དག་སྣང་ཡེ་ཤེས་སྒྱུ་འཕྲུལ་ལས༔ དམ་སྐོང་ངན་སོང་དོང་སྤྲུགས༔

From Dudjom Wiki
TTDL-ZABTER-15-BA-055
Wylie title dag snang ye shes sgyu 'phrul las: dam skong ngan song dong sprugs: TTDL-ZABTER-15-BA-055.pdf
Location bdud 'joms gling pa zab gter
Volume 15, Text 55, Pages 241-259 (Folios 1a1 to 10a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes sgyu 'phrul las dam skong ngan song dong sprugs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 241-259. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dam skong   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Samaya - dam tshig
Cycle དག་སྣང་སྒྱུ་འཕྲུལ་དྲྭ་བ་ (dag snang sgyu 'phrul drwa ba)
Colophon

ཞེས་པ་འདི་ཡང་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེ་ལ་ཡེ་ཤེས་མཁའ་འགྲོས་འོད་གསལ་དག་པའི་དབྱིངས་ནས་གདམས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་པདྨ་བཀྲ་ཤིས་ཀྱིས་བགྱིས་པའི་དགེ་བས་འཁོར་བ་མྱང་འདས་ཆེན་པོའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། ཞུས་སོ།།

zhes pa 'di yang sprang ma nus bdud 'joms rdo rje la ye shes mkha' 'gros 'od gsal dag pa'i dbyings nas gdams te dag par phab pa'i yi ge pa ni rang slob dam pa pad+ma bkra shis kyis bgyis pa'i dge bas 'khor ba myang 'das chen po'i dbyings su sangs rgyas par gyur cig_/dge'o/_/dge'o/_/dge'o/_/sarba mang+ga laM/___zhus so//

[edit]
༁ྃ༔ དག་སྣང་ཡེ་ཤེས་སྒྱུ་འཕྲུལ་ལས༔ དམ་སྐོང་ངན་སོང་དོང་སྤྲུགས་བཞུགས་སོ༔


༁ྃ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དམ་སྐོང་ངན་སོང་དོང་སྤྲུགས་ལ༔ རང་ཅག་གི་མདུན་གྱི་ནམ་མཁར་ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསྒོམ་པའི་མདུན་དུ་ཕྱག་འཚལ་ཞིང་ཉེས་ལྟུང་ལ་འགྱོད་ཚངས་དྲག་པོའི་སྒོ་ནས་བཤགས་པར་བྱའོ༔ མདུན་གྱི་ནམ་མཁར་རང་སྣང་ལྷུན་གྲུབ་འོག་མིན་བདེ་བ་ཆེན་པོའི་གནས་མཆོག༔ ཡེ་ཤེས་ལྔ་ཡི་གཞལ་ཡས་ཁང་རིམ་པ་གཉིས་ཀྱི་འོག་མར་སྤྱི་དཔལ་ཆེན་པོ་གཙོ་བོར་བཞུགས་པའི་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར༔ སྟེང་མར་ཀུན་བཟང་ཡབ་ཡུམ་གཙོ་བོར་གྱུར་པའི་ཞི་བ་དང་རིག་འཛིན་བླ་མའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་རབ་ཏུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛ་ཏིཥྛ་ལྷན༔ བདག་གིས་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་དམ་ཚིག་ཉམས་ཆག་སྡིག་ལྟུང་བཤགས་པའི་ཆེད་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མཚན་བརྗོད་དེ་ཕྱག་འཚལ་ཞིང་ཡིད་ལ་དྲན་པར་བྱའོ༔ ཁྱེད་རྣམས་ཀྱིས་བདག་སོགས་བག་མེད་པའི་དབང་དུ་གྱུར་ཞིང་ཉམས་ཆགས་གིས་གོས་པའི་སོ་སྐྱེས་རྣམས་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་ངང་ནས་དགོངས་སུ་གསོལ༔ བཅོམ་ལྡན་འདས་ཀུན་བཟང་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོཿབཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོཿབཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ༔ བདག་གི་སྒོ་གསུམ་བག་མེད་པའི་དབང་གིས་དམ་ཚིག་ཉམས་ཆགས་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས་སོ་མི་འཆབ་བོ་མི་སྦེད་དོ་གནོང་ངོ་འགྱོད་དོ༔ སླན་ཆད་ཀྱང་བསྡམ་པར་བགྱིའོ༔ དག་ཅིང་སོར་ཆུད་ནས་ཚངས་པ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡེ་ཨ༔ བཅོམ་ལྡན་འདས་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་རིགས་ཀྱི་ཡུམ་ནམ་མཁའི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་རིགས་ཀྱི་ཡུམ་མ་མཱ་ཀི་ལ་ཕྱག་འཚལ་ལོ༔ རིན་ཆེན་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་ལ༴ པདྨ་རིགས་ཀྱི་ཡུམ་གོས་དཀར་མོ་ལ༴ ལས་ཀྱི་རིགས་ཀྱི་ཡུམ་དམ་ཚིག་སྒྲོལ་མ་ལ༴ བདག་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་མཐོལ་ལོ་བཤགས་སོ་མི་འཆབ་བོ་མི་སྦེད་དོ༔ གནོང་ངོ་འགྱོད་དོ་སླན་ཆད་ཀྱང་བསྡམ་པར་བགྱིད་ལགས་སོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ༴ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ༴ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ༴ བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ༴ བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམས་སེལ་ལ༔ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ༴ བདག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དམ་ཚིག་ཆག་ཉམས་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛད་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ སེམས་མ་ཆེན་མོ་ལཱ་སྱེ་མ་ལ་ཕྱག་འཚལ་ལོ༔ སེམས་མ་ཆེན་མོ་པུཥྤེ་མ་ལ༴ སེམས་མ་ཆེན་མོ་མཱ་ལེ་མ་ལ༴ སེམས་ཆེན་མོ་དྷུ་པེ་མ་ལ༴ སེམས་མ་ཆེན་མོ་གཱི་རྟི་མ་ལ༴ སེམས་མ་ཆེན་མོ་ཨཱ་ལོ་ཀེ་ལ༴ སེམས་མ་ཆེན་མོ་གནྡྷེ་མ་ལ༴ སེམས་མ་ཆེན་མོ་ནིརྟི་མ་ལ་ཕྱག་འཚལ་ལོ༔ བདག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་མདོར་ན་སྡིག་པ་མ་དགེ་བའི་ལས་ཅི་བསགས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ གནོང་ངོ་འགྱོད་དོ༔ མི་འཆབ་བོ༔ མི་སྦེད་དོ༔ སླན་ཆད་ཀྱང་བསྡམ་པར་བགྱིའོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སཛྲ་ས་མ་ཡ་ཤུདྡྷེ་ཨ༔ བཅོམ་ལྡན་འདས་དབང་པོ་བརྒྱ་བྱིན་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་ཐག་བཟང་རིས་ལ༴ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ༴ བཅོམ་ལྡན་འདས་སེང་གེ་རབ་བརྟན་ལ༴ བཅོམ་ལྡན་འདས་ཁ་འབར་དྷེ་ཝ་ལ༴ བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བདག་ཅག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ལས་ཉོན་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་མཐོལ་ཞིང་བཤགས་སོ༔ མི་འཆབ་བོ༔ མི་སྦེད་དོ༔ གནོང་ངོ་འགྱོད་དོ༔ སླན་ཆད་ཀྱང་བསྡམ་པར་བགྱིད་ལགས་སོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ སྒོ་བ་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ༔ སྒོ་བ་གཤིན་རྗེའི་གཤེད་པོ་ལ༴ སྒོ་བ་རྟ་མགྲིན་རྒྱལ་པོ་ལ༴ སྒོ་བ་བདུད་རྩི་འཁྱིལ་བ་ལ༴ བདག་ཅག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་རབ་དུ་སྒོ་གསུམ་གྱི་སྡིག་པ་མི་དགེ་བའི་ལས་ཉོན་བག་ཆགས་དམ་ཚིག་ཆག་ཉམས་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་མཐོལ་ཞིང་བཤགས་སོ༔ མི་འཆབ་བོ༔ མི་སྦེད་དོ༔ གནོང་ངོ་འགྱོད་དོ༔ སླད་ཆད་ཀྱང་བསྡམ་པར་བགྱིད་ལགས་སོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་མ་ཡ་ཤུདྡྷེ་ཨ༔ སྒོ་མ་ཆེན་མོ་ལྕགས་ཀྱུ་མ་ལ༴ སྒོ་མ་ཆེན་མོ་ཞགས་པ་མ་ལ༴ སྒོ་མ་ཆེན་མོ་ལྕགས་སྒྲོག་མ་ལ༴ སྒོ་མ་ཆེན་མོ་དྲིལ་བུ་མ་ལ་ཕྱག་འཚལ་ལོ༔ ༴ བདག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉོན་མོངས་པ་དུག་ལྔ་དུག་གསུམ་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གི་སྒོ་ནས་བསགས་པའི་སྡིག་པ་མི་དགེ་བའི་ལས་དང་བག་ཆགས་དམ་ཚིགས་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་མཐོལ་ལོ་བཤགས་སོ༔ མི་འཆབ་བོ༔ མི་སྦེད་དོ༔ གནོང་ངོ་༔ འགྱོད་དོ༔ སླན་ཆད་ཀྱང་གཅོད་ཅིང་བསྡམས་པར་བགྱིད་ལགས་སོ༔ དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཨ་ལ་ལ་ ཧོཿ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ལ་ཕྱག་འཚལ་ལོ༔ པདྨ་གསུང་གི་དཀྱིལ་འཁོར་ལ༴ ཡང་དག་ཐུགས་དཀྱིལ་འཁོར་ལ༴ ཆེ་མཆོག་ཡོན་ཏན་གྱི་དཀྱིལ་འཁོར་ལ༴ ཕུར་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་ལ༴ རིག་འཛིན་སློབ་དཔོན་གྱི་དཀྱིལ་འཁོར་ལ༴ མ་མོ་རྦོད་གཏོང་གི་དཀྱིལ་འཁོར་ལ༴ འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ལ༴ དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ལ༴ གསང་སྔགས་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་ཕྱག་འཚལ་ལོ༔ སྐྱབས་སུ་མཆིའོ་༔ མཆོད་པ་འབུལ་ལོ༔ གསོལ་བ་འདེབས་སོ༔ བྱིན་གྱིས་བརླབ་ཏུ་གསོལ༔ བདག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྒོ་གསུམ་མ་རིག་གཟུང་འཛིན་གྱི་དབང་དུ་གྱུར་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས་ཤིང་རིང་དུ་གྱུར་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་སྡོམ་དང་བསླབ་པ་དམ་ཚིག་འགལ་འདས་ནོར་འཁྲུལ་དུ་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ མི་འཆབ་བོ༔ མི་སྦེད་དོ༔ གནོང་ངོ་༔ འགྱོད་དོ༔ སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ༔ བྱང་ཞིང་དག་ནས་ཚེ་འདི་ཉིད་ལ་འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཨ་ལ་ལ་ ཧོཿ བཅོམ་ལྡན་འདས་ཁྱབ་བདག་སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བུདྡྷ་ཧེ་རུ་ཀ་ལ་འཚལ་ལོ༔ བཛྲ་ཧེ་རུ་ཀ་ལ༴ རཏྣ་ཧེ་རུ་ཀ་ལ༴ པདྨ་ཧེ་རུ་ཀ་ལ༴ ཀརྨ་ཧེ་རུ་ཀ་ལ༴ ཧོཿ དགོངས་སུ་གསོལ་ལོ༔ བདག་གིས་ཚེ་རབས༴ སོགས་འགྲེའོ༔ ཨ་ལ་ལ་ ཧོཿ མ་ཧཱ་ཀྲོ་དྷི་ཤྭ་རི་མ་ལ་ཕྱག་འཚལ་ལོ༔ བུདྡྷ་ཀྲོ་དྷི་ཤྭ་རི་མ་ལ༴ བཛྲ་ཀྲོ་དྷི་ཤྭ་རི་མ་ལ༴ རཏྣ་ཀྲོ་དྷི་ཤྭ་རི་མ་ལ༴ པདྨ་ཀྲོ་དྷི་ཤྭ་རི་མ་ལ༔ ཀརྨ་ཀྲོ་དྷི་ཤྭ་རི་མ་ལ༴ ཧོཿ དགོངས་སུ་གསོལ་ལོ༔ བདག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་སོགས་འགྲེའོ༔ ཨ་ལ་ལ་ཧོཿ ཀཽ་རི་མ་ལ་ཕྱག་འཚལ་ལོ༔ ཙཽ་རི་མ་ལ་ཕྱག་འཚལ་ལོ༔ པྲ་མོ་ཧ་ལ་ཕྱག་འཚལ་ལོ༔ བཻ་ཏ་ལི་ལ༴ པུཥྐ་སཱི་ལ༴ གསྨ་རི་ལ༴ ཙནྡྷ་ལཱི་ལ༴ སྨེ་ཤ་ནི་ལ༴ ཧོཿ དགོངས་སུ་གསོལ་ལོཿབདག་གིས་ཚེ་རབས་སོགས༔ ཨ་ལ་ལ་ ཧོཿ སེང་གདོང་མ་ལ་ཕྱག་འཚལ་ལོ༔ སྟག་གདོང་མ་ལ་ཕྱག་འཚལ་ལོ༔ ཝ་གདོང་མ་ལ༴ སྤྱང་གདོང་མ་ལ༴ བྱ་རྒོད་གདོང་ལ༴ དུར་བྱའི་གདོང་ལ༴ བྱ་རོག་གདོང་ལ༴ འུག་གདོང་མ་ལ༴ ཧོཿ དགོངས་སུ་གསོལ་ལོ༔ བདག་གིས་ཚེ་རབས་སོགས་ཨ་ལ་ལ་ ཧོཿ སྒོ་མ་རྟ་གདོང་མ་ལ་ཕྱག་འཚལ་ལོ༔ ཕག་གདོང་མ་ལ༴ སེང་གདོང་མ་ལ༴ སྦྲུལ་གདོང་མ་ལ་ཕྱག་འཚལ་ལོ༔ ཧོཿ དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་གིས་ཚེ་རབས་འཁོར་བ་སོགས༔ སྲིན་མོ་གཡག་གདོང་མ་ལ་ཕྱག་འཚལ་ལོ༔ ཚངས་པ་སྦྲུལ་གདོང་མ་ལ༴ ལྷ་ཆེན་གཟིག་གདོང་མ་ལ༴ གཏོགས་འདོད་སྲེ་གདོང་མ་ལ༴ གཞོན་ནུ་དྲེད་གདོང་མ་ལ༴ བརྒྱ་བྱིན་དོམ་མགོ་མ་ལ༴ རྡོ་རྗེ་ཕ་ཝཾ་མགོ་ལ༴ ཞི་བ་ཆུ་སྲིན་མགོ་ལ༴ བདུད་རྩི་སྡིག་གདོང་མ་ལ༴ ཟླ་བ་ཁྲ་མགོ་མ་ལ༴ བེ་ཅོན་ཝ་གདོང་མ་ལ༴ སྲིན་མོ་སྟག་གདོང་མ་ལ༴ ཟ་བ་བྱ་རྒོད་མགོ་ལ༴ དགའ་བ་རྟ་གདོང་མ་ལ༴ སྟོབས་ཆེན་ཁྱུང་གདོང་མ་ལ༴ སྲིན་མོ་ཁྱི་གདོང་མ་ལ༴ འདོད་པ་པུ་ཤུད་མགོ་ལ༴ ནོར་སྲུང་ཤ་མགོ་མ་ལ༴ རླུང་ལྷ་སྤྱང་གདོང་མ་ལ༴ མི་མོ་སྐྱིན་གདོང་མ་ལ༴ ཕག་མོ་ཕག་གདོང་མ་ལ༴ རྡོ་རྗེ་ཁྭ་གདོང་མ་ལ༴ སྣ་ཆེན་གླང་ཆེན་མགོ་་ལ༴ ཆུ་ལྷ་སྦྲུལ་གདོང་མ་ལ༴ རྡོ་རྗེ་ཁུ་བྱུག་མགོ་ལ༴ རྡོ་རྗེ་ར་གདོང་མ་ལ༴ རྡོ་རྗེ་སེང་གདོང་མ་ལ༴ རྡོ་རྗེ་སྦྲུལ་གདོང་མ་ལ༴ ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ལ་ཕྱག་འཚལ་ལོ༔ ལོངས་སྐུ་འགགས་པ་མེད་པའི་དབྱིངས་ལ༴ སྤྲུལ་སྐུ་འགྲོ་ཁམས་ཁྱབ་ལ༴ སངས་རྒྱས་སྐུ་བཞིའི་བདག་ཉིད་ལ༴ དམ་ཆོས་བདེན་པ་གཉིས་ལྡན་ལ༴ དགེ་འདུན་མི་ཕྱེད་འདུན་པ་ལ༴ བླ་མ་བརྒྱུད་པ་དགུ་ལྡན་ལ༴ ཡིད་དམ་རྒྱལ་བའི་དཀྱིལ་འཁོར་ལ༴ མ་མོ་མཁའ་འགྲོ་ཡོངས་རྫོགས་ལ༴ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༴ ཀུན་འདུས་རྡོ་རྗེ་སློབ་དཔོན་ལ༴ རྡོ་རྗེ་སྤུན་གྲོགས་མཆེད་ལྕམ་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུའི་དུས་གསུམ་ན་གཤེགས་ཤིང་བཞུགས་པའི་སངས་རྒྱས་བྱང་སེམས་རིག་འཛིན་ཕོ་མོ་བཀུར་འོས་མཆོད་འོས་སྐྱབས་འོས་ཕྱག་འོས་བརྟེན་འོས་མ་ལུས་ཤིང་ལུས་པ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་མཆོད་ཅིང་གསོལ་བ་འདེབས་སོ༔ ཧོཿ དགོངས་སུ་གསོལ་ལོ༔ སྐྱབས་ཀྱི་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་སྤྱི་བོས་བཏུད་དེ་བདག་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་སྒོ་གསུམ་བག་མེད་པའི་དབང་དུ་གྱུར་ཏེ་བླ་མ་དང་རྡོ་རྗེའི་འཆེད་ལྕམ་སྤུན་སྲིང་ཐམས་ཅད་ལ་སྨད་པ་དང་གཤེ་སྐུར་དང་ལོག་ལྟ་དང་སྐུ་འཕྲོག་དང་བརྡེག་བརྡུང་དང་སྐྱོན་བལྟ་དང་ཉེས་བཙུག་ལ་སོགས་པ་སྐུ་ཡི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ༔ བྱང་ཞིང་དག་པར་མཛད་དུ་གསོལ༴ ཨོཾ་བཛྲ་ས་མ་ཡ༔ ལྷ་ཡི་བསྒོམ་བཟླས་དང་ཏིང་ངེ་འཛིན་མ་གསལ་ཞིང་ཉམས་ཏེ་འཁྲུལ་པ་དང་༔ ཕྱག་རྒྱ་རྣམ་པ་བཞི་ལེ་ལོར་གཡེལ་ཞིང་སྔགས་དང་བཟླས་བརྗོད་ཀྱི་མཚམས་དང་བར་ཆོད་པ་ཅ་ཅོ་དང་བྲེ་མོའི་ཚིག་གིས་བཅོམ་པ་ལ་སོགས་པ་གསུང་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས་ཉམས་པ་སོར་ཆུད་པར་མཛད་དུ་གསོལ༔ ཨཱཿབཛྲ་ས་མ་ཡ༔ གསང་བ་བཅུ་སོགས་མན་ངག་ཁྱད་པར་ཅན་གྱི་གཉེར་གཏད་དེ་གསང་བར་བསྔགས་པ་ལས་ནོར་ཟས་ཟང་ཟིང་ཟོལ་ཟོག་གི་དབང་གིས་ཡུལ་དང་དུས་མ་ཡིན་པར་འཆད་སྒྲོགས་བསྟན་སྤེལ་བྱས་ནས་དམ་བཅའ་རལ་པ་སྤྱོད་ལམ་རྩིང་པ་གསང་སྒོ་འཆོལ་བ་ལ་སོགས་པ་ཐུགས་ཀྱི་དམ་ཚིག་ཉམས་ཆག་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས་ཚངས་པ་མཆོག་གི་དངོས་གྲུབ་དམ་པ་སྩལ་དུ་གསོལ༔ ཧཱུྃ་བཛྲ་ས་མ་ཡ༔ སྦྱོར་བ་དང་སྒྲོལ་བ་དང་མ་བྱིན་ལེན་པ་དང་རྫུན་དང་ཚིག་རྩུབ་ལ་སོགས་པ་གཞན་དོན་དང་ཚུལ་བཞིན་སྤྱོད་པའི་བཀའ་དང་ལུང་བཞིན་མ་གྱུར་ཏེ་བག་མེད་རང་ཁར་འཆོལ་བའི་དབང་བྱས་ནས་སྤྱད་པར་བྱ་བའི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས་སོར་ཆུད་པར་མཛད་དུ་གསོལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཉོན་མོངས་པ་གཏི་མུག་དང་ཞེ་སྡང་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་འདི་དག་ངོ་བོ་ཡེ་ནས་སངས་རྒྱས་ལྔ་ཡི་རང་བཞིན་དུ་གནས་པ་ལ་གནས་སུ་དག་པར་རང་སར་སྦྱོང་བ་ལས་ལྡོག་ནས་སྤང་ཞིང་འགོག་པ་ཉོན་མོངས་པ་རང་ཁར་བྱུང་རྒྱལ་དུ་སྤྱོད་པ་སྟེ་མི་སྤང་བའི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས་ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ དྲི་ཆེན་དང་དྲི་ཆུ་དང་དམར་ཆེན་དང་ཟིལ་པ་དང་མཱཾ་ས་ལ་སོགས་པའི་དམ་རྫས་བསྒྲུབ་དང་ཡན་ལག་གི་སྒོ་ནས་རྣམ་པར་རྟོག་པ་སྦྱངས་ཏེ་དངོས་གྲུབ་ཀྱི་ཐབས་ཆེན་པོ་ལས་ལྡོག་ནས་གཙང་རྨེ་དང་གཉིས་འཛིན་རང་རྒྱུད་ཀྱི་དབང་གིས་ལོག་པར་བལྟས་ནས་དང་དུ་བླང་བའི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས༴ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་ཁ་དོག་ལྔ་ཡུལ་ལྔ་འབྱུང་བ་ལྔ་རྣམ་པར་ཤེས་པ་ལྔ་རྣམས་ནི་རིགས་ལྔ་ཡེ་ཤེས་ལྔ་ཡབ་ལྔ་ཡུམ་ལྔ་སེམས་དཔའ་སེམས་མ་སྒོ་སྐྱོང་དང་བཅས་པ་ཡེ་ནས་ཡིན་པའི་རང་བཞིན་ཤེས་ནས་རྟོགས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་གནད་ལས་ལྡོག་ནས་བཟང་ངན་དང་རེ་དོགས་དང་སྤང་བླང་དང་དགག་བསྒྲུབ་སོགས་རྨོངས་འཁྲུལ་ཏེ་ཤེས་པར་བྱ་བའི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས་ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ སངས་རྒྱས་ཀྱི་རིགས་དང་༔ རྡོ་རྗེ་དང་རིན་ཆེན་དང་པདྨ་དང་ལས་ཀྱི་རིགས་ལ་སོགས་ཏེ༔ རིགས་ལྔ་གདོད་ནས་རང་ལ་རྫོགས་ཤིང་བསྒྲུབ་པ་ཙམ་གྱིས་རྫོགས་པའི་སངས་རྒྱས་ཆེགས་མེད་དུ་འགྲུབ་པའི་གནད་དོར་ནས་བསྒོམ་བསྒྲུབ་ལེ་ལོར་འཆོར་ཏེ་བརྩོན་འགྲུས་དང་སྙིང་རུས་ཞན་ཅིང་བག་མེད་དུ་ཁ་འཁྱལ་ནས་བསྒྲུབ་པར་བྱ་བའི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས་ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ བུམ་དབང་དང་གསང་དབང་དང་ཤེར་དབང་དང་ཚིག་དབང་དང་རྩལ་དབང་གི་དོན་ངེས་ཚིག་ཚུལ་ལམ་རང་གཞུང་དུ་ངེས་པའི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ནོར་བ་ལོག་རྟོག་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས༴ ཨོཾ་བཛྲ་སཏྭ་ཧཱུྃ༴ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ གདོད་ནས་འཁོར་འདས་རང་སྣང་ལས་མི་གཞན་པའི་ངང་ཚུལ་མ་རིག་ཉོན་ཤེས་ཀྱིས་བསྒྲུབས་ཏེ་བདག་འཛིན་གཉིས་འཛིན་གཟུང་འཛིན་གྱི་དབང་དུ་གྱུར་ཏེ་རང་རྒྱུད་ལ་གོལ་ཞེན་བག་ཆགས་ལ་སོགས་རང་བཞིན་ལྟ་བའི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ བྱང་ཞིང་དག་ནས༴ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ འཁོར་འདས་འུབ་ཆུབ་རྫོགས་པ་ཆེན་པོའི་ཀློང་དུ་བྱང་ཆུབ་པའི་ངང་དུ་བཤགས་བྱ་བཤགས་བྱེད་བཤགས་ཡུལ་ཐམས་ཅད་ཡེ་སངས་རྒྱས་པའི་ངང་དུ་དག་མཉམ་ཆེན་པོར་རིག་སྟེ་རང་གྲོལ་གྱི་ངང་དུ་ཨ་ཨཱཿཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ ཧོཿ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ ཐུགས་རྗེ་བརྩེ་དགོངས་ཆེན་པོས་གསོན༔ བདག་གི་འཁོར་ཚེ་ཐོག་མེད་ནས༔ མ་རིག་ཉོན་ཤེས་བསྒྲིབ་དབང་གིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཉམས་པ༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་རབ་འབུམ་མམ་ཁྲི༔ འབྲིང་སྟོང་ངམ་བརྒྱ༔ ཐ་ན་ཉེར་གཅིག་གམ་བརྒྱད་སོགས་བརྗོད༔ སླར་ཡང་སྨོན་ལམ་དག་པའི་སྟོབས་བསྐྱེད་པ་ནི༔ ཨ་ལ་ལ་ཧོཿ མཆོག་གསུམ་སྐུ་གསུམ་རྩ་གསུམ་སྲུང་མའི་ཚོགས་དང་༔ ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུ་སྟོབས་བྱིན་རླབས་ལ་བརྟེན་ནས༔ མི་ང་ཡི་ཚེ་རབས་ཐམས་ཅད་དུ་བསགས་པའི་ཉེས་བྱས་ཉམས་ཆག་སྡིག་སྒྲིབ་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་སྐད་ཅིག་ཉིད་ལ་བྱང་ཞིང་དག་པར་གྱུར་ཅིག༔ བདག་གི་བློ་སྣ་དམ་པའི་ཆོས་སུ་གྱུར་ནས་བྱ་བ་དང་བྱེད་པ་ཐམས་ཅད་དམ་པའི་ཆོས་ཤ་སྟག་ཏུ་འགྱུར་བར་ཤོག་ཅིག༔ འཁོར་བར་རྒྱབ་ཀྱིས་ཕྱོགས་ཏེ་ངེས་མེད་ཀྱི་དབེན་པར་འགྱུར་མེད་གཏན་དུ་བདེ་བའི་བཙན་ས་ཟིན་པར་ཤོག་ཅིག༔ རྐྱེན་ངན་བར་ཆད་བསླུ་བདུད་ངན་པའི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྱུར་བར་ཤོག་ཅིག༔ ངའི་སྐྱེ་བ་ཚེ་རབས་ཐམས་ཅད་དུ་གཞན་ལ་གནོད་པའི་རིགས་དང་ལུས་སུ་མི་སྐྱེ་བར་ཤོག་ཅིག༔ གཞན་ཕན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་པའི་མཐུ་ནུས་དང་ལྡན་པར་ཤོག་ཅིག༔ ཡུལ་ངན་དང་གྲོགས་ངན་ཕྱིན་ཅི་ལོག་གི་རྗེས་སུ་སྐད་ཅིག་ཙམ་ཡང་མི་འགྱུར་བར་ཤོག་ཅིག༔ བླ་མ་དང་མཆེད་ལྕམ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དག་གི་ཚེ་བསོད་དཔལ་འབྱོར་རླུང་རྟ་བླ་གཟའ་སྙན་གྲགས་མངའ་ཐང་ཡོན་ཏན་བསྟན་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་འཕེལ་དུ་རྒྱས་ཤིང་ནུབ་མེད་དུ་བརྟན་ཅིང་གནས་པར་གྱུར་ཅིག༔ ཆོས་སྐུ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ཤྲཱི་སིངྷ་པདྨ་ཀ་ར་རྒྱ་གར་གྱི་རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅི་བོད་ཀྱི་རྗེ་འབངས་ཉེར་ལྔ་ལ་སོགས་པའི་རིག་འཛིན་བརྒྱུད་པ་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་འཕོ་བར་གྱུར་ཅིག༔ ཐིམ་པར་གྱུར་ཅིག༔ གཉིས་སུ་མེད་པར་ཡོངས་སུ་རྫོགས་པར་གྱུར་ཅིག༔ བདག་གི་སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་དུ་འཕོས་ཏེ་རྨད་བྱུང་རྡོ་རྗེ་ཐེག་པའི་གསང་ལམ་ལ་ཚུད་ནས་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ་རིག་འཛིན་རྣམ་པ་བཞིའི་ས་ལམ་རིམ་གྱིས་ཚེ་འདི་ཉིད་ལ་བསྒྲོད་ནས་མཐར་ཕྱིན་པར་ཤོག་ཅིག༔ འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པ་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་ཤོག་ཅིག༔ ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་དང་འབྱུང་བ་ལྔ་ལ་རང་དབང་བསྒྱུར་ནུས་ཤིང་མཆོག་གི་དངོས་གྲུབ་རླུང་སེམས་གཉིས་དང་སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་ནས་གཞན་དོན་རླབས་པོ་ཆེ་འགྲུབ་པར་ཤོག་ཅིག༔ ཚེ་འདི་ཉིད་དུ་བདག་གིས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀ་དག་གཞོན་ནུ་བུམ་སྐུའི་ཀློང་དུ་ཟད་ནས་ལུས་འཇའ་ལུས་ཟང་ཐལ་ཆེན་པོ་སེམས་ཡེ་གཞི་ཆོས་སྐུའི་ཀློང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་རབ་རྡོ་རྗེའི་གོ་འཕང་ཐོབ་པར་ཤོག་ཅིག༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་རིག་འཛིན་རྒྱལ་བ་རྒྱ་མཚོ་ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པ་རྣམས་ཀྱི་བདེན་པའི་མཐུ་སྟོབས་ནུས་རྩལ་གྱིས་བདག་གིས་སྨོན་ལམ་བཏབ་པ་དེ་རྣམས་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག༔ ཅེས་ལན་བདུན་དང་གཞན་ཡང་བདེན་ཚིག་འགྲུབ་སྔགས་མང་དུ་བཟླ་བར་བགྱི་འདི་ལྟར་རྟག་དུ་བཟླས་བརྗོད་ན༔ ངན་སོང་འཁོར་བ་ལས་གྲོལ་ཏེ༔ རྣམ་མཁྱེན་ཡེ་ཤེས་མངོན་གྱུར་ནས༔ འགྲོ་བའི་མགོན་དུ་གདོན་མི་ཟ༔ འདི་ནི་ཆོས་རྣམས་ཀུན་གྱི་བཅུད༔ རིག་འཛིན་པདྨའི་སྙིང་ཁྲག་དངོས༔ མཁའ་འགྲོ་འབུམ་གྱི་གསང་ཆེན་པོ༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ བཀའ་སྲུང་དྲང་སྲོང་ཆེན་པོར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེ་ལ་ཡེ་ཤེས་མཁའ་འགྲོས་འོད་གསལ་དག་པའི་དབྱིངས་ནས་གདམས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་པདྨ་བཀྲ་ཤིས་ཀྱིས་བགྱིས་པའི་དགེ་བས་འཁོར་བ་མྱང་འདས་ཆེན་པོའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། ཞུས་སོ།།