ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་ལས་རིམ་ཡིད་བཞིན་བང་མཛོད༔

From Dudjom Wiki
TTDL-ZABTER-09-TA-019
Wylie title zab gsang mkha' 'gro'i snying thig las: dam can rdo rje legs pa'i las rim yid bzhin bang mdzod: TTDL-ZABTER-09-TA-019.pdf
Location bdud 'joms gling pa zab gter
Volume 9, Text 19, Pages 123-154 (Folios 1a1 to 16b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dam can rdo rje legs pa'i las rim yid bzhin bang mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 123-154. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las rim   Verso: bdud 'joms bka' srung dam can
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཅེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཀའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

ces pa 'di yang khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs rdo rje brag nas bton te mi lo nyer lnga'i bar du bka' rgya byas mthar rang slob o rgyan rdo rjes bskul ngor gtan la phab pa'i yi ge pa yang de ka'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་ལས་རིམ་ཡིད་བཞིན་བང་མཛོད་བཞུགས༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ པདྨ་འབྱུང་གནས་བརྒྱུད་འཛིན་ལ༔ ཉེར་མཁོའི་ལས་རིམ་འདིར་བཀོད་བྱ༔ དད་པ་དམ་ཚིག་གཞིར་བཞག་ནས༔ དམ་ཅན་གཉན་པོ་སྒྲུབ་ལ་བརྩོན༔ བསྙེན་སྒྲུབ་རྟགས་ཚད་རྫོགས་པའི་རྗེས༔ དྲག་པོའི་སྒྲུབ་པ་ལ་བརྩོན་ནས༔ དགྲ་བོ་བསྒྲལ་བའི་ལས་སྦྱོར་བྱ༔ དེ་ལ་དང་པོ་འབོད་པ་ནི༔ ཉིན་མཚན་དུས་དྲུག་དང་སྦྲགས་ནས༔ བསྭོ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་སྲུང་མ་ཆེ༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ སྔོན་ཚེ་རྒྱལ་དང་དེ་སྲས་ཀྱི༔ བཀའ་དམ་གཉན་པོ་གཙུག་ཏུ་ཁུར༔ གཏའ་རུ་བཞག་ཅིང་དཔང་དུ་བཙུགས༔ འབོད་དོ་དུར་ཁྲོད་ཀུན་ནས་འབོད༔ འབོད་དོ་གཙུག་ལག་ཀུན་ནས་འབོད༔ འབོད་དོ་ཆོས་འཁོར་ཡོངས་ནས་འབོད༔ འབོད་དོ་དབེན་གནས་ཀུན་ནས་འབོད༔ འབོད་དོ་དཀྱིལ་འཁོར་ཡོངས་ནས་འབོད༔ འབོད་དོ་འབྱུང་བའི་དབྱིངས་ནས་འབོད༔ ལུས་འཕགས་གླིང་ནས་གཤེགས་སུ་གསོལ༔ ཤར་དགྲ་དག་གི་བླ་བསྡུས་ཁྱེར༔ འཛམ་བུའི་གླིང་ནས་གཤེགས༴ ལྷོ་དགྲ་དག་གི་བླ༴ བ་ལང་སྤྱོད་ནས་གཤེགས༴ ནུབ་དགྲ་དག་གི་བླ༴ སྒྲ་མི་སྙན་ནས་གཤེགས༴ བྱང་དགྲ་དག་གི་བླ༴ གླིང་ཕྲན་དག་ནས་གཤེགས་སུ་གསོལ༔ མཚམས་བཞིའི་དགྲ་བོའི་བླ་བསྡུས་ཁྱེར༔ ལས་ཀྱི་ལིང་ག་འདི་ལ་ཕོབ༔ གེ་སར་དམག་མི་ཚོགས་པ་བཞིན༔ ང་ཡི་མདུན་དུ་མཆིས་པར་མཛོད༔ རྒྱལ་མཐའ་བློན་གྱིས་བསྐོར་བ་བཞིན༔ ང་ཡི་མདུན་སར་མཆིས་པར་མཛོད༔ རྗེ་ཁམས་འབངས་ཀྱིས་གང་བ་བཞིན༔ ང་ཡི་མདུན་སར་མཆིས་པར་མཛོད༔ དུང་དུང་ཡིད་ལ་དྲན་ཏེ་འབོད༔ དར་དར་སྔགས་ཀྱི་སྒྲ་ཡིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ འགྲུབ་པའི་རྟགས་དང་མཚན་མ་སྟོན༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ བསམ་དོན་ཕྲིན་ལས་ཡོངས་འགྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ སྔགས་འདི་བར་མ་ཆད་པར་བཟླ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་ཕེཾ་ཕེཾ་ཛཿབཛྲ་ལི་ལ་མ་ཛ་ཛཿཞེས་བརྗོད་འབོད་རྟགས་བྱུང་བའི་ཚེ༔ ༈ དེ་ནས་རྦད་པའི་ལས་རིམ་ལ༔ གོང་བཞིན་དུས་སུ་སྒྲགས་བྱས་ནས༔ བསྭོ༔ ཆའོ་ཆའོ་ལས་ལ་ཆོས༔ ལ་འུར་ལ་འུར་ལས་ལ་ཆོས༔ འུར་བ་འུར་བ་ལས་ལ་ཆོས༔ སྟེང་གི་ལྷ་དམག་ལས༴ བར་སྣང་སྡེ་བརྒྱད་ལས༴ སྟོང་གསུམ་ལྷ་འདྲེ་ལས༴ འགོང་པོའི་དམག་ཚོགས་ལས༴ ཐེའུ་རང་དམག་ཚོགས་ལས༴ བཙན་པོ་ཁ་བཞི་ལས༴ མགྱོགས་པ་སྡེ་བརྒྱད་ལས༴ རྡོ་རྗེ་ལེགས་པ་ལས༴ མགར་བ་ནག་པོ་ལས༴ ཚོང་དཔོན་ཆེན་པོ་ལས༴ དམག་དཔོན་ཆེན་པོ་ལས༴ ཇག་དཔོན་ཆེན་པོ་ལས༴ དགྲ་ལྷ་ཆེན་པོ་ལས༴ ཆོས་སྐྱོང་ཆེན་པོ་ལསབཀའ་སྲུང་ཆེན་པོ་ལས༴ དམ་ཅན་ཆེན་པོ་ལས༴ བླ་རྐུན་ཆེན་པོ་ལས༴ སྲོག་བདུད་ཆེན་པོ་ལས༴ དབུགས་ལེན་ཆེན་པོ་ལས༴ ཤ་ཟ་ཆེན་པོ་ལས༴ ཁྲག་འཐུང་ཆེན་པོ་ལས༴ ཤན་པ་ཆེན་པོ་ལས་ལ་ཆོས༔ དགྲ་བོ་གནས་པའི་ཡུལ་དུ་རྦད༔ དགྲ་བོའི་བརྟེན་པའི་མཁར་ལ་རྦད༔ དགྲ་བོས་སྲེལ་བའི་ཕྱུགས་ལ་རྦད༔ དགྲ་བོའི་དཀོར་ནོར་ཟས་ལ་རྦད༔ དགྲ་བོའི་བླ་ཡི་སྟེང་དུ་རྦད༔ དགྲ་བོའི་ཚེ་དང་སྲོག་ལ་རྦད༔ བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན༔ ནམ་མཁའི་ཁམས་ནས་ཁུག་ལ་ཤོག༔ ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན༔ བར་སྣང་ཁམས་ནས་ཁུག་ལ་ཤོག༔ ཤ་ཁྱིས་རི་དྭགས་དེད་པ་བཞིན༔ ས་གཞིའི་ཁམས་ནས་ཁུག་ལ་ཤོག༔ ཉེས་ཅན་བཙོན་དུ་བཟུང་བ་བཞིན༔ རང་དབང་མེད་པར་ཁུག་ལ་ཤོག༔ སྲེ་མོང་བྱི་རོ་ཁྱེར་བ་བཞིན༔ རང་དབང་༴ ཤ་བ་འཕར་བས་དེད་པ་བཞིན༔ རང་དབང་༴ ཉ་མོ་སྲམ་གྱིས་དེད་པ་བཞིན༔ རང་དབང་མེད་པར་ཁུག་ལ་ཤོག༔ རྦད་དོ་དམ་ཚིག་གཉན་གྱིས་རྦད༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ དགྲ་བོའི་དོན་སྙིང་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་ཁུང་སྟེང་དུ་ཕོས༔ བླ་འཁྱམས་ལས་ཀྱི་ལིང་གར་ཕོབ༔ བླ་རྟགས་ཙི་སྒྲ་འདོན་དུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ དེ་ནས་རྦད་སྔགས་བར་མ་ཆད་པར་བཟླ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར༔ བཛྲ་ལི་ལ་མ་སརྦ་དུ་ཏྲཱི༔ ཆེ་གེའི་བླ་ལ་རྦད་རྦད༔ སྲོག་ལ་རྦད་རྦད༔ ཚེ་ལ་རྦད་ཐུན་བྷྱོ༔ རྦད་རྟགས་ཕྱུང་ནས་དུས་དྲུག་ཏུ༔ ༈ བསད་པའི་ལས་ཀྱི་རིམ་པ་ལ༔ བསྭོ༔ དམ་ཅན་རྡོ་རྗེ་ལེགས་པའི་དུས་ལ་བབ༔ དམ་ཅན་ཆེན་པོའི་དུས་ལ་བབ༔ མགར་བ་ཆེན་པོའི༴ ཚོང་དཔོན་ཆེན་པོའི༴ དམག་དཔོན་ཆེན་པོའི༴ ཇག་དཔོན་ཆེན་པོའི༴ དགྲ་ལྷ་ཆེན་པོའི༴ ཤན་པ་ཆེན་པོའི༴ ཤ་ཟ་ཆེན་པོའི༴ ཁྲག་འཐུང་ཆེན་པོའི༴ བཀའ་སྲུང་གཉན་པོའི༴ ཆོས་སྐྱོང་གཉན་པོའི༴ བཀའ་སྡོད་འཁོར་ཚོགས་དུས་ལ་བབ༔ སྦྲུལ་ནག་ཁྱུང་དང་འཕྲད་པ་བཞིན༔ དགྲ་བོ་མ་ཤོར་དོ་ནུབ་སོད༔ ཉ་མོ་སྲམ་དང་འཕྲད་པ་བཞིན༔ དགྲ་བོ་མ་ཤོར་དོ་ནུབ་སོད༔ ར་ལུག་སྤྱང་ཀུས་བཟུང་བ་བཞིན༔ དགྲ་བོ་མ་ཤོར༴ བྱིའུ་ཆུང་ཁྲ་ཡིས་བཟུང་བ་བཞིན༔ དགྲ་བོ་མ་ཤོར༴ མར་མེ་རླུང་གིས་བསད་པ་བཞིན༔ དགྲ་བོ་མ་ཤོར་ཧུར་ཐུམ་སོད༔ མེ་སྟག་ཆུ་ཡིས་བསད་པ་བཞིན༔ དགྲ་བོ་མ་ཤོར་ཧུར༴ གཟའ་རྒོད་གདོང་ལ་ཐུག་པ་བཞིན༔ དགྲ་བོ་མ་ཤོར་ཧུར༴ བཙན་རྒོད་གདོང་ལ་ཐུག་པ་བཞིན༔ དགྲ་བོ་མ་ཤོར་ཧུར༴ ཁྲ་ཚའི་གདོང་ལ་ཐུག་པ་བཞིན༔ དགྲ་བོ་མ་ཤོར་ཧུར༴ ཉི་ཟླ་གཟའ་ཡིས་ཟིན་པ་བཞིན༔ དགྲ་བོ་མ་ཤོར་ཧུར༴ སྣ་ཚོགས་ཐུན་མཚོན་དབལ་ཕོབ་ལ༔ དགྲ་བོ་མ་ཤོར་ཧུར༴ ནད་མུག་རིམས་ཀྱིས་དལ་ཐོབ་ལ༔ དགྲ་བོ་མ་ཤོར་ཧུར་ཐུམ་སོད༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་ཁུང་ཁ་རུ་ཕོབ༔ བླ་ཁྱེར་ལས་ཀྱི་ལིང་གར་ཕོབ༔ མཐུ་དང་སྟོབས་ཀྱིས་མྱོས་སུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ བསད་སྔགས་ནི༔ ཏྲི་བཛྲ་ས་དྷུ་ས་མ་ཡ་གིང་ཀ་ར་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོའི་བླ་སོད༔ སྲོག་དབུགས་སོད༔ ཧུར་ཐུམ་སོད༔ མཱ་ར་ཡ་སོད༔ བསད་རྟགས་མ་བྱུང་བར་དུ་འབད༔ ༈ དེ་ནས་དྲག་སྒྲུབ་ལས་རིམ་ནི༔ མདུན་དུ་རབ་འཇིགས་དྲག་པོའི་གནས་མཆོག་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་གནམ་ལྕགས་ལས་གྲུབ་པའི་སྐུ་མཁར་རྒྱ་ཆེ་ལ་དཔངས་མཐོ་བ་འཇའ་འོད་དང་མེ་རླུང་རབ་ཏུ་འཁྲིགས་ཤིང་འཚུབས་པ༔ ཕྱི་ནང་ཀུན་ཏུ་བྱ་རིགས་དང་གཅན་གཟན་དཔག་ཏུ་མེད་པ་རྒྱུ་ཞིང་གནས་པ་ཕོ་ཉ་དང་ལས་མཁན་སྐར་ལྟར་འཁྲིགས་ཤིང་གློག་ལྟར་འཁྱུག་པ་ཕྲིན་ལས་རབ་འབྱམས་ཐམས་ཅད་ལྷུན་གྱིས་གྲུབ་པ་འདོད་ཡོན་ཐམས་ཅད་རང་བྱུང་དུ་ཤར་ཞིང་དགྲ་བོའི་ཤ་ཁྲག་གི་མཚོ་མོ་དམར་གྱི་ལི་ལི་འཁྱིལ་བའི་སྟེང་དུ་ཁྲུ་གང་འཕགས་པའི་ནམ་མཁར་མེ་རླུང་དམར་ནག་འཁྱིལ་བའི་ཀློང་དུ་དམ་ཅན་རྡོ་རྗེ་ལེགས་པ་སྐུ་མདོག་དུད་ཁ་དབུ་ལ་སག་ཞུ་དང་སྐུ་ལ་བེར་དམར་གསོལ་བ༔ གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་དགྲ་སྙིང་བསྣམས་ནས་ཞལ་དུ་གསོལ་བ་སེང་གེ་དཀར་མོ་ལ་ཆིབས་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་གྱི་མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་ཟླུམ་སྡང་མིག་ཏུ་གཡོ་བ༔ དེ་ཡི་གཡོན་དུ་ཀོང་བཙུན་དེ་མོ་གཡས་ལྕགས་ཀྱུ་དང་གཡོན་པས་གློ་སྙིང་བསྣམས་པ་གཅེར་མོ་མི་ལྤགས་ཀྱི་གཡང་གཞི་གསོལ་ནས་ཤ་བ་ལ་ཞོན་པར་བསྐྱེད་དོ༔ དེ་ཡི་འོག་ཏུ་གྲུ་གསུམ་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་བང་རིམ་གསུམ་དང་ལྡན་པ་ཕྱི་ན་ཞེ་སྡང་གི་མེ་འབར་ཞིང་ནང་ན་གཏི་མུག་གི་མུན་ནག་འཐིབ་པ༔ ཞབས་ན་འདོད་ཆགས་ཀྱི་དུག་མཚོ་ཁོལ་ཞིང་འབར་བ་ཕྲག་དོག་གི་རླུང་དམར་གཡོ་བ་ང་རྒྱལ་གྱི་ཐོག་ཆར་དྲག་པོ་རྒྱུན་མི་ཆད་པར་འབབ་པའི་ཕྱི་ནང་ཀུན་ཏུ་བླ་འཛིན་གྱི་ཤ་ཟུང་བཏགས་ཤིང་༔ བླ་འགུགས་ཀྱི་འགགས་རྙི་བཀྲམ་པ༔ ཕྱི་རུ་བྲོས་པའི་ཡུལ་མེད་པ་ནང་དུ་གབ་པའི་གནས་མེད་པ་མཐའ་མ་ཤ་ཟ་དང་ཁྲག་འཐུང་རུས་འཆིའི་ཚོགས་ཐམས་ཅད་རྩང་ཕུར་གྱི་ཚུལ་དུ་བསྐོར་བའོ༔ བྲུབ་དོང་དེ་ཡི་ནང་དུ་དགྲ་བོའི་ཚེ་སྲོག་བསོད་ནམས་ཐམས་ཅད་འདུས་པའི་ངོ་བོ་ལ་རྣམ་པ་ནྲྀཿཡིག་ལྗང་སྐྱ་ཡོངས་སུ་གྱུར་པ་ལས་དགྲ་བོའི་གཟུགས་ཕུང་སྐྱེ་མཆེད་ཚང་བ་ཤ་སྔོ་བ་མདངས་མདོག་ཉམས་པ་ཧམ་པ་རེངས་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་མིག་ནས་ཁྲག་འཛག་པ༔ ཁ་དང་སྣ་ནས་ཆུ་སེར་འབབ་པ་ཕྱི་དབུགས་དང་བྲལ་ཞིང་ནང་དབུགས་མ་ཆད་ཙམ་མགོན་སྐྱབས་བྱེད་པའི་ལྷ་སྲུང་ཐམས་ཅད་བྲལ་བ་ལ་དགྲ་བོ་གཉིད་དུ་ཕྱོགས་པ་ཙམ་གྱི་བླ་ཚེ་སྲོག་གསུམ་འདུས་ཤིང་ཐིམ་པར་གྱུར་པའི་རང་བཞིན་ཅན་དུ་གྱུར༔ བྲུབ་ཁུང་དེ་ཡི་མཐའ་བསྐོར་དུ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི་དམ་ཅན་རྡོ་རྗེ་ལེགས་པ་སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར༔ སྡེ་འབངས་དང་བཅས་པ་མགྱོགས་པའི་ལྟ་ལ་ཞོན་ཅིང་བཙན་པའི་གོ་ཁྲབ་གྱོན་ཏེ་རྣོ་བའི་མཚོན་ཆ་སྣ་ཚོགས་ཐོགས་ཏེ་ལྷ་མིའི་དམག་དཔུང་ཚོགས་པ་བཞིན་དུ་འདུས་ནས་གཙོ་བོའི་བཀའ་ཉན་ཅིང་བདག་གི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསྒོམ༔ དེ་ལྟར་བསྐྱེད་ཅིང་བསྒོམ་པའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟོང་གསུམ་སྣང་སྲིད་ཀྱི་ཁམས་ནས་ལྷ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པར་བསྒོམ༔ ཡང་བདག་གི་གནས་གསུམ་ལས་འོད་ཟེར་རབ་ཏུ་འཕྲོས་པས་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ༔ བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ལན་གསུམ་བརྗོད་མཐར༔ དེ་ནས་སྤྱན་འདྲེན་པ་ནི༔ ར་གསུར་བཏང་ལ༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ཞིང་སྐྱོང་རྡོ་རྗེ་ལེགས་པ་རྩལ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབ༔ གཙུག་ལག་ཁང་གི་སྲུང་མ་ཆེ༔ དཀོར་སྲུང་རྡོ་རྗེ་ལེགས་པ་སྐྱོང་༔ དམ་ཚིག་དབང་གིས༴ དགྲ་བོའི་བླ་ཁུག༴ ཆོས་འཁོར་ཡོངས་ཀྱི་བདག་པོ་མཆོག༔ ཆོས་སྐྱོང་རྡོ་རྗེ་ལེགས་པ་སྐྱོང་༔ དམ་ཚིག་དབང་གིས༴ དགྲ་བོའི་བླ་ཁུག༴ དཀྱིལ་འཁོར་ཡོངས་ཀྱི་མཐའ་སྐྱོང་བ༔ བཀའ་སྲུང་རྡོ་རྗེ་ལེགས་པ་སྐྱོང༔ དམ་ཚིག་དབང་གིས༴ དགྲ་བོའི་བླ་ཁུག༴ རིག་འཛིན་ཡོངས་ཀྱི་མདུན་སར་གནས༔ བསྟན་སྲུང་རྡོ་རྗེ་ལེགས་པ་སྐྱོང་༔ དམ་ཚིག་དབང་གིས༴ དགྲ་བོའི་བླ་ཁུག༴ རྣལ་འབྱོར་ཀུན་གྱི་ཕྲིན་ལས་སྒྲུབ༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ དམ་ཚིག་དབང་གིས༴ དགྲ་བོའི་བླ་ཁུག༴ འཛམ་གླིང་ཡུལ་གཞིའི་བདག་པོ་ཆེ༔ ལྷ་ཆེན་རྡོ་རྗེ་ལེགས་པ་རྩལ༔ དམ་ཚིག་དབང་གིས༴ དགྲ་བོའི་བླ་ཁུག༴ སྡེ་བརྒྱད་ཀུན་གྱི་གཙོ་བོ་མཆོག༔ དྲེགས་དཔོན་རྡོ་རྗེ་ལེགས་པ་ཆེ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་བཛྲ་ལི་ལ་མ་བཛྲ་ས་མ་ཡ་ཛ་ཛ༔ ནྲྀ་ཨ་མུ་ཀ་བཛྲ་ཨཾ་ཀུ་ཤ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ མངོན་སྤྱོད་རོལ་པའི་དཀྱིལ་འཁོར་འདིར༔ དགྲ་བགེགས་བསྒྲལ་བའི་བམ་སྟེང་དུ༔ སྐྱེས་བུ་ཆེན་པོ་བཞུགས་སུ་གསོལ༔ སྒྲོལ་གིང་ཆེན་པོ༴ ཆོས་སྐྱོང་ཆེན་པོ༴ སྡེ་བརྒྱད་འཁོར་བཅས༴ ལྷ་འདྲེའི་འཁོར་ཚོགས༴ དགྲ་བོ་བསྒྲལ་ཕྱིར་བཞུགས་སུ་གསོལ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གདུག་པའི་དགྲ་བོ་བསྒྲལ་བའི་ཕྱིར༔ སྐྱེས་བུ་ཆེན་པོར་ཕྱག་འཚལ་ལོ༔ སྒྲོལ་གིང་ཆེན་པོར་ཕྱག་འཚལ་ལོ༔ ཆོས་སྐྱོང་ཆེན་པོར་ཕྱག་འཚལ་ལོ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ན་མོ་ན་མ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དམ་ཅན་སྐྱེས་བུ་ཆེན་པོ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ ར་ཡི་ཤ་ཁྲག་གསུར་གྱིས་མཆོད༔ དགྲ་བོའི་མི་ནོར་ལོངས་སྤྱོད་དཀོར༔ འཁོར་འབངས་བྲན་དང་བཅས་པ་ཀུན༔ བཀའ་སྲུང་ཁྱོད་ལ་ཟ་སྐལ་གཏད༔ དོ་ནུབ་ཉིད་དུ་ལྷག་མེད་རོལ༔ གཞན་ཡང་མཐུན་པའི་དམ་རྫས་ཚོགས༔ བཟའ་བཏུང་ལོངས་སྤྱོད་གོས་རྒྱན་དང་༔ ཕོ་བྲང་རྟེན་མཁར་དང་བཅས་པ༔ བཀའ་སྲུང་གཉན་པོ་དགྱེས་ཕྱིར་འབུལ༔ མདའ་མདུང་རལ་གྲི་ཤང་ལང་དང་༔ སྒྱོག་དང་མེ་མདའ་མདའ་བོ་ཆེ༔ ཐུན་རྫས་མཚོན་ཆ་སྣ་ཚོགས་པ༔ དགྲ་བོ་བསྒྲལ་བའི་རྫས་སུ་འབུལ༔ མངོན་སྤྱོད་ཕྲིན་ལས་ད་མཛོད་ཅིག༔ མ་ཧཱ་ཨརྒྷཾ་པཱདྱཾ་སོགསཤཔྡ་རཱུ་པ་སོགསསྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་རཀྟ་སརྦ་ག་ཎ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ལ༔ རོལ་མོ་སྣ་ཚོགས་པའི་སྒྲ་ཡིས་བསྐུལ་ཞིང་བསྟོད་པ་ནི༔ ཧཱུྃ༔ གདོད་ནས་ཡེ་སངས་རྒྱས་ཀྱང་བསྟན་འགྲོའི་ཆེད༔ མཐུ་རྩལ་ནུས་པའི་བདག་ཉིད་ཆེན་པོར་བཞེངས༔ དུར་ཁྲོད་གཙུག་ལག་རྒྱལ་བའི་ཞིང་ཀུན་ཉུལ༔ ལེགས་ཉེས་སྟངས་འཛིན་སྒྲུབ་ལ་བུ་ལྟར་བརྩེ༔ གནམ་ས་ཕྱེད་དང་གཙང་ཆབ་ཕྱེད་དབང་བསྒྱུར༔ དགྲ་བགེགས་གདུག་པའི་སྲོག་དབུགས་སྡུད༔ རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ དྲག་རྩལ་ནམ་མཁའི་ཐོགས་ལས་ཆེ༔ མྱུར་མགྱོགས་བར་སྣང་གློག་ལ་འགྲན༔ ཆེ་བཙན་སྣང་སྲིད་འདི་ལས་འཕགས༔ སྡེ་བརྒྱད་ཡོངས་ཀྱི་སྤྲུལ་གཞི་སྟེ༔ དགྲ་ལྷ་ཡོངས་ཀྱི་རྒྱལ་པོ་ཆེ༔ ཆོས་སྐྱོང་ཡོངས་ཀྱི་ཕྱྭ་ཆེན་པོ༔ དམ་ཅན་ཡོངས་ཀྱི་སྤྱི་རྗེ་དཔལ༔ ལྷ་འདྲེ་ཡོངས་ཀྱི་དེད་དཔོན་མཆོག༔ དམ་ཅན་ཆེན་པོ་ཁྱོད་ལ་བསྟོད༔ སྐྱེས་བུ་ཆེན་པོ་ཁྱོད༴ ཆོས་སྐྱོང་ཆེན་པོ་ཁྱོད༴ དགྲ་ལྷ་ཆེན་པོ་ཁྱོད༴ ཚོང་དཔོན་ཆེན་པོ་ཁྱོད༴ ཡུལ་ལྷ་ཆེན་པོ་ཁྱོད་ལ་བསྟོད༔ ང་ཡི་དགྲ་བོ་གདུག་ཅན་འདི༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ དོ་ནུབ་ཉིད་དུ་ཁུག་ལ་སྒྲོལ༔ དམ་ལ་མ་འདའ་ས་མ་ཡ༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ སྐྱེས་བུ་ཆེན་པོ་དགོངས་སུ་གསོལ༔ བདག་ནི་མ་རིག་འཁྲུལ་དབང་གིས༔ ཁྱེད་ཀྱི་ཐུགས་དང་འགལ་བའི་ལས༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་བཤགས༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས༔ དེ་ནས་འགུག་གཞུག་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་སྲུང་མའི་ཚོགས་ཀྱི་བཀའ་བདེན་པ་དང་༔ དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་རྣམས་ཀྱི་མཐུ་སྟོབས་ནུས་རྩལ་གྱིས་དགྲ་བོ་ཆེ་གེའི་བླ་ཚེ་སྲོག་གསུམ་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ ཛ་ཛཿལན་བརྒྱ་བརྗོད་དོ༔ ༈ དེ་ནས་གདབ་པའི་ལས་རིམ་ལ༔ དང་པོ་འགུག་གཞུག་བྱ་བ་ནི༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ དགྲ་བོའི་བླ་ཚེ་སྲོག་གསུམ་ཁུག༔ ལས་ཀྱི་ལིང་ག་འདི་ལ་ཕོབ༔ ནྲྀཿབླ་ཤ་བཛྲ་ཨཾ་ཀུ་ཤ་ཛ་ཛ༔ དེ་ནས་བཅིང་བར་བྱེད་པ་ལ༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ ཞ་གྲུམ་ཧྲེང་ལྐུག་ཞགས་པས་ཆིངས༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ནྲྀ་ཨ་མུ་ཀ་མཱ་ར་ཡ་ཆིང་ཆིང་རྦད་ནན༔ དེ་ནས་ལྷ་དང་དབྱེ་བ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲོལ༔ ཨ་ནྲྀཿཏྲག་རཱུ་དྲ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཱུ་དྲ་མཱ་ར་ཡ་ཕྱེས༔ དགྲ་བོའི་ལྷ་སྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ་ཕཊ༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ དམ་ཉམས་དགྲ་བོའི་སྡིག་ཅན་འདི༔ སྨྱོ་ཞིང་བརྒྱལ་ནས་རེངས་སུ་ཆུག༔ ཏྲི་བཛྲ་ས་དྷུ་ས་མ་ཡ༔ དགྲ་བོ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་རྦད་སོད༔ དེ་ནས་རྡུལ་དུ་བརླག་པ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ ཐལ་བའི་རྡུལ་དུ་བརླག་པར་གྱུར༔ ཏྲི་བཛྲ་ས་དྷུ་ས་མ་ཡ༔ དགྲ་བོ་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་མཱ་ར་ཡ་རྦད༔ དེ་ནས་ཕུར་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ དགྲ་བོའི་ལུས་ངག་ཡིད་གསུམ་ལ༔ ཕུར་ཐུན་ཆར་ཕོབ་རྡུལ་དུ་རློགས༔ ཏྲི་བཛྲ་ས་དྷུ་ས་མ་ཡ༔ ཨ་མུ་ཀ་མཱ་ར་ཡ་རྦད་སོད་རྦད་སོད་ཕཊ༔ དེ་ནས་ཡུངས་དཀར་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ཡུངས་དཀར་ཐུན་ཆར་དྲག་པོ་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་ས་མ་ཡ༔ ཨ་མུ་ཀ་མཱ་ར་ཡ་སོགས།དེ་ནས་ཡུངས་ནག་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ཡུངས་ནག་ཐུན་ཆར་དྲག་པོ་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནས་རྦད་སོད་ཕཊ༔ དེ་ནས་འབྲུ་ནག་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ འབྲུ་ནག་ཐུན་ཆར་དྲག་པོ་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནས་རྦད་སོད་ཕཊ༔ དེ་ནས་ཏིལ་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ཏིལ་དཀར་ཐུན་དང་ཏིལ་ནག་ཐུན༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་ཀེ་མཚེ་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ཀེ་མཚེའི་ཐུན་ཆར་དྲག་པོ་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས༔ རྦད་སོད་ཕཊ༔ དེ་ནས་ཤངས་མཚེ་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ཤངས་མཚེའི་ཐུན་ཆར་དྲག་པོ་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་ཁྲག་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ཁྲག་ཐུན་ཁོལ་མའི་དུག་ཟོར་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་མེ་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ མེ་མདའ་དྲག་པོའི་ཐུན་ཟོར་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་དུག་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ནག་པོ་དུག་གི་ཐུན་ཟོར་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་གྲི་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ གྲི་ཐུན་དྲག་པོའི་ཟོར་གྱི་དབལ༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་མདའ་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ མདའ་ཐུན་དྲག་པོའི་ཟོར་གྱི་དབལ༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་རྡོ་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ རྡོ་ཆར་དྲག་པོའི་ཐུན་ཟོར་དབལ༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ དཔལ་གཏོར་དྲག་པའི་ཐུན་ཟོར་དབལ༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་ཕྱེ་གསུམ་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེའི་ཐུན༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་ས་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ས་ཐུན་དྲག་པོའི་ཟོར་གྱི་དབལ༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་ཆུ་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ ཆུ་ཐུན་དྲག་པོའི་ནུས་སྟོབས་དབལ༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་མེ་བ་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ མེ་འབར་ཐུན་ཟོར་དབལ་མེ་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཏྲི་བཛྲ་ས་དྷུ་སོགས་ནསརྦད་སོད་ཕཊ༔ དེ་ནས་རླུང་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ རླུང་ཐུན་དྲག་པོ་དབལ་མ་འདི༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ ཧཱུྃ༔ འབྱུང་བའི་ནད་དང་དུག་གི་དབལ༔ དགྲ་བོའི་བླ་དང་སྲོག་ལ་ཕོབ༔ འབྱུང་ཁམས་རང་གཤེད་རང་ལ་ཕོབ༔ སོད་ཅིག་ཐུལ་ཅིག་མཱ་ར་ཡ༔ དེ་ནས་རྡོ་རྗེ་དང་གྲི་ཡིས་གཏུབ་པ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ རྡོ་རྗེ་ལེགས་པའི་མཐུ་སྟོབས་ཀྱིས༔ རྡོ་རྗེ་འབར་བའི་ཐུན་ཆར་འདིས༔ དགྲ་བོའི་མགོ་ལས་དུམ་བུར་གཏུབ༔ གནམ་ལྕགས་སྤུ་གྲི་ངར་མ་འདིས༔ དགྲ་བོའི་མགོ་ལུས་ཕྱེ་མར་གཏུབ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་སརྦ་ས་པ་རི་ཝཱ་ར་དགྲ་བོའི་བླ་སྲོག་ནུས་སྟོབས་ཐམས་ཅད་མཱ་ར་ཡ་རྦད་རྦད༔ ཙིཏྟ་སྲོག་ལ་ཧུར་ཐུམ་རྦད༔ ཙིཏྟ་རཀྟ་འཇིབ་འཇིབ༔ འདོད་ཆགས་ཁྲག་ལ་རཾ་རཾ༔ ཞེ་སྡང་སྲོག་ལ་རྦད་རྦད་སོད༔ ཕྲག་དོག་དབུགས་ལ་ཐུམ་ཐུམ་རྦད༔ ང་རྒྱལ་མཱཾ་ས་ཀིཾ་ནི་རི་ཏི་ལ་རཾ་རཾ་རྦད༔ ཡཾ་ཡཾ་རྦད༔ ཐུམ་རི་ལི་ལི་ཧུར་ཐུམ་རྦད་སོད༔ ཅེས་བསད་སྔགས་བརྗོད་ཅིང་གཏུབ་བོ༔ དེ་ནས་གཏོར་ཆུང་དང་ལིང་གའི་དུམ་བུ་རྣམས་ཁྲག་གིས་སྦག་ལ་བསྟབ་པ་ནི༔ ཧཱུྃ༔ དགྲ་བོ་བསྒྲལ་པའི་ཤ་ཁྲག་རུས༔ སྲོག་དབུགས་ཚེ་དབང་བཀྲག་དང་མདངས༔ ཕོ་རྒྱུད་མོ་རྒྱུད་སྐྱེ་རྒྱུད་མཐའ༔ མ་ལུས་བསྡུས་ཤིང་གཅིག་ཏུ་དྲིལ༔ གཏོར་མ་ལིང་རོ་ཉལ་ཉིལ་དང་༔ དབྱེར་མེད་སྲུང་མའི་ཞལ་དུ་བསྟབས༔ རྡོ་རྗེ་ལེགས་པའི་ཞལ་དུ་བསྟབས༔ དམ་ཅན་ཆེན་པོའི༴ བཀའ་སྲུང་གཉན་པོའི༴ སྡེ་བརྒྱད་དྲེགས་པའི༴ མགར་བ་ནག་པོའི༴ བཙན་དང་བདུད་དམག༴ ཀླུ་དང་གཉན་དམག༴ ཐེའུ་བྲང་སྟོང་སྡེའི་ཞལ་དུ་བསྟབས༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ རྗེས་ཤུལ་མེད་པར་བསྡུས་ལ་རོལ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ས་པ་རི་ཝཱ་ར་ཨ་མུ་ཀའི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ སརྦ་ཨུཙྪིཥྚ་ཁཱ་ཧི༔ དེ་ནས་ལིང་ག་དུམ་བུར་གཏུབ་པའི་སུམ་ཆ་གཏོར་མ་ལ་བསྟབས༔ སུམ་ཆ་བསྲེག་བླུག་ཏུ་བྱ༔ སུམ་ཆ་ཟོར་གདན་དུ་བྱ༔ ༈ དེ་ནས་སྲེག་བླུགས་ལས་རིམ་ལ༔ གྲུ་གསུམ་འབར་བའི་མེ་དཀྱིལ་སྟེང་༔ གྲུ་གསུམ་རཾཿགྱིས་མཚན་པའི་སྟེང་༔ དྲག་ཤིང་ཚེར་མ་ཅན་ཉིད་ཀྱི༔ མེ་ཧོམ་གྲུ་གསུམ་བརྩིགས་བྱས་ཏེ༔ མདུན་དུ་དུར་ཁྲོད་མེ་དཔུང་འབར་བའི་ཀློང་དུ་དམ་ཅན་རྡོ་རྗེ་ལེགས་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་པས་དགྲ་སྙིང་བསྣམས་པ་སེང་གེ་དཀར་མོའི་སྟེང་ན་འགྱིང་སྟབས་སུ་བཞུགས་པ་ཞལ་གདངས་པའི་ནང་དུ་བསྲེག་རྫས་བསྟབ་པ་ཙམ་གྱིས་དགྲ་བོའི་མི་ནོར་ལོངས་སྤྱོད་ཐམས་ཅད་ཧྲིབ་ཧྲིབ་ཐིམ་ཞིང་རོལ་པ༔ བེར་ཆེན་དམར་པོ་གསོལ་ཞིང་དབུ་ལ་སག་ཞུ་དང་ཞབས་ལ་སག་ལྷྭམ་གསོལ་བ་སྤྱན་གསུམ་ནམ་མཁར་གཟིགས་ཤིང་སྤྱན་རྩ་གློག་དམར་འཁྱུགས་པ་དགྲ་བོའི་ཤ་ཁྲག་སྲོག་དབུགས་ལ་རྔམས་པར་བསྐྱེད་དོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧོཿ དགོངས་སུ་གསོལ་ལོ༔ ལན་གསུམ་བརྗོད༔ དམ་ཅན་རྡོ་རྗེ་ལེགས་པ༔ ཆོས་སྐྱོང་ཆེན་པོ༔ དགྲ་ལྷ་ཆེན་པོ༔ དཀོར་སྲུང་ཆེན་པོ༔ མགར་བ་ཆེན་པོ་ཁྱོད་སྣང་སྲིད་འཇིག་རྟེན་གྱི་ཁམས་གར་བཞུགས་ཀྱང་འདིར་གཤེགས་ཤིག༔ སྔོན་ཚེ་རྡོ་རྗེ་འཆང་ཆེན༔ ཐུབ་པ་ཆེན་པོ༔ པདྨ་ཀ་ར་རིག་འཛིན་ཆེན་པོ་བླ་མ་བརྒྱུད་པ་གསུམ་གྱི་བཀའ་དང་དམ་ཚིག་གཉན་པོ་དཔང་དུ་བཙུགས་ཤིང་གཏའ་རུ་བཞག་ནས་འབོད་དོ༔ དམ་ཚིག་དབང་གིས་དགྲ་བོའི་ཤ་ཁྲག་དྲོན་མོ་དཀོར་དང་བཅས་པ་རོལ་པའི་ཕྱིར་དྲག་པོ་མེ་རི་འབར་བའི་ཕོ་བྲང་འདིར་གཤེགས་ཤིག༔ བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛ༔ ཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧོཿ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ང་ཡི་དགྲ་བོ་བསྒྲལ་བའི་ཕྱིར༔ མེ་དཔུང་འབར་བའི་གདན་ལ་བཞུགས༔ དགྲ་བགེགས་མ་ལུས་བཞེས་ཏེ་རོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧོཿ དམ་ཅན་རྡོ་རྗེ་ལེགས་པ་ལ༔ དད་དང་དམ་ཚིག་དྲན་པ་ཡིས༔ ཕྱག་འཚལ་གུས་བཏུད་རེ་ཞིང་ལྟོས༔ དགྲ་བོ་བསྒྲལ་ཞིང་རོལ་པར་མཛོད༔ ན་མོ་ས་མ་ཡ་ ཧོཿ དེ་ནས་ཁྲག་སྐྱེམས་འབུལ་བ་ནི༔ ཧོཿ ཁྲག་འཐུང་རྡོ་རྗེ་ལེགས་པ་ལ༔ དགྲ་བོའི་སྙིང་ཁྲག་དྭངས་མ་བཅུད༔ རཀྟ་འདི་དང་མཉམ་པར་འབུལ༔ དགྲ་བོ་རྗེས་མེད་བརླག་པར་མཛོད༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཨ་མུ་ཀའི་ཙིཏྟ་རཀྟ་ལ་ཁཱ་ཧི༔ ལན་གྲངས་བརྒྱའམ་ཉེར་གཅིག་དུས༔ དགྲ་བོའི་ཁོང་ཁྲག་མ་ལུས་པ༔ ཆུ་ཕོར་སྐྱོག་གིས་གཅུས་པ་བཞིན༔ སྲུང་མའི་ཞལ་དུ་བླུགས་པར་བསམ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྡང་བའི་དགྲ་བོ་བསྒྲལ་བ་ཡི༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ ཆུ་སེར་ཞབས་བསིལ་སྐྱེམས་མཆོད་འདི༔ རྡོ་རྗེ་ལེགས་པ་དགྱེས་ཕྱིར་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ ཨརྒྷཾ་པཱདྱཾ་པཱུ་ཛ་ཧོཿ ཧཱུྃ༔ བསྟན་པའི་དགྲ་བོ་བསྒྲལ་བ་ཡི༔ དབང་པོ་ལྔ་ཡི་མེ་ཏོག་དང་༔ ཤ་ཆེན་གསུར་གྱི་དུད་པ་འདི༔ རྡོ་རྗེ་ལེགས་པ་དགྱེས་ཕྱིར་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ པུཥྤེ་དྷུཥྤེ་པཱུ་ཛ་ཧོཿ ཧཱུྃ༔ ཞུན་ཆེན་གསལ་བའི་མར་མེ་དང་༔ སེར་ཆེན་མཁྲིས་པའི་དྲི་ཆབ་འདི༔ རྡོ་རྗེ་ལེགས་པ་དགྱེས་ཕྱིར་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ ཨཱ་ལོ་ཀེ་གནྡྷེ་པཱུ་ཛ་ཧོཿ ཧཱུྃ༔ ཤ་ཚིལ་རུས་པའི་ཞལ་ཟས་དང་༔ རྐང་གླིང་ཐོད་རྔའི་རོལ་མོ་འདི༔ རྡོ་རྗེ་ལེགས་པ་དགྱེས་ཕྱིར་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ ནཻ་ཝིདྱ་ཤཔྡ་པཱུ་ཛ་ཧོཿ ཧཱུྃ༔ དགྲ་བོའི་དབང་ལྔ་ལས་བྱུང་བའི༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་འདི༔ རྡོ་རྗེ་ལེགས་པ་དགྱེས་ཕྱིར་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ མ་ཧཱ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པཱུ་ཛ་ཧོཿ ཧཱུྃ༔ དགྲ་བོ་བསྒྲལ་བའི་ཕུང་པོའི་བཅུད༔ བདུད་རྩི་ལྔ་ཡི་མཆོད་པ་འབུལ༔ དགྲ་བོའི་ཤ་རུས་གཏོར་མ་འབུལ༔ དགྲ་བོའི་ཁྲག་གི་སྐྱེམས་མཆོད་འབུལ༔ ཕྲིན་ལས་མཛོད་ཅིག་ས་མ་ཡ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ སངས་རྒྱས་ཆོས་སྐུ་རྡོ་རྗེ་འཆང་༔ དཔའ་བོ་གསང་བདག་རྡོ་རྗེ་འཛིན༔ བསྟན་འགྲོའི་དོན་དུ་སྐུར་བཞེངས་པ༔ དམ་ཅན་རྡོ་རྗེ་ལེགས་པ་རྩལ༔ ཆེ་བཙན་འཇིག་རྟེན་གསུམ་ན་འཕགས༔ མྱུར་མགྱོགས་བར་སྣང་གློག་ལ་འགྲན༔ དྲག་རྩལ་ནམ་མཁའི་ཐོག་ལས་ཆེ༔ རྫུ་འཕྲུལ་མ་ངེས་ཅིར་ཡང་བསྒྱུར༔ མཐུ་སྟོབས་ནམ་མཁའི་ཁྱོན་དང་མཉམ༔ ཐིག་ལེ་ཆེན་པོ་ཁྱོད་ལ་བསྟོད༔ དེ་ནས་བསྲེག་རྫས་འབྲུ་ནག་དང་ཤ་དུམ་ཁྲག་སྐྱེམས་ལིང་རོ་རེ་བཤམས་ནས་འགུག་གཞུག་བྱ་བ་ལ༔ ན་མོ༔ དཀོན་མཆོག་རྩ་གསུམ་བཀའ་སྲུང་རྡོ་རྗེ་ལེགས་པའི་བདེན་སྟོབས་ཀྱིས༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་གསུམ་གཟུགས་ལིངྒ་བསྲེག་རྫས་འདི་ལ་ཁུག་ཅིག༔ ལན་གསུམ་མཐར༔ ནྲྀཿཤ་ཀུ་རུ་ཛ་ཛཿཧོཿ དམ་ཉམས་སྡང་བའི་དགྲ་བོ་འདིའི༔ བླ་སྲོག་རཱུ་པར་བཅས་པ་རྣམས༔ རྡོ་རྗེ་ལེགས་པའི་ཞལ་དུ་བསྟབས༔ ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན༔ ལྷག་མ་མེད་པར་ཧབ་ཧབ་རོལ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་དགྲ་བོ་མཱ་ར་ཡ་ཁཱ་ཧི༔ ལན་གསུམ་བསྐོར་ཏེ་བསྟབས༔ ཡང་ཡང་དེ་ལྟར་བསྟབས་པ་ནི༔ བརྒྱའམ་སྟོང་སོགས་སྐབས་དང་བསྟུན༔ དེ་ནས་ཁྲག་སྐྱེམས་འབུལ་བ་ནི༔ ཧཱུྃ༔ དམ་ཉམས་དགྲ་བོ་བསྒྲལ་བ་ཡི༔ དམར་ཆེན་ཁྲག་གི་སྐྱེམས་མཆོད་འདི༔ རྡོ་རྗེ་ལེགས་པ་ཉིད་ལ་འབུལ༔ དགྲ་བོ་མྱུར་དུ་བསྒྲལ་བར་མཛོད༔ ཏྲི་བཛྲ་ས་དྷུ་ས་མ་ཡ་མ་ཧཱ་རཀྟ་ཁཱ་ཧི༔ ཞེས་གོང་དང་མཚུངས་པར་ཕུལ༔ དེ་ནས་གོང་གི་བསྟོད་པའང་བྱ༔ མཐར་བཟོད་གསོལ་བྱ་བ་ལ༔ ཧོཿ དམ་ཅན་ཆེན་པོ་དགོངས་སུ་གསོལ༔ བདག་གིས་མ་རིག་མ་འབྱོར་བས༔ ཁྱེད་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་བཞེས༔ ཨོཾབཛྲ་སཏྭ་སོགས༔ དེ་ནས་དབྱིངས་སུ་གཤེགས་པ་ནི༔ ཧོཿ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ སྲོག་གི་འཁོར་ལོའི་རྟེན་ལ་གཤེགས༔ སླར་ཡང་བསྟན་དགྲ་ནམ་བྱུང་ཚེ༔ དྲག་པོ་མངོན་སྤྱོད་ལས་ལ་བཞེངས༔ བཛྲ་མུཿཞེས་ཐལ་བ་བག་ཟན་དང་བསྲེས་ཏེ༔ དེ་ལ་གཟུགས་སུ་བྱས་པའི་སྙིང་གར་མིང་རུས་བྲིས་ཏེ་བཅུག༔ དེ་གཞི་བདག་གཉན་པོའམ་ཆུ་མིག་བྲག་ཤིང་སོགས་ཤིན་ཏུ་གཉན་པའི་གནས་སུ་བྲུབ་ཁུང་གྲུ་གསུམ་བརྐོས་པའི་ནང་དུ་འཕང་སྟེ་གཏད་བྱེད་ན་དབང་ཕྱུག་ནས་བྱུང་སྟེ་དེ་ལྟར་བྱའོ༔ དེ་མིན་མནན་པ་བྱེད་ན༔ ལམ་རྒྱ་གྲམ་མམ་ས་གྲུ་གསུམ་དབུས་སུ་བྲུབ་ཁུང་བརྐོས་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཕྱག་གཡས་དགྲ་སྟྭ་ས་ལ་བཏབ་པས་ས་གཞི་ཤག་གིས་གས་པའི་ནང་ནས་ཆུ་ཀླུང་ཆེན་པོ་རྡོལ་བའི་ཀློང་ནས་གནམ་ལྕགས་ཀྱི་ཁང་སྒྲོམ་ཡངས་པའི་ནང་དུ་འཆི་བདག་ལས་ཀྱི་གཤིན་རྗེ་དང་ཀླུ་བདུད་ནག་པོ་མགོ་དགུ་གཉིས་ཀས་དགྲ་བོའི་བླ་སྲོག་དབུགས་ལ་རྔམས་ནས་ཡོད་པའི་མདུན་སར་སྟག་མདུན་དུ་མི་རོ་འཕང་བ་ལྟར་དགྲ་བོའི་གཟུགས་ཕུང་སྐྱེ་མཆེད་བླ་ཡིད་སེམས་གསུམ་ཐམས་ཅད་འདུས་པའི་ངོ་བོ་རཱུ་པ་མདོག་སྔོ་ལ་མདངས་ཉམས་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ལ་བླ་འཁྱམས་རང་དབང་མེད་པར་བཀུག་ནས་ཐིམ་པར་བསམ༔ ན་མོ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བདེན་པ་དང་༔ དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པའི་བདེན་སྟོབས་ཀྱིས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ ཛ་ཛཿབརྒྱ་རྩ་བརྒྱད་བརྗོད༔ བླ་འགུག་ཀྱང་བརྒྱ་རྩ་བརྗོད༔ ཏྲི་བཛྲ་ས་དྷུ་ས་མ་ཡ་རཱ་ཛ་ནཱ་ག་དུ་པ་ཀཱ་ལ་ར་ཙ་ས་མ་ཡ༔ ཨ་མུ་ཀ་ཙིཏྟ་ནྲྀཿབླ་ཤ་མ་རི་ཏི་མཱ་ར་ཡ་རྦད་རྦད་ནན་ནན་ཆིང་ཆིང་སྭཱ་ཧཱ༔ ཅི་མང་བཟླས་མཐར༔ སྟོན་པ་སངས་རྒྱས་སྲས་དང་བཅས་པའི་བཀའ་དང་དམ་ཚིག་གཉན་པོ་དཔང་དུ་བཙུགས་ནས་ང་ཡི་དགྲ་བོ་ཆེ་གེ་མོ་འདི་ཀླུ་བདུད་འཆི་བདག་མགོ་དགུ་འཁོར་དང་བཅས་པ་ལ་གཏད་དོ༔ གཤིན་རྗེ་ཡ་མ་རཱ་ཙ་ལ་གཏད་དོ༔ མིང་རུས་སུ་བྲིས་པའི་དགྲ་བོ་འདི་ལོ་ཟླར་འགྱངས་སུ་མ་ཤར་བར་ཞག་དང་ཟ་མའི་ནང་དུ་སོད་ལ་ཟུངས་ཤིག༔ ཆིངས་ཤིག༔ ནན་ཅིག༔ བཛྲ་ས་མ་ཡ༔ ཞེས་ལན་གསུམ་བརྗོད་མཐར༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་སོགས་དྲག་སྔགས་ཀྱི་ཤམ་དུ༔ དགྲ་བོའི་བླ་ཚེ་སྲོག་གསུམ་མཱ་ར་ཡ་རྦད་ནན་ཧཱུྃ་ཕཊ༔ ཅི་མང་བརྗོད་དེ་ཁ་བཅད༔ ནམ་ཕྱེད་དམ་སྲོད་ལ་མནན་པ་གལ་ཆེ༔ མཐར་ལིང་རོའི་སུམ་ཆ་ཡང་བག་ཟན་ནང་དུ་གཞུག་ཅིང་ཉ་བོ་དབང་ཚང་བྱས་པ་ལྕགས་ཁང་དུ་འཕང་ནས་དགུག་གཞུག་དང་བླ་འགུག་ཞག་གཅིག་ལ་བཟླས་མཐར༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་བཛྲ་ལི་ལ་མ་ས་མ་ཡ༔ དགྲ་བོའི་བླ་ལ་ཐུན་བྷྱོ་རྦད༔ སྲོག་ལ་ཐུན་བྷྱོ་རྦད༔ དབུགས་ལ་ཐུན་བྷྱོ་རྦད༔ མཱ་ར་ཡ་ཐུན་བྷྱོ་རྦད༔ ཅེས་བཟླས་མཐར་ཉི་ནག་གི་དུས་སུ་ལིང་ག་དགྲ་ཕྱོགས་དུ་བཞག་ལ་གདབ་ལས་ཐུན་ཟོར་བརྒྱབ༔ ལིང་རོ་དུག་ཤིང་ཚེར་མ་ཅན་གྱི་མེ་ལ་བསྲེག༔ ཐལ་སོལ་རྡོ་ལེབ་རྒྱ་གྲམ་ཅན་གྱིས་མནན་ཏེ་གཟའ་རྒོད་ཁྱབ་འཇུག་ནག་པོའི་ལྟོ་བར་ཐིམ་པར་བསམ་པས་མནན་བསྲེག་འཕང་བའི་ལས་མཐའ་རྫོགས་པའོ༔ ༈ བླ་འགུག་ཕོ་ཉ་སྦྲན་པའི་ལས་རིམ་ལ༔ ཀྱཻ༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ དོ་ནུབ་བླ་འགུག་ཕོ་ཉར་བཞེངས༔ དོ་ནུབ་བླ་རྐུན་ཇག་པར་ཆོས༔ དོ་ནུབ་བླ་དེ་དམག་ལ་རྒྱུགས༔ དགྲ་བོ་ཆེ་གེའི་བླ་དེ་ནི༔ གལ་ཏེ་མི་ལ་བརྫུ་བ་ན༔ དོམ་ནག་དམག་གིས་དེད་ལ་ཤོག༔ ཤ་བ་དག་ལ་བརྫུ་བ་ན༔ གསེར་སྟག་སེར་པོས་ཟུང་ལ་ཤོག༔ གཡག་ལ་བརྫུས་ནས་རྒྱུ་བ་ན༔ གཟིག་དམག་དག་གིས་དེད་ལ་ཤོག༔ བྱ་དང་བྱི་འུར་བརྫུ་བ་ན༔ ཁྱུང་ཆེན་དམག་གིས་དེད་ལ་ཤོག༔ བོང་བུ་དག་ཏུ་བརྫུ་བ་ན༔ དྲེད་མོ་དམག་གིས་དེད་ལ་ཤོག༔ བྱི་རུའི་ཁྱི་མོ་མང་པོ་ཡིས༔ དགྲ་བོའི་བླ་ཟུང་མཆེ་བས་སྡོམས༔ ལས་ཀྱི་ལིང་ག་འདི་ལ་ཁུག༔ ཕོབ་ཅིག་གཉིས་སུ་མེད་པར་མཛོད༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་སརྦ་ས་མ་ཡ་ཆེ་གེ་ཛཿཧཱུྃ་བཾ་ ཧོཿ ཆེ་གེའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མནྟྲི་ཛཿཧཱུྃ་བཾ་ ཧོཿ ནྲྀ་ཨ་ཀཪྴ་ཡ་ཛ་ཛཿཞེས་སྲོད་དང་ནམ་ཕྱེད་ཐོ་རངས་རྣམས་སུ་འབད་ཅིང་བྱའོ༔ ༈ དེ་ནས་གཟུ་དཔང་ལས་ཀྱི་རིམ༔ གསེར་སྐྱེམས་མཆོད་ལ༔ ཀྱཻ༔ དཀོན་མཆོག་གསུམ་པོ་གཟུ་དང་དཔང་༔ སྐུ་གསུམ་རྒྱལ་བ་གཟུ་དང་དཔང་༔ རྩ་གསུམ་ལྷ་ཚོགས་གཟུ་དང་དཔང་༔ བཀའ་སྲུང་དམ་ཅན་གཟུ་དང་དཔང་༔ ཡེ་ཤེས་འཇིག་རྟེན་ལྷ་རྣམས་ཀུན༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ ཐོག་མ་བར་དང་ཐ་མ་གསུམ༔ ང་ཡི་སྒོ་གསུམ་མ་ཉེས་སོ༔ སྟེང་གི་ལྷ་ལ་ཉེས་མ་བྱས༔ བར་གྱི་གཉན་ལ་ཉེས་མ་བྱས༔ འོག་གི་ཀླུ་ལ་ཉེས་མ་བྱས༔ མ་ཉེས་རང་སར་འདུག་པ་ལ༔ སྡང་བའི་དགྲ་བོ་དམ་ཉམས་འདིས༔ ཕོད་བཙུག་དོ་བསྡོས་འགྲས་ཡ་བྱས༔ རང་དབང་མེད་པར་དུག་ལྔ་དཀྲུགས༔ བཟོད་མེད་སྡུག་བསྔལ་ཐོག་ཏུ་ཕབ༔ ལོངས་སྤྱོད་དཔལ་ལ་རྐུ་འཕྲོག་བཅོམ༔ ད་ནི་བཟོད་བརླག་མ་མཆིས་པས༔ སྐྱབས་གནས་མཆོག་གསུམ་དྲན་ཅིང་བསྐུལ༔ ཁྱེད་ཀྱི་བདེན་པའི་ནུས་སྟོབས་ཀྱིས༔ བཀའ་སྲུང་དྲེགས་ཚོགས་དབང་བསྡུས་ལ༔ ང་ཡི་སྐྱབས་མགོན་དཔུང་གཉེན་མཛོད༔ དགྲ་བོ་བསྒྲལ་བའི་ལས་ལ་བསྐུལ༔ བསླུའམ་མི་བསླུ་དཀོན་མཆོག་གསུམ༔ རེ་ལྟོས་གཏན་གྱི་རྟེན་དུ་བརྟེན༔ ཐུགས་རྗེས་ཡལ་བར་དོར་སྲིད་ན༔ དཀོན་མཆོག་སྐྱབས་སུ་བསྟེན་པ་དང་༔ ལྷ་ཆོས་སྒྲུབ་པ་དོན་རེ་ཆུང་༔ བདེན་གཉིས་དོན་ལ་བདེན་མཆིས་ན༔ ད་ལྟ་དུས་ལ་བབ་དུས་འདིར༔ བསླུའམ་མི་བསླུ་ཁྱེད་ཀྱིས་ཤེས༔ དམ་ཚིག་གཉན་པོ་དཔང་བཙུགས་ནས༔ བཀའ་སྲུང་དམ་ཅན་རྦད་བསྐུལ་ན༔ འདའ་མ་མི་འདའ་ཁྱེད་ཀྱིས་ཤེས༔ དཔང་གྱུར་སྐྱབས་མཆོག་གཟུ་དཔང་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ༈ དེ་ནས་མཁྱེན་དཔང་ལས་རིམ་ལ༔ ཀྱཻ༔ གསོན་ཅིག་དགོངས་ཤིག་དཀོན་མཆོག་གསུམ༔ རྣལ་འབྱོར་བདག་ནི་མ་ཉེས་ཀྱང་༔ དགྲ་བོ་མི་སྲུན་རྒོལ་བ་ལང་༔ སྒོ་གསུམ་དགེ་བ་བསྐུལ་སྙམ་ཡང་༔ ཕྱི་ནང་བར་ཆད་འཚུབས་མ་ལང་༔ བཟོད་མེད་སྡུག་བསྔལ་ཐོག་ཏུ་བབ༔ ཡུལ་ངན་རྐྱེན་ངན་ཡོ་ལངས་གཡོས༔ སྐྱབས་དང་སྐྱེལ་མ་མ་མཆིས་པས༔ ཉམ་ཐག་སྡུག་བསྔལ་ཁུར་མ་བཟོད༔ བཀའ་སྲུང་དམ་ཅན་དཔུང་ལ་བསྐུལ༔ ཀྱཻ་མ་ཀྱི་ཧུད་དཀོན་མཆོག་གསུམ༔ སྤྱིར་གྱི་བསྟན་དང་གང་ཟག་ཆེད༔ སྒོས་སུ་དགེ་འདུན་སྔགས་པའི་ཆེད༔ མཐུ་སྒྲུབ་དྲག་པོའི་ལས་བརྩོན་ལ༔ འབྲས་བུ་མཆིས་པ་བཀའ་སྲུང་རྣམས༔ རྩེ་གཅིག་བསྙེན་སྒྲུབ་གསོལ་མཆོད་ན༔ ལང་ཀ་པུ་རིའི་སྲིན་པོ་དང་༔ ལང་ཀ་ཤོད་ཀྱི་སྲིན་མོ་ཡང་༔ ཕ་མ་བུ་ཚ་བཞིན་བརྩེ་གདུང་༔ དེས་ན་ལྷ་སྲུང་ཐུགས་རེ་གཡེལ༔ བསླུ་མེད་མཆོག་གསུམ་མཁྱེན་པར་གསོལ༔ བཀའ་སྲུང་སྒྲུབ་པོ་མཐུ་མ་ཆུང་༔ དམ་ཅན་སྒྲུབ་པོ་རྩལ་མ་ཞན༔ དམ་ཅན་སྒྲུབ་པོ་དོན་མ་ཆུང་༔ དམ་ཅན་སྒྲུབ་པོ་ཆུད་མ་གསོན༔ དཀོན་མཆོག་གསུམ་གྱིས་མཁྱེན་པར་གསོལ༔ རྩ་གསུམ་རྒྱ་མཚོས་མཁྱེན་པར་གསོལ༔ བཀའ་སྲུང་དམ་ཅན་མཁྱེན་པར་གསོལ༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་གསེར་སྐྱེམས་གཏོར་མ་ཕྱི་རོལ་དུ་དོར༔ ༈ བླ་རྟེན་སྲོག་འཁོར་ལས་རིམ་ལ༔ དར་རམ་རས་སམ་ཤོག་གུ་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ ལྟེ་བར་རྡོ་རྗེ་ལེགས་པ་ཡི༔ སྐུ་གཟུགས་བྲིས་པའི་སྙིང་གར་ཏྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་བཛྲ་ལི་ལ་མ་ཛཿཧཱུྃ་བཾ་ཧོཿ དམ་ཅན་རྡོ་རྗེ་ལེགས་པའི་བླ་དང་སྲོག་གནས་ཤིང་བརྟན་པར་གྱུར་ཅིག༔ ཅེས་བྲི༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཨཿཡཿམཿདུཿརུཿཙཿཤཿནཿཞེས་བྲི༔ རྩིབས་མཆན་རྣམས་སུ་མིག་རེ་བྲིས༔ དེ་མཐར་མུ་ཁྱུད་བཞི་བ་ལ༔ འབོད་རྦད་བསད་པའི་སྔགས་རྣམས་མཐར༔ དམ་ཅན་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཡང་འཁོར་བརྒྱད་ཁྲི་བཞི་སྟོང་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སྲོག་འཁོར་འདི་ལ་གནས་ཤིང་བརྟན་པར་མཛོད་ཅིག༔ འཆང་བ་པོ་འདི་ལ་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་བརྩེ་བ་དང་སྐྱོང་བ་དང་འགོ་བ་དང་མགོན་སྐྱབས་དང་དཔུང་གཉེན་དམ་པ་མཛད་ཅིང་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛོད་ཅིག༔ བཛྲ་ས་མ་ཡ༔ དེ་མཐར་ཨ་ལི་ཀ་ལི་རྟེན་སྙིང་བྲིས༔ མཐར་མེ་རླུང་ར་བས་བསྐོར༔ རྫས་ལ་ཕ་ཝང་ལོང་བུ་བཟང་པོ་དྲུག༔ གསེར་གཡུ་དུང་གསུམ་བླུགས་ནས་རྟེན་དུ་བཙུགས༔ འབྲལ་མེད་རྟེན་དུ་བཅིང་བས་བྲན་འཁོར་འགྱུར༔ (བརྡ་ཡིག་) ཅེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཀའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།