ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་རྒོད་སྒྲུབ་པའི་ཆ་ལག་རང་སྲུང་རྡོ་རྗེའི་གོ་ཁྲབ༔

From Dudjom Wiki
TTDL-ZABTER-09-TA-008
Wylie title zab gsang mkha' 'gro'i snying thig las: gza' rgod sgrub pa'i cha lag rang srung rdo rje'i go khrab: TTDL-ZABTER-09-TA-008.pdf
Location bdud 'joms gling pa zab gter
Volume 9, Text 8, Pages 47-48 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gza' rgod sgrub pa'i cha lag rang srung rdo rje'i go khrab. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 47-48. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rang srung   Verso: bdud 'joms bka' srung gza' bdud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protecting or Guarding Rites - srung ba
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དགེ་འདུན་རྒྱ་མཚོས་བསྐུལ་བའི་ངོར་གཏན་ལ་ཕབ་པའོ། །དགེའོ།།

zhes pa 'di khrag 'thung bdud 'joms rdo rjes gter nas bton te mthar rang slob dge 'dun rgya mtshos bskul ba'i ngor gtan la phab pa'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་རྒོད་སྒྲུབ་པའི་ཆ་ལག་རང་སྲུང་རྡོ་རྗེའི་གོ་ཁྲབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གཟའ་བདུད་ནག་པོ་སྒྲུབ་པའི་ཚེ༔ རང་སྲུང་ཟབ་མོ་འདི་མེད་ན༔ འདི་ནི་ཤིན་ཏུ་མི་སྲུན་པ༔ གྲིབ་དང་ཟིལ་གྱིས་གནོད་འབྱུང་སྲིད༔ དེ་ཕྱིར་འདི་ལ་བརྩོན་པར་མཛོད༔ རང་ཉིད་ཡི་དམ་གནས་སུ་གྱུར་པ་ལས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་པ་གནམ་ལྕགས་ཀྱི་རྡོ་རྗེ་གསོར་ཞིང་གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས་ཞིང་ཞབས་གཉིས་སྡེ་བརྒྱད་ཕོ་མོའི་གདན་ལ་འགྱིང་བ་ཁྲོ་གཏུམ་རྔམས་བརྗིད་འབར་བའི་ཉམས་དང་ལྡན་པའི་ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་བའི་ནང་དུ་ཧཱུྃ་མཐིང་ནག་ལ་སྔགས་ཀྱིས་བསྐོར་བར་བསྒོམ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་གསལ་བའི་ངང་ནས་བརྒྱ་རྩ་བརྗོད་མཐར༔ དཔལ་གསང་བའི་བདག་པོ་གནས་སུ་གྱུར་པ་ལས་རང་ཉིད་ཡེ་ཤེས་པའི་གཟའ་བདུད་ནག་པོ་སྐུ་མདོག་མཐིང་ག་དབུ་དགུའི་སྟེང་དུ་བྱ་རོག་གི་གདོང་ནག་པོས་ཤ་སྐད་སྒྲོགས་པ༔ དབུ་རེ་རེ་ལ་སྤྱན་གསུམ་གསུམ་ཡོད་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་རྣོ་དབལ་གྱི་མཆེ་བ་གཙིགས་པ༔ སྨ་ར་ལས་མེ་ཡི་ཚྭ་ཚྭ་འཕྲོ་ཞིང་སྨིན་མར་གློག་འཁྱུག་པ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་རུ་མེ་ལྟར་དུ་འབར་བ་སྐུ་སྨད་སྦྲུལ་དུ་འཁྱིལ་བ་ཕྱག་བཞི་གཡས་ཀྱི་དང་པོ་ན་རལ་གྲི་མེ་འབར་བ་བསྣམས་ཤིང་དགྲ་བགེགས་གདུག་པ་ཅན་གྱི་མགོ་བོ་ཚལ་པ་བརྒྱ་རུ་འགེམ་ཞིང་ལུས་དུམ་བུར་གཏུབས་པ༔ གཡོན་གྱི་དང་པོ་ན་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས་བསྣམས་པ་ཐ་མ་གཉིས་ཀྱིས་མདའ་གཞུ་འགེང་ཞིང་ཡན་ལག་ལ་སྦྲུལ་གྱི་ཆུན་པོས་བརྒྱན་པ༔ མགོ་ལུས་མེད་པར་མིག་གིས་གང་ཞིང་དུག་རླངས་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཧུར་ཐུམ་དུ་གསོད་པའི་ནུས་པ་དང་ལྡན་པར་བསྒོམ༔ ཐུགས་ཀར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྲོག་གི་ངོ་བོ་ཧཱོུྃཾ་མཐིང་ནག་ལ་སྔགས་ཀྱིས་བསྐོར་བར་བསྒོམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཀྵ་རཱ་ཧུ་ལ་ཧཱུྃ་ཕཊ༔ ཅེས་བརྗོད་པ་ཙམ་གྱིས་འཁོར་འདས་ཡོངས་ཀྱི་ནུས་བྱིན་ཐམས་ཅད་རྫོགས་པར་བསམ༔ དེ་བརྒྱ་རྩ་བརྗོད་མཐར་མདུན་བསྐྱེད་ལ་འཇུག་གོ༔ དེ་ཡིས་རང་སྲུང་མཆོག་དུ་གྱུར༔ བཀའ་སྲུང་གཟའ་མཆོག་རྒྱལ་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དགེ་འདུན་རྒྱ་མཚོས་བསྐུལ་བའི་ངོར་གཏན་ལ་ཕབ་པའོ། །དགེའོ།།