ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་བསྐང་གསོལ་འདོད་ཡོན་སྤྲིན་དཔུང་༔

From Dudjom Wiki
TTDL-ZABTER-09-TA-016
Wylie title zab gsang mkha' 'gro'i snying thig las: dam can rdo rje legs pa'i bskang gsol 'dod yon sprin dpung: TTDL-ZABTER-09-TA-016.pdf
Location bdud 'joms gling pa zab gter
Volume 9, Text 16, Pages 91-102 (Folios 1a1 to 6b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dam can rdo rje legs pa'i bskang gsol 'dod yon sprin dpung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 91-102. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms bka' srung dam can
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་ཕབ་པའི་ཡི་གེ་པའང་དེ་ཉིད་དོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mi lo nyer lnga'i bar du bka' rgya byas mthar rang slob dam pa o rgyan rdo rjes bskul ngor phab pa'i yi ge pa'ang de nyid do/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་བསྐང་གསོལ་འདོད་ཡོན་སྤྲིན་དཔུང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) རྡོ་རྗེ་ལེགས་པ་སྒྲུབ་པ་ཡི༔ རྣལ་འབྱོར་གང་དག་སུ་ཡང་རུང་༔ བསྐང་གསོལ་འདིར་བརྩོན་དམ་བསྲེ་བྱ༔ ཉམས་ཆག་མ་ལུས་བསྐང་བཤགས་བྱ༔ དེ་ལ་མཁར་ཐབས་རིམ་གསུམ་པའི༔ རྩེ་ལ་ར་ཡི་རྒྱལ་མཚན་བཙུགས༔ རིམ་གསུམ་གཏོར་མ་བརྒྱད་བརྒྱད་བསྐོར༔ གཞན་ཡང་མཆོད་རྫས་ཅི་འབྱོར་བཤམས༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ནམ་མཁའ་མཛོད་སྔགས་བདུན་གྱིས་སྤེལ༔ སླར་ཡང་ར་གསུར་བཏང་ནས་སུ༔ ཧཱུྃ་ཛཿསྔོན་གྱི་བསྐལ་པ་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ དམ་བཏགས་དབང་བསྐུར་བཀའ་བསྒོས་མཛད༔ བར་དུ་བསྐལ་པའི་དུས་ཚིགས་ལ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས༔ དམ་བཏགས་བཀའ་བསྒོས་བྱིན་རླབས་མཛད༔ རིག་འཛིན་དགའ་རབ་རྡོ་རྗེ་ཡིས༔ གསང་སྔགས་བསྟན་པའི་སྲུང་མར་བསྐོས༔ རིག་འཛིན་ཤྲཱི་སིང་ཧ་ཡིས༔ རྫོགས་ཆེན་བཀའ་ཡི་སྲུང་མར་བསྐོས༔ ཕུང་བྱེད་ཤཱནྟིཾ་གརྦྷ་ཡིས༔ མངོན་སྤྱོད་ལས་ཀྱི་ཕོ་ཉར་བསྐོས༔ དེ་འོག་བསྐལ་པའི་ཐ་མ་ལ༔ རིག་འཛིན་པདྨ་འབྱུང་གནས་ཀྱིས༔ དམ་བཏགས་དབང་བསྐུར་བཀའ་བསྒོས་མཛད༔ དེ་འོག་བསྐལ་བའི་སྙིགས་མ་ལ༔ རིག་འཛིན་གྲུབ་ཐོབ་རྣལ་འབྱོར་ཚོགས༔ ཡང་གསང་དཀྱིལ་འཁོར་ཆེན་པོར་བཞུགས༔ རང་རྩལ་སྲུང་མ་དམ་ལ་བཏགས༔ བསྟན་དགྲ་བསྒྲལ་བའི་ལས་གཉེར་གཏད༔ དམ་ཚིག་གཉན་པོ་དེ་དག་ནི༔ གཏའ་རུ་འཇོག་ཅིང་དཔང་དུ་བཙུགས༔ གཙུག་ཏུ་ཁུར་ཏེ་ལྷ་ཁྱོད་བསྒྲུབ༔ འབོད་དོ་གཤེགས་སོ་དམ་ཚིག་ཅན༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ མགར་བ་ནག་པོ༴ མོན་པ་ཕོ་མོ༴ སྡེ་བརྒྱད་དམག་དཔོན༴ དྲེགས་པའི་གཙོ་མཆོག༴ ཡུལ་ལྷའི་རྒྱལ་པོ༴ སྲིད་པའི་ལྷ་ཆེན༴ བཙན་བདུད་ཀླུ་སྡེ༴ ཐེའུ་རང་དམག་ཚོགས༴ མ་ལུས་འཁོར་བཅས༴ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བསྐང་གསོལ་གནས་འདིར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ཧོཿ རྡོ་རྗེ་ལེགས་པ་འཁོར་བཅས་དགོངས༔ དོ་ནུབ་ཆད་དོན་ཁྲིམས་ལ་བྱོན༔ དོ་ནུབ་མནའ་ཐོ་དམ་ལ་དགོངས༔ དོ་ནུབ་ལས་ཀྱི་གཉེར་ཆེན་ལོངས༔ དོ་ནུབ་མནའ་དང་ཆད་ལ་དགོངས༔ དོ་ནུབ་དམ་ཚིག་གཉན་པོ་ལོངས༔ ཀྱཻ༔ བཀའ་སྲུང་རྡོ་རྗེ་ལེགས་པ་ཁྱོད༔ རྗེ་བོར་བསྟེན་ནོ་དབང་མ་ཆེ༔ གྲོགས་ལྟར་བསྟེན་ནོ་གཞུང་མ་ངན༔ མཛའ་ལྟར་བསྟེན་ནོ་ཕྲག་མ་དོག༔ བྲན་ལྟར་བསྟེན་ནོ་རྒྱུ་མ་ངན༔ འབངས་ལྟར་བསྟེན་ནོ་ལས་མ་གཡེལ༔ ལུས་དང་གྲིབ་མ་འགྲོགས་པ་ལྟར༔ ཁྱོད་དང་བདག་གཉིས་མི་འབྲལ་ལོ༔ ཁ་དང་ལག་པ་འགྲོགས་པ་བཞིན༔ ཁྱོད་དང་བདག་གཉིས་མི་འབྲལ་ལོ༔ ལྗོན་ཤིང་ཡལ་ག་འགྲོགས་པ་བཞིན༔ ཁྱོད་དང་བདག་གཉིས་མི་འབྲལ་ལོ༔ མཁར་དང་བ་གམ༴ ཁྱོད་དང་བདག་གཉིས་མི་འབྲལ་ལོ༔ ཉ་མོ་ཆུ་དང༴ ཁྱོད་དང་བདག་གཉིས་མི་འབྲལ་ལོ༔ དེང་བཟུང་ཇི་སྲིད་འཚོ་ཡི་བར༔ དམ་ཅན་ཁྱོད་དང་རྣལ་འབྱོར་བདག༔ སྐད་ཅིག་འབྲལ་བར་མི་བྱའོ༔ དཀོན་མཆོག་གསུམ་གྱི་སྤྱན་སྔ་རུ༔ དམ་བཅའ་ཡིན་ནོ་དམ་མ་ཉམས༔ ཆད་དོན་ཡིན་ནོ་འདའ་མ་བྱེད༔ ཀྱཻ༔ གསང་བདག་རྡོ་རྗེ་འཆང་དབང་དང་༔ ཤཱཀ་ཐུབ་པད་འབྱུང་ལ་སོགས་པའི༔ བརྒྱུད་གསུམ་བླ་མ་རིག་འཛིན་གྱི༔ བཀའ་དམ་དཔང་དུ་བཞག་ནས་སུ༔ རྣལ་འབྱོར་ང་ཡིས་མནའ་ཐོ་བྱ༔ གདོད་ནས་འཁོར་འདས་གཉིས་མེད་ཕྱིར༔ ཁྱོད་ཀྱི་མནའ་བོར་ངས་སེམས་པས༔ གཉིས་སུ་མེད་པར་མཉམ་པའི་མནའ༔ མ་ཟ་བཀའ་སྲུང་དམ་ཚིག་ཅན༔ ཉི་མ་དེ་རིང་ནས་བཟུང་སྟེ༔ ཇི་སྲིད་འཚོ་ཡི་བར་ཚུན་ཆད༔ ཁྱོད་དང་བདག་གཉིས་མི་འབྲལ་འགྲོགས༔ ང་ཡིས་སྲུང་མའི་མཆོག་ཏུ་བསྒྲུབ༔ ཁྱོད་ཀྱང་བྱམས་བརྩེས་འབྲལ་མེད་སྐྱོངས༔ ང་ཡིས་རྒྱབ་བསྟེན་དཔུང་གཉེན་བྱེད༔ ཁྱོད་ཀྱང་མ་གཡེལ་མ་འགྱངས་བར༔ ཕྲིན་ལས་གཉན་པོ་མྱུར་དུ་སྒྲུབས༔ བསྟན་ལ་སྡང་བའི་དགྲ་དར་ཚེ༔ སྒྲོལ་གིང་ཆེན་པོ་ཁྱོད་རྦད་བསྐུལ༔ དེ་ཚེ་སྐད་ཅིག་ཕྲིན་ལས་སྒྲུབས༔ དེ་ལྟར་ང་དང་ཁྱོད་ཀྱི་དམ༔ ད་ནི་མི་འདའ་དམ་བཅའོ༔ ད་ནི་མི་འགལ་འགལ་རེ་ཀན༔ མནའ་ཐོ་ཡིན་ནོ་མནའ་མ་ཟ༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ངས་ནི་དུས་གསུམ་རྒྱལ་ཀུན་གྱི༔ བཀའ་དམ་དཔང་དུ་བཙུགས་ནས་སུ༔ བཀའ་སྲུང་ཁྱོད་ལ་མནའ་དམ་བྱས༔ གལ་ཏེ་འདི་ལས་འགལ་གྱུར་ན༔ ཁྱོད་ཀྱི་མགོ་འགས་བརླག་འགྱུར་ཏེ༔ རྡོ་རྗེ་དམྱལ་བར་ཤི་ཀ་རེ༔ དེ་བས་མནའ་དམ་དེར་གནས་མཛོད༔ མ་གཡེལ་མ་འདའ་ས་མ་ཡ༔ ཀྱཻ༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ ང་ཡི་སྲུང་མར་མངའ་གསོལ་ལོ༔ ང་ཡི་གྲོགས་པོར་མངའ་གསོལ་ལོ༔ ང་ཡི་དཔུང་དུ༴ ང་ཡི་བྲན་དུ༴ ང་ཡི་འབངས་སུ༴ དཀོར་གྱི་སྲུང་མར༴ ཕྱུགས་ཀྱི་གཡང་དུ༴ ནོར་གྱི་ལྷ་རུ༴ ཟས་ཀྱི་ཀླུ་རུ༴ དགྲ་ཡི་གཤེད་དུ༴ བགེགས་ཀྱི་གཉེན་པོར་མངའ་གསོལ་ལོ༔ མངའ་གསོལ་བཞིན་དུ་ཕྲིན་ལས་སྒྲུབས༔ མ་གཡེལ་མ་འགྱངས་ས་མ་ཡ༔ ཀྱཻ༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ དད་པ་དང་ནི་དམ་ཚིག་གིས༔ བསྟེན་ནོ་བསྒྲུབ་བོ་བསྐང་ཞིང་གསོལ༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་དམར་པོས་ཐུགས་དམ་བསྐང་༔ བསྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ ཕྱར་དར་སྨུག་པོས༴ སྒྲུབ་པའི་དམ་རྫས༴ མདའ་དར་ལྷབ་ལྷུབ་ཐུགས་དམ་བསྐང་༔ ཀྱཻ༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ གཏའ་གཏོར་ཆེན་པོས་ཐུགས་དམ་བསྐང་༔ བསྟེན་ནས་རྟེན་དང་དབྱེར་མེད༴ བླ་རྡོ་སྲོག་འཁོར༴ རྒྱུན་དུ་ཕྲིན་ལས་བཅོལ་བའི༴ རྒྱུན་གཏོར་ནར་མས༴ ཞི་བའི་ཕྲིན་ལས་མཛད་པའི༴ བདུད་རྩི་སྨན་གྱི༴ རྒྱས་པའི་ཕྲིན་ལས་མཛད་པའི༴ རིན་ཆེན་སྣ་ཚོགས༴ དབང་གི་ཕྲིན་ལས་མཛད་པའི༴ དར་གོས་གཅན་གཟན་ཚོགས་ཀྱིས༴ དྲག་པོའི་ཕྲིན་ལས་མཛད་པའི༴ མདའ་དུང་གོ་མཚོན་ཚོགས་ཀྱིས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི༴ ཐུན་མཚོན་ཟོར་གྱིས༴ ཤ་ཆེན་ཟས་སུ་རོལ་པའི༴ དགྲ་ཤ་དྲོན་མོས༴ རཀྟ་སྐོམ་དུ་འཐུང་བའི༴ དགྲ་ཁྲག་དྲོན་མོས༴ རིགས་ཀྱི་མཐུན་རྫས་ཡིན་པའི༴ ར་ཤ་ཁྲག་དང་གསུར་གྱིས༴ དཀོར་སྲུང་གཉན་པོ་འཁོར་བའི༴ ཀ་ཆ་དཀོར་ཆས༴ ཕྱུགས་ཀྱི་གཡང་དུ་འཁོར་བའི༴ གཟུགས་འགྲོས་ཚོགས་ཀྱིས༴ ཕུག་ལྷ་དགྲ་ལྷར་བསྟེན་པའི༴ མཁར་ཐབས་བཤོས་བུས༴ ཡུལ་ལྷ་གཉན་པོ་འཁོར་བའི༴ རླུང་རྟ་ལ་བཙས༴ ནོར་ལྷ་གཡང་ལྷར་འཁོར་བའི་ཕྱིར༔ འདོད་ཡོན་དུ་མས་ཐུགས་དམ་བསྐང་༔ འབྱོར་ཚོགས་ཆུང་དང་རྫས་མ་རྙེད༔ ཉམས་ཆག་འགལ་འཁྲུལ་བསྐང་བཤགས་ཕྱིར༔ ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བརྩེ་དགོངས་བྱམས་དང་དགྱེས་ལྡན་ཕྱིར༔ སུ་ར་ཆང་དང་འོ་སྐྱེམས་དང་༔ ཇ་སྐྱེམས་གསེར་སྐྱེམས་ཚོགས་ཀྱིས་བསྐང་༔ གདུགས་དང་རྒྱལ་མཚན་བླ་རེ་འཕན༔ ནམ་མཁའ་མཛེས་པའི་རྒྱན་དུ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དྲྭ་ཕྱེད་ཕྲེང་བ་དར་ཟབ་ཚོགས༔ འཇའ་དང་འོད་ཀྱི་རིས་སུ་བྲིས༔ བར་སྣང་མཛེས་པའི་རྒྱན་དུ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གཅན་གཟན་གསོབ་དང་མདོས་དཀྱིལ་འཁོར༔ ས་གཞི་མཛེས་པའི་རྒྱན་དུ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཀྱཻ༔ དམ་ཅན་ཡོངས་ཀྱི་གཙོ་ཆེན་པོ༔ རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་༔ ཆོས་སྐྱོང་ཡོངས་ཀྱི་རྒྱལ་པོ་ཆེ༔ བཛྲ་ཐིག་ལེའི༴ གཞི་བདག་ཡོངས་ཀྱི་གཙོ་ཆེན་པོ༔ མགར་བ་ནག་པོའི༴ སྲིད་པ་ལྷ་ཡི་སྤྱི་རྗེ་མཆོག༔ ཚངས་པ་དཀར་པོའི༴ དམར་པོ་བཙན་གྱི་སྤྱི་རྗེ་མཆོག༔ བཙན་རྒོད་འབར་བའི༴ འཆི་བདག་གཤིན་རྗེའི་སྤྱི་རྗེ༴ ཡ་མ་རཱ་ཛའི༴ སྲོག་བདག་རྒྱལ་པོའི་སྤྱི་རྗེ༴ པེ་ཧར་དགྲ་ལྷའི༴ སྲིད་པ་མ་མོའི་དེད་དཔོན་མཆོག༔ རེ་མ་ཏཱི་ཡི༴ མི་སྲུན་གནོད་སྦྱིན་དེད་དཔོན༴ ཀཱ་ལ་ཡཀྴའི༴ ནག་པོ་བདུད་ཀྱི་དེད་དཔོན༴ བསྐོས་རྗེ་བྲང་དཀར༴ གཏུམ་པོ་ཀླུ་ཡི་དེད་དཔོན༴ ཀླུ་བདུད་ནག་པོའི༴ ཁྲ་བོ་གཟའ་ཡི་དེད་དཔོན༴ ཁྱབ་འཇུག་ཆེན་པོའི༴ སྣང་སྲིད་ལྷ་འདྲེའི་དེད་དཔོན་མཆོག༔ བི་ན་ཡ་ཀའི་ཐུགས་དམ་བསྐང་༔ ཀུན་ཀྱང་ཁྱོད་ཀྱི་རྫུ་འཕྲུལ་ཏེ༔ ཐམས་ཅད་འདུས་པའི་བདག་ཉིད་དཔལ༔ རྡོ་རྗེ་འབར་བའི་ཐུགས་དམ་བསྐང་༔ ནམ་མཁའི་ཁམས་ནས་རྒྱུ་བའི་ཚེ༔ སེང་ལྕམ་དཀར་མོ་ཆིབས་སུ་ཆིབས༔ འཁོར་དུ་རང་འདྲ་ཉི་ཤུ་འགྱེད༔ གནམ་ལྷ་ཁྲི་འབུམ་དམག་གིས་བསྐོར༔ དགྲ་ལ་གནམ་ནད་དལ་ཡམས་གཏོང་༔ གནམ་ལྷ་དཀར་པོའི་ཐུགས་དམ་བསྐང་༔ བར་སྣང་ཁམས་སུ་རྒྱུ་བའི་ཚེ༔ བྱ་ཁྱུང་ནག་པོ་བཅིབས་པ་ལ༔ རང་འདྲ་བརྒྱ་དང་ཉི་ཤུ་འགྱེད༔ སྡེ་བརྒྱད་ཁྲི་འབུམ་དམག་གིས་བསྐོར༔ དགྲ་ལ་དལ་ཡམས་སྣ་ཚོགས་འབེབ༔ བར་ལྷ་ཁྲ་བོའི་ཐུགས༴ ས་གཞིའི་ཁམས་སུ་རྒྱུ་བའི་ཚེ༔ ར་རྒོད་དཀར་སྔོ་ཆིབས་ཤིང་རྒྱུ༔ རང་འདྲ་བརྒྱ་དང་ཉི་ཤུ་འགྱེད༔ ཐེའུ་བྲང་མོན་པ་འབུམ་གྱིས་བསྐོར༔ དགྲ་ལ་གློ་བུར་ཧུར་ཐུམ་འབེབས༔ ས་ལྷ་ནག་པོའི་ཐུགས༴ རྡོ་རྗེ་ལེགས་པའི་ཐུགས༴ ཚོང་དཔོན་ཆེན་པོའི་ཐུགས༴ དམག་དཔོན་ཆེན་པོའི་ཐུགས༴ ཇག་དཔོན་ཆེན་པོའི་ཐུགས༴ དགྲ་ལྷ་ཆེན་པོའི་ཐུགས༴ ནོར་ལྷ་ཆེན་པོའི་ཐུགས༴ ཆོས་སྐྱོང་ཆེན་པོའི་ཐུགས༴ བཀའ་སྲུང་ཆེན་པོའི་ཐུགས༴ དམ་ཅན་ཆེན་པོའི་ཐུགས༴ དཀོར་སྲུང་ཆེན་པོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མཆོད་པ་ཆུང་ཞིང་སེར་སྣས་སྦག༔ རྫས་མ་འབྱོར་དང་ཡོ་བྱད་ཉུང་༔ ཚོགས་མཆོད་འདི་ཡིས་བསྐང་ཞིང་བཤགས༔ དམ་ཚིག་མ་དག་སྡོམ་པ་ཉམས༔ དམ་ཅན་གཡེལ་བའི་རྒྱུ་ཡིན་པས༔ དོ་ནུབ་ཚོགས་མཆོད་འདི་ཡིས་བཤགས༔ སྔགས་མ་དག་ཅིང་བསྒོམ་བཟླས་ཉམས༔ སྲུང་མ་འཁུ་ལྡོག་རྒྱུ་ཡིན་པས༔ བསྟན་པ་སྤྱི་ཡི་སྙིང་པོས་བཤགས༔ ཨ་ཨཱཿཨི་ཨཱི༔ སོགས་དང་༔ ཀ་ཁ་ག་གྷ་ང་༔ སོགས་བརྗོད༔ བླ་མར་འགལ་ཞིང་ཆོས་ལ་གཤེ༔ ལྷ་སྲུང་རིང་བའི་རྒྱུ་ཡིན་པས༔ ན་རག་དོང་སྤྲུགས་སྙིང་པོས་བཤགས༔ བུ་དང་ཆུང་མ་སྲོག་བཅས་ཀུན༔ བློ་དང་ཡིད་ཀྱིས་དོར་ནས་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས༔ མཆོད་པའི་ཡོ་བྱད་མ་ཚང་དང་༔ འབྱོར་ཆུང་དབང་གིས་མ་ཚང་ཀུན༔ སྙིང་པོ་སྔགས་ཀྱི་ནུས་སྟོབས་ཀྱིས༔ མི་ཟད་ནམ་མཁའ་མཛོད་དུ་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས༔ ཀྱཻ༔ དམ་ཅན་རྡོ་རྗེ་ལེགས་པ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་དགོངས༔ བདག་ནི་མ་རིག་དབང་གྱུར་པས༔ སྐུ་དང་འགལ་བའི་ཉེས་པ་ཀུན༔ རྡོ་རྗེ་སྐུ་ཡི་དབྱིངས་སུ་བཤགས༔ གསུང་དང་འགལ་བའི་ཉེས་བྱས་ཀུན༔ རྡོ་རྗེ་གསུང་གི་དབྱིངས་སུ་བཤགས༔ ཐུགས་དམ་འགལ་བའི་ཉེས་བྱས་ཀུན༔ རྡོ་རྗེ་ཐུགས་ཀྱི་དབྱིངས་སུ་བཤགས༔ རྩ་བ་དང་ནི་ཡན་ལག་གི༔ ཉེས་བྱས་ཉམས་ཆག་ཐམས་ཅད་ཀུན༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ བཟོད་པར་བཞེས་ལ་དགྱེས་དགོངས་འཚལ༔ ཕ་མ་བུ་ཚ་ཇི་བཞིན་དུ༔ བྱམས་དང་བརྩེ་བས་བདག་སྐྱོངས་ལ༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ བདག་ལ་སྡང་བའི་དགྲ་དང་ནི༔ གནོད་པར་བྱེད་པའི་བགེགས་བྱུང་ཚེ༔ རྦད་བསྐུལ་དུས་སྒུག་མ་བྱེད་པར༔ དེ་མ་ཐག་ཏུ་མངོན་སྤྱོད་ཀྱི༔ ཕྲིན་ལས་གཉན་པོས་ཚར་ཆོད་ཅིག༔ ནམ་གྱི་ཕར་མ་ཚུར་ཕྱེད་དུས༔ དགྲ་བོའི་བླ་འཁྱམས་ཟུངས་ལ་སྒྲོལ༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ མྱུར་དུ་འགྲུབ་པའི་རྟགས་དང་ནི༔ དགྱེས་པའི་ཞལ་བཟང་བསྟན་དུ་གསོལ༔ འབད་མེད་ཕྲིན་ལས་ཡོངས་གྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་བསྐང་གསོལ་ལ་བརྩོན་ན༔ ཉམས་ཆག་བསྐང་ནས་ཕྲིན་ལས་འགྲུབ༔ བཀའ་སྲུང་གཉན་པོ་བྲན་འཁོར་ནས༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་ཕབ་པའི་ཡི་གེ་པའང་དེ་ཉིད་དོ། །དགེའོ། །སརྦ་མངྒ་ལཾ།།