དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྐྱེས་བུ་མ་སང་དགྲ་འདུལ་གྱི་གསོལ་མཆོད་བསམ་དོན་ལྷུན་གྲུབ༔

From Dudjom Wiki
TTDL-ZABTER-15-BA-098
Wylie title dag snang ye shes drwa ba las: skyes bu ma sang dgra 'dul gyi gsol mchod bsam don lhun grub: TTDL-ZABTER-15-BA-098.pdf
Location bdud 'joms gling pa zab gter
Volume 15, Text 98, Pages 411-413 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las skyes bu ma sang dgra 'dul gyi gsol mchod bsam don lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 411-413. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod   Verso: bdud 'joms seng chen dgra 'dul
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Seng chen nor bu dgra 'dul
Colophon

ཞེས་པ་འདི་ཉིད་སློབ་བུ་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།།

zhes pa 'di nyid slob bu ye shes nyi ma mtha' rgyas zhes bya bas nan du bskul ngor mi rgan bdud 'joms rdo rjes smras pa yongs su dge bar gyur cig_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྐྱེས་བུ་མ་སང་དགྲ་འདུལ་གྱི་གསོལ་མཆོད་བསམ་དོན་ལྷུན་གྲུབ་བཞུགས་སོ༔ (བརྡ་ཡིག་) ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ༔ ཤ་དུམ་འབྲུ་སྣ་གཏོར་མ་སྐྱེམས༔ འབྱོར་ཚོགས་མཆོད་རྫས་བཤམས་པ་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ སྔགས་ཀྱི་ནུས་པས་འདོད་རྒུར་བསྐྱུར༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ གསེར་སྐྱེམས་གཏོར་མ་དཀར་གསུམ་མངར་གསུམ་ཤ་རི་ཁྲག་མཚོ་འབྲུ་སྣ་ཤིང་ཐོག་ལ་སོགས་ལྷ་ཀླུ་མི་ཡི་ཟས་ནོར་ལོངས་སྤྱོད་མ་ཚང་བ་མེད་པ་ཕུན་སུམ་ཚོགས་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར་ཅིག༔ ན་མ༔ སརྦ་ཏ་ཐཱ་སོགས་ནམ་མཁའ་མཛོད་སྔགས་དང་༔ ཨ་ཀཱ་རོ་དང་༔ རྟེན་འབྲེལ་སྙིང་པོ་གསུམ་རེ་བརྗོད་མཐར༔ ལྷ་ཀྭི་ཀྭི་ལ་བསྭོ་བསྭོ་བསྭོ༔ དགྲ་བླ་ཝེར་མ་དབྱིངས་ནས་བཞེངས༔ སྟེང་ནས་ཚངས་པ་གདོང་བཞི་དང་༔ ལྷ་དམག་བྱེ་བ་གཤེགས་སུ་གསོལ༔ བར་ནས་གཉན་ཆེན་དཀོར་མཛོད་དང་༔ གཉན་དམག་དར་འཛིན་གཤེགས༴ འོག་ནས་ཀླུ་རྒྱལ་ཆེན་པོ་ནི༔ ཀླུ་དམག་དང་བཅས༴ འཛམ་གླིང་གེ་སར་རྒྱལ་པོ་ཞེས༔ སེང་ཆེན་ནོར་བུ་དགྲ་འདུལ་རྩལ༔ དགྲ་བླ་བཅུ་གསུམ་གཤེགས༴ ཁྱོད་ལ་མཆོད་པ་འབུལ་བ་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་དཀར་དམར་སྐྱེམས༔ ལྷ་ཀླུ་མི་ཡི་ཟས་ནོར་དཀོར༔ དངོས་འབྱོར་ཡིད་ཀྱིས་རྣམས་འཕྲུལ་ཏེ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སེང་ཆེན་ནོར་བུ་དགྲ་འདུལ་མཆོད༔ ཨ་ནི་གོང་སྨན་རྒྱལ་མོ༴ སྲིང་མོ་ཐ་ལེ་འོད་དཀར༴ གཡས་ནས་འཁོར་བའི་ལྷ་དམག༴ གཡོན་ནས་འཁོར་བའི་ཀླུ་དམག༴ མདུན་ནས་འདུད་པའི་གཉན་དམག༴ རྒྱབ་ནས་བརྟེན་པའི་ལྷ་སྲུང་༴ ཕུ་བོ་རྒྱ་ཚ་ཞལ་དཀར༴ ནུ་བོ་གནང་ཆུང་གཡུ་སྟག༴ ཡབ་མཆོག་ཨ་བོ་གེར་མཛོད༴ ཡུམ་མཆོག་སྤང་ཞལ་མཛེས་ལྡན༴ སྤྲུལ་པ་དཔའ་ཐུལ་ཉེར་བརྒྱད་མཆོད༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ སྐད་ཅིག་ཙམ་ཡང་འབྲལ་མེད་སྐྱོངས༔ ནད་གདོན་བར་ཆད་འཇིགས་ལས་སྐྱོབ༔ མི་མཐུན་ཕྱོགས་རྣམས་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་མངའ་ཐང་བསྐྱེད༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ དུས་ངན་སྐྱེས་བུ་བདག་འདྲ་ལ༔ ཐུགས་རྗེས་ཡལ་བར་མ་དོར་ཞིག༔ ཐུགས་བསྐྱེད་རྣམ་དག་རྗེས་དགོངས་ལ༔ དབྱིངས་ལས་དགོངས་པ་ད་བསྐྱོད་འཚལ༔ དད་དང་མོས་གུས་དྲག་པོ་ཡིས༔ ཁྱེད་མཆོད་སྒྲུབ་པའི་རྣལ་འབྱོར་བདག༔ ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་༔ ཕྱི་མ་དག་པའི་ཞིང་ཁམས་སུ༔ ཁྱེད་བཞིན་ལུས་འདི་མ་བོར་བར༔ མཁའ་སྤྱོད་དག་པའི་གནས་སུ་དྲོངས༔ འདི་ཕྱི་བར་གསུམ་ཐམས་ཅད་དུ༔ འབྲལ་མེད་ཐུགས་རྗེས་བདག་སྐྱོངས་མཛོད༔ ས་མ་ཡ༔ དེ་ལྟར་དད་དང་མོས་གུས་ཀྱིས༔ གསོལ་མཆོད་བྱེད་པའི་སྐྱེས་བུ་ཀུན༔ འདི་ཕྱིའི་བདེ་ལེགས་ཀུན་འགྲུབ་འགྱུར༔ ཨྠིྀ༔ ཞེས་པ་འདི་ཉིད་སློབ་བུ་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།