འཇམ་དབྱངས་གསོལ་འདེབས་རྒྱལ་དང་རྒྱལ་སྲས་སོགས།

From Dudjom Wiki
TTDL-ZABTER-14-PHA-065
Wylie title 'jam dbyangs gsol 'debs rgyal dang rgyal sras sogs TTDL-ZABTER-14-PHA-065.pdf
Location bdud 'joms gling pa zab gter
Volume 14, Text 65, Pages 443 (Folios 1a1 to 1a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. 'jam dbyangs gsol 'debs rgyal dang rgyal sras sogs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 443. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'jam dbyangs gsol 'debs  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity 'jam dpal dbyangs
Colophon

ཅེས་པ་འདི་ནི་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སོ།།

ces pa 'di ni bdud 'joms rdo rje khro lod rtsal gyis so//

[edit]
༄༅། །སྭསྟི༔ རྒྱལ་དང་རྒྱལ་སྲས་མ་ལུས་འདུས་པའི་ཞལ༔ མཁྱེན་གཉིས་ཡོན་ཏན་དུ་མའི་གཏེར་ཆེན་པོ༔ མགོན་པོ་འཇམ་པའི་དབྱངས་ལ་གསོལ་བ་འདེབས༔ མ་རིག་བག་ཆགས་སྒོང་རྒྱར་དུབ་པ་ཡི༔ གཟུང་འཛིན་ལམ་དུ་འཕྱན་པའི་སྐྱེས་བུ་བདག༔ མཁྱེན་གཟིགས་ཡེ་ཤེས་ཆེན་པོའི་ངང་དུ་རློབས༔ སྟོང་པ་ཡེ་ཤེས་མི་གཡོ་ཆོས་ཀྱི་སྐུ༔ གསལ་བ་འགགས་མེད་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཀུན་ཁྱབ་ཡེ་ཤེས་ཕྱོགས་མེད་སྤྲུལ་པའི་སྐུ༔ མཉམ་ཉིད་ངང་གནས་ཡེ་ཤེས་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་མགོན་པོ་འཇམ་པའི་དབྱངས༔ གསོལ་བ་འདེབས་སོ་མཁྱེན་བརྩེ་ནུས་པས་དགོངས༔ སྣང་འགྱུར་སྲིད་པར་རང་རྒྱུད་འཐས་པ་ཡི༔ མི་གཞན་རང་ལ་ཡུལ་དང་བདག་རྒྱུད་གོལ༔ གནས་འགྱུར་སྲིད་པ་རླུང་གི་འཁོར་ལོར་བཅུག༔ འཁྲུལ་སྣང་འདི་ལས་དཔའ་བོས་བསྒྲལ་དུ་གསོལ༔ མ་རིག་མལ་ནས་ཐུགས་རྗེས་བསླང་དུ་གསོལ༔ གཉིད་འཐུག་འདི་ལས་བླ་མས་དཀྲོག་པར་མཛོད༔ སྡུག་བསྔལ་འདི་ལས་མགོན་པོས་བསྐྱབ་ཏུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཆེན་པོའི་དགོངས་ཀློང་དུ༔ སྒོ་གསུམ་དག་མཉམ་རྡོ་རྗེའི་གདིང་ཐོབ་ནས༔ བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཅེས་པ་འདི་ནི་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སོ།། །།