དག་སྣང་ཡེ་ཤེས་དྲྭ་བ་ལས༔ དྲག་པོའི་རྩང་ཕུར་གྱི་བསྐྱེད་ཆོག་བསྐུལ་བ་དང་བཅས་པ༔

From Dudjom Wiki
TTDL-ZABTER-15-BA-027
Wylie title dag snang ye shes drwa ba las: drag po'i rtsang phur gyi bskyed chog bskul ba dang bcas pa: TTDL-ZABTER-15-BA-027.pdf
Location bdud 'joms gling pa zab gter
Volume 15, Text 27, Pages 139-149 (Folios 1a1 to 6a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las drag po'i rtsang phur gyi bskyed chog bskul ba dang bcas pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 139-149. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rtsang zlog   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Averting or Dispelling Rites- zlog pa  ·  Invocations - bskul ba
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Rdo rje phur pa
Colophon

ཞེས་པ་འདི་ཡང་སློབ་བུ་ངག་དབང་ཕྲིན་ལས་གྱིས་ནན་དུ་བསྐུལ་ངོར་ཡུལ་སྐྱོང་རྫ་རྒྱལ་འཕན་པོའི་ཉེ་འདབས་སུ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang slob bu ngag dbang phrin las gyis nan du bskul ngor yul skyong rdza rgyal 'phan po'i nye 'dabs su rang bzhin rdzogs pa chen po'i rnal 'byor pa khrag 'thung bdud 'joms rdo rjes dag snang ye shes drwa ba las bsgyur te gtan la phab pa'i yi ge pa ni bskul ba po nyid kyis bgyis pa'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ དྲག་པོའི་རྩང་ཕུར་གྱི་བསྐྱེད་ཆོག་བསྐུལ་བ་དང་བཅས་པ་བཞུགས་སོ༔


༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དྲག་པོའི་རྩང་ཕུར་བརྒྱ་དང་རྩ་བརྒྱད་ནི༔ སྐེད་པ་རྒྱ་མདུད་རྩ་བ་ཟུར་གསུམ་ཟབ༔ རྩེ་མོ་རྣོ་ལ་ཁྲག་དང་དུར་སོལ་བྱུགས༔ དཔལ་གཏོར་མཐའ་རུ་སྲིན་མོའི་འགྲོས་སུ་གཟུག༔ དེ་ལ་བསྐྱེད་དང་དམིགས་གསལ་བྱ་བ་ནི༔ བདག་མདུན་གཉིས་ཀྱི་སྐུའི་ཆ་ཐམས་ཅད་ནས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་ཕོ་ཉ་དང་ལས་མཁན་བཀའ་སྡོད་ཀྱི་ཚོགས་ཐམས་ཅད་ན་བུན་མཐོར་རླུང་གིས་བསྐྱོད་པ་ལྟར་སྤྱན་དྲངས་ཏེ་རྩང་ཕུར་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ ཧཱུྃ་བྷྱོ༔ གྲུ་གསུམ་འབར་བ་ཨེ་ཡི་དཀྱིལ་འཁོར་དུ༔ དྲག་པོ་མེ་རི་འབར་བའི་གཞལ་ཡས་ནས༔ ལྷག་པའི་ལྷ་མཆོག་ཡེ་ཤེས་རོལ་པའི་སྐུ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ དྲག་པོའི་མངོན་སྤྱོད་མཛད་པའི་དུས་ལ་བབ༔ ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ༔ གདུག་པའི་སྐྱེར་ཚེར་ཕུང་ཅིག་སྐྱེས༔ རྩ་བ་ཀླུ་ཡི་ཡུལ་དུ་ཟུག༔ ཡལ་ག་འདོད་ཁམས་གནས་ན་གྱེས༔ འབྲས་བུ་གཟུགས་ཀྱི་ཁམས་སུ་སྨིན༔ རྩེ་མོ་གཟུགས་མེད་ཁམས་སུ་སླེབས༔ བཅོམ་ལྡན་སྤྱི་དཔལ་ཆེན་པོ་ཡི༔ སྤྲུལ་པ་ལས་ཀྱི་ཕོ་ཉ་ལྔས༔ གཅོད་བྱེད་འཕྲུལ་གྱི་ཟོར་བས་བརྔས༔ མགོ་འཇུག་གྲུ་གསུམ་ཚུལ་དུ་བཟོས༔ སྐེད་པ་རྒྱ་མདུད་གྲུབ་བཞིར་བྱས༔ བདག་ལྟའི་རཱུ་ཏྲ་བསྒྲལ་བའི་ཕྱིར༔ བདག་མེད་ཆེན་པོའི་རྒྱ་ཡིས་བཏབ༔ སྐུ་གསུམ་རྒྱལ་བས་དབང་ཡང་བསྐུར༔ ཡེ་ཤེས་ལྔ་ཡི་ངར་བླུད་དེ༔ ཞིང་བཅུ་བསྒྲལ་བའི་མཚོན་དུ་བསྔགས༔ རྩང་གི་རྒྱུ་བྱུང་དེ་ནས་བྱུང་༔ དེ་བཞིན་རྩང་ལ་བྱིན་ཆེན་ཕོབ༔ ཧཱུྃ་བྷྱོ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན་༔ ཡར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་ལྡིང་༔ མར་གྱི་རྩེ་ལ་དུག་སྦྲུལ་ནག་པོ་འཁྱིལ༔ སྐེད་པ་རྒྱ་མདུད་གཡག་ནག་ངུར་ཞིང་འགྱིང་༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་མཁའ་འགྲོས་གར་སྟབས་བྱེད༔ མར་གྱི་རྩེ་ལ་ཐན་གྱི་ཕོ་ཉ་འགྱེད༔ སྐེད་པ་རྒྱ་བདུད་བསྐལ་པའི་རླུང་དམར་འཚུབསཿདགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་ལྕགས་འབྲུག་དཀར་མོ་རྒྱུ༔ མར་གྱི་རྩེ་ལ་རོ་ཡི་གྲམ་པ་བརྡལ༔ སྐེད་པ་རྒྱ་མདུད་ཐོག་སེར་བུ་ཡུག་འཚུབས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡནཿཡར་གྱི་རྩེ་ལ་སེང་གེའི་རལ་པ་བསིགཿམར་གྱི་རྩེ་ལ་ལྕགས་གྱི་སྦལ་པ་འཕྱོཿསྐེད་པ་རྒྱ་མདུད་དུང་གི་བྱི་བ་མཁུནཿདགྲ་བགེགས་གདུག་པའི་སྙིང་ལ་ད་ཐོས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་གསེར་གྱི་སྦྲང་ཆུང་རྩེ༔ མར་གྱི་རྩེ་ལ་ལྕགས་སྡིག་ནག་པོ་འགྱེད༔ སྐེད་པ་རྒྱ་མདུད་བསྐལ་པའི་མེ་དཔུང་འབར༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃཿགདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་དཔའ་བོས་མཚོན་ཆ་གདེངས༔ མར་གྱི་རྩེ་ལ་མཚོན་ཆའི་ཚྭ་ཚྭ་འཕྲོ༔ སྐེད་པ་རྒྱ་མདུད་ཐུན་གྱི་ཆར་པ་འབེབས༔ དགྲ་བགེགས་གདུག་བའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་སྡེ་བརྒྱད་དམག་དཔུང་འཁྲུགས༔ མར་གྱི་རྩེ་ལ་ས་བདག་ཀཱི་བསྭོ་སྒྲོགས༔ སྐེད་པ་རྒྱ་མདུད་གློག་ཞགས་འཁྱུག་ཅིང་འཁྱིལ༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ་བྷྱོ༔ གདུག་པའི་རྩང་ཕུར་རྩོ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་གསེར་གྱི་འུག་པ་རྒོད༔ མར་གྱི་རྩེ་ལ་གཟིག་མོས་སོ་སྒྲ་འདོན༔ སྐེད་པ་རྒྱ་མདུད་ཐན་གྱི་སྤྲུལ་པ་འགྱེད༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་མཚན་རྒྱུའི་བྱ་མ་ལྡིང་༔ མར་གྱི་རྩེ་ལ་ཟངས་ཀྱི་འཕར་བ་མཁུན༔ སྐེད་པ་རྒྱ་མདུད་བཙན་གྱི་ཕོ་ཉ་འགྱེད༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃཿགདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་པུ་ཤུད་ཁྲ་མོ་ལྡིང་༔ མར་གྱི་རྩེ་ལ་དོམ་དང་དྲེད་མོ་འཐབ༔ སྐེད་པ་རྒྱ་མདུད་ནད་ཀྱི་ན་བུན་འཁྲུགས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་མེ་ཁྱུང་དམར་པོ་ལྡིང་༔ མར་གྱི་རྩེ་ལ་སྟག་གཡག་འཛིང་འཐབ་བྱེད༔ སྐེད་པ་རྒྱ་མདུད་ཕུར་པའི་ཚྭ་ཚྭ་འཕྲོ༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃཿགདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡནཿཡར་གྱི་རྩེ་ལ་བྱ་རྒོད་རོ་ལ་ལྡིང་ཿམར་གྱི་རྩ་ལ་ཆུ་སྲིན་གདུག་པ་རྔམས༔ སྐེད་པ་རྒྱ་མདུད་ཡུངས་ཐུན་སེར་ལྟར་འབེབས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་ཁཱ་ཏ་ནག་པོ་ལྡིང་༔ མར་གྱི་རྩེ་ལ་འདྲེ་སྲིན་གདུག་པ་རྒྱུ༔ སྐེད་པ་རྒྱ་མདུད་ཁྲག་གི་ཆར་པ་འབེབས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃཿགདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་སྲིན་བྱའི་འཇོལ་སྟབས་བྱེད༔ མར་གྱི་རྩེ་ལ་དོམ་ནག་ཚང་ཁ་འཁྲུགས༔ སྐེད་པ་རྒྱ་མདུད་དུག་གི་རླངས་པ་འཕྱོ༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ བྷྱོ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡནཿཡར་གྱི་རྩེ་ལ་རྨ་བྱས་གཤོག་གུར་ཕུབཿམར་གྱི་རྩེ་ལ་བདུད་ཀྱི་བཤའ་ཁང་བྱེདཿསྐེད་པ་རྒྱ་མདུད་མདའ་ཐུན་བུ་ཡུག་འཚུབས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་མེ་ཁྱུང་དམར་པོ་འཕྲོ༔ མར་གྱི་རྩེ་ལ་དུར་ཁྲོད་ལྕེ་སྤྱང་འདུ༔ སྐེད་པ་རྒྱ་མདུད་གནམ་ལྕགས་གྲི་ཐུན་འབེབས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་གླག་མོས་གཤོག་འཛིང་བྱེད༔ མར་གྱི་རྩེ་ལ་ཟངས་ཀྱི་གླ་བ་འཕྱོ༔ སྐེད་བ་རྒྱ་མདུད་ལྕགས་ཀྱི་སེར་བ་འབེབས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་གཡུ་ཡི་ནེ་ཙོ་ལྡིང་༔ མར་གྱི་རྩེ་ལ་གཟའ་དང་སྐར་མདའ་འཁྲུགས༔ སྐེད་པ་རྒྱ་མདུད་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་དངུལ་གྱི་ཕུག་རོན་མཁུན༔ མར་གྱི་རྩེ་ལ་རྔ་མོང་མགོ་དགུ་འགྱེད༔ སྐེད་པ་རྒྱ་མདུད་ཕོ་ཉ་མཚོན་ཐོགས་འགྱེད༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་དུར་བྱ་ཀངྐ་ལྡིང་༔ མར་གྱི་རྩེ་ལ་ལྕགས་ཀྱི་ཏེ་ལོ་འགྱེད༔ སྐེད་པ་རྒྱ་མདུད་རྡོ་ཡི་ཆར་པ་རྙིལ༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་དུར་བྱ་གོང་མོ་ལྡིང་༔ མར་གྱི་རྩེ་ལ་སྤྲེའུས་གར་སྟབས་སྟོན༔ སྐེད་པ་རྒྱ་མདུད་ན་བུན་སྔོ་དམར་འཕྱོ༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ་བྷྱོ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་གོ་བོས་གཤོག་འཛིང་བྱེད༔ མར་གྱི་རྩེ་ལ་ཐེའུ་རང་བླ་རྐུན་འགྱེད༔ སྐེད་པ་རྒྱ་མདུད་མཚོན་ཆའི་འཁོར་ལོ་འཁོར༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡནཿཡར་གྱི་རྩེ་ལ་བྱ་རོག་འུག་པ་འཐབ༔ མར་གྱི་རྩེ་ལ་རོ་ལངས་གད་མོ་སྒྲོགས༔ སྐེད་པ་རྒྱ་མདུད་མ་མོའི་ཚང་ཁ་འཁྲུགས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་འབྲུག་དང་སེང་གེ་འཐབ༔ མར་གྱི་རྩེ་ལ་དམག་གི་བསྭོ་སྒྲ་སྒྲོགས༔ སྐེད་པ་རྒྱ་མདུད་གྲིབ་ཀྱི་ཡོ་ལངས་འགྱེད༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་སྟག་དང་སྤྲེའུ་འཐབ༔ མར་གྱི་རྩེ་ལ་སྲིན་མོ་རོ་ཁུར་འགྱེད༔ སྐེད་པ་རྒྱ་མདུད་གནམ་ལྕགས་ཕུར་པ་འཕྲོ༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃཿགདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡནཿཡར་གྱི་རྩེ་ལ་གནོན་སྦྱིན་ཕོ་མོ་འགྱེད༔ མར་གྱི་རྩེ་ལ་ཤ་བ་རུ་འཛིང་བྱེདཿསྐེད་པ་རྒྱ་མདུད་སྤུ་གྲི་འབར་བ་འཕྲོཿདགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིགཿཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་སྲོག་བདག་རྒྱལ་པོ་འཕྱོ༔ མར་གྱི་རྩེ་ལ་ཀེང་རུས་ཆོ་སྒྲ་འདོན༔ སྐེད་པ་རྒྱ་མདུད་མ་བདུད་རོ་ལ་ཉུལ༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་ལ་སྲིན་པོ་མཚོན་ཐོགས་འགྱེད༔ མར་གྱི་རྩེ་ལ་གཤིན་རྗེའི་བཤའ་ཁང་བྱེད༔ སྐེད་པ་རྒྱ་མདུད་སྲོག་གཅོད་ཡོ་ལངས་འཚུབས༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ ཧཱུྃ་བྷྱོ༔ དྲག་པོ་གདུག་པའི་རྩང་ཕུར་བརྒྱ་རྩ་བརྒྱད༔ དུག་ཁྲག་དུད་སོལ་ནག་པོའི་རྫས་ཀྱིས་བྱུགས༔ མི་སྲུན་རཱུ་ཏྲ་ནག་པོའི་རྒྱུ་མས་འཁྱུད༔ རྩེ་མོར་སྣ་ཚོགས་སྙིང་དང་ཤ་ཡིས་བརྒྱན༔ རྩ་བར་ཤ་ཟན་སྲོག་ཆགས་ཁྲག་མཚོ་འཁྱིལ༔ རྩང་ལ་བྷྱོ༔ ཡིག་ཉི་ཤུ་རྩ་བརྒྱད་བྲིས༔ མ་ཏྲཾ་ལུས་ལ་སྲིན་མོའི་འགྲོས་སུ་བཙུགས༔ དབང་ཕྱུགས་ཉི་ཤུ་རྩ་བརྒྱད་ངོ་བོ་ལ༔ ཕོ་ཉ་ཟ་གསོད་སྣ་ཚོགས་ལས་ལ་འགྱེད༔ ནད་མཚོན་དུག་དང་རིམས་ཀྱི་ཡོ་ལངས་འགྱེད༔ དགྲ་བགེགས་གདུག་པའི་སྙིང་ལ་ད་ཐོབས་ཤིག༔ བྱད་མ་གདུག་པའི་སྙིང་ལ༴ ཟ་བའི་འདྲེ་ཡི་སྙིང་ལ༴ ཤི་གཤེད་སྲི་བདུད་སྙིང་ལ༴ བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩང་གིས་བཟློག༔ བྱད་ཁ་ཕུར་ཁ་ཟོར་ཁ་རྩང་གིས་བཟློག༔ མོ་རྩིས་རྨི་ངན་ལྟས་ངན་རྩང་༴ དུས་ཀྱི་ཡོ་ལངས་ངན་པ་རྩང་༴ སྟེང་ནས་ཐོག་སེར་འབེབས་པ་རྩང་༴ བར་ནས་སྡེ་བརྒྱད་གཡོ་འཁྲུགས་རྩང་༴ འོག་ནག་ཀླུ་གཉན་ནད་རྣམས་རྩང་༴ སྣང་སྲིད་ལྷ་འདྲེའི་རྒོལ་ངན་རྩང་གིས་བཟློག༔ མདོར་ན་སྔོན་ལས་འཕྲལ་རྐྱེན་ངན་པ་ལས༔ བྱུང་བའི་མི་མཐུན་མི་འདོད་ཕྱོགས་རྣམས་ཀུན༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་བཟློག༔ དྲག་པོ་རྩང་གི་འཁྲུལ་འཁོར་འདི་ཡིས་བཟློག༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿཀཿསཿརཿརུཿཤཿཏཿཏྲི༔ མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ཀ་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ རྦད་བྷྱོ་རྦད་ཟློག་ནན་ནན་ཕཊ༔ དེ་ལྟར་དམིགས་པ་གནད་ལྡན་གྱིས༔ ཕ་ལམ་རྡོ་རྗེ་ཡིན་ཀྱང་འཇིགས༔ འདི་ཡིས་མི་བཟློག་གང་ཡང་མེད༔ བཀའ་སྲུང་ལེགས་ལྡན་ནག་པོས་སྲུངས༔ དམ་ཉམས་ལག་དུ་ཤོར་ར་རེ༔ ས་མ་ཡ༔ སྐུའི་རྒྱུ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ རྒྱ་རྒྱ་རྒྱ༔ ཨྠིྀགུ་ཧྱ༔ ཞེས་པ་འདི་ཡང་སློབ་བུ་ངག་དབང་ཕྲིན་ལས་གྱིས་ནན་དུ་བསྐུལ་ངོར་ཡུལ་སྐྱོང་རྫ་རྒྱལ་འཕན་པོའི་ཉེ་འདབས་སུ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།