TNR-SUNGBUM-03-HUM-003: Difference between revisions

From Dudjom Wiki
TNR-SUNGBUM-03-HUM-003
New collection pages (Thinley Norbu gsung 'bum / Dudjom gsung thor bu)
 
No edit summary
 
Line 16: Line 16:
|authortib=ཕྲིན་ལས་ནོར་བུ་
|authortib=ཕྲིན་ལས་ནོར་བུ་
|volumeLetter=HUM
|volumeLetter=HUM
|pdflink=File:TNR-SUNGBUM-03-HUM-003.pdf
|InitCategories=Dudjom Tersar Project; TNR-SUNGBUM-Volume-03-HUM
|InitCategories=Dudjom Tersar Project; TNR-SUNGBUM-Volume-03-HUM
}}
}}

Latest revision as of 21:28, 9 November 2026

Wylie title gnas mchog spa gro stag tshang la sri zhu bsgrubs pa'i phan yon mdor bsdus su brjod pa
Location phrin las nor bu'i gsung 'bum
Volume 3, Text 3, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Gnas mchog spa gro stag tshang la sri zhu bsgrubs pa'i phan yon mdor bsdus su brjod pa. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །གནས་མཆོག་སྤ་གྲོ་སྟག་ཚང་ལ་སྲི་ཞུ་བསྒྲུབས་པའི་ཕན་ཡོན་མདོར་བསྡུས་སུ་བརྗོད་པ་བཞུགས།

༄༅། །སྭསྟི་ཤྲཱི་བི་ཛ་ཡནྟུ། འདྲེན་པ་གཞན་གྱི་མཚན་དཔེའི་ཞལ་བཟང་བལྟ་བའི་སྐལ་པས་ནོངས་པར་གྱུར་པའི་རྩོད་པའི་དུས་ཀྱི་འགྲོ་བ་རྣམས། །བདག་ཉིད་གཅིག་གི་གདུལ་བྱར་བཞེས་ཏེ་སྣང་ནས་སྣང་བའི་མཐའ་ལ་ཐུག་པར་རྣམ་ཀུན་འགོད་པའི་ཕྲིན་ལས་ཅན། །དམིགས་མེད་སྙིང་རྗེ་ཆེན་པོའི་སྤྱན་རས་དྲི་མེད་པདྨའི་འདབ་ལྟར་རྒྱས་པ་མཉམ་མེད་ཐུབ་དབང་ལྷ་ཡི་ལྷ། །འཇིག་རྟེན་གསུམ་གྱི་གཙུག་གི་རྒྱན་གང་དངོས་པོ་རྣམ་པ་ཐམས་ཅད་པ་ཡིས་ཕྱོགས་དུས་ཀུན་ནས་མཆོད་བགྱིའོ། །དེ་ཉིད་རིགས་པའི་དཔལ་གྱི་མགུར་ནས་བསྔགས་པའི་མེ་ཏོག་ལན་

གཅིག་མ་ཡིན་ཡང་ཡང་འཐོར་བའི་ལུང་དོན་བཞིན། །པདྨ་གསུང་གི་རིགས་ཀྱི་དབང་ཕྱུག་སངས་རྒྱས་རྣམས་ཀྱི་ཕྲིན་ལས་བྱེད་པོར་སིནྡྷུ་རོལ་པའི་མཚོ་གླིང་ན། །ལྷ་གཅིག་ཨིནྡྲ་བྷོ་དྷིའི་སྲས་སུ་ངོ་མཚར་པདྨའི་སྦུབས་ལས་འཁྲུངས་པའི་ཡེ་ཤེས་ལུས་ཅན་པདྨ་འབྱུང་། །སྙིགས་འགྲོའི་ཡན་ལག་མཆོག་གི་པདྨོར་སྐྱབས་ཀྱི་མཆོག་ཏུ་ཁྱོད་གཅིག་བསྟེན་ནོ་དུས་གསུམ་ཀུན་ཏུ་བརྩེ་བས་དགོངས། །ཟ་བྱེད་སྲིན་པོ་སྲོག་ལ་རྔམས་འདྲ་སྐྱེ་འགྲོ་རྣམས་ལ་འཚེ་བ་མ་ཡིན་ཆོས་ཉིད་ངང་གིས་ཁྲོས་པའི་ཐུགས། །ཤིན་ཏུ་རྣམ་དག་ཡེ་ཤེས་དབྱིངས་སུ་གཟུང་འཛིན་

ལས་སྐྱེས་བདུད་ཀྱི་རིགས་རྣམས་ཀུན་ཏུ་རྒྱུ་བའི་གནས་མེད་པ། །དེ་ཡི་རང་གདངས་གདུལ་བྱའི་སྣང་ངོར་ལོག་འདྲེན་བདུད་སྡེའི་གཤེད་དུ་ཁྲོས་པ་ཁྲག་འཐུང་པདྨ་དྲག་པོ་རྩལ། །སྐྱབས་ཀྱི་ལྷ་རུ་གཡར་དམ་བཅས་ཏེ་མི་བསྲུན་བདུད་བཞིའི་གཡུལ་ངོ་མཐའ་དག་མིང་གི་ལྷག་མར་བྱེད་གྱུར་ཅིག །སྐུ་གསུམ་སྟོན་པའི་བསྟན་པ་སྐུ་གཅིག་གིས། །འཛིན་པའི་རྒྱལ་སྲས་རིག་འཛིན་པདྨའི་ཞབས། །གང་དེས་གསང་བ་གསུམ་གྱིས་བྱིན་བརླབས་པ། །སྟག་ཚང་དཔལ་གྱི་ཕུག་ཅེས་སྙན་པར་གྲགས། །འདི་ན་དགེ་ཚོགས་གསར་པའི་རྟེན། །གང་ཞིག་བསྒྲུབ་པའི་ལོ་རྒྱུས་དང་། །འབྲེལ་བའི་ཕན་ཡོན་མདོར་བསྡུས་ཙམ། །དང་བའི་སེམས་ཀྱིས་གཏམ་དུ་བྱ། །དེ་ཡང་མཐའ་ཡས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དུས་ལས་མི་ཡོལ་བའི་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ནི་གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་སམ་དབང་པོ་དང་འཚམས་པ་སྐུ་རྣམ་པ་ཐམས་ཅད་པ་དང་། གསུང་རྣམ་པ་ཐམས་ཅད་པ་དག་དང་། ཐུགས་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་འཆར་བ་ཆོས་ཉིད་ཀྱི་ཕྱིར་ཇི་སྐད་དུ་མྱ་ངན་ལས་འདས་པའི་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་གཉིས་འདས་

པའི་ཚེ། །ངོ་མཚར་པདྨའི་མཚོ་གླིང་དུ། །པདྨ་འབྱུང་གནས་ཞེས་བྱ་བ། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་གསེར་འོད་དམ་པའི་མདོ་དང་། ཡེ་ཤེས་རྒྱས་པའི་མདོ། གཞན་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་དང་། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལ་སོགས་མདོ་རྒྱུད་དུ་མ་ནས་རྒྱལ་བའི་ལྗགས་ཀྱིས་ཆེ་ཐང་དུ་བསྔགས་པར་མཛད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་སྲིད་ཞིའི་བླ་ན་མཚན་སྙན་ནོར་བུའི་བ་དན་མངོན་པར་མཐོ་བ་གང་ཞིག་རང་སྣང་ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ལས་མ་གཡོས་བཞིན་དུ་རྣམ་སྣང་གངས་ཆེན་མཚོ་ཡི་ཐུགས་ཀ་དཔལ་གྱི་བེའུའི་ཐད་ཀྱི་ཡལ་ག་བཅུ་ཕྲག་གཅིག་ལ་གསུམ་གྱིས་ལྷག་པར་མཛེས་པའི་མི་མཇེད་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ནང་ཚན་ཛམ་བུའི་སྒྲ་ཡིས་སྙན་པའི་གླིང་ན་ཨོ་རྒྱན་ཡུལ་གྱི་དྲི་མེད་དྷ་ན་ཀོ་ཤའི་མཚོ་གླིང་དུ་གཟིགས་སྟངས་རྣམ་པ་གསུམ་གྱི་སྒོ་ནས་ངོ་མཚར་པདྨ་འབར་བའི་སྙིང་པོ་ལས་འཁྲུངས་ཏེ་ཡེ་ཤེས་སྐུ་ཡི་ངོ་བོ་གཅིག་ལ་མཚན་བརྒྱད་དང་འཕྲུལ་མཚན་ཉི་ཤུ་ལ་སོགས་གང་འདུལ་སྐུ་ཡི་བཀོད་པ་རིམ་དང་ཅིག་ཅར་དུ་འཆར་བའི་སྒྱུ་འཕྲུལ་གྱི་རོལ་མོ་ཅིར་

ཡང་ངོམས་པས་ཡུལ་ཉི་ཤུ་རྩ་བཞི་དང་། གནས་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པར་དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་ཅིག་མ་ཆགས་ཐབས་ཀྱི་སྤྱོད་པས་སྐྱེ་འགྲོ་མཐའ་དག་ལམ་གྱི་རྟེན་དང་། ལམ་དང་། ལམ་གྱི་འབྲས་བུ་ལ་འགོད་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་ཕྲིན་ལས་བསྐྱངས་སོ་ཞེས་ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་ན་གྲགས་སོ། །དེ་ལྟ་བུའི་སངས་རྒྱས་སྤྲུལ་པའི་སྐུ་དེས་བསྟན་པ་དང་འགྲོ་བའི་དོན་ཕྱོགས་དང་དུས་དང་རྣམ་པ་ཐམས་ཅད་ནས་མི་མཛད་པ་འགའ་ཡང་མེད་པས་ན་ཛམ་གླིང་འདི་ཉིད་གཅིག་ཏུ་མཚོན་ནའང་ཡུལ་དང་གནས་གང་སར་ཞབས་ཀྱིས་བཅགས་ཤིང་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་བསམ་གྱིས་མི་ཁྱབ་པས་སྦས་པར་མཛད། ཁྱད་པར་ཕྱི་རབས་ལས་ཅན་རྣམས་ཀྱི་དོན་དུ་བྲག་ཡངས་རྫོང་ལ་སོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ཆེན་ལྔ། ཤངས་ཀྱི་ཟབ་བུ་ལུང་ལ་སོགས་ལུང་ལྔ། འབྲས་མོ་ལྗོངས་ལ་སོགས་ལྗོངས་གསུམ། ཐང་ལ་གངས་བྲག་ཉི་ཤུས་གཙོས་པའི་སྒྲུབ་གནས་བསམ་གྱིས་མི་ཁྱབ་པ་ཞིག་བྱིན་གྱིས་བརླབས། དེ་དག་ལས་སྟག་ཚང་མིང་ཅན་བཅུ་གསུམ་གྱི་ཁོངས་སུ་གཏོགས་པ་ཕྲིན་ལས་ཀྱི་གནས་མཆོག་

སེང་གེ་རྫོང་དང་། ལུང་ལྔའི་ནང་ཚན་སྲིབ་བཙན་ལུང་དང་། ལྗོངས་གསུམ་གྱི་ནང་ཚན་མཁན་པ་ལྗོངས་དང་། ཡང་དབེན་བྲག་ཕུག་ཆེན་པོ་བརྒྱད་ཀྱི་ནང་ཚན་སྟག་ཚང་དཔལ་ ཕུག་དང་། དཔེ་གཅིག་ཏུ་ཚིག་རྐང་གཉིས་ལྷག་མཆན། གཞན་ཡང་སྤ་གྲོ་བྲག་དཀར་དང་ཆུ་མོ་ཕུག བུམ་ཐང་གི་སྐུ་རྗེས་རྡོ་རྗེ་བརྩེགས་པ་ལ་སོགས་མིང་ཅན་དང་མིང་མེད་ཀྱི་སྒྲུབ་གནས་དང་། ཕྱག་ཞབས་ ཀྱི་རྗེས་སོགས་གྲངས་ལས་འདས་པ་ཞིག་ཀྱང་ལྷོ་ལྗོངས་སྐྱེ་འགྲོའི་སའི་ཆར་བསོད་ནམས་ཀྱི་རྟེན་སྐལ་དུ་ཐོབ་བོ། །དེ་ལས་ད་རེས་འདིར་གང་གླེང་བར་བྱ་བའི་དོན་ནི་ཇི་སྐད་དུ་དཔུང་པ་ བཟང་པོའི་རྒྱུད་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །ཆགས་པ་ཅན་ལ་ཆགས་བཅས་ལྟར་སྟོན་ཅིང་། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །ཐབས་ཀྱི་རྣམ་འདྲེན་ དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཨོ་རྒྱན་ཆེན་པོ་ཉིད་སྐྱེ་རྒུའི་འཕྲལ་ཡུན་གྱི་བདེ་བ་ལ་བར་དུ་གཅོད་པའི་བདུད་དང་དམ་སྲི་ལ་སོགས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གཉེན་པོར་དབང་ ཆེན་ཁྲོས་པའི་སྐུར་བཞེངས་ཏེ་འཇིག་རྟེན་གྱི་དྲེགས་པ་མཐུ་བོ་ཆེ་མཐའ་དག་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ནས་བཀའ་བསྒོས་དམ་ལ་བཞག་པའི་གནས་ཆེན་ཁྱད་པར་ཅན་སྤ་གྲོ་སྟག་

ཚང་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ལ་སྲི་ཞུ་ཇི་ལྟར་བསྒྲུབས་པའི་ལོ་རྒྱུས་མདོར་བསྡུས་ཙམ་དང་འབྲེལ་བའི་ཕན་ཡོན་དང་བཅས་པ་སྨོས་པར་བྱ་བའི་སྐབས་སོ། །དེ་ཡང་སྐྱབས་མགོན་ ངག་དབང་རྣམ་རྒྱལ་ཞེས་ས་གསུམ་ན་སྙན་པར་གྲགས་པའི་འགྲོ་བའི་འདྲེན་པ་དེས་བསྟན་པ་སྤྱི་དང་བྱེ་བྲག་སོ་སོར་བདག་རྐྱེན་བླ་ན་མེད་པའི་བཀའ་དྲིན་གཞན་དྲིང་དུ་འཇོག་པ་མ་ཡིན་པས་ གནས་ཆེན་འདི་ཉིད་དུ་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁ་དུས་དང་དུས་སུ་ཡང་ཡང་བཀོད་ཅིང་བསྟན་འགྲོ་སྤྱི་སྒོས་ཡོངས་ཀྱི་རྒུད་པ་སེལ་བའི་ཐུགས་སྨོན་མཚམས་སྦྱོར་མཛད། ཁྱད་པར་ གཏེར་ཆེན་སངས་རྒྱས་གླིང་པའི་བརྒྱུད་འཛིན་རྩེ་ལེ་རིག་འཛིན་སྙིང་པོ་གནས་འདིར་ཞབས་འཁོད་གྲུབ་པ་བྱས་ཏེ་བླ་མ་དགོངས་པ་འདུས་པའི་སྒྲུབ་པ་བཙུགས། དེ་འབྲེལ་མཚན་བརྒྱད་ལྷ་ ཁང་ཞིག་གསར་དུ་བཞེངས་རྒྱུའི་ཐུགས་འདུན་གཏད་ཡོད་འདུག་རུང་སྐབས་དེར་སྐྱེ་འགྲོའི་བསོད་ནམས་ཀྱི་མ་ཆུན་པ་ལྟ་བུས་ལྗོངས་འདིར་ཕན་ཚུན་གཡུལ་འཁྲུགས་ཀྱི་དགྲ་འཛུག་པ་སོགས་ ཀྱིས་རྐྱེན་པས་མ་གྲུབ་ཀྱང་། ཕྱིས་སུ་རྒྱལ་བའི་སྲས་པོ་བསྟན་འཛིན་རབ་རྒྱས་ནས་ལྷ་དང་བླ་མའི་ལུང་བསྟན་བཞིན་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་པའི་སྟེང་།

ད་ལྟ་བཞུགས་པའི་གུ་རུའི་སྐུ་ཚབ་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་གསུང་བྱོན་མ་བྱིན་རླབས་གཟི་བྱིན་འབར་བ་འདི་ཉིད་བཞེངས་པར་མཛད་དེ་རྡོ་རྗེ་ཕུར་པ། བླ་མ་དགོངས་འདུས། ཚེ་དཔག་མེད། ཁྲོ་བོ་ལྷ་མང་སོགས་ཀྱི་སྒྲུབ་རྒྱུན་ཡང་བཙུགས་པར་མཛད་པ་ཡིན་ལ། དེ་ལས་ད་རེས་ལྗོངས་འདིའི་ཕན་བདེའི་རྩ་ལག་རྒྱལ་ཡུམ་ཕུན་ཚོགས་ཆོས་ སྒྲོན་དང་། ཆོས་སྲིད་ལུགས་གཉིས་ཀྱི་འཁོར་ལོས་སྒྱུར་བ་ལྷོ་ལྗོངས་དབྱར་རྔའི་སྒྲ་ལྡན་གྱི་མི་དབང་ས་སྐྱོང་རྒྱལ་པོའི་བཀའ་ཡི་ཕྱིང་སང་ནང་དོན་བློན་ཆེན་རྟ་མགྲིན་རྒྱ་གར་བ་སོགས་ནས་ སྤྱིར་དུས་དང་རྣམ་པ་ཀུན་ཏུ་བསྟན་འགྲོ་སྤྱི་སྒོས་ཡོངས་ཀྱི་བདེ་རྩར་སྨན་པའི་བསོད་ནམས་བྱ་བའི་དངོས་པོ་ལ་སྒོ་གང་ས་ནས་བསྟི་སྟང་བླ་ལྷག་ཏུ་མཛད་པའི་ཁར། ལྕགས་ཁྱི་ལོར་ཡུལ་ ཕྱོགས་གང་སར་འབྱུང་བའི་འཇིགས་པ་བྱུང་ཞིང་། བར་སྐབས་མཁའ་ལམ་དུ་ཐན་སྐར་མཇུག་རིང་འཆར་བ་ལ་སོགས་པ་མི་མཐུན་པའི་མཚན་ལྟས་ངན་པ་ཇི་སྙེད་ཅིག་བྱུང་བ་དེ་དག་གི་ངན་ འབྲས་བཟློག་པའི་སླད་དང་། གཞན་ཡང་སྙིགས་འགྲོའི་བདེ་སྐྱིད་ཀྱི་རྒུད་པ་སེལ་བའི་རིམ་གྲོ་གང་དགོས་བསྒྲུབ་པའི་སླད་དུ་སྐྱབས་མགོན་རྒྱལ་དབང་ཀརྨ་པ་དང་། སྐྱབས་རྗེ་བདུད་

འཇོམས་རིན་པོ་ཆེ་སོགས་ལ་ཐུགས་དམ་བརྟག་པ་ཞུས་པར་སྐྱབས་རྗེ་རིན་པོ་ཆེ་ནས་སེང་གེ་རྫོང་དུ་ཕུར་པ། སྐུ་རྗེས་ལྷ་ཁང་དུ་གུ་རུ་སྣང་སྲིད་ཟིལ་གནོན། འདི་ག་སྟག་ཚང་དུ་དཔལ་ཆེན་ རྡོ་རྗེ་གྲོ་བོ་ལོད་སྐུ་རྟེན་རེ་བཅས་ལ་སོ་སོའི་རིགས་མཐུན་གྱི་སྐུ་བརྙན་འབུམ་ཕྲག་རེ་གཟུངས་གཞུག་ཏུ་ཕུལ་བ་བཞེངས་བསྐྲུན་ཐུབ་པ་བྱུང་ན་རེ་ཞིག་དུས་ཀྱི་རྒུད་པ་བཟློག་རྔོ་ཐོགས་པ་ཡོང་ ཚུལ་ཐུགས་དམ་རྟག་འབྲས་སུ་ཕེབས་པ་བཞིན་བུམ་ཐང་གི་གུ་རུ་དང་། སེང་རྫོང་གི་ཕུར་པ་རྣམས་གཞུང་གི་བཀའ་ཁྱབ་ཟུར་སྩལ་ལྟར་དོ་དམ་དབུ་ཁྲིད་མཛད་པོ་བླ་མ་སོ་སོ་ནས་ལེགས་ བསྒྲུབས་མཛད་དོ། །འདི་གའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བརྙན་གསར་བཞེངས་ལ་དོ་དམ་དབུ་འཁྲིད་མཛད་པོའི་ཐད་གཞུང་གི་བཀའ་ལུང་བཞིན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ནས་ གནང་བ་ཡིན་ལ། ཁོང་ནི་སྤྱིར་རིས་མེད་པའི་བསྟན་འཛིན་ཀྱི་སྐྱེས་ཆེན་རྣམས་ལ་དག་པའི་སྣང་བ་དཀར་འབྱམས་ཡུག་གཅིག་ཏུ་གདལ་བས་ཡུལ་དམ་པ་རྣམས་ལ་གང་ལ་གང་འཚམས་ཀྱི་ སྲི་ཞུ་ལྷུར་ལེན་པར་མཛད་ཅིང་། ཁྱད་པར་འཇམ་དཔལ་དབྱངས་དངོས་མི་ཕམ་ཆོས་རྗེའི་ཐུགས་སྲས་ཀྱི་དྭངས་མའི་གྲས་སུ་བཞུགས་པ་ངེས་པ་དོན་གྱི་ཕྱག་རྫོགས་བསྟན་པའི་བདག་པོ་གྲུབ་

དབང་ཤཱཀྱ་ཤྲཱིའི་ཞབས་ལ་བཏུད་དེ་མཉེས་པ་གསུམ་གྱི་སྲི་ཞུས་བསྟེན་ནས་གཙོ་བོ་དུས་དང་རྣམ་པ་ཀུན་ཏུ་ནང་གི་རྣལ་འབྱོར་ལ་ཐུགས་གཞོལ་བ་ཞིག་ཡིན་མོད། བསྟན་ལ་སྨན་པའི་རྣམ་དཀར་དགེ་བའི་ལས་སུ་གྱུར་པ་གང་ཞིག་མཆིས་ཚེ་བཏང་སྙོམས་སུ་མི་འཇོག་པའང་དམ་པའི་རྣམ་ཐར་ཡིན་གཤིས་ཡུལ་ཕྱོགས་གཞན་དང་གཞན་གང་ས་དང་། ཁྱད་པར་ལྷོ་ཡི་ལྗོངས་འདིའི་ས་གནས་ཁོལ་བུ་ཁོལ་བུར་རང་ནུས་གང་ལྕོགས་ཀྱིས་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་པས་མཚོན་སྐྱེ་འགྲོའི་བདེ་ཐབས་སུ་སྨན་པའི་ མཛད་པ་ལས་ཀྱི་འཁོར་ལོའི་ཕྱག་རྗེས་རྨ་མེད་པ་བསྐྱངས་པ་ཡིན་གཤིས། ད་ལམ་འདི་ཐད་ཀྱང་བསྟན་འགྲོའི་རྒུད་པ་ཞི་བའི་བཙས་སུ་དགོས་པ་བླ་ལྷག་ཏུ་གཟིགས་ཏེ་དགུང་ན་ཤིན་ཏུ་སྨིན་ པ་དང་། སྐུ་ཁམས་ཀྱི་བབ་ལྕི་བ་སོགས་ཀྱི་དཀའ་ཚེགས་ལ་འཛེམ་པ་མེད་པར་ལྕགས་ཁྱི་ཟླ་ལྔ་པའི་ཚེས་བཅུ་ལ་འདི་ག་སྟག་ཚང་དུ་ཕེབས་འབྱོར་མཛད་དེ་ཚེས་ཉེར་ལྔ་ནས་གྲོ་ལོད་ཀྱི་བསྙེན་ པ་དབུ་འཛུག་མཛད་ཅིང་། ཚེས་ཉེར་དགུ་ལ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ནས་བསྡུ་སྒྲུབ་མཛད་པའི་མནན་ཤོག་ལ་བརྟེན་ནས་འགོང་པོ་ཨར་གཏད་དང་། ཟླ་དྲུག་པའི་ཚེས་བཅུ་ཐམ་

པ་འབྱུང་འཕྲོད་མཆོག་ཏུ་དགེ་བའི་ཉིན་པདྨའི་གཟུངས་ལས་བརྩམས་ནས་གཟུངས་ཆེན་སྡེ་ལྔས་གཙོས་པའི་གཟུངས་སྔགས་རིགས་ས་ཡ་དང་། གྲོ་ལོད་སྐུ་བརྙན་འབུམ། ཡེ་ཤེས་སེམས་དཔར་རྒྱལ་ཡུམ་ཆེན་མོ་ནས་གནང་བའི་གནམ་ལྕགས་ཀྱི་གཏེར་ཕུར། གཞན་ཡང་རིང་བསྲེལ་རྣམ་བཞིས་གཙོས་པའི་དབུ་ལྗོན་ན་བཟའ་བྱིན་ཅན། བྱིན་རླབས་གཏེར་རྫས་རིགས་སྲེལ་མེད་ཁུངས་ལྡན་ཅི་འབྱོར་བཅས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལ་གཞི་བཟུང་ནས་སྐུ་བརྙན་ཕྱི་ནང་ཡོངས་རྫོགས་ཆབས་ཅིག་ཏུ་གྲུབ་པར་མཛད་ཅིང་། དེ་མཚུངས་རླངས་ཆེན་དཔལ་གྱི་སེང་གེ་སྐུ་གདུང་བརླན་གཤེར་སོགས་ཀྱིས་ཉམས་ཆག་ཅི་ཆེར་གྱུར་ཡོད་པའི་ཁར། སྐུ་གདུང་མཆོད་རྟེན་ཐིག་ཚད་ཇི་བཞིན་མི་ལྡན་པ་སོགས་ཐུགས་ཀྱིས་མ་བཟོད་པར་ས་གནས་གཞུང་དུ་སྙན་སྒྲོན་སྦྱར་ཏེ་མཆོད་རྟེན་བཟོ་དབྱིབས་ཚད་ལྡན་ལ་པ་ཏྲ་དང་རྒྱལ་ཆེན་བཞི་སོགས་རི་མོར་བཀོད་ཅིང་། སྔར་ཡོད་ཉི་ཟླའི་ཏོག་ལ་སྐྱིད་བློན་ནས་གནང་བའི་གསེར་ཟངས་ཀྱི་ཆོས་འཁོར་བཅུ་གསུམ་གསར་དུ་བསྐྲུན་ཅིང་། ཆར་ཆུའི་འཇིགས་པ་མི་འབྱུང་བའི་སླད་དུ་ཡ་ཕུབ་དང་། རྒྱབ་ངོས་ནས་རྒྱ་གར་ཨར་ས་སི་མན་ཀྲིས་ཞལ་བ་ཞིབ་ཚག་དང་། དེ་མཚུངས་སྐྱབས་རྗེ་རིན་པོ་

ཆེ་ནས་བསྩལ་བའི་གྲོ་ལོད་དུང་འཁོར་ཡང་ཆབས་ཅིག་གྲུབ་པར་མཛད་པ་སོགས་མདོར་ན་གཞུང་སྒེར་གྱི་དད་རྫས་ཅི་འབྱོར་ཆུད་ཟོས་སུ་མ་སོང་བ་མིག་སྨན་ མིག་ཐོག་ཏུ་ཕན་པ་རྣམ་དཀར་དགེ་བའི་ཞིང་ས་ལ་ཡོངས་སུ་སྨིན་པར་མཛད་པའི་ཐོག་ཇི་སྐད་དུ་ཨོ་རྒྱན་ཆེན་པོས། ཕྱི་རབས་རྟེན་གསུམ་བཞེངས་པ་རྣམས། །གྲུབ་དང་རབ་གནས་དུས་ མཉམ་བྱ། །ཞེས་གསུངས་པ་ལྟར་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ཉིད་ཀྱིས་དབུ་མཛད་དེ་དམ་གཙང་འདུས་པ་བཅུ་ཕྲག་གིས་སྤྱིར་སེམས་ཅན་གྱི་དོན་ལ་ཕྱོགས་དུས་ཀུན་ནས་དགོངས་ པའི་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་འདྲེན་པ་སྟོང་གི་མངོན་སངས་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་གྱི་སྟེང་གི་དཔག་ཚད་ལྔ་བརྒྱ་ལ་སོགས་པའི་ནམ་ མཁའ་ལ་རང་བཞིན་གྱིས་བཞུགས་པའི་བསྟན་པའི་བཙས་རྣམ་གསུམ་དང་། ཐུགས་རྗེ་ནུས་རྩལ་བསམ་གྱིས་མི་ཁྱབ་པ་མངའ་བའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདམའི་ཞབས་དང་། ཡང་སྒོས་སུ་ཡང་འགྲོ་བའི་མགོན་པོ་དེ་ཡི་ཕྲིན་ལས་ཀྱི་ཕོ་ཉ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལ་སོགས་ལ་ཡེ་ཤེས་ཐུགས་རྗེ་དབྱིངས་ནས་བསྐུལ་བ་ལ་སོགས་པ་ཐུགས་གཏད་རྣམ་པར་

བཙན་པོས་མཚམས་སྦྱར་ཏེ་རྒྱལ་ཡུམ་ཆེན་པོ་ནས་ཕུལ་བའི་བཟང་གོས་ཀྱི་བླ་རེས། རྒྱལ་མཚན། ཕྱེ་ཕུར་སོགས་དང་། གཞན་ཡང་དངུལ་ཏིང་བདུན་ཚར་སོགས་མཆོད་རྫས་རྒྱན་བཀོད་ ཀྱི་དངོས་པོ་རྣམ་པར་བཀྲ་བའི་མདུན་བདར་བའི་ཐོག་དྲངས་ཟླ་བརྒྱད་ཚེས་དགུ་ལ་གཏེར་ཆེན་རིག་པ་འཛིན་པ་གང་གི་དགོངས་གཏེར་བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་ཕྲིན་ལས་དངོས་ གྲུབ་འདོད་འཇོའི་གཞུང་བསྲངས་ཏེ་སྔོན་འགྲོ་སྟ་གོན་གྱིས་གཞི་བཟུང་རྟེན་དམ་ཚིག་གི་གཟུགས་བརྙན་ལ་བརྟེན་པ་ཡེ་ཤེས་ཀྱི་འཁོར་ལོ་གཉིས་སུ་མེད་པར་བསྟིམ་པ་སོགས་ཆོ་གའི་སྦྱོར་ དངོས་རྗེས་གསུམ་གྱི་ཡན་ལག་མ་ཚང་བ་མེད་པའི་སྒོ་ནས་རབ་ཏུ་གནས་པར་བྱ་བའི་ལས་ཀྱི་རིམ་པ་རྣམས་ཡོངས་སུ་རྫོགས་པར་མཛད་པ་དང་ཆབས་ཅིག་སྣང་གསལ་ཁྲི་ཕྲག་དང་ཚོགས་ སྐོང་འབུམ་ལ་སོགས་པ་དངོས་བཤམས་ཡིད་སྤྲུལ་གྱིས་མཚོན་པའི་རྗེས་འབྲེལ་བཏང་རག་གི་མཆོད་སྤྲིན་རྒྱ་མི་ཆུང་བ་སྤྲོས་པས་མཚོན་བཀྲ་ཤིས་དགེ་ལེགས་ཀྱི་སྣང་བ་ཆེན་པོས་མཐའ་རྒྱས་ སུ་མཛད་པ་ཡིན་ནོ། །དེ་ལ་རྒྱལ་ཡུམ་ཆེན་མོ་ནས་འདི་གའི་སྐུ་བརྙན་གྱི་ཞལ་གསེར་སྒྲོན་པས་གཙོས་པའི་སྲི་ཞུ་གང་དགོས་སྒྲུབ་པ་ཙམ་དུ་མ་ཟད། སྤ་གྲོའི་ཟངས་མདོག་དཔལ་རི་དང་།

ཕུན་གླིང་ལྷ་ཁང་། ཤར་ཕྱོགས་རྐང་ལུམ་གྱི་ལྷ་ཁང་སོགས་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་དང་། དེ་དག་ནང་གི་བརྟེན་པ་སྐུ་ཡི་སྣང་བརྙན་འབུར་དུ་དོད་པ་ དང་། རིས་སུ་བྲིས་པ་མཐའ་དག་ཀྱང་གསེར་བྱིབས་བྱུགས་ཀྱིས་མཚོན་པའི་ཕྱོགས་གཞན་དང་གཞན་དུ་ལན་དང་རྣམ་སྨིན་ལ་མི་རེ་བའི་བསྟན་འགྲོའི་དགེ་རྩ་འབའ་ཞིག་ཐུགས་ལ་བཅངས་ པའི་རྣམ་དཀར་དགེ་བའི་བྱ་བ་རླབས་ཆེན་ཇི་ལྟར་མཛད་པ་རྣམས་ནི་འདིར་འབྲི་བར་མི་ལང་ལ་དགེ་རྩ་ངོམས་པའི་རྒྱུ་སོགས་ལ་གོ་ཡི་དོགས་པས་ཀྱང་ཞིབ་པར་མ་སྨོས་སོ། །འདི་ཙམ་བརྗོད་ པའི་དགོས་པ་ནི། སྤྱིར་དགེ་བ་ལ་བྱེད་པ་པོ་གང་ཟག་གམ་རྟེན་གྱི་སྒོ་ནས་དབྱེ་ན། རང་གིས་བྱས་པའི་དགེ་བ། གཞན་གྱིས་བྱས་པའི་དགེ་བ། གཉིས་ཀས་བྱས་པའི་དགེ་བ་སོགས་སུ་ གསུངས་པས་གཞན་གྱིས་བྱས་པའི་དགེ་བ་ལ་སྙིང་ནས་རྗེས་སུ་ཡི་རང་གི་མེ་ཏོག་འཐོར་ཐུབ་པ་བྱུང་ན་ཇི་སྐད་དུ་སྡུད་པ་ལས། སྟོང་གསུང་རི་རབ་སྲང་ལ་གཞལ་ཡང་ཚད་བཟུང་རུང་། ། རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་པས་བསོད་ནམས་ཚད་མེད་པ་ཐོབ་པར་གསུངས་གཤིས་དེར་བརྟེན་འབྱོར་ལྡན་རྣམས་ཀྱིས་དྲང་སྲོང་བདེན་པར་སྨྲ་བས་ཇི་སྐད་དུ་གསུངས་པ་

དང་རྗེས་སུ་མཐུན་པར་སྙིང་པོ་མེད་པ་སྒྱུ་མའི་ནོར་ལས་སྙིང་པོ་ལེན་པར་བསྐུལ་བ་དང་། འབྱོར་མེད་དབུལ་ཕོངས་རྣམས་ཀྱི་བྱ་སླ་ལ་དོན་ཆེ་བ་རྗེས་སུ་ཡི་རང་གི་སྲི་ཞུ་བསྒྲུབ་པ་ལ་ཕྱོགས་ན་ ཅུང་ཟད་རེ་ཕན་དུ་རེ་ནས་འཕྲོས་དོན་ཙམ་དུ་སྨོས་པ་ཡིན་ནོ། །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཇི་ལྟ་བུ་ཞེ་ན། དེ་ལ་རང་རེ་སེམས་ཅན་རྣམས་ཀྱིས་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས་ཀྱི་ གོ་འཕང་གང་ཞིག་ཚོགས་གཉིས་རྒྱ་ཆེན་པོ་བསགས་པ་ལ་བརྟེན་ནས་འབྱུང་བ་ཡིན་ལ། དེ་ཡང་རྒྱལ་བ་ཐབས་ལ་མཁས་པ་དེས་གདུལ་བྱ་རང་རང་གི་མོས་པའི་རྗེས་སུ་འགྲོ་བའི་རྣམ་ དཀར་ཚོགས་བསགས་སྒྲིབ་སྦྱོང་གི་ཐབས་ཀྱི་རིམ་པ་དུ་མ་ཞིག་གསུངས་པ་ཡོད་ཀྱང་། གཙོ་བོ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཉམས་པ་གསོ་བའམ་གསར་དུ་བཞེངས་པའི་ལས་ནི་ཆེས་ ཁྱད་པར་དུ་འཕགས་པའི་ཕན་ཡོན་ཆེ་སྟེ། གང་ཞེ་ན་སངས་རྒྱས་རྣམས་ཀྱི་གཉིས་སུ་མེད་པའི་སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་ཆོས་སྐུའི་རང་བཞིན་ཁོ་ན་ཡིན་ལ། དེ་ཉིད་དོན་དུ་ གཉེར་བའི་ཐབས་ནི་གཟུགས་ཀྱི་སྐུ་ལ་བརྟེན་ནས་འབྱུང་བ་ལས་ཐུགས་རྗེ་མངའ་བའི་རྒྱལ་བ་རྣམས་ཀྱིས་གདུལ་བྱ་དག་པའི་སྣང་བ་ལ་ལོངས་སྐུ་དང་། འདྲེས་མའི་སྣང་ངོར་མཆོག་གི་སྤྲུལ་

སྐུ་ལ་སོགས་པ་སྤྲུལ་པ་རྣམ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པ་ཡིན་གཤིས་དེ་ལས་གཞུང་སོ་སོ་ནས་བཟོ་སྤྲུལ་སྐུའི་ངོས་འཛིན་སྟངས་གཉིས་སུ་གསུངས་པའི་ཡ་གྱལ་མངོན་པར་འདུན་བཞག་གི་སྐྱབས་ཡུལ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་སོགས་པ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་པ་འདི་དག་རྣམས་ཡིན་ཏེ། དེས་ན་དེ་དག་ལ་རི་མོར་བྱ་བ་དང་། བསྟི་སྟང་དུ་བྱ་བ། ཕུ་དུད་དུ་བྱ་བ། བླ་མར་བྱ་བ་ལ་སོགས་པས་རིམ་གྲོ་བསྐྱེད་ན་ཕན་ཡོན་ཚད་མེད་པ་འཐོབ་སྟེ་ཇི་སྐད་དུ་དམ་པའི་ཆོས་པདྨ་དཀར་པོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་དང་། དྲང་སྲོང་རྒྱས་པས་ཞུས་པ་ལས། དྲང་སྲོང་ཆེན་པོ། གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟ་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཞིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཆེ་བ་མིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཆེ་བ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་ང་འདུག་པའམ་ཡོངས་སུ་མྱ་ངན་ལས་འདད་པ་ལ་མཆོད་ན་སེམས་མཚུངས་པའི་

ཕྱིར་འདི་ཉིད་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །ཞེས་དང་། སྙིང་རྗེས་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ། ང་ལྟ་བུ་ལ་གནས། ང་ལྟ་བུ་ལ་བསྟེན་ཏེ་ཡོན་ཕུལ་ ན་དེའི་བསོད་ནམས་ཀྱི་དཔེ་བྱ་བར་སླ་བ་མ་ཡིན་ནོ་ཞེས་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུར་ཡང་སའམ། རྡོ་ཐལ་ལམ། ཤིང་ངམ་རྡོའམ་ར་གན་ནམ། ལྕགས་སམ། གསེར་རམ། དངུལ་ལམ། བཻ་ཌཱུརྻའམ། ཤེལ་ལམ། མུ་ཏིག་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་ བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གསུམ་བཞེངས་པར་བྱ་བ་དང་། དྲལ་མ་གསོ་བར་བྱ་བ་དང་། གྲུམ་མ་བཅོས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུག་གཟུགས་བྱས་ན་ རིགས་དམའ་བ་ཐམས་ཅད་དང་། སྡིག་པ་བྱེད་པའི་རིགས་རྣམས་དང་། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་གང་ཡང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་ བྱས་སུ་ཟིན་ཀྱང་། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། ལས་དེས་སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་

འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལ་རབ་ཏུ་དག་པར་བཀྲུས་ཏེ་སྤོས་ཀྱིས་བྱུག་ན་དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་ མཚམས་མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང་། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་དེའི་སྐུ་གཟུགས་བྱས་ན་དེའི་སྡིག་ པ་དེ་ཇི་ལྟར་མེའི་ཕུང་པོས་མར་འཚིག་སྟེ། དུ་བ་ཡང་མི་མངོན་པ་བཞིན་དུ་དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་དང་། གཞན་ཡང་ས་སྙིང་འཁོར་ལོ་བཅུ་པ། ལས་རྣམ་པར་འབྱེད་ པའི་མདོ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་དང་། འཕགས་པ་དཀོན་མཆོག་སྤྲིན། ཡོངས་སུ་བསྔོ་བའི་མདོ་ལ་སོགས་པ་མདོ་སྡེ་རྣམས་ལས་ཀྱང་ཚུལ་དེ་དང་འདྲ་བར་གསུངས་ ཤིང་། ལྷག་པར་ཨོ་རྒྱན་ཆེན་པོ་ཉིད་སྙིགས་དུས་བསྟན་འགྲོའི་དཔུང་གཉེན་གྱི་མཆོག་ཏུ་བསྔགས་པ་བཞིན་དེའི་གསང་བ་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་བཞིན་པས་རང་རང་གི་འབྱོར་ཁོས་དང་ བསྟུན་ཏེ་བསོད་ནམས་བྱ་བའི་དངོས་པོ་ལ་ཕྱོགས་པར་བགྱིད་ན་གནས་སྐབས་དང་། མཐར་ཐུག་གི་ལེགས་ཚོགས་མཐའ་དག་འགྲུབ་པའི་ཚུལ་ཨོ་རྒྱན་ཆེན་པོ་ཉིད་ཀྱིས་ལྷ་ལྕམ་མནྡ་ར་བའི་ཞུས་

ལན་དུ། ཨེ་མ་ཧོ། ཉོན་ཅིག་ལྷ་མོའི་གཟུགས་ཅན་ཡིད་འོང་མ། །ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས། །མ་རིག་མུན་སེལ་སྒྲོན་མེ་རྒྱུ་འབྲས་བྱེད། །པད་འབྱུང་སྐུ་ཚབ་མཆོད་པའི་ རྟེན་བཞེངས་པ། །སྐུ་གསུམ་དོན་ལྡན་བསྟན་པའི་རྒྱལ་མཚན་བཙུགས། །དེ་ལ་འདུད་ཅིང་མོས་གུས་སུ་བྱེད་པ། །འདོད་པ་ཀུན་རྫོགས་རིན་ཆེན་ཕུང་པོ་འདྲ། །འཕེལ་འགྲིབ་མེད་པར་འགྱུར་མེད་ བདེ་བའི་ཞིང་། །སྙིང་པོ་རྒྱུན་དུ་བཟླས་པ་གང་བྱེད་པ། །མི་རྣམས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན། །ལེགས་པ་ཀུན་འབྱུང་ཨེ་མ་ངོ་མཚར་ཆེ། །འབྱུང་བའི་བཅུད་ལས་བསམ་འཕེལ་ནོར་བུ་ འབྱུང་། །ཇི་ལྟར་འབྱོར་པ་བཤམས་པའི་འདོད་ཡོན་ལྔ། །བྱི་དོར་ལྡན་པ་བཀྲ་ཤིས་འཕེལ་བར་འགྱུར། །སྨོན་ལམ་དག་པས་སྨན་ཆབ་མངའ་གསོལ་བས། །ཐུན་མོང་འདུ་བ་རྣམ་བཞིའི་ནད་ལས་ གྲོལ། །ཁྱད་པར་ཉོན་མོངས་འཁོར་བའི་གཅོང་ནད་ཞི། །པད་འབྱུང་སྐུ་ཚབ་སྐུ་གཉེར་སུས་བྱེད་པ། །ངན་སོང་གསུམ་ལས་གཏན་དུ་ཐར་པ་དང་། །ཕུན་སུམ་ཚོགས་པའི་ཡོན་ཏན་ཐོབ་པར་ འགྱུར། །པད་འབྱུང་སྐུ་རྟེན་གཞལ་ཡས་སུས་བཞེངས་པ། །ལྷ་ཡི་དྲང་སྲོང་ནང་དུ་སྐྱེ་བར་འགྱུར། །པད་འབྱུང་སྐུ་བཞེངས་ཕན་པ་གང་བྱེད་པ། །ཆོས་སྨྲ་འཁོར་ལོའི་སྐུ་མཆོག་ཐོབ་པར་འགྱུར། །

པད་འབྱུང་སྐུ་འདྲའི་བཟོ་གནས་སུས་བྱེད་པ། །དེ་ནི་རིག་པའི་གནས་ལྔ་མཁས་པར་འགྱུར། །པད་འབྱུང་སྐུ་བཞེངས་འདམ་འཇིམ་སུས་སྦྱོར་བ། །ས་ལས་འབྲུ་ བཞིན་བསོད་ནམས་འཕེལ་བར་འགྱུར། །པད་འབྱུང་སྐུ་འདྲར་ན་བཟའ་སུས་ཕུལ་བ། །ཡེ་ཤེས་རྒྱན་ལྡན་རང་ཆས་ཐོབ་པར་འགྱུར། །པད་འབྱུང་ཀུ་ལ་པད་གདན་སུས་འབུལ་བ། །རེག་འཇམ་ མཛེས་པའི་གདན་དང་ལྡན་པར་འགྱུར། །པད་འབྱུང་སྐ་འདྲའི་ས་རྡུལ་སུས་འཕྱག་པ། །གཟུགས་བཟང་ཆས་ལེགས་མདོག་སྡུག་ཐོབ་པར་འགྱུར། །པད་འབྱང་སྐུ་ལ་ཁྲུས་ཆབ་སུས་གསོལ་བ། ། དྲི་མེད་ཡིད་འོང་མདོག་བཟང་ཐོབ་པར་འགྱུར། །པད་འབུང་སྐུ་ལ་མཆོད་གཡོག་སུས་བྱེད་པ། །རྫུ་འཕྲུལ་རྐང་པའི་མཆོག་ནི་ཐོབ་པར་འགྱུར། །པད་འའབྱུང་སྐུ་ལ་མར་མེ་སུས་འབུལ་བ། ། མུན་པ་མེད་ཅིང་བློ་རིག་གསལ་བར་འགྱུར། །པད་འབྱུངས་སྐུ་ལ་རིན་ཆེན་སུས་འབུལ་བ། །དབུལ་ཕོངས་ཀུན་བྲལ་དཀོར་ཆ་འཚོགས་པར་འགྱུར། །པད་འབྱུངས་ཀུ་ལ་སྤོས་མཆོག་སུས་འབུལ་བ། ། དྲི་ཞིམ་ངད་ལྡན་ཡིད་འོང་ཐོབ་པར་འགྱུར། །པད་་འབྱུང་སྐུ་ལ་སྨན་སྣ་སུས་འབུལ་བ། །དུག་ལྔའི་ནད་ཞི་བདུད་རྩི་ཐོབ་པར་འགྱུར། །པད་འ་བྱུང་སྐུ་ཚབ་སྙིང་པོ་སུས་འབུལ་བ། །སྡུག་བསྔལ་

མེད་ཅིང་སྙིང་པོ་མཆོག་ཐོབ་འགྱུར། །པད་འབྱུང་སྐུ་ཚབ་དྲི་ཆབ་སུས་འབུལ་བ། །གནས་གཙང་ཐོབ་ཅིང་དྲི་མ་མེད་པར་འགྱུར། །པད་འབྱུང་སྐུ་ལ་ཚོགས་འཁོར་སུས་འབུལ་བ། །བཀྲེས་པ་མེད་ཅིང་བདེ་བའི་མཆོག་ཐོབ་འགྱུར། །པད་་འབྱུང་སྐུ་ཚབ་འབྲུ་བཅུད་སུས་འབུལ་བ། །དཔེ་གཅིག་ཏུ་བློ་ཀ་གཅིག་ལྷག་མཆན། །ཡེ་ཤེས་རྒྱ་མཚོའི་གསོས་ལ་སྤྱོད་པར་འགྱུར། །པད་འབྱུངས་སྐུ་ཚབ་མེ་ཏོག་སུས་འབུལ་བ། །སྒྲིབ་པ་བྱང་ཞིང་བླ་མེད་འབྲས་བུ་ཐོབ། །པད་འབྱུང་སྐུ་ལ་དཀར་གསུམ་སུས་འབུལ་བ། །འདོད་འཇོའི་བ་དང་རྐང་འགྲོས་སྤྱོད་པར་འགྱུར། །པད་་འབྱུང་སྐུམ་ཚབ་མངར་གསུམ་སུས་འབུལ་བ། ཞལ་ཟས་འདོད་རྒུའི་ལོངས་སྤྱོད་ཐོབ་པར་འགྱུར། །པད་འབྱུངསྐུ་ལ་སྤྱན་གཟིགས་སུས་འབུལ་བ། །བསོད་ནམས་ལོངས་སྤྱོད་ཡོ་བྱད་འཕེལ་བར་འགྱུར། །པད་འབྱུང་སྐུམ་ཚབ་འབྲུ་ལྔ་སུས་འབུལ་བ། །མ་རྨོས་བཏབ་མེད་ལོ་ཏོག་སྤྱོད་པར་འགྱུར། །པད་འབྱང་སྐུ་འདྲར་ཕན་གདུགས་སུས་འབུལ་བ། །ཆོས་འཆད་བླ་མེད་དོན་བསྐུལ་ཐོབ་པར་འགྱུར། །པད་་འབྱང་སྐུ་འདྲར་ས་སྤྱོད་སུས་ཐོབ་པ། །ལྷ་ཡི་ན་བཟའ་རྒྱན་མཆོག་ཐོབ་པར་འགྱུར། །པད་འབྱངས་སྐུ་ཚབ་བསིལ་སྙན་སུས་འབུལ་བ། །དབྱངས་བདེ་ངག་སྙན་དབང་པོ་གསལ་བར་འགྱུར། །པད་འབྱང་སྐུམ་ཚབ་རོལ་ཆས་སུས་འབུལ་བ། །སྟོབས་ཆེན་

གཟུགས་བཟང་ཡན་ལག་བདེ་བར་འགྱུར། །པད་འབྱུང་སྐུ་ལ་ཕྱག་བསྐོར་སུས་བྱེད་པ། །འཁོར་བ་མེད་ཅིང་མྱ་ངན་འདའ་བར་འགྱུར། །པད་འབྱུང་ཀུ་ལ་ སྐྱེས་བུ་བཟོ་འབུལ་བ། །གནས་ལྔ་རིག་པའི་རྩལ་རྫོགས་ཐོབ་པར་འགྱུར། །པད་འབྱུང་སྐུ་ཚབ་གསེར་ཆ་སུས་གསོལ་བ། །རྒྱལ་བུ་རིན་ཆེན་ལྟ་བུ་ཐོབ་པར་འགྱུར། །པད་འབྱང་སྐུ་ལ་ དངུལ་ཆབ་སུས་གསོལ་བ། །བཙུན་མོ་རིན་ཆེན་ལྟ་བུ་ཐོབ་པར་གྱུར། །པད་འབྱུང་སྐུ་ཚབ་དུང་ཆབ་སུས་འབུལ་བ། །རྟ་མཆོག་རིན་ཆེན་ལྟ་བུ་ཐོབ་པར་ འགྱུར། །པད་འབྱུང་སྐུ་ཚ་བ་ཟངས་ཆབ་སུས་གསོལ་བ། །བློན་པོ་རིན་ཆེན་ལྟ་བུ་ཐོབ་པར་་འགྱུར། །པད་འབྱུང་སྐུ་ཚེབ་མཚལ་ཆབ་སུས་གསོལ་བ། །ནོར་བུ་རིན་ཆེན་ལྟ་བུ་ཐོབ་ པར་འགྱུར། །པད་འབྱུང་དང་སྐུ་ཚབ་ཤིང་ཁུ་སུས་གསོལ་བ། །འཁོར་ལོ་རིན་ཆེན་ལྟ་བུ་ཐོབ་པརའགྱུར། །པད་འབྱུང་སྐུ་ཚག་རིན་ཆེན་སྣ་བདུན་འབུལ། །ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་མཐོང་བར་འགྱུར། །པད་འབྱུང་རྣམ་ ཐར་རི་མོ་སུས་བཀོད་པ། །དབྱིངས་རིག་དོན་ལ་མ་ཡེངས་གནས་པར་འགྱུར། །པད་འབྱུང་ཀུ་འདྲར་གསེར་ཐུར་སྤྱན་འདྲེན་པ། །ཡེ་ཤེས་སྤྱན་གྱིས་སྣོད་བཅུད་གསལ་བར་འགྱུར། །

པད་འབྱུང་སྐུ་ལ་སྙན་བྲུས་སུས་འབུལ་བ། །ལྷ་སྙན་ལྟ་བུར་འཁོད་ལ་གསང་བར་འགྱུར། །པད་འབྱུང་སྐུ་ལ་ཤངས་བྲུས་སུས་འབུལ་བ། །དྲི་ཞིམ་ངད་ལྡན་རྒྱུན་དུ་ཐོབ་པར་འགྱུར། །པད་འབྱུང་སྐུལ་ཚེམས་བྲུས་སུས་འབུལ་བ། འཁོར་བ་དུག་གསུམ་རྩད་ནས་ཆོད་པར་འགྱུར། །པད་འབྱུང་ཀུ་འདྲར་ལྗགས་བཞར་སུས་འབུལ་བ། །ཐམས་ཅད་གྲོལ་བྱེད་ལྗགས་དང་ལྡན་པར་འགྱུར། །པད་འབྱུང་རྐུ་འདྲར་རབ་གནས་སུས་སྦྱོར་བ། །དམག་འཁྲུགས་ནད་ཡམས་མུ་གེ་ཆད་པར་འགྱུར། །པད་འབྱུངས་སྐུ་ཚབ་རྟེན་བཤད་སུས་བྱེད་པ། །སེམས་དཔྱོད་ཏིང་འཛིན་ལམ་ལ་གནས་པར་འགྱུར། །དེ་ལྟར་གཞན་ལ་བསྐུལ་འདེབས་སུས་བྱེད་པ། །འགྲོ་བ་མང་པོའི་ལས་སྒྲིབ་དག་པར་འགྱུར། །སྐྱེ་རྒུ་ཚེ་འཕེལ་པད་འབྱུང་སྐུ་འདྲ་འདི། །ང་ཡི་ཐུགས་ལས་ཡེ་ཤེས་འོད་འཕྲོས་ཏེ། །མ་འོངས་མོས་པའི་དོན་དུ་བསྟན་པ་ཡིན། །འདོད་རྒུ་འབྱུང་བ་ཡིད་བཞིན་ནོར་བུ་འདྲ། །རྨངས་པོ་བུ་མེད་འདི་ལ་གསོལ་བ་ཐོབ། །ལུས་སེམས་དཔང་བཙུགས་རྐང་པས་བསྐོར་བ་གྱིས། །ལོག་འདྲེན་བར་ཆད་དཔག་ཚད་རྒྱང་གྲགས་བྲོས། །ཡིད་འོང་ཉམས་དགའ་དངོས་སུ་དབང་དུ་འབྱོར། །དབུལ་པོ་ནོར་མེད་འདི་ལ་

གསོལ་བ་ཐོབ། །སྐུ་གསུམ་གསུང་རབ་པད་འབྱུང་བཀོད་པ་འདི། །མདོ་ལེན་བཅུད་བསྡུས་དོན་ལ་ཐིམ་པར་བསྒོམ། །འཇིག་རྟེན་ཟང་ཟིང་ནོར་གྱིས་ལག་མི་ འབོར། །དོན་དང་མི་ལྡན་འདི་ལ་གསོལ་བ་ཐོབ། །རིག་པའི་སེམས་ལ་འཁོར་བའི་སྐྱོན་མེད་དོ། །ནོར་བུ་རིན་ཆེན་རང་ལ་ཡོད་མོད་ཀྱང་། །བཀུར་སྟི་རིམ་གྲོ་མཆོད་པ་བྱས་པ་ན། ། བསམ་པའི་ཡོན་ཏན་གང་ཡང་འཕེལ་བར་འགྱུར། །སྨོན་ལམ་གང་བཏབ་ས་བཅུ་ཐོབ་པར་བྱེད། །ཐོབ་དང་གང་འབྱུང་དེ་ཡི་དགོས་འདོད་འབྱུང་། །ཞེས་སོགས་གསུངས་པ་ནི་དོན་ལ་ གནས་པའི་མི་བསླུ་བའི་ཐ་ཚིག་གོ། །དེས་ན་འདི་ལྟར་སྔོན་བྱོན་རྒྱ་བོད་ཀྱི་མཁས་གྲུབ་ལོ་པཎ་རྗེ་འབངས་དྲྭ་མའི་ཚོགས་དང་། ཁྱད་པར་ས་པཎ་ཆོས་རྗེ། པཎ་ཆེན་བློ་བཟང་ཆོས་རྒྱན། ཀུན་མཁྱེན་པདྨ་དཀར་པོ། རྒྱལ་བ་ཀློང་ཆེན་པ་ལ་སོགས་ཆོས་ལུགས་བཞི་ཡི་བསྟན་པའི་བདག་པོ་རྣམས་ནས་ལྔ་བདོའི་བསྟན་འགྲོའི་སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན། རྟེན་དང་གླིང་གཅིག་ཏུ་རྒྱལ་བས་ལུང་གི་ཆེ་ཐང་དུ་བསྒྲུབས་པར་མཛད་པའི་ཨོ་རྒྱན་ཆེན་པོ་ཁོ་ན་ཡིན་པར་གསུངས་པ་སོ་སོའི་གསུང་རབ་རྣམས་ནས་བསྔགས་པའི་གླིང་བུ་མགྲིན་གཅིག་ཏུ་

བསྒྱུར་བར་མཛད་པ་ལའང་བློ་གྲོས་ཀྱི་ཐོས་འཛིན་ཡངས་པར་བྱས་ཏེ་རིམ་གྲོ་བསྐྱེད་དགོས་ཤིང་། དེ་ལས་ཁྱད་པར་དེང་སང་སྙིགས་མའི་རང་མདངས་ཀུན་ནས་ཚེས་པའི་སྐབས་འདིར་རང་ རང་གི་གྲུབ་མཐའི་སྟོན་པ་དང་། བསྟན་པ་ལ་ཆེ་བའི་ག་དར་བྱེད་པར་རློམ་སྟེ་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཕྱག་རྗེས་ལ་དྲིན་དུ་བཟོ་བའི་ བསམ་སྦྱོར་ཉམས་ཉེས་པའི་རིགས་དང་རྣམ་པ་ཀུན་ཏུ་མི་འཛའ་བར་སྐྱབས་གནས་ཀུན་འདུས་ཀྱི་ཞལ་སྐྱིན་ཨོ་རྒྱན་ཆེན་པོ་ལ་བརྟེན་ནས་ཚོགས་བསགས་སྒྲིབ་སྦྱོང་གི་བྱ་བ་ལ་བརྩོན་པ་ཆེ་ཐང་ དུ་བསྐྱེད་པར་རིགས་ལ། ཁྱད་པར་གནས་ཆེན་འདི་ཉིད་ཀྱང་རྒྱལ་བའི་རྒྱལ་ཚབ་ཨོ་རྒྱན་ཆེན་པོས་ཐུན་མོང་གི་སྣང་ངོར་ཟླ་བ་ངོ་བཞི་བཞུགས་པ་ལ་སོགས་པས་བྱིན་གྱིས་བརླབས་ཤིང་ཕྱིས་ རབས་ཀྱི་ཆོས་བྱེད་རྣམས་ནས་ཀྱང་གུ་རུ་ཉིད་ཀྱི་ཞབས་ཀྱིས་བཅགས་པའི་སྒྲུབ་གནས་རྣམས་སུ་བསྟེན་དགོས་པར་གསུངས་པ་བཞིན་མི་ཕྱེད་དད་པའི་སེམས་ཀྱིས་བསྟེན་ན་གནས་ཀྱིས་གང་ ཟག་བྱིན་གྱིས་རློབས་ཤིང་། གཞན་ཡང་མདོ་རྒྱུད་ཀུན་ནས་དགེ་རྩ་གང་ཞིག་བསྒྲུབ་པ་ལའང་གནས་དང་དུས་ལ་སོགས་པའི་ཁྱད་པར་གྱིས་དགེ་རྩ་ལ་འགྱུར་ཁྱད་ཆེན་པོ་ཡོད་ཚུལ་ཡང་ནས་

ཡང་དུ་གསུངས་པ་བཞིན་པཎ་ཆེན་ནགས་ཀྱི་རིན་ཆེན་དང་། གྲུབ་དབང་ཐང་སྟོང་རྒྱལ་པོ། ཕ་འཇོ་འབྲུག་སྒོམ་ཞིག་པོ། སྐྱེས་མཆོག་འབའ་ར་བ། གྲུབ་ ཐོབ་ཀུན་དགའ་ལེགས་པ་སོགས་དམ་པ་དུ་མ་ཞིག་ཀྱང་གུ་རུའི་གསུང་བཞིན་གནས་ཆེན་འདི་ཉིད་ལ་བརྟེན་ནས་འོད་གསལ་ཕྱག་རྒྱ་ཆེན་པོའི་དགོངས་པ་མངོན་དུ་མཛད་པ་སོགས་ཀྱི་ལོ་རྒྱུས་ ལའང་དྲན་པ་ཉེ་བར་བཞག་སྟེ་དུས་དང་རྣམ་པ་ཀུན་ཏུ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་གཉིས་པ་འཆི་མེད་ཀྱི་ཡེ་ཤེས་སྐུ་མཆོག་མངའ་བ་སློབ་དཔོན་པདམའི་ཞབས་ཀྱི་བཀའ་དྲིན་ དྲན་པའི་སྒོ་ནས་གནས་མཆོག་འདི་ཉིད་དུ་བརྟོལ་ཏེ་རང་ནུས་གང་ཡོད་ཀྱིས་རིམ་གྲོ་བསྐྱེད་དགོས་པ་ནི་བྱ་བའི་ནང་ནས་གལ་འགངས་ཆེ་བ་དེ་ཁོ་ན་ལགས་སོ། །དེ་ལྟར་དཀར་ཆག་ཕན་ཡོན་ མདོར་བསྡུས་ཙམ་དང་འབྲེལ་བའི་དགེ་བསྐུལ་གཏམ་གྱི་ཆུ་ཐིག་གི་ཟེགས་མ་ཙམ་ཞིག་འཐོར་བ་འདི་ཡང་སངས་རྒྱས་གཉིས་པའི་བསྟན་པ་ལ་དག་པའི་སྣང་བ་དཀར་བ་རྣམས་ཀྱི་ཐུགས་ཀྱི་ པདམོའི་གསོས་སུ་སྨན་པའི་རེ་བས་བྲིས་པ་སྟེ། དེས་ན་དཔལ་སྤྲུལ་ཆོས་ཀྱི་དབང་པོས། སྐྱོན་བརྒྱ་ཚང་བའི་མི་ངན་ཕལ་པ་ལ། །ཤེས་བྱ་རིགས་པའི་ཡོན་ཏན་གཅིག་སྣང་ཡང་། །སྐྱོན་ལ་

མི་སེམས་ཡོན་ཏན་དེ་བླངས་ཏེ། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །ཞེས་དང་། ཐུབ་པའི་སྡེ་སྣོད་རྣམ་པ་གསུམ། །ཐམས་ཅད་ཤེས་པ་ཡོད་མིན་ཡང་། །ཚིག་འབྲུ་གཅིག་གི་དོན་ཤེས་ན། །དེ་ཡང་ལུང་གི་བསྟན་པ་ཡིན། །རྒྱལ་བའི་སྲས་ཀྱི་བསླབ་པ་གསུམ། །ཐམས་ཅད་བསྒྲུབ་པར་དཀའ་ན་ཡང་། །དགེ་སེམས་སྐད་ཅིག་གཅིག་སྐྱེས་ཀྱང་། །དེ་ཡང་རྟོགས་པའི་བསྟན་པ་ཡིན། །ཞེས་གསུངས་པ་དང་རྗེས་སུ་མཐུན་པར་རང་གཞན་རྣམས་ཀྱི་རྒྱུད་ལ་གནས་སྐབས་ཀུན་ཏུ་སྨན་པའི་རྒྱུར་གྱུར་ཅིག་གུ། །སླར་སྨོན་པ། ཕལ་ཆེར་དོན་མེད་དོན་ཡོད་དུ། །བྱེད་པའི་རྒྱལ་སྲས་སྤྱོད་པ་ལ། །སློབ་ན་རྣམ་ཀུན་དོན་ལྡན་པ། །རྒྱལ་བའི་ཕྲིན་ལས་ལ་སྤྱོད་ཤོག །གང་ཚེ་དྲི་མེད་སེམས་ཀྱི་ས་གཞི་ལ། །ལེགས་བྱས་ཡོངས་འདུའི་རྩ་བ་ཚུགས་བྱས་པའི། །བསོད་ནམས་འབྲས་བཟང་དུས་སུ་སྨིན་པ་ལས། །བྱུང་བའི་དགེ་ཚོགས་བསྟན་དང་འགྲོ་ལ་བསྔོ། །བདེ་གཤེགས་ཉི་མའི་གསུང་གི་འོད་ཟེར་བློ་གྲོས་ཟེའུ་འབྲུའི་མགྲོན་དུ་ཁུགས་ལས་སྤང་རྟོགས་བསུང་ཞིམ་ཐུལ་བའི་དྲི། །སྐལ་ལྡན་མེ་ཏོག་ཟས་ཅན་རྣམས་ལ་རྣམ་མཁྱེན་ལུས་གཟུངས་བརྟས་པའི་བདུད་རྩིར་ཅི་དགར་འགྱེད་པའི་ཆོ་ག་མཁན། །སྐྱེས་མཆོག་

པདྨ་གཞོན་ནུའི་ཚོགས་རྣམས་སྙིགས་འགྲོའི་ལོག་སྒྲུབ་འདམ་གྱི་དྲི་མས་མནལ་བའི་རྣམ་པ་རིང་བཏང་སྟེ། །མཛད་པ་ལས་ཀྱི་འཁོར་ལོའི་འདབ་སྟོང་ཕྱོགས་ཀྱི་ བུ་མོའི་བརྟན་པ་འཕྲོག་ལ་དུས་རྣམ་ཀུན་ཏུ་གྲོལ་གྱུར་ཅིག །ཡངས་པའི་ནོར་འཛིན་གཞི་ལ་གནས་པའི་མ་ནུའི་བུ་ཡི་གཙོ་བོ་རྣམས་ཀྱི་ཁུར་དུ་བབ་པའི་བྱ་བ་རྣམས། །དབང་པོའི་དགྲ་ཡི་ འཇུག་པའི་རྗེས་སུ་ཡིད་ཀྱི་སྨོན་པའི་འཕྲོས་པ་ཙམ་ཡང་རྣམ་པ་ཀུན་ཏུ་མི་བསྟེན་པར། །སྔོན་བྱོན་རྒྱལ་བློན་དྲྭ་མའི་ཚོགས་ཀྱིས་ཆོས་བཞིན་སྤྱོད་པའི་རྣམ་པར་ཐར་ལ་རི་མོར་བྱེད་པས་དུས་ འདའ་སྟེ། །ལུས་ཅན་རྣམས་ཀྱི་བདེ་སྐྱིད་མཐའ་དག་སུམ་རྩེན་ལྷ་ཡི་གྲོང་ན་བསྟི་དང་གཉིས་སུ་དབྱེ་བ་མེད་གྱུར་ཅིག །མཐའ་བཞིའི་རྒྱ་ཡི་ར་བས་བསྐོར་བ་འཁྲུལ་སྣང་འཁོར་བ་སྒྱུ་མའི་ གྲོང་ན་ཐོག་མེད་དུས་ནས་འཁྱམས་པའི་འགྲོ། །སྡུག་བསྔལ་གསུམ་གྱི་ཟོང་ལ་སྤྱོད་རྣམས་དེད་དཔོན་དམ་པའི་ཐུགས་རྗེའི་ཕྱག་གིས་མངོན་མཐོའི་གཟིངས་ལ་གཟུད་བྱས་ཏེ། །དགེ་ཚོགས་ སྣང་བ་དཀར་པོའི་དར་ཆེན་དོན་གཉེར་རླུང་གིས་བར་མེད་བསྐུལ་ཏེ་སྲིད་པའི་རྒྱ་མཚོའི་མཐར་བརྒལ་ནས། །ཟག་མེད་རིན་ཆེན་འདོད་རྒུའི་འབྱུང་གནས་སྐུ་གསུམ་ཞིང་ཁམས་ནོར་བུའི་གླིང་

དུ་གཏན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །བཀྲ་ཤིས་གང་ཞིག་སྣང༷་བ༷འི་ཡེ་ཤེས་ཤིན་ཏུ་ཞི་བ་སྟོང་ཆེན་དབྱིངས་ན་གཉིས་སུ་དབྱེ་བ་མེད་བཞུགས་ཀྱང་། །མཐ༷འ་ཡ༷ས་དངོས་པོ་ཀུན་གྱི་རྗེས་སུ་ཐུག༷ས་རྗེ༷་ཆེ༷ན་པོ༷འི་ཕྲིན་ལས་འཇུག་པ་སངས་རྒྱས་རྣམས་ཀྱི་ངོ་མཚར་ཆོས། །མི་བཟད་ཡོན་ཏན་རྒྱན་གྱི་འཁོར་ལོ་སྐུ་ཡི་གོང་བུ་གཅིག་གིས་འཛིན་པ་ཐོ༷ད་ཕྲེང༷་རྩལ༷་དུ་གྲགས་འབར་བ། །སྲིད་དང་ཞི་བའི་ཆོས་སོ་ཅོག་ཀུན་འོག་མིན་ཨོ་རྒྱན་མཁའ་འགྲོའི་གླིང་བཞིན་རྟག་ཏུ་བདེ་ལེགས་འཕེལ་འགྱུར་ཅིག །ཅེས་པ་འདི་ནི་སྐྱབས་གནས་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོས་ཕྱག་བྲིས་ཀྱི་ལམ་ནས་བསྐུལ་མ་ཕེབས་པ་བཞིན་ལྡོམ་བུ་བ་ཕྲིན་ལས་ནོར་བུས་རང་གི་བསྟི་གནས་བྲེ་ཁ་འོད་གསལ་ཆོས་གླིང་ནས་བྲིས་ཏེ་ཕུལ་བ་དགེ། །།