དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྡོ་རྗེ་མཆོག་རབ་རྩལ་གྱི་སྒྲུབ་ཐབས་ཕ་རོལ་དཔུང་འཇོམས༔

From Dudjom Wiki
TTDL-ZABTER-15-BA-093
Wylie title dag snang ye shes drwa ba las: rdo rje mchog rab rtsal gyi sgrub thabs pha rol dpung 'joms: TTDL-ZABTER-15-BA-093.pdf
Location bdud 'joms gling pa zab gter
Volume 15, Text 93, Pages 365-378 (Folios 1a1 to 7b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las rdo rje mchog rab rtsal gyi sgrub thabs pha rol dpung 'joms. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 365-378. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub phrin   Verso: bdud 'joms srung ma thang lha
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Thang lha
Colophon

ཞེས་པ་འདི་ཡང་དད་ལྡན་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་མཛོད་ལས་བསྒྱུར་བ་དུས་གསུམ་དུ་དགེ་བར་གྱུར་ཅིག།

zhes pa 'di yang dad ldan kun bzang bstan 'dzin gyis bskul ngor khrag 'thung bdud 'joms rdo rjes 'od gsal sgyu 'phrul drwa ba'i mdzod las bsgyur ba dus gsum du dge bar gyur cig/

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྡོ་རྗེ་མཆོག་རབ་རྩལ་གྱི་སྒྲུབ་ཐབས་ཕ་རོལ་དཔུང་འཇོམས་བཞུགས་སོ༔


༁ྃ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ འདོད་དོན་མ་ལུས་ཡོངས་འགྲུབ་ཕྱིར༔ ཀླུ་གཉན་དྲི་ཟའི་སྤྱི་རྗེ་མཆོག༔ བསྒྲུབ་པས་ཕྲིན་ལས་ངེས་པར་འགྲུབ༔ ལག་ཏུ་ལེན་པའི་རིམ་པ་ལ༔ སྒྲུབ་པའི་དལ་ནི་འདི་ལྟར་བྱ༔ རྒྱ་མཚོ་ཆུ་ཡི་དབུས་ཉིད་དུ༔ ས་ཡི་དཀྱིལ་འཁོར་གྲུ་བཞི་པ༔ དེ་དབུས་རླུང་གི་དཀྱིལ་འཁོར་བྲིས༔ སྟེང་དུ་མཉྫིའི་ཁྲི་ཡི་ཁར༔ གཏོར་ཆེན་མེ་རི་འབར་བ་ལ༔ སྦྲུལ་ནི་དཀར་ནག་གཡས་གཡོན་འཁྱུད༔ མདུན་དུ་གཡག་དཀར་བརྗིད་ལྡན་དང་༔ གཡས་སུ་སྡིག་པ་གཡོན་སྦལ་གཟུགས༔ དར་ཟབ་གཅན་གཟན་རས་ཀྱི་བརྒྱན༔ མཐའ་མར་གཏོར་མ་བརྒྱད་ཀྱིས་བསྐོར༔ དཀར་དམར་ཀླུ་སྨན་འབྲུ་སྣ་དང་༔ ཕྱེ་མར་བཤོས་སྐྱེམས་འབྱོར་ཚོགས་བཤམས༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ རང་གི་མདུན་དུ་བཾ་ལས་རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་རྒྱ་ཆེ་ལ་གཏིང་ཟབ་པའི་དབུས་སུ་སུཾ་ལས་དབང་ཆེན་གསེར་གྱིས་ས་གཞི་གྲུ་བཞི་པའི་སྟེ་བར་མེ་རླུང་ཁ་ཆར་འཚུབས་མའི་ཀློང་དུ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་རྒྱ་ཆེ་ལ་དཔངས་མཐོ་བ༔ ཁ་དོག་མཛེས་ཤིང་བཀོད་ལེགས་པ༔ ཡིད་དུ་འོང་ཞིང་ཉམས་དགའ་བའི་དབུས་སུ་གཉན་ཆེན་ཐང་ལྷ་ཆེན་པོ་སྐུ་མདོག་དཀར་སེར་མཛེས་སྒེག་གཞོན་ནུའི་ལང་ཚོ་ཅན༔ ཞལ་གཅིག་ཕྱག་གཉིས་གཡས་མདུང་དར་དང་གཡོན་ནོར་བུ་བསྣམས་པ༔ ཀླུ་བརྒྱད་སྦྲུལ་གྱི་རྣམ་པས་སྐུ་ལ་འཁྱུད་ཅིང་༔ གཉན་རྣམས་སྡོམ་སྡིག་སྦལ་གཅོང་གི་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་ཟུར་ཕུད་ལྔ་རུ་བཅིང་ཞིང་རིན་པོ་ཆེའི་རྩེ་ཕྲན་གྱིས་མཛེས་པ༔ དར་དང་རིན་པོ་ཆེ་སྣ་ཚོགས་རྒྱན་དུ་འཆང་ཞིང་དུང་རྟ་དཀར་པོ་ལ་བཅིབས་པའི་མདུན་དུ་དྲི་ཟ་དྲག་ཤུལ་གྱི་བདག་པོ་ལྷ་གཡག་དཀར་པོ་རི་ལོག་ཙམ་པ་ཁ་རླངས་ནས་སྤྲིན་འཕྲོ་ཞིང་ལྕེ་ལ་གློག་འཁྱུག་པ་རྭ་རྩེ་ནས་ཐོག་མདའི་བུ་ཡུག་འཕྲོ་བར་བསྐྱེད་དོ༔ གཡས་སུ་ཟ་བྱེད་བསྙོ་ཁ་ནག་པོ་ཁ་དགུ་མགོ་དགུ་རྭ་ཅོ་བརྒྱད་ཡོད་པ་མགོ་ལུས་མེད་པར་གཉེར་མས་གང་བ་གཉེར་ལྟེབ་རྣམས་སུ་མིག་སྟོང་བཀྲ་བ་རང་འདྲའི་ལྕགས་སྡིག་ནག་པོའི་ཚྭ་ཚྭ་སྐར་ལྟར་འཁྲིག་པས་རྒྱལ་འགོངས་གདུག་པ་ཅན་གྱི་སྙིང་ཁྲག་རོལ་ཞིང་ཤ་ལ་ཟ་བ་རབ་འཇིགས་ལྟར་མི་བཟོད་པར་བསྐྱེད་དོ༔ གཡོན་དུ་ཀླུ་བདུད་ཀ་ལ་ནཱ་ག་སྦལ་ནག་མགོ་དགུ་པའི་སྟེང་ཞལ་གསུམ་གྱིས་ནོར་བུ་སྐྱུགས་པ༔ བར་ཞལ་གསུམ་ནས་སྦལ་གཅོང་འགྱེད་པ༔ འོག་ཞལ་གསུམ་ནས་དགྲ་ལ་ནད་རིམས་འགྱེད་པར་བསྐྱེད་དོ༔ དེའི་ཕྱི་རིམ་ས་ཡི་དཀྱིལ་འཁོར་ཆེན་པོའི་སྟེང་དུ་དྲི་ཟ་འབུམ་གྱི་ནང་ནས་འཁོར་བ༔ དེའི་ཕྱིི་རིམ་དུ་གཉན་དམག་འབུམ་གྱིས་བསྐོར་ཞིང་འདུད་པ༔ དེའི་ཕྱི་རིམ་རྒྱ་མཚོ་ཆུ་ཡི་ཀློང་ནས་ཀླུ་རྗེ་དང་ཀླུ་འཁོར་བསམ་གྱིས་མི་ཁྱབ་པས་བདུད་ཅིང་འཁོར་བ༔ དེའི་ཕྱི་རིམ་དུ་མི་སྲུན་དྲེགས་པ་སྡེ་བརྒྱད་ཀྱིས་འདུད་ཅིང་འཁོར་བར་སྐྱེད་དོ༔ ལྷ་ཚོགས་དེ་དག་ཐམས་ཅད་བདག་གིས་བཀའ་ཉན་ཅིང་གསུང་སྡོད་པ་སྒྲུབ་པ་པོ་ལ་ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་འབེབ་ཅིང་སྐྱེ་འགྲོ་ཕོ་མོའི་བློ་ཡིད་སྣང་བ་དབང་དུ་བསྡུས་ཏེ་བདག་གི་བྲན་དུ་བཀོལ་བ་དགྲ་བགེགས་གདུག་པ་ཅན་གྱི་ཤ་ཁྲག་དང་སྲོག་དབུགས་ལ་རྔམས་པར་བསྒོམ༔ བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྩ་གསུམ་སྲུང་མ་རྒྱ་མཚོའི་ཐུགས་རྗེ་བྱིན་རླབས་མཐུ་དང་ནུས་པ་ཐམས་ཅད་བསྡུས་ཏེ་སྲུང་མ་གཉན་པོ་ལ་ཐིམ་པས་མཐུ་སྟོབས་ཕྱག་ན་རྡོ་རྗེ་དང་མཉམ་པར་བསྐྱེད་དོ༔ གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་གཉན་ཆེན་ཐང་ལྷ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པར་སྐད་ཅིག་ཉིད་དུ་སྤྱན་དྲང་ལ་བསྟིམ་མོ༔ བཛྲ་འབར་བ་རྩལ་ཐང་ཀ་ར་ནཱ་ག་རཱ་ཛ་པ་ཙ་ལ་སརྦ་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧོཿ དགོངས་སུ་གསོལ་ལོ༔ གཉན་ཆེན་ཐང་ལྷ་ཡར་བཞུད༔ དྲག་ཆེན་རྡོ་རྗེ་མཆོག་རབ༔ དྲི་ཟ་ཟུར་ཕུད་ལྔ་པ༔ དགེ་བསྙེན་བསྙོ་ཁ་ཆེན་པོ༔ ཀླུ་རྒྱལ་ནེ་ལེ་ཐོད་དཀར༔ ས་མཆོག་བརྒྱད་ཀྱི་བདག་པོ༔ གནས་ཆེན་བརྒྱད་ཀྱི་དབང་ཕྱུག༔ སྤྲུལ་པ་རྫུ་འཕྲུལ་དྲག་ཤུལ་གྱི་བདག་པོ༔ ཟབ་གཏེར་བཀའ་ཡི་གཉེར་འཛིན༔ གཙུག་ལག་ཆོས་འཁོར་གྱི་བདག་པོ༔ དགེ་བཙུན་ཡོངས་ཀྱི་སྲུང་མ༔ ཁྱོད་སྦྲུལ་པ་ཡང་སྤྲུལ་བཀའ་སྡོད་བྲན་གཡོག་དང་བཅས་པ་བཀའ་དང་དམ་ཚིག་གཉན་པོ་དཔང་དུ་བཙུགས་ནས་འབོད་དོ༔ མ་འདའ་དམ་ཚིག་དབང་གིས་སྒྲུབ་ཅིང་བསྟེན་པའི་གནས་འདིར་གཤེགས་ཤིག་བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛ༔ ལན་གསུམ་བརྗོད༔ ཧོཿ ཀླུ་གཉན་དྲི་ཟའི་སྤྱི་རྗེ་མཆོག༔ གཉན་ཆེན་ཐང་ལྷ་འཁོར་དང་བཅས༔ དཀྱིལ་འཁོར་བརྟེན་པའི་རྫས་ལ་བཞུགས༔ རྣལ་འབྱོར་བདག་གི་གྲོགས་སུ་བཞུགས༔ བཛྲ་ཐང་ཀ་ར་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧོཿ དཀོན་མཆོག་གསུམ་གྱི་སྲུང་མ་ཁྱོད༔ དམ་ཚིག་རྗེས་སུ་དྲན་མཛོད་ལ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཕྱིར༔ གུས་པའི་ཡིད་ཀྱིས་ཕྱག་ཀྱང་འཚལ༔ ས་མ་ཡ་ན་མ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧོཿ གཉན་ཆེན་ཐང་ལྷ་ཆེན་པོ་ལ༔ དཀར་དམར་སྐྱེམས་དང་གཏོར་མ་དང་༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ དར་ཟབ་སྟག་གཟིག་དཀོར་ཆ་དང་༔ རིན་ཆེན་ནོར་དང་ལོངས་སྤྱོད་ཚོགས༔ གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་པའི༔ འདོད་ཡོན་ལོངས་སྤྱོད་རྒྱན་དུ་འབུལ༔ དགྱེས་ཞལ་སྟོན་ལ་འགྲུབ་རྟགས་ཕྱུངས༔ བསམ་པའི་དོན་ཀུན་འགྲུབ་པར་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧོཿ མཐུ་སྟོབས་མངའ་བདག་རྡོ་རྗེ་འཛིན༔ ཐབས་ཀྱི་འགྲོ་དོན་ལྷུར་ལེན་ཕྱིར༔ གདོན་དང་བགེགས་ཀྱི་གཉའ་ནོན་མཛད༔ དྲག་ཤུལ་བདག་པོ་ཁྱོད་ལ་བསྟོད༔ ས་ཆེན་བརྒྱད་ལ་དབང་མཛད་ཅིང་༔ གནས་ཆེན་བརྒྱད་ཀྱི་བདག་པོར་སྤྲུལ༔ མ་ངེས་སྤྲུལ་པ་ཅིར་ཡང་བསྒྱུར༔ ནོར་དང་ལོངས་སྤྱོད་དཔལ་སྟེར་ཞིང་༔ དགྲ་བགེགས་གདུག་པ་རྩད་ནས་གཅོད༔ ཀླུ་གཉན་དྲི་ཟ་འཁོར་དུ་སྡུད༔ རྒྱལ་འགོང་གདུག་པའི་སྙིང་ཁྲག་འབྱིན༔ ཁྱད་པར་སྨྱོ་འདྲེའི་གཤེད་དུ་ཆེ༔ འཇིག་བྱེད་ཆེན་པོ་ཁྱོད་ལ་བསྟོད༔ ཨོ་རྒྱན་ཆེན་པོའི་བཀའ་ཉན་ཅིང་༔ གསང་སྔགས་བསྟན་དང་བསྟན་འཛིན་སྐྱོང་༔ ཕྲིན་ལས་བསྒྲུབ་ཅིང་བར་ཆད་སོལ༔ དྲག་རྩལ་ནམ་མཁའི་ཐོག་ལས་ཆེ༔ མྱུར་མགྱོགས་བར་སྣང་གློག་ལ་འགྲན༔ ཆོ་འཕྲུལ་སྤྲུལ་པ་ཅིར་ཡང་བརྫུ༔ དྲག་ཆེན་མངའ་བདག་ཁྱོད་ལ་བསྟོད༔ པདྨའི་གདུང་འཚོབ་རྣལ་འབྱོར་ངས༔ མི་འབྲལ་གྲོགས་སུ་ཁྱོད་བསྟེན་གྱིས༔ དགྱེས་པའི་ཞལ་དང་གྲུབ་རྟགས་སྟོན་༔ ཇི་སྲིད་བར་དུ་སྲུང་སྐྱོབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ནས་འཛབ་སྔགས་བཟླ་བ་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་གཉན་ཆེན་ཐང་ལྷ་ཆེན་པོར་གསལ་བའི་ཐུགས་ཀར་འོད་ཀྱི་ཐིག་ལེ་དཀར་སེར་ནོར་བུའི་དབྱིབས་ཅན་གྱི་ནང་ཁོངས་སུ་ཡི་གེ་ན༔ དཀར་སེར་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ་ལ༔ བཟླས་པ་ཙམ་གྱིས་ཁོའི་སྲོག་སྙིང་ནུས་མཐུ་ཐམས་ཅད་བདག་གི་དབང་དུ་བསྒྱུར་ནས་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་བསམ༔ བཛྲ་འབར་བ་རྩལ་ཐང་ཀ་ར་ནཱ་ག་རཱ་ཙ་ཕེཾ་ཕེཾ་ཛ༔ དེ་ཡིས་འབོད་ཅིང་རྦད་པ་ལ༔ བཛྲ་འབར་བ་རྩལ་ཐང་ཀ་ར་ནཱ་ག་རཱ་ཙ་དགྲ་ལ་རྦད་རྦད་སྭཱ་ཧཱ༔ དེ་ནས་བསད་པ་ལ༔ བཛྲ་འབར་བ་རྩལ་ཐང་ཀ་ར་ནཱ་ག་རཱ་ཙ་དགྲ་བོ་ཧུར་ཐུམ་སོད༔ བསྙེན་སྔགས་བཟླ་ན༔ བཛྲ་འབར་བ་རྩལ་ནཱ་ག་རཱ་ཙ་པ་ཙ་ལ་ཧཱུྃ་ཕཊ༔ དེ་ལ་བརྟེན་པའི་གསོལ་མཆོད་ནི༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ ཛཿཨོ་རྒྱན་ཆེན་པོའི་ཐ་ཚིག་གིས༔ འབོད་དོ་གཤེགས་སོ་སྲུང་མ་ཆེ༔ གཉན་ཆེན་ཐང་ལྷ་ཡར་བཞུད་ཁྱོད༔ དྲི་ཟའི་ཡུལ་ནས་གཤེགས་སུ་གསོལ༔ གཉན་གྱི་ཡུལ་ནས་གཤེགས་སུ་གསོལ༔ ཀླུ་ཡི་ཡུལ་ནས་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དམ་ཚིག་གཉན་གྱི་གདན་ལ་བཞུགས༔ དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་པའི༔ རྟེན་རྫས་སྒྲུབ་རྫས་བསྐང་རྫས་དང་༔ མཆོད་རྫས་དཀོར་ནོར་བཟའ་བཏུང་དང་༔ འདོད་ཡོན་མི་ཟད་གཏེར་ཆེན་གྱི༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ གང་བཅོལ་ཕྲིན་ལས་ཡོངས་འགྲུབ་མཛོད༔ ས་མ་ཡ༔ དེ་ལ་བརྟེན་པའི་བསང་མཆོད་ནི༔ ཨོཾ་ཨཱཿཧཱུྃ༔ བཟང་ཤིང་ཕྱེ་མར་དུད་སྤྲིན་འདི༔ ཏིང་འཛིན་སྔགས་ཀྱི་བྱིན་བརླབས་ནས༔ འཆི་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་རྒུའི་དཔལ་ཡོན་རྫོགས་པའི་གཏེར༔ མི་ཟད་རྒྱན་གྱི་འཁོར་ལོ་འདིས༔ གཉན་ཆེན་རྒྱལ་པོ་ཐང་ལྷ་བསང་༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་བསང་༔ ཀླུ་རྒྱལ་ནེ་ལེ་ཐོད་དཀར་བསང་༔ ཡུམ་དང་སྲས་འཁོར་བཅས་པ་བསང་༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ དགྲ་གེགས་གནོད་བྱེད་ཚར་ཆོད་ལ༔ གང་བཅོལ་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ དེ་ལ་བརྟེན་པའི་གཡང་འགུགས་ནི༔ ཛཿཨོ་རྒྱན་པདྨ་ཐོད་ཕྲེང་གི༔ བཀའ་དང་དམ་ཚིག་དཔང་དུ་བཙུགས༔ མ་འདའ་ཕྲིན་ལས་དུས་ལ་བབ༔ དྲི་ཟ་ཟུར་ཕུད་ལྔ་ལྡན་ཁྱོད༔ དྲི་ཟའི་ཡུལ་ནས་ཕྱྭ་གཡང་ཁུག༔ རྣལ་འབྱོར་བདག་གི་དཔལ་དུ་སྩོལ༔ ནུབ་པ་མེད་པར་འཕེལ་རྒྱས་མཛོད༔ ཀླུ་རྒྱལ་ནེ་ལེ་ཐོད་དཀར་ཁྱོད༔ ཀླུ་ཡི་ཡུལ་ནས་ཕྱྭ་གཡང་ཁུག༔ རྣལ་འབྱོར་བདག་གི་དཔལ་དུ་སྩོལ༔ ནུབ་པ་མེད་པར་འཕེལ་རྒྱས་མཛོད༔ གཉན་ཆེན་ཐང་ལྷ་ཡར་བཞུད་ཁྱོད༔ གཉན་གྱི་ཡུལ་ནས༴ རྣལ་འབྱོར་བདག་གི༴ ནུབ་པ་མེད་པས༴ འཇིགས་བྱེད་རྡོ་རྗེ་མཆོག་རབ་ཁྱོད༔ མི་ཡི་ཡུལ་ནས༴ རྣལ་འབྱོར་བདག་གི༴ ནུབ་པ་མེད་པར༴ དགེ་བསྙེན་བསྙོ་ཁ་ཆེན་པོ་ཡིས༔ མི་མིན་ལྷ་འདྲེའི༴ རྣལ་འབྱོར་བདག་གི༴ ནུབ་པ་མེད་པར༴ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ མྱུར་འགྱོགས་སྟོབས་རྩལ་ཤུགས་ཕྱུང་ལ༔ བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ༔ བཛྲ་འབར་བ་རྩལ་ཐང་ཀ་ར་ས་མ་ཡ་སརྦ་རཏྣ་བ་སུ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སཱ་ཧཱ༔ ས་མ་ཡ༔ དེ་ལ་བསྟེན་པའི་རྦད་བསྐུལ་ནི༔ དམར་གཏོར་ཁྲག་གིས་རབ་བྲན་ནས༔ ཧཱུྃ་ཛ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ དྲི་ཟའི་ཡུལ་གྱི་ཡུལ་དབུས་ན༔ རིན་ཆེན་གཏེར་མཛོད་གཞལ་ཡས་སུ༔ རྒྱལ་པོ་ཟུར་ཕུད་ལྔ་ལྡན་པ༔ བསྐུལ་ལོ་དམ་ཚིག་ཐུགས་དམ་བསྐུལ༔ བཞེངས་ཤིག་མངོན་སྤྱོད་ལས་ལ་བཞེངས༔ དྲི་ཟ་བྱེ་བ་འབུམ་དང་བཅས༔ མ་ཐོག་མྱུར་དུ་དགྲ་ལ་རྒྱུག༔ མཐུ་རྩལ་དྲག་པོའི་སྟོབས་ཤུགས་ཕྱུངས༔ ཡུལ་ནི་གཉན་ཡུལ་རབ་དགའི་ཚལ༔ རྡོ་རྗེ་འབར་བའི་སྐུ་མཁར་ནས༔ བཞེངས་ཤིག་ཐང་ལྷ་ཡར་བཞུད་ཁྱོད༔ བསྐུལ་ལོ་དམ་ཚིག་ཐུགས་དམ་བསྐུལ༔ བཞེངས་ཤིག་མངོན་སྤྱོད་ལས་ལ་བཞེངས༔ གཉན་དམག་བྱེ་བ་འབུམ་དང་བཅས༔ མ་ཐོགས་མྱུར་དུ་དགྲ་ལ་རྒྱུག༔ མཐུ་རྩལ་དྲག་པོའི་སྟོབས་ཤུགས་ཕྱུངས༔ ཡུལ་ནི་ནཱ་ག་གཏུམ་པོའི་ཡུལ༔ འདོད་ཡོན་ཡིད་ལས་སྐྱེས་པའི་ཚལ༔ བཀོད་ལེགས་རིན་ཆེན་སྐུ་མཁར་ནས༔ ཀླུ་རྒྱལ་ནེ་ལེ་ཐོད་དཀར་ཁྱོད༔ བསྐུལ་ལོ་དམ་ཚིག་ཐུགས་དམ་བསྐུལ༔ བཞེངས་ཤིག་མངོན་སྤྱོད་ལས་ལ་བཞེངས༔ ཀླུ་དམག་བྱེ་བ་འབུམ་དང་བཅས༔ མ་ཐོགས་མྱུར་དུ་དགྲ་ལ་རྒྱུག༔ མཐུ་རྩལ་དྲག་པོའི་སྟོབས་ཤུགས་ཕྱུངས༔ ཡུལ་ནི་འཛམ་གླིང་ས་ཡི་ཆ༔ གནས་མཆོག་བརྒྱད་ཀྱི་དབང་ཕྱུག་ཆེ༔ འཇིགས་བྱེད་རྡོ་རྗེ་མཆོག་རབ་རྩལ༔ སྤྲུལ་དང་ཡང་སྤྲུལ་དཔུང་དང་བཅས༔ བསྐུལ་ལོ་དམ་ཚིག་ཐུགས་དམ་བསྐུལ༔ བཞེངས་ཤིག་མངོན་སྤྱོད་ལས་ལ་བཞེངས༔ མ་ཐོག་མྱུར་དུ་དགྲ་ལ་རྒྱུག༔ མཐུ་རྩལ་དྲག་པོའི་སྟོབས་ཤུགས་ཕྱུངས༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱིས༔ ཞག་དང་ཟ་མར་མ་འགྱངས་སོད༔ སྡེ་བརྒྱད་དྲི་ཟའི་དམག་ཚོགས་ཀྱིས༔ གནམ་ནས་ཐོག་སེར་ཕོབ་ལ་སོང་༔ བར་སྣང་གཉན་གྱི་དམག་ཚོགས་ཀྱིས༔ ནང་འཁྲུགས་ནད་མཚོན་ཕོབ་ལ་སོང་༔ རྒྱ་མཚོའི་ཀླུ་དམག་འཁོར་བཅས་ཀྱིས༔ མཛེ་གྲུམ་ཧྲེང་ལྐུག་ཐོང་ལ་སོང་༔ ཕོ་རྣམས་ཁྲག་སྐྱུག་གྲི་རུ་སོད༔ མོ་རྣམས་འབོགས་བརྒྱལ་ནད་ཀྱིས་སོད༔ བྱིས་པ་གྲིབ་གཟེར་གདོན་གྱིས་ཐོབ༔ ནོར་ལ་གོད་ཡམས་སྣ་དགུ་ཐོང་༔ ནང་འཁྲུགས་ནང་འཐབ་བྱེད་དུ་ཆུག༔ ཉེ་བ་ཕུ་ནུ་བདུད་དུ་ཕོབ༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ དང་པོ་ཨོ་རྒྱན་པདྨའི་བཀའ༔ བར་དུ་རིག་འཛིན་བརྒྱུད་པའི་དམ༔ ཐ་མ་རྣམ་འབྱོར་བདག་གི་ཚིག༔ དཔང་དུ་བཞག་ནས་ཁྱོད་བསྐུལ་ཞིང་༔ གཏའ་རུ་བཞག་ནས་ཁྱོད་རྦད་དོ༔ སྡང་བའི་དགྲ་བོ་དམ་ཉམས་ཀྱི༔ བླ་སྲོག་དོན་སྙིང་ནང་རོལ་བཅས༔ མངོན་སུམ་སྦར་གྱིས་ཐོབ་ལ་ཤོག༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང་༔ ཀླད་པ་དཀར་པོ་ཞོ་ལྟར་དཀྲུགས༔ མ་ཐུབ་བར་དུ་སླར་མ་ལྡོག༔ མ་ཟད་བར་དུ་ཚིམ་མ་བྱེད༔ སྡུག་ཡུས་དྲག་ཁྲོ་ཚུར་མ་འདྲེན༔ བཅོལ་བའི་ལས་མཛོད་དུས་ལ་བབ༔ མ་གཡེལ་མ་འགྱང་ས་མ་ཡ༔ ཨོཾ་བཛྲ་འབར་བ་རྩལ༔ ཐང་ཀར་ནཱ་ག་རཱ་ཙ་པ་ཙ་ལ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་རྦད་བྷྱོ༔ ས་མ་ཡ༔ དེ་ལ་བརྟེན་པའི་སྲོག་དབང་ནི༔ དང་པོ་ཁྲུས་བྱས་བགེགས་བསྐྲད་སྐྱབས་སེམས་ཕོག༔ དེ་ནས་གསོལ་བ་འདེབས་པ་ནི༔ ཀྱཻ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ རྡོ་རྗེ་འཛིན་རྒྱལ་བླ་མ་རྗེ༔ བདག་ལ་བཀའ་སྲུང་གཉན་པོ་ཡི༔ སྲོག་གི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་མཐར༔ སློབ་མ་གུ་རུ་པདྨ་འབྱུང་གནས་ཀྱི་སྐུར་ལམ་གྱིས་བསྐྱེད་ལ༔ དེའི་ཐུགས་ཀའི་ཧཱུྃ་དང་ཧྲཱིཿ ལས་འོད་འཕྲོས་པས་གཉན་ཆེན་ཐང་ལྷ་འཁོར་དང་བཅས་པའི་སྲོག་སྙིང་བསྡུས་ཏེ་ཐུགས་སྲོག་ཧཱུྃ་ཧྲཱིཿ ལ་ཐིམ་པས་ཁོའི་སྲོག་སྙིང་བདག་ལ་ཐོབ་པར་བསམ༔ དེ་ནས་གཏོར་མ་གཉན་ཆེན་ཐང་ལྷ་དངོས་སུ་གསལ་བ་སློབ་མའི་ལག་ཏུ་གཏད་ལ༔ ཧོཿ ཨོ་རྒྱན་བཀའ་ཡི་སྲུང་མ་མཆོག༔ གཉན་ཆེན་རྡོ་རྗེ་མཆོག་རབ་རྩལ༔ གཙོ་འཁོར་ཡོངས་རྫོགས་གཏོར་མ་ནི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ གཉན་རྒྱལ་སྲོག་ལ་དབང་ཐོབ་སྟེ༔ མི་འབྲལ་བྲན་ཁོལ་བྱམས་བརྩེས་གདུང་༔ ཕྲིན་ལས་གང་བཅོལ་བསྒྲུབ་པར་ཤོག༔ བཛྲ་འབར་བ་རྩལ་ཐང་ཀ་ར་ནཱ་ག་རཱ་ཙ་པ་ཙ་ལ་སརྦ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ དེ་ནས་མནའ་ཆུ་སློབ་མའི་ལྕེ་ལ་བཞག༔ གཏོར་མ་ལ་བྲན་ཏེ༔ བཀའ་སྲུང་ཆེན་པོའི་ལྕེ་ལ་ཕོག་པས་དམ་ཚིག་གི་སྲོག་ཐོབ་པར་བསམ༔ ཧོཿ དེ་རིང་ཕྱིན་ཆད་ཚེ་འདི་རུ༔ བུ་ཁྱོད་སྲུང་མ་འདི་སྒྲུབས་ཤིག༔ གཉན་ཆེན་ཐང་ལྷ་ཁྱོད་ཀྱིས་ཀྱང་༔ འདི་ལ་ཚེ་འདིར་དབྱེར་མེད་འགྲོགས༔ ཕ་མ་བཞིན་དུ་བྱམས་བརྩེས་སྐྱོངས༔ ཅི་བསམ་ཅི་འདོད་བཅོལ་བའི་ལས༔ ཐོགས་པ་མེད་པར་བསྒྲུབ་མཛོད་ཅིག༔ རྡོ་རྗེའི་དམ་ཚིག་མནའ་ཆུ་འཐུང་༔ མ་འདའ་བཛྲ་ས་མ་ཡ༔ གཉིས་ཀས་མནའ་བོར་བར་བསམ་ལ༔ ས་མ་ཡ་ན་ར་ཀན་ཋ་ཋ༔ ཞེས༔ ལུས་དང་གྲིབས་མ་ལྟ་བུར་འཁོར་བར་བསམ་ལ༔ ཤིས་པ་བརྗོད༔ ས་མ་ཡ༔ འདི་ནི་འགྲུབ་ཐག་ཤིན་ཏུ་ཉེ༔ མཐུ་ཆེ་བཀའ་གཉན་མྱུར་མགྱོགས་ལྡན༔ པདྨས་བུ་ལ་གཏད་དོ་རྒྱ༔ བསྟན་དགྲའི་སྲོག་གི་གཤེད་དུ་ཕོབ༔ ས་མ་ཡ༔ ཨྠིྀ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་དད་ལྡན་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་མཛོད་ལས་བསྒྱུར་བ་དུས་གསུམ་དུ་དགེ་བར་གྱུར་ཅིག། །།