དག་སྣང་ཡེ་ཤེས་དྲྭ་བ་ལས༔ བསླུ་བདུད་ནག་པོ་ཨར་ལ་གཏད་པའི་གདམས་པ༔

From Dudjom Wiki
TTDL-ZABTER-15-BA-053
Wylie title dag snang ye shes drwa ba las: bslu bdud nag po ar la gtad pa'i gdams pa: TTDL-ZABTER-15-BA-053.pdf
Location bdud 'joms gling pa zab gter
Volume 15, Text 53, Pages 235-236 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las bslu bdud nag po ar la gtad pa'i gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 235-236. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bslu bdud ar gtad   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

bdud 'joms rdo rjes smras pa yongs su dge bar gyur cig_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བསླུ་བདུད་ནག་པོ་ཨར་ལ་གཏད་པའི་གདམས་པ་བཞུགས་སོ༔ སྙིགས་མ་ལྔ་བདོའི་མཐར་ཐུག་ཚེ༔ བསྒོམ་ཆེན་འདྲེ་ཡིས་བསླུས་ནས་སུ༔ སྣ་ཚོགས་ནད་ཀྱི་གདུང་བ་དང་༔ སྨྱོ་ཞིང་འབོགས་ཏེ་བརྒྱལ་བ་དང་༔ ཆོས་བརྒྱད་ཡུལ་ལ་ཁ་འབྱམས་ཞེན༔ གཅོད་པ་ཕལ་ཆེར་འདྲེས་བསླུས་ཏེ༔ གོང་བཞིན་ནད་ཀྱིས་གདུང་བ་དང་༔ གྲོང་ཆོག་འདྲེ་བརྡུང་དཀོར་ལ་འབྱམས༔ འདོད་སྲེད་ཁྱི་ལས་ཆེ་བ་ཡིས༔ རྫུན་དང་གཡོ་སྒྱུ་ཆགས་སྡང་གིས༔ ཆོས་བརྒྱད་ཡུལ་ལ་རྟག་ཏུ་འབྱམས༔ ཤི་ནས་མཁའ་རྒྱུའི་ཡི་དྭགས་སུ༔ འདྲེ་རུ་འཁྲུལ་ཏེ་སྲོག་ལ་རྒྱུ༔ དེ་ཕྱིར་རྐྱེན་ངན་དེ་བཟློག་ཆེད༔ འདི་ལྟར་དུས་གསུམ་དམིགས་གནད་ཀྱིས༔ གཟིར་ཞིང་བསྲེ་འཕོ་ཡང་ཡང་བྱ༔ རང་གི་སྙིང་མཆོང་ཟུར་སྨུག་པོ་ལྟ་བུའི་འོད་ཀྱི་གུར་ཁང་གི་ནང་དུ་པདྨ་དང་ཉི་མའི་གདན་ལ་བདུད་འདུལ་པདྨ་འབྱུང་གནས་སྐུ་མདོག་མཐིང་ནག་ཁྲོ་ཞིང་གཏུམ་པའི་ངང་ཚུལ་ཅན་ཕྱག་གཉིས་སྣང་སྲིད་ཟིལ་གནོན་གྱི་ཕྱག་རྒྱ་དང་༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ་པད་ཞྭ་བེར་མཐིང་བླ་གོས་སོགས་ཆོས་གོས་རྣམ་གསུམ་གསོལ་བ༔ འོད་དང་གཟི་བརྗིད་རབ་ཏུ་འབར་བ་ཞིག་ཏུ་བསྒོམ༔ རང་གི་མདུན་དུ་གནོད་ཅིང་འཚེ་བར་བྱེད་པའི་ཕོ་གདོན་མོ་གདོན་ཀླུ་གདོན་ནད་འདྲེ་གནོད་བྱེད་གང་ཡིན་པ་ཐམས་ཅད་ཁྲོམ་འཚོགས་པ་བཞིན་དུ་གསལ་ཏེ་སྣ་བུག་ནས་རླུང་རྔུབ་པ་དང་མཉམ་གནོད་བྱེད་ཐམས་ཅད་སྣ་བུག་ནས་དྲངས་ཏེ་སྙིང་དབུས་པད་འབྱུང་གི་ཐུགས་ཀར་ཐིམ་པར་བསྒོམ༔ སླར་ཡང་རང་གི་བསམ་རྒྱུད་དང་ལྷ་འདྲེའི་སེམས་རྒྱུད་དང་པདྨ་འབྱུང་གནས་ཀྱི་ཐུགས་རྒྱུད་རྣམ་རོ་གཅིག་ཏུ་གྱུར་པ་ཕཊ་བརྗོད་པས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་བསྲེས་ཏེ་ཁྱབ་བརྡལ་གྱི་ངང་དུ་མཉམ་པར་འཇོག་པ་ཡིན༔ དེ་ལྟར་དམིགས་པ་གནད་ལྡན་པས༔ བསླུ་བྱེད་བདུད་བགེགས་ཀྱིས་རྒོལ་བའི༔ རྐྱེན་སྣང་ངན་པའི་གཡུལ་བཟློག་ཅིང་༔ སོར་ཆུད་པ་རུ་ཐེ་ཚོམ་མེད༔ ས་མ་ཡ༔ ཨྠིྀ༔ བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།