ཀ་དག་མཐའ་བྲལ་སོགས་ཤློ་ཀ་བཅོ་བརྒྱད་པ་གསང་བདག་དགྱེས་རྡོར་ལ་གདམས་པ།

From Dudjom Wiki
TTDL-ZABTER-18-TSHA-080
Wylie title ka dag mtha' bral sogs sh+lo ka bco brgyad pa gsang bdag dgyes rdor la gdams pa TTDL-ZABTER-18-TSHA-080.pdf
Location bdud 'joms gling pa zab gter
Volume 18, Text 80, Pages 289-294 (Folios 145a1 to 147b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Ka dag mtha' bral sogs sh+lo ka bco brgyad pa gsang bdag dgyes rdor la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 289-294. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

དཔའ་བོ་གསང་བདག་དགྱེས་པ་རྡོ་རྗེའི་ངོར། །མ་ནུས་རྒན་པོ་སེམས་ཉིད་ཧད་པོས་བྲིས།།

dpa' bo gsang bdag dgyes pa rdo rje'i ngor/_/ma nus rgan po sems nyid had pos bris//

[edit]
༄༅། །ཀ་དག་མཐའ་བྲལ་ཆོས་སྐུའི་ཀློང་ཡངས་སུ། །ལྷུན་གྲུབ་བདེ་ཆེན་རོལ་པའི་རང་རྩལ་ལས། །ཐུགས་རྗེའི་སྤྲུལ་སྐུ་འགྲོ་བའི་དོན་དུ་ཤར། །སྐུ་གསུམ་ལྷུན་གྲུབ་མཚོ་སྐྱེས་རྗེ་ལ་འདུད། །གང་དེའི་དགོངས་རྒྱུད་ཕ་ཕོག་ནམ་མཁའི་མཛོད། །བདག་བློའི་བུམ་པ་བཟང་པོར་ལེགས་ཞུགས་ནས། །བསླབ་དང་སྦྱངས་པའི་རྐྱེན་ལ་མ་ལྟོས་པར། །རྒྱུད་སྡེ་རྒྱ་མཚོའི་དགོངས་མཛོད་ཀློང་ནས་བརྡོལ། །ཡེ་ཤེས་སྒྱུ་མའི་སྐུ་དང་ལན་ལྔར་མཇལ། །དབང་དང་གདམས་པས་སྨིན་གྲོལ་ལམ་དུ་བཙུད། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐལ་ལྡན་ལ། །གདམས་ངག་ཟབ་མོའི་བཅུད་འདི་སྟོབ་མཛོད་དང་། །འབྲེལ་ཚད་རིག་འཛིན་དང་པོའི་ས་ལ་རེག །སྔོན་གྱི་རྗེ་འབངས་པཎ་གྲུབ་རིག་འཛིན་ལས། །ཁྱོད་ཀྱི་འབངས་སུ་སེམས་ཅན་གཞན་མི་མཆིས། །ཞེས་གསུངས་ལུང་བསྟན་ཞལ་གསུང་མངོན་དུ་ཐོབ། །ཁྱད་པར་ཆོས་ཀྱི་བདག་པོ་ཉེར་བརྒྱད་ལས། །གསང་བདག་དགྱེས་པའི་རྡོ་རྗེས་རྒྱལ་མཚན་བསྒྲེང་། །ལོག་ལམ་བདུད་ཀྱི་དབང་དུ་མ་སོང་ན། །འགྲོ་བློའི་མུན་ཁམས་སེལ་བའི་འོད་སྟོང་བཞད། །སྤྲིན་གྱི་སྒྲིབ་གཡོགས་འོད་གསལ་རླུང་གིས་བསལ། །མེ་ཕོ་བྱི་བའི་ལོ་ལ་གསལ་ཀྱང་གསལ། །གདམས་པའི་མན་ངག་སྙིང་ལ་ཐེབས་པ་གནད། །ཅེས་གསུངས་ལུང་གི་ཚད་མར་རིག་པས་དཔྱད། །ཁྱོད་དང་སྨོན་ལམ་ལས་འབྲེལ་སྟོབས་ཀྱིས་འཕྲད། །མ་ནུས་ཉམས་ཆུང་རྒན་པོའི་འཆོལ་གཏན་འདི། །གཅེས་པའི་བུ་ལ་བརྩེ་བའི་ཁ་ཆེམས་ཡིན། །རབ་ཏུ་ཉོན་ལ་སྲོག་གི་གཏའ་རུ་ཟུངས། ༡ །མི་དབང་སྟོབས་ལྡན་ཆེ་དྲག་ཆོས་བརྒྱད་ཅན། །ཐབས་མཁས་ཟོག་པོས་འགྲོ་བ་ཁ་ལོ་བསྒྱུར། །སྙིགས་པའི་སྐྱེ་འགྲོ་དེ་ལས་སུ་ཡིས་ཐུལ། །རང་མགོ་འདོན་པ་ལག་ལེན་གནད་དུ་ཆེ། ༢ །སྤྱོད་ལམ་བཅོས་མའི་གཟེབ་ཀྱིས་བཅིང་པ་དང་། །ཡང་བཅོས་བག་མེད་སྨྱོན་པའི་སྤྱོད་པ་དག །ཤུགས་འབྱུང་མ་ཡིན་ཆོས་བརྒྱད་རེ་རློམ་ཆོད། །ཟོལ་མེད་སྒྲུབ་ཚུགས་འཛིན་པ་ལག་ལེན་གནད། ༣ །གཞན་ཡིད་འཕྲོག་པའི་རྒྱན་གོས་མངའ་ཐང་དང་། །མི་མགོ་བསྐོར་ཐབས་ཚུལ་འཆོས་ཆོས་ལྟར་གཅེས། །ཆེ་དྲག་འདོད་རློམ་མངོན་ཤེས་འཆད་པ་དང་། །དོན་མེད་སྤྱོད་ངན་སྤང་བ་ལག་ལེན་གནད། ༤ །ཇི་ལྟར་ཉན་ཀྱང་རང་ཚུགས་མི་ཤོར་དང་། །མཐོ་ཐང་ཆེ་ཡང་དམན་པའི་ས་བཟུང་དང་། །བདེ་སྐྱིད་ཆེ་ཡང་རྣམ་པར་མི་གཡེང་བ། །ནམ་ཡང་ཕམ་ལྟུང་མེད་པ་ལག་ལེན་གནད། ༥ །ཕན་ཐོགས་ནུས་པ་གར་ཡོད་ཆ་མེད་པས། །མཐོ་ལ་མ་བསྐམ་དམའ་ལ་སྡང་མ་བྱེད། །རྒྱུས་མེད་མི་ནི་བཟང་ངན་ཆ་མི་ཆོད། །བསྟོད་སྨད་ཚིག་མི་བརྗོད་པ་ལག་ལེན་གནད། ༦ དུས་རྣམས་ཀུན་ཏུ་དབེན་ས་འཛིན་པ་དང་། །སྒྲུབ་ལ་སྙིང་རུས་བསྐྱེད་ཅིང་དམ་རྒྱ་བསྡམ། །བླ་མར་མོས་གུས་དམ་ཚིག་ངོ་ལྐོག་མེད། །འདུ་འཛི་ལེ་ལོ་སྤང་བ་ལག་ལེན་གནད། ༧ །ལྟ་བ་ཁ་ཁྱེར་བྱས་ན་གསང་སྒོ་འཆོལ། །སྒོམ་པ་ཁྲོམ་ལབ་བྱས་ན་ཡོན་ཏན་ཉམས། །སྤྱོད་ངན་བབ་ཅོལ་འཁྱོལ་བས་རྐྱེན་ཁར་འཆོར། །དེ་འདྲའི་བྱ་སྤྱོད་སྤང་བ་ལག་ལེན་གནད། ༨ །ལྟ་བ་མཐོ་སྐད་བསྒྲག་ཀྱང་སྤྱོད་པས་སྟོན། །སྒོམ་པ་གདིང་ཆེན་རློམ་ཀྱང་རྐྱེན་གྱིས་སྟོན། །སྤྱོད་པ་བྱུང་རྒྱལ་ཟེར་ཡང་དོན་གྱིས་སྟོན། །མཐོ་སྐད་ཧད་པོ་མི་གྱེར་ལག་ལེན་གནད། ༩ །གོ་བ་རྟོགས་པར་ནོར་ན་འཁྲུལ་པ་ཡིན། །ལམ་མཐོང་གྲོལ་བར་ནོར་ན་མགོ་བོ་འཁོར། །འདི་ལས་སྦྱང་ཐོབ་མེད་སྙམ་ཤིན་ཏུ་འཁྲུལ། །འཆི་ཁ་ཐ་མལ་མི་ལུས་ལག་ལེན་གནད། ༡༠ །ཐོབ་ལྡན་སྙན་གྲགས་ཡུལ་མིས་བཀུར་གནས་ལ། །རེ་ལྟོས་གཅེས་ནོར་ཕུལ་ཞིང་རྒྱུས་བཤད་ཀྱང་། །འགའ་ཞིག་ཆེ་བ་མི་བྱིན་དམན་སར་འཕེན། །རང་ས་བདེ་རན་ཚོད་ཟིན་ལག་ལེན་གནད། ༡༡ །དེང་སང་གསང་ཆེན་ཐེག་པ་ཉམས་ལྟས་སུ། །ཟབ་གསང་ཉམས་སུ་ལེན་པ་ཉིན་སྐར་ཙམ། །དེ་ཕྱིར་རྟོགས་ལྡན་ཉུང་སྟེ་ཆེ་གྲགས་ཀྱང་། །རང་ལྟ་མཆོག་འཛིན་དེ་མིན་ཁྱད་དུ་གསོད། །བགྲོ་གླེང་བྱས་ཀྱང་ལོག་ལམ་སྟོན་པ་མང་། །དེ་དོན་ཤེས་མཛོད་ཤིན་ཏུ་གཅེས་པའི་གཏམ། ༡༢ རང་གི་རྒྱུད་ལ་ཕན་པ་མ་བྱུང་ན། །ངལ་བ་དོན་མེད་ཐོས་ཆུང་ང་རྒྱལ་རྒྱུ། །སེམས་ཀྱི་ཆགས་སྡང་རྨོངས་གསུམ་མ་གྲོལ་ན། །རྒྱུད་འཆིང་བསྒོམ་པས་ཅི་བྱེད་འཁོར་བའི་གསོས། །ཐོས་པ་གནད་དུ་སོང་ན་རྟོགས་པ་དང་། །བསྒོམ་པ་གནད་སོང་གྲོལ་བ་ལག་ལེན་གནད། ༡༣ དང་པོ་ཡེ་གཞི་གཏན་ལ་དབབ་བྱས་ནས། །གཟུང་འཛིན་འཁོར་བའི་ཆོས་ཀུན་ཆོས་ཉིད་དུ། །རང་གྲོལ་རེམ་པར་ཤེས་ནས་ཐག་བཅད་དེ། །ཡང་དག་ལྟ་བ་རྟོགས་པ་ལག་ལེན་གནད། ༡༤ །བར་དུ་ཤན་འབྱེད་གནད་ལ་མཁས་པར་སྦྱངས། །གོལ་ཤོར་ནོར་སའི་འཛོལ་དུ་མི་འཆོར་བར། །སྤྲོས་བྲལ་རྣམ་ཐར་གསུམ་ལྡན་རིག་པའི་མཁར། །སྒོམ་པ་གནད་དུ་བསྣུན་པ་ལག་ལེན་གནད། ༡༥ ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་བར། །ཞི་དུལ་ཚུལ་ལྡན་བླང་དོར་གནད་ལྡན་ཅིང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བར། །འཁོར་འདས་དག་མཉམ་རོལ་པའི་ངང་གནས་གནད། ༡༦ །དགེ་བ་རྒྱུད་ལ་ཆགས་ཙམ་གྲོལ་ཐོབ་མིན། །ཁྲེགས་ཆོད་ལྟ་བསྒོམ་ཡང་དག་གནད་ལྡན་མཐར། །ཐོད་རྒལ་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ནས། །ཚེ་གཅིག་སངས་རྒྱས་བསྒྲུབ་པ་ལག་ལེན་གནད། ༡༧ ཕྱི་རྟགས་རབ་རིབ་ཡིན་ཡིན་འདྲ་སྣང་ཡང་། །སྒོ་གསུམ་ནང་རྟགས་དང་མཚུངས་གནད་དུ་གལ། །ཤེས་ཤེས་རྟོགས་རྟོགས་ཁེངས་སེམས་ཆེ་ན་ཡང་། །རང་རྒྱུད་ངེས་པར་གྲོལ་བ་ལག་ལེན་གནད། ༡༨ །ཆོས་བརྒྱད་གནས་སུ་རང་གཞན་མགོ་མ་བསྐོར། །ཚེ་འདིའི་སྣང་བ་རྨི་ལམ་སྐབས་ཙམ་ལ། །གོ་ས་མཐོ་དང་ནོར་ལ་རློམ་མ་བྱེད། །འཆི་ཆོས་གཤའ་མ་ཞིག་ཏུ་ངེས་པར་རེམ། །དེ་ལྟར་གནད་ཀྱི་ཡང་གཅེས་བཅོ་བརྒྱད་པ། །མ་བརྗེད་སྙིང་གི་དཀྱིལ་དུ་གཅེས་པར་ཟུངས། །སྡེབས་སྦྱོར་སྙན་ངག་མཛེས་ཆོས་ཤེས་མིན་ཀྱང་། །བླུན་པོས་ཐང་ཚད་འདོམས་པའི་འབེལ་གཏམ་ཡིན། །ཁྱོད་ཀྱི་བསམ་པ་རྫོགས་ཕྱིར་བསྐུལ་དོན་བསྒྲུབས། །དེ་ལས་གཞན་དོན་འགྲུབ་བསམ་བདག་ལ་མེད། །དེ་ཕྱིར་ཞལ་གདམས་བརྩམ་པའི་དོན་ཡང་མེད། །བླ་མར་མཐོང་ན་ཞལ་གདམས་དེ་ཀ་ཡིན། །གྲོགས་སུ་མཐོང་ན་བརྩེ་བའི་སྙིང་གཏམ་ཡིན། །འབངས་སུ་མཐོང་ན་གུས་པའི་ཞུ་ཕུལ་ཡིན། །དཔའ་བོ་གསང་བདག་དགྱེས་པ་རྡོ་རྗེའི་ངོར། །མ་ནུས་རྒན་པོ་སེམས་ཉིད་ཧད་པོས་བྲིས།། །།