ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་སྤྱི་བསང་བསྡུས་པ་དོན་གཉིས་དཔལ་སྟེར༔

From Dudjom Wiki
TTDL-ZABTER-13-PA-097
Wylie title chos nyid nam mkha'i klong mdzod las: rtsa gsum dpa' bo mkha' 'gro'i spyi bsang bsdus pa don gnyis dpal ster: TTDL-ZABTER-13-PA-097.pdf
Location bdud 'joms gling pa zab gter
Volume 13, Text 97, Pages 355-358 (Folios 1a1 to 2b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las rtsa gsum dpa' bo mkha' 'gro'i spyi bsang bsdus pa don gnyis dpal ster. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 355-358. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: spyi bsang   Verso: bdud 'joms rtsa gsum srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Smoke Offerings - bsangs mchod - lha bsang
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Srung ma
Colophon

ཞེས་པ་འདི་ཡང་རང་སློབ་དམ་པ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ཀྱི་བརྡ་རིས་ལས་བསྒྱུར་བས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ།།

zhes pa 'di yang rang slob dam pa ngag dbang phrin las kyis nan du bskul ngor klong yangs nam mkha'i rnal 'byor pa rig 'dzin bdud 'joms rdo rjes chos nyid nam mkha'i mdzod kyi brda ris las bsgyur bas phrin las rab 'byams thogs med du 'grub pa'i rgyur gyur cig_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་སྤྱི་བསང་བསྡུས་པ་དོན་གཉིས་དཔལ་སྟེར་བཞུགས་སོ༔ ན་མོ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རྩ་གསུམ་དམ་ཅན་རྒྱ་མཚོ་ཡི༔ བསང་མཆོད་ལག་ལེན་རིམ་པ་ལ༔ བཟང་ཤིང་ཕྱེ་མར་སྤོས་ཀྱི་ཚོགས༔ བསྲེགས་པའི་དུད་པ་བཏང་ནས་སུ༔ རང་ཉིད་སྒྱུ་མ་མཁན་ལྟ་བུ༔ འཕྲུལ་བྱེད་ལྷ་ཡི་ཏིང་འཛིན་གྱིས༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ བསང་རྫས་རྣམས་མི་དམིགས་པ་སྟོང་པར་གྱུར༔ སྟོང་པའི་ངང་ལས་བསང་རྫས་དང་མཆོད་རྫས་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོས་གང་ལ་གང་མཁོ་བ་དང་༔ ཅི་ལ་ཅི་དགྱེས་པའི་འདོད་པའི་ཡོན་ཏན་མ་ཚང་བ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད་ལ༔ ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་ཚོགས༔ སྐྱབས་གནས་དཀོན་མཆོག་གསུམ་པོ་བསང་༔ ཚོགས་གཉིས་ཡོངས་སུ་རྫོགས་གྱུར་ཏེ༔ དོན་གཉིས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་བསང་༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ དོན་གཉིས་ལྷུན་གྲུབ་དངོས་གྲུབ་སྩོལ༔ དགུ་ལྡན་བརྒྱུད་པའི་བླ་མ་དང་༔ ཁྱད་པར་པདྨ་ཀ་ར་ནས༔ མཚུངས་མེད་དྲིན་ཆེན་བླ་མའི་བར༔ རིག་འཛིན་དཔའ་བོ་མཁའ་འགྲོ་བསང་༔ ཚོགས་རྫོགས་མཆོག་ཐུན་དངོས་གྲུབ་སྩོལ༔ ཡི་དམ་རྡོ་རྗེ་གཞོན་ནུ་དང་༔ རྒྱུད་སྡེ་བཞི་དྲུག་ཐེག་པ་དགུར༔ འབྲེལ་བའི་ཡི་དམ་ལྷ་ཚོགས་བསང་༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་དག༔ སྐུ་གཉིས་མངོན་གྱུར་དངོས་གྲུབ་སྩོལ༔ འཁོར་འདས་ཤེས་རབ་དབྱིངས་སྦྱོར་བའི༔ མ་ཅིག་ཁྲོས་མ་ནག་མོ་དང་༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་བསང་༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཀ་དག་མངོན་གྱུར་དངོས་གྲུབ་སྩོལ༔ ཡེ་ཤེས་རྩལ་དུ་སྣང་བ་ཡི༔ སྲིད་པ་ཕོ་རྒྱུད་སྲུང་མ་བསང་༔ ཚོགས་བསགས་སྒྲིབ་པ་ཀུན་དག་ནས༔ མཁྱེན་གཟིགས་ཡེ་ཤེས་དངོས་གྲུབ་སྩོལ༔ ཡེ་ཤེས་པ་ལ་འཇིག་རྟེན་གྱི༔ ཚུལ་འཛིན་གཉིས་སྐྱོང་སྲུང་མ་བསང་༔ མ་རིག་སྒྲིབ་པ་ཀུན་དག་ནས༔ རང་རིག་མངོན་གྱུར་དངོས་གྲུབ་སྩོལ༔ ཡེ་ཤེས་རྩལ་ལས་འཇིག་རྟེན་ཚུལ༔ ཉོན་མོངས་རང་རྒྱུད་འཁྲུལ་པའི་རྒྱུས༔ མི་སྲུན་དྲེགས་པ་སྡེ་བརྒྱད་ཚོགསས༔ མཐུ་དང་རྫུ་འཕྲུལ་ཐོགས་པ་མེད༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོའི་རྗེས་གཅོད་དེ༔ ཉམས་པའི་སྲོག་རྩ་ཧུར་ཐུམ་གཏོང་༔ དམ་ཚིག་གཉན་པོའི་སྲོག་འཛིན་ཅིང་༔ ཟབ་གསང་བསྟན་པའི་བྱ་ར་བ༔ དབང་ཕྱུག་མ་ཧཱ་དཱེ་ཝ་བསང་༔ གནོད་སྦྱིན་ཤན་པ་དམར་ནག་བསང་༔ གཟའ་བདུད་དུག་གི་སྤུ་གྲི་བསང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་བསང་༔ བཙན་རྒོད་རོལ་པ་སྐྱ་བདུན་བསང་༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོ་བསང་༔ དམ་ཅན་རྡོ་རྗེ་ལེགས་པ་སོགས༔ ཟབ་གསང་གཉན་པོའི་བསྟན་སྲུང་གི༔ འཁོར་དང་ཡང་འཁོར་བཅས་པ་བསང་༔ ལྷ་ལ་གཏོགས་པའི་ལྷ་སྲུང་བསང་༔ གཉན་ལ་གཏོགས་པའི་གཉན་རིགས་བསང་༔ ཀླུ་ལ་གཏོགས་པའི་ཀླུ་རིགས་བསང་༔ གཏོལ་ལ་གཏོགས་པའི་གཏོལ་རིགས་བསང་༔ ཁྱད་པར་འབྱུང་བ་ཆེན་པོ་ལྔར༔ རྒྱུ་གནས་ཉོན་ལྔའི་རྐྱེན་འཕྲད་པའི༔ རྟེན་འབྲེལ་སྲིད་པའི་ལྷ་སྲུང་བསང་༔ དགྲ་བླ་ཡུལ་ལྷ་གཞི་བདག་བསང་༔ བསྙེན་ཅིང་བསྒྲུབ་པའི་སྲུང་མ་དང་༔ མ་སྒྲུབ་རང་འཁོར་སྲུང་མར་བཅས༔ མ་ལུས་ལུས་པ་མེད་པ་ལ༔ བསྐང་ངོ་མཆོད་དོ་བསང་ཞིང་བརྔན༔ ཁྱེད་ཅག་བསང་མཆོད་བྱས་པ་དང་༔ གསང་སྔགས་རྟེན་འབྲེལ་ཟབ་མོའི་མཐུས༔ ཀུན་ཀྱང་ཟག་མེད་བདེར་སྤྱོད་དེ༔ མཐུ་དང་ནུས་སྟོབས་རྩལ་རྒྱས་ཤོག༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ ཡུམ་དང་འཁོར་དང་ཡང་འཁོར་བཅས༔ མ་ལུས་ལུས་པ་མེད་པ་བསང་༔ བགེགས་རྒྱལ་བཱི་ན་ཡ་ཀ་དང་༔ དེ་འཁྲུལ་དེ་ཡི་འཁོར་དང་བཅས༔ མ་ལུས་ལུས་པ་མེད་པ་བསང་༔ དུག་ལྔའི་རྒྱུ་རྐྱེན་རྟེན་འབྲེལ་ལས༔ འཁྲུལ་སྣང་ཁམས་གསུམ་སེམས་ཅན་བསང་༔ ཀུན་ཀྱང་མ་རིག་འཁྲུལ་པ་ལས༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཀ་དག་ཀུན་ཏུ་བཟང་པོའི་ཀློང་༔ མངོན་གྱུར་ཡང་དག་སངས་རྒྱས་ཤོག༔ བདག་ཅག་རྡོ་རྗེའི་མཆེད་ལྕམ་ཀུན༔ མི་སློབ་འབྲས་བུ་མ་ཐོབ་བར༔ ཁྱོད་རྣམས་དམ་ཚིག་སྲོག་ཐོབ་ནས༔ རབ་འབྱམས་ཕྲིན་ལས་དབང་བསྒྱུར་ཏེ༔ འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ དེ་ལྟར་བསང་མཆོད་བྱས་པ་ཡིས༔ སྒྲུབ་པའི་འགལ་རྐྱེན་ཀུན་བཟློག་ཅིང་༔ མཐུན་རྐྱེན་བདེ་ལེགས་འབད་མེད་འགྲུབ༔ ཕྲིན་ལས་ཡོངས་གྲུབ་དཔལ་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་རང་སློབ་དམ་པ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ཀྱི་བརྡ་རིས་ལས་བསྒྱུར་བས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ།། །།