ཕ་བཀའ་དྲིན་ཅན་གྱི་བླ་མ་སོགས་བླ་མ་དགེ་ལོར་གདམས་པ།

From Dudjom Wiki
TTDL-ZABTER-18-TSHA-127
Wylie title pha bka' drin can gyi bla ma sogs bla ma dge lor gdams pa TTDL-ZABTER-18-TSHA-127.pdf
Location bdud 'joms gling pa zab gter
Volume 18, Text 127, Pages 465-467 (Folios 233a1 to 234a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Pha bka' drin can gyi bla ma sogs bla ma dge lor gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 465-467. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་བླ་མ་དགེ་ལོའི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།།

ces bla ma dge lo'i ngor bdud 'joms pas smras pa yongs su dge bar gyur cig_/dge'o//

[edit]
༄༅། །ཕ་བཀའ་དྲིན་ཅན་གྱི་བླ་མ་དང་། །དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །བློ་དམ་པའི་ཆོས་སུ་འགྱུར་བ་དང་། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །སྔོན་སྨོན་ལམ་བཟང་པོའི་རྒྱུ་འབྲས་སུ། །དུས་ད་ལྟ་མི་ལུས་རིན་ཆེན་ཐོབ། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །ལས་རྒྱུ་འབྲས་ས་བོན་བཟང་ངན་ལས། །ཚེ་ཕྱི་མར་དེ་ལྟར་བདེ་སྡུག་བྱེད། །སྲིད་འཁོར་བའི་མཐོ་དམན་གར་སྐྱེས་ཀྱང་། །དཔེ་དུག་སྤྲུལ་ཚང་དང་མེ་འོབས་ལྟར། །བདེ་སྐྱིད་པའི་གོ་སྐབས་སྤུ་ཙམ་མེད། །དོན་དེ་ཕྱིར་ཐར་པ་དོན་གཉེར་མཛོད། །ཆོས་གང་ལ་བལྟས་ཀྱང་ཟབ་ཟབ་འདྲ། །དེའི་ཁྱད་པར་རྫོགས་ཆེན་མ་གཏོགས་པའི། །ལམ་གཞན་གྱི་སངས་རྒྱས་འཐོབ་མི་སྲིད། །ཆོས་བླ་མེད་རྫོགས་པ་ཆེན་པོ་ལ། །དོན་ལྟ་སྒོམ་སྤྱོད་པ་གསུམ་འཛོམ་དགོས། །ཕྱི་སྣོད་དང་ནང་བཅུད་སེམས་ཅན་དང་། །བར་འདོད་ཡོན་ལྔ་ཡི་ཡུལ་སྣང་ཀུན། །དཔེ་རྨི་ལམ་འཁྲུལ་པའི་སྣང་ཆ་ལ། །ཚུལ་དེ་ལྟར་སྣང་སྟེ་དངོས་པོ་ནི། །ཐོགས་བཅས་དང་རེག་ཡུལ་བདེན་གྲུབ་ཅན། །དུས་ད་ནང་རྨི་ལམ་ལས་སད་ཚེ། །ཡུལ་བདེན་མེད་ངང་དུ་ཡལ་བ་དང་། །ཡང་རྨི་ལམ་སྣང་བའི་གནས་སྐབས་ན། །ཉིན་སྣང་བའི་ཆོས་ཁམས་རྒྱ་མཚོ་ཀུན། །དབྱིངས་ཡུལ་མེད་ཆེན་པོར་ཡལ་ལ་ལྟོས། །དོན་དེ་ཕྱིར་འཁོར་འདས་སྣང་བའི་ཆོས། །དཔེ་ཆུ་དང་ཆུ་ཟླ་ཇི་བཞིན་དུ། །ཚུལ་གཉིས་མེད་སྟོང་ཉིད་ནམ་མཁའ་ཆེ། །མེད་བཞིན་དུ་སྣང་བ་སྨིག་རྒྱུ་ལྟར། །དངོས་མཚན་མར་གྲུབ་པ་རྡུལ་ཙམ་མེད། །ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ལ། །བདག་གཞན་གཉིས་སྒྱུ་མའི་འཕྲུལ་བཞིན་སྣང་། །དེའི་ཡིན་ལུགས་ཚུལ་བཞིན་རྟོགས་པ་ནི། །དོན་ལྟ་བ་ནམ་མཁའ་གོ་འབྱེད་ཡིན། །གཞི་འཁོར་འདས་ནམ་མཁའི་རང་བཞིན་དུ། །རྟོགས་གྱུར་ན་ནམ་མཁའ་རྣམ་དག་སྟེ། །དེ་མངོན་གྱུར་མ་བཅོས་ངང་བཞག་ནས། །འཚོ་སྐྱོང་དང་གཟའ་གཏད་བསྒོམ་བསྒྱུར་བཅོས། །བློས་ཆོས་ཏེ་ཆམ་བཞག་ངང་གནས་པ། །འདི་བསྒོམ་མེད་བསྒོམ་པའི་ཟབ་གནད་ཡིན། །ལུས་ངག་དང་ཡིད་ཀྱི་སྤྱོད་པ་ཀུན། །དགུ་ཕྲུགས་སུ་བཏང་བ་མཉམ་བཞག་དང་། །ཟ་ཉལ་དང་འགྲོ་འདུག་དུས་ཀུན་ཏུ། །ལྟ་སྟངས་དང་བསྒོམ་གདིང་མ་ཤོར་བར། །རང་རིག་པ་མངོན་འགྱུར་ཆེན་པོ་རུ། །གདངས་འགྱུར་བ་མེད་པ་སྤྱོད་པའི་གནད། །གནད་དེ་གསུམ་སྲོག་གི་གཏའ་རུ་ཟུངས། །ལམ་ནོར་འཁྲུལ་མེད་དོ་སྐལ་ལྡན་བུ། །ཆོས་ཟབ་དགུའི་ཡང་བཅུད་འདི་ལས་མེད། །ཨ་ཧོ།དབྱིངས་ཟག་པ་མེད་པ་ནམ་མཁའི་ཀློང་། །འབྱུང་སྙིགས་མ་དྭངས་མར་འཕོས་པ་ཡི། །ནང་རྣམ་དག་དབྱིངས་ཀྱི་སྒྲོན་མ་དེ། །གསལ་སྒྲིབ་མེད་ཤེས་རབ་མིག་གིས་ལྟོས། །དུས་རིང་པོར་མི་ཐོགས་མངོན་སངས་རྒྱས། །ཉམས་བདེ་སྡུག་གི་ཡོ་ལངས་འཁྲུལ་འཁོར་ལ། །འཛིན་བདེན་ཞེན་གྱི་སྒྲོག་གིས་མ་འཆིང་དགོས། །ཚེ་དུས་བབས་ཀྱི་འཆི་བ་ཐོག་རྒྱུགས་སུ། །བྱུང་གྱུར་ཚེ་སྲིད་ལ་མ་ཆགས་དགོས། །ཚེ་འདི་སྣང་གི་དུས་ཚིགས་ཡོལ་བའི་དུས། །དོན་རང་རིག་རང་སོ་མ་ཟིན་ན། །རང་སྣང་འདི་ཞིང་ཁམས་རྣམ་དག་གི། །རྟེན་བརྟེན་པ་ཡི་རོལ་པར་ཡིད་བྱེད་ཅིང་། །གདངས་དེ་ཉིད་གཞན་དུ་མི་འགྱུར་དུ། །སྲིད་འཁོར་བ་རུ་མི་ལྡོག་ཐར་ལམ་ཟིན། །སེམས་དེ་ལ་ཞོག་དང་སྙིང་གཏམ་ཡིན། །ཅེས་བླ་མ་དགེ་ལོའི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།། །།