ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་ལེན་དམར་པོའི་དྲག་བསྐང་རྣོ་བའི་མདེའི་ཐུང་༔

From Dudjom Wiki
TTDL-ZABTER-09-TA-034
Wylie title zab gsang mkha' 'gro'i snying thig las: btsan rgod srog len dmar po'i drag bskang rno ba'i mde'i thung: TTDL-ZABTER-09-TA-034.pdf
Location bdud 'joms gling pa zab gter
Volume 9, Text 34, Pages 247-248 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las btsan rgod srog len dmar po'i drag bskang rno ba'i mde'i thung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 247-248. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag bskang   Verso: bdud 'joms bka' srung btsan rgod skya bdun
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་སློབ་བུ་འཇིགས་མེད་དམ་ཆོས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡི་གེར་ཕབ་པའོ།།

zhes pa 'di yang slob bu 'jigs med dam chos kyis bskul ngor khrag 'thung bdud 'joms rdo rjes yi ger phab pa'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་ལེན་དམར་པོའི་དྲག་བསྐང་རྣོ་བའི་མདེའི་ཐུང་ཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཤ་ཁྲག་དམར་གྱི་གཏོར་མ་བཤམས༔ ར་ཚིལ་དང་ནི་ཚིལ་ཆེན་གྱི༔ གསུར་ཆེན་རྒྱུན་མི་འཆད་པར་བཏང་༔ ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས༔ ཨ་ཀཱ་རོ་སོགས་དང་ནམ་མཁའ་མཛོད་སྔགས་ཀྱིས༔ མི་ཟད་རྒྱན་གྱི་ལོངས་སྤྱོད་རྒྱ་ཆེན་སྤེལ༔ རང་ཉིད་ལྷ་ཡི་ང་རྒྱལ་བརྟན་པོས༔ ཀྱཻ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ བཙན་རྒོད་རོལ་པ་སྐྱ་བདུན་པོ༔ དད་དང་དམ་ཚིག་གཉན་གྱིས་འབོད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དགྲ་བོ་ཧུར་ཐུམ་གསོད་པའི་ཕྱིར༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎ་ཚོགས༔ དགྲ་བོའི་ཤ་ཁྲག་སྲོག་དབུགས་དཀོར༔ བཤོས་བུ་དམར་ནག་ཤ་ཡིས་བརྒྱན༔ ཆང་སྐྱེམས་ཁྲག་སྐྱེམས་ཇ་ཡི་སྐྱེམས༔ གསེར་སྐྱེམས་ཟངས་སྐྱེམས་བདུད་རྩིའི་མཚོ༔ ར་ཤ་ཁྲག་ཚིལ་ཤ་ཆེན་གསུར༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་ཡོན་ནམ་མཁའ་མཛོད་ཆེན་པོ༔ གནོད་སྦྱིན་ཙིའུ་དམར་ཐུགས་དམ་བསྐང་༔ ཡམ་ཤུད་དམར་པོའི༴ སྲོག་ལེན་དམར་པོའི༴ གྲི་བཙན་ཐུམ་པོའི༴ རྡོ་རྗེ་ལེགས་པའི༴ རོལ་པ་སྐྱ་བདུན༴ འབར་བ་སྤུན་བདུན༴ གནམ་བཙན་མཐིང་ཡུམ༴ ཆུ་བཙན་དཀར་པོའི༴ ས་བཙན་སེར་པོའི༴ མེ་བཙན་དམར་པོའི༴ རླུང་བཙན་ལྗང་ཀུའི༴ རྡོ་བཙན་ཁྲ་བོའི༴ ཤིང་བཙན་སྔོན་པོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་དགྲ་ལ་རྦད༔ བསྐུལ་ལོ་རྒྱུགས་ཤིག་ལས་ལ་ཆོས༔ དགྲ་ལས་གཞན་དུ་འབྱམས་མ་བྱེད༔ ཐོག་རྡུག་མེད་པར་ཧུར་ཐུམ་སོད༔ སྔགས་མཁན་རང་ལ་སླར་མ་ལྡོག༔ དགྲ་བོའི་མི་ནོར་དཀོར་དང་བཅས༔ རྗེས་ལྷག་མེད་པའི་ས་རུ་གཏུག༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་དམ་གཉན་པོ་དཔང་བཞག་སྟེ༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག་༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ མ་གཡེལ་མ་འགྱངས་ས་མ་ཡ༔ འདི་ལྟར་གྲངས་ལྡན་བསྐང་བ་ཡིས༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་འགྲུབ༔ བསྐང་བ་འདི་མེད་སྲོག་གི་ལས༔ བསྒྲུབ་ཀྱང་འགྲུབ་པ་ཤིན་ཏུ་དཀོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་སློབ་བུ་འཇིགས་མེད་དམ་ཆོས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡི་གེར་ཕབ་པའོ།།