དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མའི་ཚོགས་མཆོད་འདོད་ཡོན་སྤྲིན་དཔུང་༔

From Dudjom Wiki
TTDL-ZABTER-15-BA-003
Wylie title dag snang ye shes drwa ba las: bla ma'i tshogs mchod 'dod yon sprin dpung: TTDL-ZABTER-15-BA-003.pdf
Location bdud 'joms gling pa zab gter
Volume 15, Text 3, Pages 9-12 (Folios 1a1 to 2b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las bla ma'i tshogs mchod 'dod yon sprin dpung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 9-12. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: tshogs mchod   Verso: bdud 'joms bla sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Feast Offering - tshogs mchod - tshogs kyi 'khor lo
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་པ་འདི་ཡང་ཕྲིན་ལས་འགྲོ་འདུལ་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།།

zhes pa 'di yang phrin las 'gro 'dul rdo rjes bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'i yi ge pa ni phun tshogs bkra shis so/_/dge'o//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མའི་ཚོགས་མཆོད་འདོད་ཡོན་སྤྲིན་དཔུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཡང་དག་ལམ་ཞུགས་སྐྱེས་བུ་ཡིས༔ ཉམས་ཆག་མ་ལུས་སྐོང་བའི་ཕྱིར༔ འབྱོར་ཚོགས་འདོད་ཡོན་བཤམས་བྱས་ནས༔ ཏིང་འཛིན་ནམ་མཁའ་མཛོད་ཀྱིས་སྤེལ༔ རཾ་ཡཾ་ཁཾ༔ རྣམ་རྟོག་མཚན་མའི་བག་ཆགས་སྦྱངས༔ རྣམ་དག་ཡེ་ཤེས་བདུད་རྩི་ཡིས༔ རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་གྱུར༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ བཀའ་དྲིན་གསུམ་ལྡན་བླ་མ་ལ༔ བརྒྱུད་གསུམ་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་ཞིང་བར་པ་བཤགས་པ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ན་མོ་སརྦ་མ་ཧཱ་གུ་རུ་ག་ཎ་ཙཀྲ་ཁཱ་ཧི༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ དེ་ནས་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ༔ མ་རིག་ཉོན་འཁྲུལ་དགྲ་བགེགས་རྣམས༔ བདག་མེད་ཡེ་ཤེས་ཆེན་པོས་བསྒྲལ༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ རིག་འཛིན་བླ་མའི་ཞལ་དུ་བསྟབས༔ སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ༔ སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ལྷག་སྐྱོང་རྣམས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་བཞེས༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ཨུཙྪི་ཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ བདག་རྟོག་འཁོར་བའི་བག་ཆགས་བསྒྲལ༔ མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ༔ དེ་ནས་ཆད་མདོ་ལ༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ བར་དུ་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཐ་མ་རིག་འཛིན་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བཀའ་སྲུང་གཉན་པོ་ཐམས་ཅད་ཀུན༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཆད་བཞིན་ཕྲིན་ལས་ཡོངས་གྲུབ་མཛོད༔ བཛྲ་ས་མ་ཡ༔ དེ་ནས་བརྟན་སྐྱོང་ལ༔ ཧཱུྃ༔ བོད་ཁམས་སྐྱོང་བའི་མ་སྲིང་སྡེ༔ བརྟན་མ་ཆེན་མོ་བཅུ་གཉིས་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ ཕྱིར་རོལ་བདུད་སྡེའི་དཔུང་ཆོམས་ལ༔ བོད་ཁམས་བདེ་བའི་ཕྲིན་ལས་མཛོད༔ མ་མ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་ནི༔ ཧཱུྃ༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ ཡེ་ཤེས་རོལ་པའི་རྟ་བྲོ་བརྡུང་༔ བདག་ལྟ་རཱུ་ཏྲ་འཁོར་བའི་འདྲེ༔ བདག་མེད་ཆེན་པོའི་དབྱིངས་སུ་མནན༔ དེ་ནས་དངོས་གྲུབ་བླངས་ཤིང་བཤགས་པ་ནི༔ ཧཱུྃ༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ གསང་བ་གསུམ་གྱི་དབང་དངོས་གྲུབ༔ མ་ལུས་བདག་ལ་སྩལ་དུ་གསོལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྡུ་རིམ་ནི༔ ཧཱུྃ༔ ཁམས་གསུམ་སྐུ་གསུང་ཐུགས་སུ་བསྡུ༔ སྐུ་གསུམ་དབྱེར་མེད་བདེ་ཆེན་ངང་༔ ཨ་ཨཱཿདེ་ནས་རྗེས་ཐོབ་ནི༔ ཧཱུྃ༔ ཡེ་ནས་མ་བཙལ་རྫོགས་ལྡན་གྱི༔ ཡེ་རིག་ཆོས་སྐུའི་བླ་མར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་བསྔོ་སྨོན་ལ༔ ཧཱུྃ༔ བདག་གིས་རྣམ་དཀར་དགེ་བསགས་ཀུན༔ འགྲོ་བ་སེམས་ཅན་ཡོངས་ལ་བསྔོ༔ ཀུན་ཀྱང་རང་རིག་མངོན་གྱུར་ནས༔ རྣམ་མཁྱེན་སངས་རྒྱས་ས་ཐོབ་ཤོག༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ དག་མཉམ་གཞི་ཡི་བཀྲ་ཤིས་ཤོག༔ མ་བསྒོམ་ལམ་གྱི་བཀྲ་ཤིས་ཤོག༔ ཡེ་གྲོལ་འབྲས་བུའི་བཀྲ་ཤིས་ཤོག༔ རང་ཐོག་རང་གྲོལ་བཀྲ་ཤིས་ཤོག༔ དེ་ལྟར་རིག་འཛིན་བླ་མ་ཡི༔ སྒྲུབ་པ་ལྷུར་ལེན་སྐལ་བཟང་ཀུན༔ རྣམ་མཁྱེན་ལམ་གྱི་དམ་པ་འཐོབ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཕྲིན་ལས་འགྲོ་འདུལ་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། །།