རྗེ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་སོགས་ཀློང་གསལ་ལ་གདམས་པ།

From Dudjom Wiki
TTDL-ZABTER-18-TSHA-077
Wylie title rje rgyal ba kun gyi spyi gzugs sogs klong gsal la gdams pa TTDL-ZABTER-18-TSHA-077.pdf
Location bdud 'joms gling pa zab gter
Volume 18, Text 77, Pages 281-282 (Folios 141a1 to 141b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rje rgyal ba kun gyi spyi gzugs sogs klong gsal la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 281-282. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཞེས་པ་འདི་རྣལ་འབྱོར་པ་ཀློང་གསལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།

zhes pa 'di rnal 'byor pa klong gsal gyis bskul ngor bdud 'joms rdo rjes smras pa yongs su dge bar gyur cig/

[edit]
༄༅། །རྗེ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །སྲིད་པའི་སྡུག་བསྔལ་རྒྱུ་བྱེད་པའི། །འཇིག་རྟེན་འཁོར་བའི་སེམས་སྣང་ལས། །ཐ་ཤལ་སྡིག་གྲོགས་སྐྱེ་བོ་ཡི། །གྲལ་ནས་ཐོན་ཏེ་ཆོས་གྲལ་དུ། །འཁོད་པའི་སྐྱེ་བུ་དམ་པ་ལགས། །ད་ནི་བདེ་སྡུག་ཅིར་འགྱུར་ཡང་། །དཀོན་མཆོག་གསུམ་ལ་བློ་གཏད་པས། །མི་བསླུ་བསམ་སྟེ་ཞེ་བློ་བདེ། །སྣང་སྲིད་འཁོར་འདས་ཆོས་སོ་ཅོག །སྒྱུ་མ་རྨི་ལམ་ཇི་བཞིན་དུ། །རང་སྣང་འཁྲུལ་པའི་ཆོ་འཕྲུལ་དུ། །རྟོགས་པའི་ལྟ་བ་སྟོང་ཉིད་ཀྱི། །གདིང་ཐོབ་ཞེ་བློ་བདེ་བའི་ཚད། །ཕྱི་ནང་ཟང་ཐལ་ཆེན་པོའི་དབྱིངས། །ཡུལ་མེད་ཟང་ཐལ་མཐོང་བ་ལས། །བསྒོམ་རྒྱུ་མེད་པའི་གདིང་རྙེད་ན། །སྒོམ་པ་ཞེ་བློ་བདེ་བའི་ཚད། །ཞི་དུལ་བག་ཡོད་སྤྱོད་པ་ཡིས། །དམ་ཚིག་ངོ་ལྐོག་མེད་པར་སྲུངས། །ཁ་མིན་དོན་གྱི་མོས་གུས་ཀྱི། །བླ་མ་དཔྲལ་བའི་མིག་བཞིན་བསྟེན། །སྤྱོད་པ་ཞེ་བློ་བདེ་བའི་ཚད། །གདོད་མའི་ཡེ་གཞི་ཆེན་པོ་རུ། །མི་འགྱུར་བརྡལ་ཁྱབ་གདིང་ཐོབ་སྟེ། །དགེ་སྡིག་མེད་པའི་གནས་མལ་ལ། །འཁོད་པ་འབྲས་བུའི་རྒྱ་མཚོ་ཚད། །དེ་ལྟར་ཇི་བཞིན་མ་ནོར་བར། །ཉམས་སུ་ལོངས་ཤིག་སྐལ་ལྡན་བུ། །ཞེས་པ་འདི་རྣལ་འབྱོར་པ་ཀློང་གསལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།