ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་བཙན་རྒོད་རོལ་པ་སྐྱ་བདུན་གྱི་གཉེར་གཏད་བཅོལ་གཏམ་ཡིད་བཞིན་འཁོར་ལོ༔

From Dudjom Wiki
TTDL-ZABTER-09-TA-036
Wylie title zab gsang mkha' 'gro'i snying thig las: gnod sbyin btsan rgod rol pa skya bdun gyi gnyer gtad bcol gtam yid bzhin 'khor lo: TTDL-ZABTER-09-TA-036.pdf
Location bdud 'joms gling pa zab gter
Volume 9, Text 36, Pages 253-255 (Folios 1a1 to 2a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gnod sbyin btsan rgod rol pa skya bdun gyi gnyer gtad bcol gtam yid bzhin 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 253-255. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gnyer gtad   Verso: bdud 'joms bka' srung btsan rgod skya bdun
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Entrustment Rituals- srog gtad
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་འཇིགས་མེད་དམ་ཆོས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མང་ལཾ།།

zhes pa 'di yang 'jigs med dam chos kyis nan du bskul ngor bdud 'joms rdo rjes mkha' 'gro'i brda ris las dag par phab pa'o/_/dge'o/_/legs so/_/sarba mang laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་བཙན་རྒོད་རོལ་པ་སྐྱ་བདུན་གྱི་གཉེར་གཏད་བཅོལ་གཏམ་ཡིད་བཞིན་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) སྐྱེས་བུ་རོལ་པ་སྐྱ་བདུན་ནི༔ ལས་ཀྱི་ཕོ་ཉར་བསྟེན་པ་ཡི༔ པདྨ་ང་ཡི་བརྒྱུད་འཛིན་བུས༔ གཉེར་གཏད་བཅོལ་གཏམ་ལ་བརྩོན་གནད༔ ཟངས་སྣོད་ཆག་གྲུམ་མེད་པའི་ནང་༔ གྲུ་གསུམ་རིམ་བརྩེགས་གདན་གྱི་སྟེང་༔ དམར་གྱི་གཏོར་མ་བརྗིད་ལྡན་བདུན༔ ཤ་ཁྲག་དམར་གྱིས་བརྒྱན་པ་བཤམས༔ འདོད་རྒུའི་གཏེར་དུ་བྱིན་གྱིས་བརླབས༔ དེ་ནས་འདི་ལྟར་བཅོལ་གཏམ་བྱ༔ ཧོཿ དགོངས་སུ་གསོལ་ལོ༔ ལན་གསུམ་ནས༔ དཀོན་མཆོག་གསུམ་གྱི་སྲུང་མ༔ འབྱུང་བ་ལྔའི་དབང་ཕྱུག༔ ཁམས་གསུམ་སྲོག་གི་གཉེར་འཛིན༔ འགྲོ་བའི་དབུགས་ཀྱི་བདག་པོ༔ བྷ་ཏ་ཧོར་གྱི་དཀོར་སྲུང་༔ གཙུག་ལག་ཁང་གི་བདག་པོ༔ ཤམ་བྷ་ལ་ཡི་ཞིང་སྐྱོང་༔ དབུ་ནག་བོད་ཀྱི་ཡུལ་ལྷ་ཆེན་པོ༔ ཨོ་རྒྱན་ཆེན་པའི་བཀའ་ཉན༔ གནོད་སྦྱིན་ཙིའུ་དམར་པོ༔ སྐྱེས་བུ་རོལ་པ་སྐྱ་བདུན་འཁོར་དང་བཅས་པ་དགོངས་སུ་གསོལ༔ རྒན་གྱི་ཕ་ཁུ་མན་ཆད་ནས༔ བུ་ཚ་ད་སྐྱེས་ཡན་ཆད་པ༔ དེ་ཀུན་ཁྱོད་ཀྱི་གྲོགས་ཡིན་ཏེ༔ གྲོགས་རྣམས་སྲུངས་ལ་སྐྱབས་མཛོད་ཅིག༔ མ་དང་གསང་ཡུམ་མན་ཆད་ནས༔ མདངས་སྐྱེས་བུ་མོ་ཡན་ཆད་པ༔ འདི་དག་ཁྱོད་ཀྱི་སྲིད་མཚོ་སྟེ༔ སྲིད་མཚོ་སྐྱོངས་ལ་སྐྱབས་མཛོད་ཅིག༔ གསེར་དངུལ་ཟངས་ལྕགས་མན་ཆད་ནས༔ དུང་དང་ར་གན་ཡན་ཆད་པ༔ འདི་དག་ཁྱོད་ཀྱི་ནོར་ཡིན་པས༔ ནོར་རྣམས་སྲུངས་ལ་སྐྱབས་མཛོད་ཅིག༔ དར་གོས་སྣམ་ཕྲུག་མན་ཆད་ནས༔ རེ་ལྡེ་ཕྱར་བ་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་དཀོར་ཡིན་པས༔ དཀོར་རྣམས་སྐྱོངས་ལ་སྐྱབས་མཛོད་ཅིག༔ ཐག་པ་འབྲིང་བ་མན་ཆད་ནས༔ གྲུ་གུ་སྐུད་པ་ཡན་ཆད་པ༔ འདི་དག་ཁྱོད་ཀྱི་བླང་ཡིན་པས༔ བླང་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ མདའ་མདུང་རལ་གྲི་མན་ཆད་ནས༔ འབིག་ཁབ་གྲི་ཆུང་ཡན་ཆད་པ༔ འདི་དག་ཁྱོད་ཀྱི་མཚོན་ཡིན་ཏེ༔ མཚོན་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ ཁྲབ་བེམ་ཚེམ་ཚེམ་མན་ཆད་ནས༔ ལྭ་བ་གོང་དམར་ཡན་ཆད་པ༔ འདི་དག་ཁྱོད་ཀྱི་གོས་ཡིན་ཏེ༔ གོས་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ ཟངས་དང་ཁྲོ་སྣོད་མན་ཆད་ནས༔ ཁོག་མ་ཁོག་ཁྲིས་ཡན་ཆད་པ༔ འདི་དག་ཁྱོད་ཀྱི་ཉེར་སྤྱོད་དེ༔ ཉེར་སྤྱོད་སྐྱོངས་ལ་སྐྱབས་མཛོད་ཅིག༔ མདོར་ན་བདག་གིས་བདག་བཟུང་བའི༔ ནོར་རྫས་ལོངས་སྤྱོད་འདོད་རྒུའི་ཚོགས༔ བཀའ་སྲུང་ཁྱོད་ལ་གཉེར་དུ་གཏད༔ དགྲ་འདྲེའི་དབང་དུ་མ་བཏང་བར༔ ཉིན་རྫི་མཚན་གྱི་མེལ་རྩེ་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ བཅོལ་བའི་ལས་དེ་གྲུབ་པར་མཛོད༔ དེ་ལྟར་བཅོལ་གཏམ་བྱས་པ་ཡིས༔ ཕ་མ་བུ་ཚ་ཇི་བཞིན་དུ༔ བྱམས་དང་བརྩེ་བས་རྟག་སྐྱོང་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འཇིགས་མེད་དམ་ཆོས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མང་ལཾ།།