དག་སྣང་ཡེ་ཤེས་དྲྭ་བ་ལས༔ ངག་དབང་དབྱངས་ཅན་ལྷ་མོའི་མངོན་རྟོགས་དངོས་གྲུབ་ཆར་འབེབས༔

From Dudjom Wiki
TTDL-ZABTER-15-BA-017
Wylie title dag snang ye shes drwa ba las: ngag dbang dbyangs can lha mo'i mngon rtogs dngos grub char 'bebs: TTDL-ZABTER-15-BA-017.pdf
Location bdud 'joms gling pa zab gter
Volume 15, Text 17, Pages 73-76 (Folios 1a1 to 2b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las ngag dbang dbyangs can lha mo'i mngon rtogs dngos grub char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 73-76. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mngon rtogs   Verso: bdud 'joms dbyangs can ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity dbyangs can ma
Colophon

ཞེས་པ་འདི་ཡང་ཕན་གྲོགས་ཀྱི་མཆོག་གྱུར་སྐལ་བཟང་ལྷ་མོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang phan grogs kyi mchog gyur skal bzang lha mos bskul ngor bdud 'joms rdo rjes dag snang ye shes drwa ba las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ ངག་དབང་དབྱངས་ཅན་ལྷ་མོའི་མངོན་རྟོགས་དངོས་གྲུབ་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༁ྃ༔ (བརྡ་ཡིག་) དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ བསླུ་མེད་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ མར་གྱུར་མཁའ་མཉམ་སེམས་ཅན་རྣམས༔ སྲིད་པའི་མཚོ་ལས་བསྒྲལ་བར་བྱ༔ ལན་གསུམ༔ དེ་ནས་ལྷ་བསྐྱེད་པ་་ནི༔ སྣ་ཚོགས་སྣང་བ་གཟུང་འཛིན་ཆོས༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་ཉིད་དེ་བཞིན་ཉིད་དུ་ཨཱ༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ་༔ རིག་པ་རྒྱུ་ཡི་གེ་ཧྲཱིཾ༔ དེ་ལས་འོད་ཕུང་རབ་འཕྲོས་པས༔ སྒྱུ་མའི་ཆོ་འཕྲུལ་ཇི་བཞིན་དུ༔ རྣམ་དག་ཞིང་ཁམས་བཀོད་ལེགས་པའི༔ དབུས་སུ་ལྷུན་གྲུབ་གཞལ་ཡས་ཁང་༔ མཚན་ཉིད་བཀོད་པ་རབ་རྫོགས་པའི༔ དབུས་སུ་པདྨ་འདབ་བཞིའི་སྟེང་༔ ཉི་ཟླའི་གདན་ལ་ཡེ་ཤེས་ཀྱི༔ དབྱངས་ཅན་ལྷ་མོ་སྐུ་མདོག་དམར༔ འགྲོ་དོན་རྒྱུན་ཆད་མེད་པའི་རྟགས༔ ཞབས་གཉིས་བཞེངས་པའི་སྟབས་སུ་བཞུགས་༔ བཅུ་དྲུག་གཞོན་ནུ་མཚན་དཔེས་སྤྲས༔ ཞི་འཛུམ་མཛེས་པའི་ལང་ཚོ་ཅན༔ རིངས་པའི་ཚུལ་གྱིས་མཁའ་ལ་གཟིགས༔ ལྗང་སྔོན་རལ་པའི་ལན་ཚར་ཅན༔ རིན་ཆེན་དབུ་རྒྱན་ཅོད་པན་དང་༔ སྙན་ཆ་ཕྲེང་བ་དར་དཔྱངས་དང་༔ ཤམ་ཐབས་སྐུ་རེག་ལ་སོགས་པའི༔ ལྷ་མོའི་ཆས་རྫོགས་གཞན་ཡིད་འཕྲོག༔ ཕྱག་གཡས་རལ་གྲི་འབར་བ་དང་༔ གཡོན་པས་གསལ་བྱེད་མེ་ལོང་བསྣམས༔ རིགས་བདག་ཀུན་ཏུ་བཟང་མོ་ལ༔ དུས་གསུམ་བདེ་བཤེགས་ཡོངས་སུ་རྫོགས༔ སྲིད་པ་དཔྱིད་ཀྱི་རྒྱལ་མོ་ནི༔ ལྗང་སྐྱ་མྱུ་གུ་དྲིལ་བུ་བསྣམས༔ སྲིད་པ་དབྱར་གྱི་རྒྱལ་མོ་ནི༔ ཕྱག་གཡས་མེ་ཏོག་ཆུན་པོ་དང་༔ གཡོན་པས་ཉི་གཞོན་འོད་འབར་བསྣམས༔ སྲིད་པ་སྟོན་གྱི་རྒྱལ་མོ་ནི༔ དམར་སྐྱ་འབྲས་ཀྱི་སྙེ་མ་འཛིན་༔ སྲིད་པ་དགུན་གྱི་རྒྱལ་མོ་ལྗང་༔ ཕྱག་ན་རྩྭ་ཕྱག་རླུང་གཡབ་བསྣམས༔ དེ་ལྟར་དུས་བཞིའི་རྒྱལ་མོ་ནི༔ མཛེས་སྡུག་ལྟ་བས་ཆོག་མི་ཤེས༔ གཞོན་དང་དར་དང་ཁྲོ་བ་དང་༔ གནམ་སའི་ཆ་ལུགས་ཚུལ་འཆང་མ༔ ཕྱོགས་བཞི་གཙོ་མོ་ལ་འདུད་ཅིང་༔ སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགས༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ འོད་ཀྱིས་འགྲོ་བློ་ཁ་ལོ་བསྒྱུར༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ དབྱིངས་ནས་དབྱིངས་བཞུགས་ཡེ་ཤེས་པ༔ ཁ་བ་བབས་ལྟར་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ནི༔ ཧྲཱིཿལྷ་མོ་ཨུ་མ་དབྱངས་ཅན་མ༔ སྤྲུལ་པའི་འཁོར་ཚོགས་དང་བཅས་པ༔ དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ གདན་གསུམ་དཀྱིལ་འཁོར་ཆེན་པོ་འདིར༔ བཞུགས་ནས་བདག་རྒྱུད་བྱིན་གྱིས་རློབས༔ ཧྲཱིཾཿཧ་རི་ནི་ས་ས་མ་ཡ་ཛ་ཛ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་མཆོད་འབུལ་ནི༔ མ་རིག་མུན་པ་དྲུང་འབྱིན་ཕྱིར༔ ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ༔ འདི་ལྟར་སྣང་བའི་ཆོས་སོ་ཅོག༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ ན་མོ་ན་མ་ ཧོཿ མ་ཧཱ་སརྦ་ག་ཎ་ཙཀྲ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཨེ་མ་ ཧོཿ དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ༔ རྗེ་མཙུན་འཕགས་མ་ལྷ་མོ་དབྱངས་ཅན་མ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ སྐད་ཅིག་འབྲལ་མེད་རྗེས་སུ་བཟུང་དུ་གསོལ༔ ཇི་ལྟ་ཇི་སྙེད་མཁྱེན་གཟིགས་ཡེ་ཤེས་ཀྱིས༔ མི་ཤེས་མ་རིག་མུན་པ་དྲུང་འབྱིན་ནས༔ ཤེས་རབ་ཡེ་ཤེས་མེ་ལྟར་འབར་བར་མཛོད༔ དེ་ནས་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར༔ འཛབ་དམིགས་ནི༔ རང་ཉིད་ལྷ་ཡི་ཐུགས་ཀ་རུ༔ དྭངས་མ་ལྔ་ཡི་ཐིག་ལེའི་དབུས༔ རལ་གྲི་ཧྲཱིཿ ཡིག་མཚན་པ་ཅན༔ ཚོན་གང་མཐའ་བསྐོར་འོད་ཟེར་གྱི༔ ཐག་པ་གཡས་སུ་འཁོར་བར་བསྒོམ༔ ཧྲཱིང་ཧཱིང་ཧྲཱིང་༔ བསྒྲུབ་སྔགས་བཟླ་བ་ནི༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ དུས་བཞིའི་རྒྱལ་མོ་བཞི་བསྐུལ་ཏེ༔ དེ་དག་ལས་ནི་འོད་འཕྲོས་པས༔ སངས་རྒྱས་བྱང་སེམས་ཉན་རང་དང་༔ པཎྜི་ཏ་དང་མཁས་བཙུན་སོགས༔ ཀུན་གྱི་ཤེས་རབ་ཡེ་ཤེས་དཔལ༔ བསྡུས་ཏེ་རང་གི་སྙིང་གར་ཐིམ༔ འབྱུང་བཞིའི་བཅུད་དང་དྭངས་མ་དང་༔ ལྷ་འདྲེ་མི་གསུམ་ཚེ་བསོད་ནམས༔ བསྡུས་ཏེ་ཐུགས་སྲོག་ཧྲཱིཾ༔ ལ་བསྟིམས༔ དུས་བཞིའི་ལྷ་མོ་སོ་སོ་ཡི༔ ཐུགས་ཀར་འོད་ཀློང་ཧ་དང་རི༔ ནི་ས་ལ་ནི་སྔགས་ཀྱིས་བསྐོར༔ ཧྲཱིཾཿཧཿརི་ནི༔ ས་པྲཛྙཱ་ཛྙཱ་ན་སིདྡྷི་ཧཱུྃ༔ ཅི་ནུས་བཟླཿ དེ་ནས་ལས་ལ་སྤྱོར་བ་ནི༔ རང་གི་སྙིང་གའི་འོད་ཟེར་གྱིས༔ ལུས་ངག་ཡིད་གསུམ་ཀུན་ཁྱབ་ནས༔ མི་ཤེས་རྨོངས་དང་མ་རིག་ལས༔ མུན་པ་དྲུང་ནས་འབྱིན་པར་བསམ༔ ཧྲཱིཾ་ཧ་རི་ནི་ས་སོགས༔ ཧཱུྃ༔ དེ་ལྟར་བསྐྱེད་རིམ་གནད་ལྡན་ཅིང་༔ བཟླས་པ་གྲངས་སུ་འཁྱོར་སྲིད་ན༔ ཉི་མ་སྤྲིན་ལས་ཐོན་པ་བཞིན༔ ཤེས་རབ་ཡེ་ཤེས་རྩལ་རྒྱས་འབར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཕན་གྲོགས་ཀྱི་མཆོག་གྱུར་སྐལ་བཟང་ལྷ་མོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།