ཡང་དག་ལམ་དུ་གཟུད་པའི་ས་མཁན་སྙིང་གཏམ་ཚིགས་སུ་བཅད་པ་ནོར་བུའི་དོ་ཤལ།

From Dudjom Wiki
TTDL-ZABTER-18-TSHA-034
Wylie title yang dag lam du gzud pa'i sa mkhan snying gtam tshigs su bcad pa nor bu'i do shal TTDL-ZABTER-18-TSHA-034.pdf
Location bdud 'joms gling pa zab gter
Volume 18, Text 34, Pages 125-130 (Folios 63a1 to 65b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Yang dag lam du gzud pa'i sa mkhan snying gtam tshigs su bcad pa nor bu'i do shal. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 125-130. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་པ་འདི་ཡང་རང་སློབ་དམ་པ་ཚུལ་བཟང་གིས་ཡང་ཡང་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པའོ།།

ces pa 'di yang rang slob dam pa tshul bzang gis yang yang bskul ngor khrag 'thung bdud 'joms rdo rjes smras pa'o//

[edit]
༄༅། །ཡང་དག་ལམ་དུ་གཟུད་པའི་ས་མཁན་སྙིང་གཏམ་ཚིགས་སུ་བཅད་པ་ནོར་བུའི་དོ་ཤལ་བཞུགས་སོ། །ན་མོ་གུ་རུ།སྐྱེ་བ་ཐོག་མ་མེད་པའི་སྔོན་རོལ་ནས། །འབྲལ་མེད་རྗེས་སུ་བཟུང་བའི་བཀའ་དྲིན་ཅན། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་། །བྱང་ཆུབ་བར་དུ་གཙུག་གི་རྒྱན་དུ་མཆོད། །གང་དེའི་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་རླབས། །བདག་བློའི་བུམ་པ་བཟང་པོར་ཞུགས་པའི་མཐུས། །ཤེས་རབ་མིག་འབྲས་ཟུམ་པ་ཅུང་ཟད་ཕྱེས། །ཆོས་ཉིད་བདེན་པ་མངོན་སུམ་མཐོང་བ་ལས། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་ལ། །ཡང་དག་ལམ་མཆོག་སྟོན་པའི་ས་མཁན་དངོས། །འབྲལ་མེད་གྲོལ་གང་དགོན་པའི་བྱིས་པ་དང་། །མཛའ་མིན་སྡང་དང་གད་མོའི་གནས་སུ་མངོན། །ཡུལ་མིན་དེ་ཀའི་མིག་ལ་རྩུབ་ན་ཡང་། །རང་སློབ་དམ་པས་ནན་བསྐུལ་མ་ལྡོག་བྲིས། །ཉོན་དང་དད་ལྡན་སྙིང་གི་བུ། །མ་ནུས་རྒན་པོའི་འཆོལ་བའི་གཏམ། །ཞལ་གདམས་ལ་མཐོང་ཉམས་ལེན་ན། །གོ་ས་མཐོན་པོར་མ་སླེབས་ཀྱང་། །དོན་དང་འཕྲད་པར་ལ་ཐང་མེད། །དེ་ཕྱིར་གཅེས་ནོར་མཆོག་ཏུ་ཟུངས། །སྔོན་གྱི་དགེ་འབྲས་བཟང་པོའི་མཐུས། །ད་རེས་དལ་འབྱོར་མི་ལུས་ཐོབ། །འཁོར་འདས་གཉིས་ཀྱི་ས་མཚམས་ཡིན། །ལེགས་ཉེས་ཅི་བྱེད་རང་ལ་རག།དུས་ངན་ཐ་མའི་བླ་བཙུན་འགས། །ཆོས་པའི་གཟུགས་བརྙན་འཆང་ནས་སུ། །མི་གཅིག་ལྟོ་རྒྱབ་མི་འབྱོངས་པའི། །ལ་ལས་ཚོང་ཁེ་གཡོ་སྒྱུ་སྤྱོད། །ལ་ལས་ཕྱུགས་རྫིར་དཀའ་ཆེན་སྤྱོད། །ལ་ལས་འཁོར་བའི་ཁ་དཔོན་བྱེད། །ལ་ལས་ཁེ་དྲག་གོ་སར་རློམ། །ལ་ལས་དཀོར་ཟས་རོ་དོམ་ལེན། །ལ་ལས་མི་ཡི་ངོ་སྲུང་བྱེད། །ལ་ལ་བློ་མང་སོ་ཟིན་མེད། །གཏན་ཕུང་སྡུག་བསྔལ་རིན་གྱིས་ཉོ། །ལས་ངན་ཁུར་རོག་རྙེད་མ་ཡིན། །དྲིན་ལན་གཉེན་གྱིས་གཟོ་དུས་མེད། །འཆི་བའི་ནད་ཀྱིས་མ་བཏབ་བར། །ལས་དང་བྱ་བྱེད་འགྲུབ་དུས་མེད། །དེ་དག་བདུད་ཀྱིས་ཟིན་པའི་ལྟས། །ཞེ་སྡང་དུག་སྦྲུལ་ལས་ཀྱང་ཆེ། །ང་རྒྱལ་རྡོ་རྗེ་བྲག་ལས་སྲ། །འདོད་ཆགས་ཁྱི་བྱ་ལས་ཀྱང་ཁོལ། །ཕྲག་དོག་རླུང་དམར་ལྟ་བུར་གཡོ། །གཏི་མུག་མུན་ནག་ལས་ཀྱང་འཐིབས། །རང་མཐོང་ཙ་ར་ལས་ཀྱང་ཆེ། །དེ་ལྟར་བདུད་ཀྱི་དབང་གྱུར་པའི། །ལས་ངན་ལད་མོ་མི་བྱེད་པར། །མི་ཚེ་ཆོས་ལ་དྲིལ་བར་གྱིས། །ཚེ་རབས་གཏན་གྱི་སོ་ནམ་ཡིན། །འུ་ཅག་ཉམས་ཆུང་བླུན་པོ་ཡིས། །རང་གི་རྒྱུད་ཚོད་ལ་དཔགས་ཏེ། །ཁ་ཕོ་ང་རྒྱལ་མི་མཐོ་གནད། །ཚེ་འདིའི་སྣང་བ་ཐམས་ཅད་ནི། །མདང་གི་རྨི་ལམ་ཇི་བཞིན་ཏུ། །མི་རྟག་འགྱུར་བའི་ཆོས་ཅན་ཡིན། །འདོད་དང་སྲེད་པ་མ་ཆེ་བུ། །མཚན་ལྡན་བླ་མ་མ་གཏོགས་པར། །ཕན་པའི་ཁ་ད་བྱེད་མི་མེད། །སུ་ཡི་ཁ་ལ་མི་ཉན་པར། །རང་ཚོད་ཟུངས་དང་སྙིང་གཏམ་ཡིན། །སྤུན་ཟླ་ཉེ་འབྲེལ་བཟའ་མི་རྣམས། །ལེགས་པར་སྐྱོང་དུས་མི་འོང་བས། །ཞེན་ཆགས་དོན་གཉེར་མི་ཆེ་བར། །རང་དོན་སྒྲུབ་དང་སྙིང་གཏམ་ཡིན། །སེམས་ཅན་ཀུན་ཡིད་ཚིམ་པའི་ལས། །རྒྱལ་བས་ཀྱང་ནི་འགྲུབ་མ་ཡིན། །རང་དོན་འགྲུབ་པའི་སྐལ་ལྡན་ན། །སུ་མ་མགུ་ཡང་དེས་ཆོག་གོ།འཆི་བའི་དུས་ལ་བབས་པའི་ཚེ། །བློ་ལྷག་མེད་པ་ཞིག་ཏུ་རེམ། །བླ་མ་སངས་རྒྱས་ཀུན་འདུས་དངོས། །རྟག་ཏུ་སྙིང་གི་དབུས་སུ་སྒོམ། །དགོངས་རྒྱུད་སེམས་ལ་འཕོ་བའི་གནད། །མི་ལུས་དོན་ལྡན་ཞིག་བྱུང་ན། །དོན་གྱི་བླ་མ་དམ་པ་ཡིན། །ཟོལ་མེད་རང་རྒྱུད་གྲོལ་བ་ན། །འཕྱུག་མེད་སྤྲུལ་སྐུ་དེ་ལ་ཟེར། །མིང་གི་ཐ་སྙད་ཆེར་སྒྲོགས་ཤིང་། །ལོ་གསུམ་གྲྭ་སར་ལེ་ལོར་གཡེངས། །གོ་ས་མཐོ་རུ་སླེབས་པ་ཡི། །ཆོས་བརྒྱད་ལྷུར་ལེན་ཆོས་དྲེད་འགའ། །གདོལ་པ་ལས་ཀྱང་སྡིག་པོ་ཆེ། །ཁ་ཕོ་མཐོ་ཡང་ཉམ་རེ་ཐག །དེ་འདྲའི་མདོ་མེད་ཕོ་ཟོབ་ཀྱི། །གྲལ་དུ་ཡིད་སྨོན་མ་བྱེད་པར། །ཟོལ་མེད་དོན་གྱི་དམ་པ་ཞིག །མཛོད་དང་ཕོ་རབ་སྤྱོད་པ་ཡིན། །ཆང་ནི་ཉེས་པ་འབྱུང་བའི་རྒྱུ། །ནམ་ཡང་མ་བཏུང་སྙིང་གཏམ་ཡིན། །བུད་མེད་འཁོར་བའི་ལྕགས་སྒྲོག་དེ། །ནམ་ཡང་མ་འགྲོགས་སྙིང་གཏམ་ཡིན། །སྲོག་གི་དབང་པོ་མ་ནུབ་བར། །མི་མཁོ་བ་ནི་གཅིག་ཀྱང་མེད། །མཐོང་ཚོར་མཁོ་དགོས་འདོད་སྲེད་ཡུལ། །ཆོག་ཤེས་བསྟེན་པ་སྙིང་གཏམ་ཡིན། །གསང་སྔགས་ཟབ་མོར་འཕྲད་པའི་དུས། །ལེ་ལོའི་དགྲ་དཔུང་ཆོམ་པར་གྱིས། །ཆོས་ཉིད་དོན་དང་འཕྲད་དུས་འདིར། །ཉམས་ལེན་བརྩོན་འགྲུས་མ་ཞན་རེམ། །གདམས་ངག་རྒྱུད་ལ་འབྱོར་བའི་ཚེ། །ཆུད་ཟོས་དབང་དུ་མ་བཏང་རེམ། །བླ་མ་མཆེད་ལྕམ་སྤུན་སྲིང་ལ། །དད་འདུན་བརྩེ་གདུང་མ་ཞན་རེམ། །སེམས་ཅན་ཕ་མའི་རང་བཞིན་ལ། །སྙིང་རྗེ་ཕན་སེམས་མ་ཆུང་རེམ། །མི་ཚེ་རྨི་ལམ་གནས་སྐབས་ཙམ། །མི་རྟག་བསྒོམ་པ་སྙིང་གཏམ་ཡིན། །འཁོར་འདས་རང་གཞིའི་ངང་ཀློང་དེར། །གཉིས་འཛིན་གྲོལ་བ་སྙིང་གཏམ་ཡིན། །ལུས་ངག་དགེ་བས་གྲོལ་མིན་པས། །རྫོགས་ཆེན་བསྒོམ་དང་སྙིང་གཏམ་ཡིན། །ཨ་ཧོ།ཉམས་ཆུང་གི་རྒན་པོའི་ཁ་ད་ལ་ཉན་ན། །ཆོས་ཉིད་ཀྱི་ཕ་ཕོག་བོག་སྐལ་དུ་བྱིན་ཡོད། །བཅུད་ལྡན་གྱི་དམ་པ་སེང་ལྕམ་གྱི་འོ་མ། །སྣོད་མཆོག་གི་བཅུད་ཐུབ་གསེར་དངུལ་གྱི་ཟོ་བ། །དེ་མིན་གྱི་སྣོད་ངན་ཕལ་པ་རུ་མ་ཡིན། །ཐེག་ཀུན་གྱི་ཡང་རྩེ་རྫོགས་ཆེན་གྱི་ལྟ་སྒོམ། །གསང་སྔགས་ཀྱི་འབྲས་བུ་ཟབ་རྒྱ་ཡི་བཅུད་ལྡན། །ལས་སྨོན་གྱི་སྟོབས་འཛོམ་སྣོད་ལྡན་འགའ་མ་གཏོགས། །གང་རུང་གིས་སྤྱོད་པའི་ཡུལ་གྱུར་ནི་མ་ཡིན། །འུ་ཅག་ལས་གཞན་ལ་དཀོན་ནོར་ཞིག་མིན་ནམ། །དེ་ཚུལ་ལ་བསམ་མཛོད་ཉམས་ལེན་ལ་མ་ཞན། །བཤད་སྒྲུབ་ཀྱི་ས་གཞི་རྒྱ་ཁྱོན་དང་ལྡན་ཀྱང་། །ཐེག་ཆེན་གྱི་གསེར་ཞུན་ང་རང་ལ་ཐོབ་ཡོད། །ཡིད་འཕྲོགས་ཀྱི་སྒེག་ཆོས་གངས་དཀར་དེ་མཐོ་ཡང་། །རྫོགས་ཆེན་གྱི་ཉི་གཞོན་ང་རང་ལ་ཤར་ཡོད། །ཆོས་ཉིད་ཀྱི་ཀློང་ཆེན་ཡངས་པ་དེ་མཐོང་ཚེ། །འཁོར་འདས་ཀྱི་འཛིན་ཞེན་ཤུགས་གྲོལ་དུ་ཐལ་ཐལ། །མངོན་སུམ་གྱི་སྣང་བ་འཁྲིགས་བརྟན་ཞིག་མཐོང་ཚེ། །སྒོ་གསུམ་ལ་ལྷོད་ཐོབ་ངང་གནས་དེ་ཨི་གོ།འབྱུང་བ་ཡི་དྭངས་མ་འོད་གསལ་དུ་མཆེད་ཚེ། །སྒོ་གསུམ་འདི་འ་འུར་ཆལ་ཆོལ་དུ་ཨི་གོ། །བཅུད་སྨིན་གྱི་རིག་པ་ཚད་ཕེབས་སུ་སོང་ནས། །འཁོར་འདས་ལ་རང་དབང་ཐོབ་པ་དེ་ཨི་གོ། །ཆོས་ཅན་གྱི་སྣང་བ་ཆོས་ཉིད་དུ་ཟད་ཚེ། །བྱ་བྲལ་གྱི་ངང་དུ་འབྱམས་ཀླས་ཀྱང་ངོ་མ། །ཆོས་ཟད་ཀྱི་རྣལ་འབྱོར་བུམ་སྐུ་རུ་སྣང་ནས། །གདོད་མ་ཡི་མགོན་པོའི་གོ་འཕང་ལ་མཆོང་ཤོག །ཅེས་པ་འདི་ཡང་རང་སློབ་དམ་པ་ཚུལ་བཟང་གིས་ཡང་ཡང་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པའོ།། །།