ཁྱད་པར་དགྲ་བོ་ཆེ་གེ་མོའི༔ མི་ནོར་འཁོར་དང་སྒོ་ཁྱིར་བཅས༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ རྗེས་ཤུལ་ཙམ་ཡང་མ་བཞག་ཅིག༔ བཀའ་དང་དམ་ཚིག་དཔང་གཙུགས་ནས༔ བཅོལ་བ་དེ་ཀ་མ་གཡེལ་ཞིག༔ དེ་ནས་སྐབས་འདིར་འགུགས་པ་ཅི་མང་བརྗོད་དེ༔ དགྲ་བོ་རྗེས་ཤུལ་ཙམ་ཡང་མེད་པར་ལིང་ག་ལ་ཐིམ་ནས་གཟའ་བདུད་ནག་པོའི་ཟིལ་གྱིས་མནན་པར་བསམ་ལ༔ དེ་ནས་བསྟོད་བཅོལ་ནི༔ དྲང་སྲོང་བདེན་ཚིག་མཐུ་བཙན་པས༔ ཞེ་སྡང་རཀྴ་སྲིན་པོ་དང་༔ གཏི་མུག་ནཱ་ག་ཀླུ་མོ་གཉིས༔ འདོད་ཆགས་འཁྲིགས་པའི་རྒྱུ་རྐྱེན་ལས༔ བསྐྱེད་པའི་སྲས་མཆོག་རཱ་ཧུ་ལ༔ སྐུ་མདོག་ནག་པོ་ཆར་སྤྲིན་མདོག༔ སྐུ་སྟོད་སྲིན་པོ་ཕ་ཡི་ལུས༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ མགོ་དགུ་ཁྭ་ཡི་གདོང་དང་བཅུ༔ མགོ་ལུས་མེད་པར་མིག་གིས་གང་༔ ལྟོ་བར་རབ་འཇིགས་ཞལ་ཧོམ་གདངས༔ སྣང་སྲིད་ཐམས་ཅད་སྐུ་ཡིས་ཁྱབ༔ ཁྱབ་འཇུག་ཆེན་པོ་ཁྱོད་ལ་བསྟོད༔ ནམ་མཁའི་ཁམས་སུ་ཁྲག་སྤྲིན་འགྱེད༔ བར་སྣང་ཁམས་སུ་འབྲུག་སྒྲ་སྒྲོགས༔ སྣང་སྲིད་གློག་གི་ཕྲེང་བ་རྡེབ༔ ས་གཞིར་ཐོག་སེར་དྲག་པོ་འབེབས༔ སྐྱེ་འགྲོའི་ལེགས་ཉེས་དབང་འཛིན་མ༔ གདོང་མོ་ཆེན་མོ་བཞི་ལ་བསྟོད༔ སྣང་སྲིད་ཐམས་ཅད་དབང་བསྒྱུར་ཞིང་༔ ལོ་ཟླ་ཞག་གི་གཉེར་ཡང་འཛིན༔ སྐྱེ་འགྲོའི་བདེ་སྡུག་གཉེར་ཁ་འཛིན༔ གཟའ་བརྒྱད་རྒྱུ་སྐར་བཅས་ལ་བསྟོད༔ སྣང་སྲིད་ཁམས་ལ་དབང་བསྒྱུར་མཛད༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཏེ༔ དམ་ཚིག་གཉན་པོའི་རྗེས་གཅོད་པ༔ སྡེ་བརྒྱད་དྲེགས་པའི་ཚོགས་ལ་བསྟོད༔ ས་མ་ཡ༔ ཧོཿ གཟའ་མཆོག་ཆེན་པོའི་གཙོར་བྱས་པའི༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་རྣམས༔ འབོད་པའི་དུས་སུ་སྙན་མ་སྲ༔ སྒྲུབ་པའི་དུས་སུ་སྙིང་མ་རིང་༔ བསྐུལ་བའི་ཚེ་ན་བང་མ་བུལ༔ རྦད་པའི་དུས་སུ་མཐུ་མ་ཆུང་༔ བཅོལ་བའི་ལས་ལ་རྩལ་མ་ཞན༔ བརྟེན་པའི་ཚེ་ན་རྒྱང་མ་རིང་༔ ཁྱེད་ཅག་སྔོན་གྱི་ཐ་ཚིག་ཅན༔ འབོད་པའི་གནས་འདིར་མྱུར་དུ་བྱོན༔ སྒྲུབ་པའི་གནས་འདིར་རྟེན་ཆོས་ཤིག༔ བརྟེན་ནོ་དབྱེར་མེད་གྲོགས་མཛོད་ཅིག༔ རྦད་དོ་དགྲ་བོའི་སྟེང་དུ་རྒྱུག༔ བཅོལ་ལོ་ལས་ཀྱི་གཉེར་ཀ་ནི༔ སྡང་བའི་དགྲ་བོ་ཆེ་གེ་མོ༔ ད་ལྟ་བསྒྲལ་བའི་ཕྲིན་ལས་མཛོད༔ སྣང་སྲིད་ཁྱོད་ཀྱིས་ཁྱབ་པ་ལ༔ གཤེགས་བྱོན་མེད་དེ་བརྣག་པས་སྒྲོལ༔ ཁྱོད་ཀྱི་མཚན་བཟུང་སྔགས་བཟླས་པས༔ ལོ་དང་ཟླ་བར་མ་འགྱང་བར༔ ཞག་དང་ཟ་མར་དགྲ་བོ་སྒྲོལ༔ དགྲ་བོ་དར་མ་གྲི་རུ་སོད༔ གཞོན་པ་ཧུར་ཐུམ་ནད་ཀྱིས་སོད༔ རྒན་པ་བྲང་བརྡུང་བྱེད་དུ་ཆུགས༔ རྗེས་ཤུལ་མེད་པར་མྱུར་དུ་སོད༔ མི་ནོར་རྟ་ཕྱུགས་ཟས་དང་བཅས༔ ལྷག་མ་མེད་པར་ཧུབ་ཀྱིས་རོལ༔ དགྲ་ཡི་ཕྱོགས་ནས་ནོར་ལ་སོགས༔ བདག་ཅག་རྣམས་ལ་སྟེར་ཕུལ་ན༔ དེ་དང་མཉམ་དུ་དགྲ་བོ་ཡི༔ མི་ནོར་ཟས་དང་ལོངས་སྤྱོད་བཅས༔ མི་ཟད་བར་དུ་ཟ་ངུ་གྱིས༔ བདག་གི་ཕྱོགས་ནས་བྱིན་རླབས་དང་༔ སྲུང་བའི་དམ་ཚིག་རྟེན་གསུམ་སོགས༔ དགྲ་བོའི་ཕྱོགས་སུ་སླེབ་ཙམ་ནས༔ དགྲ་བོའི་ཚེ་བསོད་བླ་སྲོག་ནོར༔ མེ་འབར་ཆུ་ཡིས་བསད་བཞིན་ཐོངས༔ དུས་དང་རྣམ་པ་ཐམས་ཅད་དུ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསམ་པ་སྒྲུབ་ལ་རེ་བ་སྐོངས༔ དབྱེར་མེད་གྲོགས་མཛོད་ཕྲིན་ལས་སྒྲུབ༔ སྒྲུབ་དུས་རྟགས་མཚན་གཞུང་བཞིན་སྟོན༔ དང་པོ་ཕྱག་ན་རྡོ་རྗེའི་བཀའ༔ བར་དུ་ཨོ་རྒྱན་ཆེན་པོའི་དམ༔ ཐ་མ་རིག་འཛིན་བརྒྱུད་པའི་ཚིག༔ ཡིན་ཏེ་དེ་ལྟར་བསྒྲུབ་པར་མཛོད༔ དེ་ནས་དྲག་པོའི་ལས་འགྲུབ་པའི་ཕྱིར་འདི་ལྟར་བྱའོ༔ རང་ཉིད་གསང་བའི་བདག་པོ་གནས་འགྱུར་ནས་ཡེ་ཤེས་ཀྱི་གཟའ་མཆོག་ནག་པོ་རོ་སྟོད་མི་རུ་ཡོད་ཅིང་རོ་སྨད་སྦྲུལ་དུ་འཁྱིལ་བ་མགོ་ལུས་ཐམས་ཅད་མིག་གིས་གང་བ༔ རབ་ཏུ་འཇིགས་པའི་ཁྲོ་ཞལ་དགུའི་སྟེང་དུ་བྱ་རོག་མགོ་བོས་ངར་སྐད་སྒྲོགས་པ༔ ཕྱག་བཞིའི་དང་པོ་གཉིས་ན་རལ་གྲི་དང་ཆུ་སྲིན་གྱི་རྒྱལ་མཚན་ཕྱར་བ༔ འོག་མ་གཉིས་ཀྱིས་རྭ་ཡི་མདའ་གཞུ་འགེང་པ༔ ཡེ་ཤེས་ཀྱི་མེ་དཔུང་འུ་རུ་རུ་འབར་བའི་ཀློང་དུ་བཞུགས་ཤིང་འཁོར་འདས་ཡོངས་ཀྱི་དཔང་ཕྱུག་ཏུ་གསལ་བར་གྱུར༔ སྐབས་འདིར་ལས་ཚོགས་སྲོག་འཁོར་ཡང་ཐིག་སྦྱར༔ སྔགས་དང་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ༔ མི་ཚིག་གིས་བར་མི་བཅད༔ སྟན་གྱི་དྲོད་མི་ཡལ་བར་བཟླ༔ ཐུན་སྐབས་སུ་བླ་འགུགས་བརྒྱ་ཕྲག་རེ་བྱ༔ གསོལ་མཆོད་གཏོར་མ་ཅི་མང་བྱ༔ མཐར་ཚོགས་རྫས་འབྱོར་ཚོགས་སྣ་ཚོགས་བཤམས་ནས་འབུལ་བ་ལ༔ མ་དག་པའི་དྲི་མ་དང་འབག་རྩོག་ཏུ་གྱུར་པའི་ཉེས་པ་ཐམས་ཅད་བསྲེགས་གཏོར་སྦྱངས་པར་གྱུར༔ རཾ་ཡཾ་ཁཾ༔ དག་པ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་ལ༔ རྣམ་པ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་མཐར༔ ཀྵ༔ སྟེང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ གཟའ་བདུད་འཁོར་བཅས་གཤེགས་སུ་གསོལ༔ དུར་ཁྲོད་རྩུབ་འགྱུར་ཁྲག་མཚོའི་ཀློང་༔ གཟའ་མཆོག་འཁོར་བཅས་གཤེགས་སུ་གསོལ༔ གདོང་མོ་ཆེན་པོ་གཤེགས་སུ་གསོལ༔ གཟའ་བརྒྱད་འཁོར་བཅས་གཤེགས་སུ་གསོལ༔ རྒྱུ་སྐར་ཉེར་བརྒྱད་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ སྤྲུལ་འཁོར་བཀའ་སྡོད་བྲན་དང་བཅས༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་གཉན་པོས་འབོད་སྒྲུབ་ཀྱི༔ སྒྲུབ་པའི་གནས་འདིར་བྱོན་བཞུགས་མཛོད༔ བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ་ཏིཥྛ་ལྷན༔ ཧཱུྃ༔ གསང་བདག་པད་འབྱུང་བཀའ་ཉན་པའི༔ དམ་ཅན་གཟའ་བདུད་རྒྱལ་པོ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ ག་ཎ་ཙཀྲའི་མཆོད་པ་འབུལ༔ ཤ་སྣ་སྙིང་སྣ་ར་མཆིན་དང་༔ ར་ཡི་རྒྱལ་མཚན་དར་ནག་སོགས༔ གཟའ་བདུད་འཁོར་དང་བཅས་ལ་འབུལ༔ བཞེས་ནས་མངོན་སྤྱོད་ཕྲིན་ལས་སྒྲུབས༔ བཛྲ་ས་མ་ཡ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་སྐྱེམས་གཏོར་བཤམས་ལ༔ འགུགས་གཞུག་བྱ༔ ཛཿཤ་ཁྲག་དམར་གཏོར་སྐྱེམས་དང་བཅས༔ གཟའ་མཆོག་ཆེན་པོ་ཁྱོད་ལ་འབུལ༔ བདག་ནི་མ་རིག་དབང་གྱུར་པས༔ དམ་ཅན་ཐུགས་དང་འགལ་མཆིས་ན༔ བཤགས་སོ་ཚངས་པར་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་ཚང་བར་བརྗོད༔ ཡང་ཚོགས་ཀྱི་དུམ་བུ་དང་རཱུ་པ་གཅིག་བཤམས་ལ༔ འགུགས་གཞུག་བྱས་མཐར༔ ཛཿགཟའ་བདུད་ཆེན་པོའིདུས་ལ་བབ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ ནཱ་ག་རཀྴ་རཱ་ཧུ་ལ་ནག་པོ་ཆེན་པོ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་རྦད་ཐུམ་རི་ལི་ལི་ཧུར་ཐུམ་སོད༔ དེ་ནས་ཞལ་དུ་བསྟབས་པ་ནི༔ ཧོཿ དགྲ་བོ་བསྒྲལ་བའི་ཤ་རུས་ཁྲག༔ དྲང་སྲོང་ཆེན་པོའི་ཞལ་དུ་བསྟབས༔ གཟའ་བདུད་ནག་པོའི་ཞལ་དུ་བསྟབས༔ ཡུམ་འཁོར་སྤྲུལ་པའི་ཞལ་དུ་བསྟབས༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ མཐར་ཚོགས་ལྷག་བསྡུས་ནས༔ ཨོཾ་ཨཱཿཧཱུྃ༔ ཚོགས་ལྷག་འདོད་ཡོན་མི་ཟད་གཏེར༔ གང་ལ་གང་འདོད་ཡིད་བཞིན་འདི༔ ཕྱི་འཁོར་དབང་ཆུང་བྲན་རིགས་དང་༔ སྣང་སྲིད་ལྷ་འདྲེའི་ཚོགས་ལ་འབུལ༔ བཞེས་ནས་དགྲ་བོ་བསྒྲལ་དུ་གསོལ༔ དམ་ལ་མ་འདའ་ས་མ་ཡ༔ འདི་ནི་དྲག་པོའི་སྒྲུབ་པ་སྟེ༔ མངོན་སྤྱོད་ལས་ལ་བསྔགས་པ་ཡིན༔ མ་འོངས་བསྟན་འཛིན་སྐྱེས་བུ་རྣམས༔ བསྟན་དགྲ་ཆོམ་ལ་འབེབས་པའི་ཕྱིར༔ ལས་ཀ་འདི་ལ་བརྩོན་པར་གྱིས༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ དགྲ་ཇག་ཆོམ་རྐུན་འཇིགས་ལས་གྲོལ༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ ལྷ་ཆེན་ཚོགས་ཀྱི་བདག་པོས་སྲུངས༔ དམ་ཅན་སྐྱེས་བུའི་འདོད་དོན་སྒྲུབས༔ དམ་ཉམས་བཀའ་ལོག་སྲོག་རྩ་ཆོད༔ སྣོད་མེད་ལག་ཏུ་མ་བཏང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་བདུན་བར་དུ་བཀའ་རྒྱས་བཏབ་ནས་མཐར་རང་སློབ་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།