TNR-SUNGBUM-02-AH-004: Difference between revisions

From Dudjom Wiki
TNR-SUNGBUM-02-AH-004
New collection pages (Thinley Norbu gsung 'bum / Dudjom gsung thor bu)
 
No edit summary
 
Line 16: Line 16:
|authortib=ཕྲིན་ལས་ནོར་བུ་
|authortib=ཕྲིན་ལས་ནོར་བུ་
|volumeLetter=AH
|volumeLetter=AH
|pdflink=File:TNR-SUNGBUM-02-AH-004.pdf
|InitCategories=Dudjom Tersar Project; TNR-SUNGBUM-Volume-02-AH
|InitCategories=Dudjom Tersar Project; TNR-SUNGBUM-Volume-02-AH
}}
}}

Latest revision as of 21:24, 9 November 2026

Wylie title tshogs khang pad+ma'i rgyud mang gi don 'grel nyi ma gzhon nu'i 'od zer
Location phrin las nor bu'i gsung 'bum
Volume 2, Text 4, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Tshogs khang pad+ma'i rgyud mang gi don 'grel nyi ma gzhon nu'i 'od zer. In Phrin las nor bu'i gsung 'bum, Vol. 2.
Side notes  
More details More details
Genre

[edit]
༄༅། །ཚོགས་ཁང་པདྨའི་རྒྱུད་མང་གི་དོན་འགྲེལ་ཉི་མ་གཞོན་ནུའི་འོད་ཟེར་ཞེས་བྱ་བ་བཞུགས།

༄༅། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། ཨ་ནི་རྣམ་སྣང་འ་མི་བསྐྱོད། །ན་རོ་རིན་ཆེན་འབྱུང་ལྡན་ཏེ། །ཟླ་ཚེ་སྣང་བ་མཐའ་ཡས་ ལ༑ ༑ཐིག་ལེ་དོན་ཡོད་གྲུབ་པའོ། །ཞེས་པ་ལྟར་ཨཱོཾ་དང་ཧཱུཾ་དང་ཧྲིཿལ་སོགས་པ་སྔགས་ཀྱི་སྒྲ་གཅིག་ཡིན་རུང་། མང་པོ་ཡིན་རུང་དཀྱིལ་འཁོར་གྱི་ ལྷ་ཞི་དྲག་ཕོ་མོ། གཙོ་འཁོར་ལ་སོགས་གང་ལ་སྦྱར་ནས་བཤད་ཀྱང་དོན་ཆོས་ཉིད་ཀྱི་རང་སྒྲ་ལས་བྱུང་། ཆོས་ཉིད་ཀྱི་གཤིས་སམ་ངོ་བོ་ནི་རྫས་ སུ་གྲུབ་པ་རྡུལ་ཕྲ་རབ་ཙམ་དུའང་མེད། རྫས་སུ་གྲུབ་པ་མེད་ཕན་ཆད་རྒྱུ་རྐྱེན་མེད་པས་དེའི་ཕྱིར་སྡུག་བསྔལ་གྱི་རྒྱུ་གཏན་ནས་མི་སྲིད་པ་རྣམ་པར་

དག་པ་ཁོ་ནའོ། །དེའང་དུས་རྟག་ཏུ་འཕོ་འགྱུར་མེད་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ ཆོས་ཉིད་དོ། །ཞེས་གསུངས། དེ་ལྟ་བུའི་ཆོས་ཉིད་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་ཀྱང་། མཁྱེན་ཆ་མ་འགགས་པས་སྣང་ཚུལ་ཅིར་ཡང་འཆར་བ། གང་ལྟར་འཆར་ཡང་བཟང་ངན་དུ་འཛིན་པའི་རྟོག་པ་མེད་པ་རང་བྱུང་རང་ཤར་གྱི་སྒྲ་ཡིན་ལ། དེ་ཡང་ཇི་སྐད་དུ། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། ། གཞན་གྱི་རྣམ་རིག་ལས་བྱུང་བ། །ཕྱི་དང་ནང་ན་གནས་མ་ཡིན། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །ཕྱི་དང་ནང་ནའང་གནས་མ་ཡིན། །

ཞེས་རྒྱུ་འབྲས་ཐེག་པའི་སྐབས་སུ་སྒྲ་བརྙན་དེ་གཞན་གྱི་རྣམ་རིག་ལས་བྱུང་བ་ཞེས་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ལྟ་བུ་ཞིག་གསུངས་མོད་ཀྱི། དེ་ལྟར་དེ་བཞིན་གཤེགས་པའི་ གསུང་། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་གསུངས་པ་ལ་གཞིག་ན་སངས་རྒྱས་ཀྱི་གསུང་གསང་བ་བསམ་གྱིས་མི་ཁྱབ་པ་ལ་གོ་དགོས་གཤིས་དེ་ནི་ཕྱི་དང་ནང་གང་དུའང་མི་ གནས་པ་དང་། ཕྱི་ནང་གང་དུའང་རྫས་སུ་གྲུབ་པ་མ་རྙེད་བཞིན་དུ་གསུང་རྣམ་པ་ཐམས་ཅད་པ་སྒྲ་ཚིག་གང་དུའང་འཆར་བ་ལ་ཆོས་ཉིད་ཀྱི་རང་སྒྲ་ཟེར། སེམས་ཅན་རྣམས་ནས་རྒྱུ་དང་ རྐྱེན་ལས་མ་བྱུང་བའི་ཆོས་ཉིད་ཀྱི་རང་སྒྲ་གཞན་དུ་བཟུང་ནས་འཁྲུལ་པ་ཞུགས། དེ་ལ་བརྟེན་ནས་ཆགས་སྡང་གི་སྒྲ་ཚིག་མང་པོ་རྒྱུ་རྐྱེན་ལ་བརྟེན་པ་ཁོ་ན་བྱུང་བ་དེའི་ཕྱིར། ས་པཎ་གྱིས། རྔ་ལ་དབྱུག་གུས་མ་བསྣུན་བར། །དེ་སྲིད་གཞན་དུ་སྒྲ་མི་འབྱུང་། །ཞེས་གསུངས་པ་ལྟ་བུ་སྒྲ་ཐམས་ཅད་མི་རྟག་པ་རྒྱུ་རྐྱེན་ལ་བརྟེན་པ་ཤ་སྟག་བྱུང་། གང་ལྟར་ཡང་རང་རེ་རྣལ་འབྱོར་པ་ ལམ་པའི་དབང་དུ་བཏང་ན། དཔལ་སྤྲུལ་རིན་པོ་ཆེས། ཇི་ཙམ་བརྗོད་ཀྱང་བརྗོད་པ་མི་ཟད་དེ། །བརྗོད་མེད་རྟོགས་ན་བརྗོད་པ་ཀུན་གྱི་གཞི། །གསུངས་པ་བཞིན་དུ་བླ་མ་ཁྱད་པར་ཅན་གཅིག་

གི་བཀའ་དྲིན་ལ་བརྟེན་ནས་བརྗོད་མེད་གནས་ལུགས་ཆོས་ཉིད་རྣམ་པར་དག་པའི་དོན་དེ་ཚུལ་བཞིན་དུ་རྟོགས་པ་ན། བརྗོད་བྱ་ཆོས་ཐམས་ཅད་ཀྱི་སྒྲ་ཚིག་རང་ བྱུང་རང་ཤར་དུ་གྲགས་པར་གསུངས་སོ། །གང་ལྟར་ཡང་ཧྲཱིཿ ཞེས་པདྨ་གསུང་གི་དབང་ཕྱུག་རིགས་ཀུན་གྱི་མངའ་བདག་སྟེ། ཇི་སྐད་དུ། བསམ་པ་ལྷུན་གྲུབ་ལས། ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུཿ སྣང་བ་མཐའ་ཡས་ཐུགས་རྗེས་བྱིན་རླབས་གཡོསཿ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེཿ ཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོནཿ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅནཿ ཞེས་འབྱུང་བ་ལྟར་སངས་རྒྱས་སྣང་བ་མཐའ་ཡས་དང་དེའི་རྣམ་པར་འཕྲུལ་པ་ཨོ་རྒྱན་རིན་པོ་ཆེའི་སྐུ་དང་ཡེ་ཤེས་ཡོན་ཏན་གྱི་སྙིང་པོའི་སྔགས་ སྔོན་དུ་བརྗོད་པས་ཐོག་དྲངས་ནས། ཚོགས་ཁང་བདེ་ཆེན་པདྨ་འོད། །ཅེས་པའི་དོན་ནི་སྤྱིར་ཚོགས་ཟེར་བ་ཕུང་པོར་སྤུངས་པ་དང་། དུ་མ་འདུས་པ་སོགས་ལ་གོ་དགོས་ཀྱང་། འདིའི་ སྐབས་ཆོས་ཀྱི་དབྱིངས་དང་མཉམ་པའི་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཡེ་ནས་འདུ་འབྲལ་མེད་པའི་ཚུལ་དུ་ཚོགས་པ་པདྨ་འོད་ཀྱི་ཞིང་ཁམས་དང་།

གཞལ་ཡས་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ་མཐའ་ཡས་པ་དང་། མེ་ཏོག་པདྨས་ཕྱོགས་ཀུན་ཏུ་ཡོངས་སུ་ཁྱབ་པ། དེའི་ནང་ན་བཞུགས་པའི་སྟེང་ཁང་ཆོས་སྐུའི་གཞལ་ཡས་ ཁང་དུ་སངས་རྒྱས་སྣང་བ་མཐའ་ཡས། བར་ཁང་ལོངས་སྐུའི་གཞལ་ཡས་ཁང་དུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གཙོ་འཁོར། འོག་ཁང་སྤྲུལ་སྐུའི་གཞལ་ཡས་ཁང་དུ་ཨོ་རྒྱན་པདྨ་ འབྱུང་གནས་གཙོ་འཁོར། གཞན་ཡང་གཙོ་འཁོར་གསུམ་གྱི་ཐུགས་སོ་སོར་རྟོག་པའི་ཡེ་ཤེས་ཆེན་པོའི་རོལ་རྩལ་ལས་རིག་འཛིན་དཔའ་བོ་མཁའ་འགྲོ་ཡི་དམ་ཆོས་སྲུང་དང་བཅས་པ་ བཞུགས་ཤིང་། དེ་དག་ཐམས་ཅད་ཀྱང་རིས་སུ་བྲིས་པ་དང་། འབུར་དུ་དོད་པའི་བེམ་པོ་ལྟ་བུ་མིན་པར་ངོ་བོ་བདེ་བ་ཆེན་པོ་ལ་རྣམ་པ་འོད་དང་འོད་ཀྱི་རང་བཞིན་གྱི་རྟེན་གཞལ་ཡས་ཁང་ དང་བརྟེན་པ་ལྷ་ཚོགས་སྐུ་དང་ཞིང་ཁམས་ཀྱི་ཡོན་ཏན་རྣམས་རྣམ་པ་མ་འདྲེས་པ་ལ་ངོ་བོ་དབྱེར་མི་ཕྱེད་པ། དེ་དག་ཀྱང་ཨིན་དྲ་བྷོ་དྷིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ ཏུ་རྟག །ཅེས་བཤད་པ་ལྟར་ཟག་བཅས་ཉོན་མོངས་ཀྱི་རྒྱུ་རྐྱེན་ལས་སྐྱེས་པའི་གནས་སྐབས་ཀྱི་བདེ་བ་ཡུད་ཙམ་ལྟ་བུ་མ་ཡིན་པར། ཟག་པ་མེད་པའི་བདེ་བ་ཆེན་པོའི་སྐུ་དང་ཡེ་ཤེས་ཀྱི་སྣང་

བ་འབའ་ཞིག་ཡིན་པས་རྟག་པ་དམ་པའོ། །དེ་ལྟ་བུའི་སྐུ་དང་ཞིང་གི་དཀྱིལ་འཁོར་ནི། རྡོ་རྗེ་ལས་རིམ་ལས། ལྷ་དང་དམ་ཅན་ཀུན་འདུས་པ། །བདེ་བ་ཆེན་ པོའི་ཚོགས་སུ་བཤད། །ཅེས་གསུངས་པ་དང་དགོངས་པ་མཐུན་པས། ཚོགས་ཁང་བདེ་ཆེན་པདམ་འོད། །ཅེས་སོ། །དེ་ནས། རྣལ་འབྱོར་བདེ་ཆེན་སྒྲུབ་པ་པོ། །ཞེས་སྤྱིར་རྣལ་འབྱོར་ ཅེས་པ་ཀུན་མཁྱེན་ཀློང་ཆེན་པས། ཆོས་ཉིད་རྣལ་མའི་དོན་ལ་བློ་འབྱོར་པས་ན་རྣལ་འབྱོར་ཅེས་བྱ། ཞེས་གསུངས། དེ་ལ་གང་ཟག་དབང་རྣོན་གསང་སྔགས་བླ་མེད་ཀྱི་ཆོས་ལ་མོས་པ་སུ་ ཞིག་ཡིན་རུང་། དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ནས་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་དང་བཅས་པ་ཐོབ་པ་སྔོན་དུ་སོང་སྟེ་དེ་ནས་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ན། སྣང་བ་ལྷ་གྲགས་པ་སྔགས་དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་རྣལ་འབྱོར་དུ་བྱེད་པ། ལུང་ཨ་ནུ་ཡོ་ག་ལྟར་ན། རྩ་སྤྲུལ་སྐུའི་དཀྱིལ་འཁོར། རླུང་ལོངས་སྐུའི་དཀྱིལ་འཁོར། ཐིག་ལེ་ཆོས་སྐུའི་དཀྱིལ་འཁོར་དུ་རྣལ་འབྱོར་དུ་བྱེད་པ་སྟེ་གསང་སྙིང་ལས། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཞེས་འབྱུང་བ་ལྟར་རང་ལུས་ཐབས་

ལྡན་ནམ། གཞན་ལུས་མཚན་ལྡན་གྱི་ཕྱག་རྒྱ་མ་ལ་བརྟེན་པ་གང་ཡིན་ཡང་རུང་སྟེ་བདེ་སྟོང་ལམ་དུ་བྱེད་པའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པ་འབུལ་བ་དང་། མན་ངག་ རྫོགས་པ་ཆེན་པོ་ལྟར་ན་ཚིགས་གསུམ་གནད་བརྡེག་དང་། ཅོག་བཞག་རྣམ་བཞི་ལ་སོགས་ཁྲེགས་ཆོད་ཀྱི་གདམས་པས་ཀ་དག་ཆོས་སྐུའི་དགོངས་པ་གཏན་ལ་ཕེབས་ཤིང་། བཞུགས་ སྟངས་གསུམ་དང་གཟིགས་སྟངས་གསུམ་གྱི་གནད་ལ་གཟིར་ནས་ནང་གསལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཡོན་ཏན་ཕྱིར་གསལ་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་སྐུ་དང་ཞིང་ ཁམས་སུ་མངོན་དུ་འཆར་བར་བྱས་ནས་སྣང་བ་བཞིའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱས་ཏེ་སླར་ནང་གསལ་གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས་པའམ། འཇའ་ལུས་འཕོ་བ་ཆེན་པོའི་སྐུར་ བཞེངས་པ་ལ་རྣལ་འབྱོར་དུ་བྱེད་པ་དང་། ཁྱད་པར་ཨོ་རྒྱན་སངས་རྒྱས་གཉིས་པ་པདམ་འབྱུང་གནས་ཀྱི་རྣམ་པར་འཕྲུལ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་མཁའ་འགྲོའི་ཐུགས་ ཐིག་ལས་བྱུང་བ་བཞིན་སྐུ་བུམ་པའི་དབང་གི་དམ་ཚིག་ཏུ་ཐུན་མོང་དབྱིབས་ཀྱི་རྣལ་འབྱོར་སྐུ་ཕྱག་རྒྱའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་རྣལ་འབྱོར་དུ་བྱེད་པ། གསུང་གསང་

བའི་དབང་གི་དམ་ཚིག་ཏུ་ཟབ་པ་སྔགས་ཀྱི་རྣལ་འབྱོར་རྩ་དང་རླུང་ལ་བརྟེན་ནས་མཚན་མ་དང་བཅས་པའི་རྫོགས་རིམ་ལ་རྣལ་འབྱོར་དུ་བྱེད་པ། ཐུགས་ཤེས་ རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་ཏུ་ཁྱད་པར་བདེ་བའི་རྣལ་འབྱོར་བདུད་རྩིའི་ཁམས་དཀར་དམར་ལ་བརྟེན་ནས་གཏུམ་མོ་དང་ཕྱག་རྒྱའི་ལམ་ལ་རྣལ་འབྱོར་དུ་བྱེད་པ། དེ་ཁོ་ན་ཉིད་ཚིག་ དབང་རིན་པོ་ཆེའི་དམ་ཚིག་ཏུ་མཐར་ཐུག་ཡེ་ཤེས་ཀྱི་རྣལ་འབྱོར་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་ཏེ་མཚན་མ་མེད་པའི་རྫོགས་རིམ་ལ་རྣལ་འབྱོར་དུ་བྱས་ནས་འཕོ་ཆེན་བདེ་བ་ཆེན་ པོའི་སྐུ་འགྲུབ་པར་བྱེད་པའོ། །གང་ལྟར་ཡང་སྤྱི་དང་བྱེ་བྲག་གི་སྒྲུབ་ཐབས་རྣལ་འབྱོར་གང་ལ་བརྟེན་ཡང་རུང་སྟེ་དེ་དག་ཐམས་ཅད་ཟག་པ་མེད་པའི་བདེ་བ་ཆེན་པོའི་ཡོན་ཏན་འབའ་ཞིག་ སྐྱེད་པར་བྱེད་པ་ཡིན་པས་དེ་དག་སྒྲུབ་པར་བྱེད་པ་པོ་རྣམས་ལ། རྣལ་འབྱོར་བདེ་ཆེན་སྒྲུབ་པ་པོ། །ཞེས་ཟེར། དེ་ཡང་ཚོགས་འཁོར་ལ་རྣལ་འབྱོར་པ་ཕོ་རྐྱང་ཚོགས་པ་ཡིན་ན་དཔའ་བོའི་ དགའ་སྟོན་དང་། མོ་རྐྱང་ཚོགས་པ་ཡིན་ན་དཔའ་མོའི་དགའ་སྟོན་ཞེས་གསུངས་ཤིང་། དེས་ན་རྣལ་འབྱོར་ཕོ་མོ་ཟུང་དུ་འབྲེལ་བ་ཤ་སྟག་ཚོགས་ཐུབ་པ་བྱུང་ན་མཆོག་ཡིན་གསུངས།

ཇི་ལྟར་ཡང་བསྒྲུབ་བྱ་གསང་སྔགས་ཀྱི་ཆོས་རིགས་མཐུན་པ་དང་། དམ་ཚིག་གཙང་བ་ཤ་སྟག་ཚོགས་དགོས་པས་ན། རྡོ་རྗེ་ལས་རིམ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་ འབྱོར་འདུས་པའི་ཚོགས་སུ་བཤད། །ཅེས་གསུངས། དམ་རྫས་བདེ་ཆེན་བདུད་རྩི་ཆེ། །ཞེས་འོག་གཞི་རླུང་གི་དཀྱིལ་འཁོར། དེ་སྟེང་ཆུ་ཡི་དཀྱིལ་འཁོར། དེ་སྟེང་ས་ཡི་དཀྱིལ་འཁོར་དབང་ཆེན་གསེར་གྱི་ས་གཞི་རྟེན་དཀྱིལ་འཁོར་རྣམ་གསུམ་ལ་བརྟེན་པ་རི་གླིང་མཚོ་གསུམ། དབང་ཆེན་གསེར་གྱི་ས་གཞི་ལས་སྐྱེས་པའི་དབུས་ན་རི་རྒྱལ་ལྷུན་པོ། དེའི་ཕྱོགས་བཞིར་གླིང་ཆེན་བཞི། གླིང་ཆེན་རེ་རེའི་གཡས་གཡོན་ན་གླིང་ཕྲན་གཉིས་རེ་སྟེ་གླིང་ཕྲན་བརྒྱད། རི་རབ་ཀྱི་ཁོར་ཡུག་ན་གསེར་གྱི་རི་བདུན། དེ་དག་གི་བར་ན་རོལ་པའི་མཚོ་བདུན། རི་རབ་ལྷུན་པོའི་བང་རིམ་ལ་རྒྱལ་ཆེན་རིས་བཞི། རྩེ་ན་སུམ་ཅུ་རྩ་གསུམ། རི་རབ་ཀྱི་སྟེང་གི་ནམ་མཁའ་ལ་ཉི་ཟླ་གཟའ་སྐར། དེ་བཞིན་དུ་རི་རབ་ཀྱི་སྟེང་གི་ནམ་མཁའ་ལ་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་འདོད་ལྷ་རིགས་དྲུག ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའི་ལྷ་གནས། འོད་ཆུང་། ཚད་མེད་འོད། འོད་

གསལ་ཏེ་བསམ་གཏན་གཉིས་པའི་ལྷ་གནས། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་ཏེ་བསམ་གཏན་གསུམ་པའི་ལྷ་གནས། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་སྟེ་སོ་སོའི་སྐྱེ་བོའི་ལྷ་གནས་གསུམ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་ཏེ་འཕགས་པའི་རིགས་ཀྱི་ལྷ་དང་གནས་ལྔ། གཟུགས་ དངོས་སུ་མེད་ཀྱང་གཟུགས་མེད་ཀྱི་བསམ་གཏན་ལ་གནས་པའི་སྐྱེ་མཆེད་མུ་བཞི། དེ་ཡང་ནང་པ་སངས་རྒྱས་པའི་ལུགས་ཀྱི་ཕྱི་ནང་སྣོད་བཅུད་ཆགས་ཚུལ་གྱི་རྣམ་བཞག་འདི་དག་སེམས་ ཅན་རྣམས་ཀྱི་ལས་བཟང་ངན་གྱི་བག་ཆགས་སྣ་ཚོགས་པ་ཡིན་པ་དཔེར་ན་རྨི་ལམ་དུ་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་ཇི་ལྟར་རྨིས་པ་བཞིན་ཡིན། ཛམ་གླིང་གི་ངོས་འཛིན་ལུགས་གཅིག་ལ་ མཚོན་ནའང་རིལ་པོ་དང་ལེབ་མོ་རྒྱ་ཆེ་ཆུང་ལ་སོགས་པའི་རྣམ་བཞག་སོ་སོ་ཡིན་ལ། ཆུ་གཅིག་ལ་དཔེ་བཞག་ནའང་དམྱལ་བ་ལ་མེ། ཡི་དྭགས་ལ་རྣག་ཁྲག ཆུ་ལ་གནས་པའི་སྲོག་ ཆགས་རྣམས་ལ་གནས་ཁང་། ས་ལ་གནས་པའི་སེམས་ཅན་རྣམས་ལ་བཏུང་བ། མི་རྣམས་ཀྱིས་ཞིང་དུ་ཆུ་འདྲེན་ཅིང་ལོ་ཏོག་སྨིན་པར་བྱེད་པ་དང་སྨན་དང་ཇ་དང་ཆང་ལ་སོགས་མཁོ་

རྒུའི་རྣམ་པ་མང་པོ་ཞིག་ལ་ལོངས་སྤྱོད་དུ་ཡོད་པ། ཆུ་ལ་ལྷ་ཡིས་བདུད་རྩིར་མཐོང་བ། སངས་རྒྱས་རྣམས་ཀྱིས་མཱ་མ་ཀིར་གཟིགས་པ་ལ་སོགས་རང་རང་གི་མཐོང་སྣང་དང་གཟིགས་ སྣང་སོ་སོ་ཡིན་པས། ཆད་པའི་མཐའ་རུ་ཕྱོགས་གཅིག་ཏུ་ལྷུང་བའི་དངོས་གཙོ་སྨྲ་བའི་རིང་ལུགས་རྣམས་ཀྱི་འདོད་པ་བཞིན་ཕྱི་ནང་སྣོད་བཅུད་འདི་དག་སེམས་ཀྱི་བག་ཆགས་མཐུ་བརྟས་པ་ ལས་བྱུང་བ་ཁས་མི་བླངས་པར་རང་བྱུང་གི་ཁམས་ཐམས་ཅད་རང་བཞིན་གྱིས་བྱུང་བ་ཡིན་ནོ་ཞེས་བསྒྲགས་པའི་རྗེས་སུ་མི་འབྲང་བར་དྲང་སྲོང་ཆེན་པོ་བདེན་པར་སྨྲ་བ་སངས་རྒྱས་ཀྱི་གསུང་ གི་རྗེས་སུ་འབྲང་ན་འཁོར་འདས་ཆོས་ཀྱི་རྣམ་གཞག་ཚུལ་བཞིན་ཤེས་པ་ལ་ཕན་པ་ཡིན་ནོ། །གང་ལྟར་ཡང་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་ལ་སོགས་དབང་པོ་ལྔའི་ཡུལ་དུ་སྣང་བའི་འདོད་པའི་ཡོན་ཏན་རྣམ་ལྔ། ཞལ་ལ་མཆོད་ཡོན། ཕྱག་ཞབས་ལ་ཞབས་བསིལ། དབུ་ལ་མེ་ཏོག ཤངས་ལ་བདུག་སྤོས། སྤྱན་ལ་མར་མེ། སྐུ་ལ་དྲི་ཆབ། ལྗགས་ལ་ཞལ་ཟས། སྙན་ལ་རོལ་མོ་སྟེ་མཆོད་པ་རྣམ་བརྒྱད། གི་ཝཾ། རྩྭ་མཆོག་དུརྦ། ཤིང་ཏོག་བིལྦ།

དུང་དཀར་གཡས་འཁྱིལ། ལི་ཁྲི་དམར་པོ། ཡུངས་དཀར། མེ་ལོང་། ཞོ་སྟེ་བཀྲ་ཤིས་པའི་རྫས་བརྒྱད། དབུ་ལ་གདུགས། སྤྱན་ལ་ཉ། ཚེམས་ལ་ དུང་། ལྗགས་ལ་པདྨ། མགུལ་ལ་བུམ་པ། ཐུགས་ལ་དཔལ་བེའུ། སྐུ་ལ་རྒྱལ་མཚན། ཕྱག་ཞབས་ལ་འཁོར་ལོ་སྟེ་བཀྲ་ཤིས་རྟགས་བརྒྱད། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་སྟེ་རྒྱལ་སྲིད་སྣ་བདུན། གཞན་ཡང་གཏེར་ཆེན་པོའི་བུམ་པ་ལ་སོགས་སྲིད་པ་ གསུམ་ན་ཕུན་སུམ་ཚོགས་པའི་དངོས་པོ་གང་དང་གང་མཆིས་པ་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བ་སྟེ་ཐུན་མོང་ཕྱི་ཡི་མཆོད་པ། ཁྱད་པར་ནང་གི་མཆོད་པ་ལ་མི་ཤ བ་ཤ རྟ་ཤ་ ཁྱི་ཤ གླང་ཤ་སྟེ་ཤ་ལྔ། རཀྟ་ནི། ངོ་བོའི་སྐབས་ཆགས་པ། དངོས་པོའི་སྐབས་ཁྲག ཁ་དོག་སྐབས་དམར་པོ་སོགས་ལ་འཇུག དེ་ཡང་སྣང་བ་བརྡའི་རཀྟ་ཁ་དོག་དམར་པོར་ འགྱུར་ཚད། འཁོར་བ་རྒྱུའི་རཀྟ་མ་ཡི་མངལ་ཁྲག སྲིད་པ་གཞིའི་རཀྟ་འབྱུང་བ་ཆུའམ་ཡང་ན་སྣོད་བཅུད་ཆགས་པའི་རྩ་བ་རྣམས་ཏེ་མུ་ལ་རཀྟ། འབྲས་བུ་ཆེན་པོའི་རཀྟ་གདུག་པ་

བསྒྲལ་བའི་སྙིང་ཁྲག འགྱུར་མེད་དོན་གྱི་རཀྟ་སྣང་བ་མཐའ་ཡས་ཏེ་རྩ་བའི་རཀྟ་ལྔ། ཡང་ཡབ་ཀྱི་སྣ་གཡས་པའི་རཀྟ། ཡུམ་གྱི་པདྨའི་རཀྟ་སྟེ་གུ་ཧྱ་རཀྟ། སྲིད་པ་ཆགས་པའི་ལྟེ་ཁྲག་ གཡུལ་དུ་བསད་པའི་དཔའ་བོའི་སྙིང་ཁྲག་སྟེ་ནང་གི་རྩ་བ་བཞི། སྟག་གཟིག་སོགས་གཅན་གཟན་གྱི་ཁྲག བྱ་རྒོད་སོགས་འདབ་ཆགས་ཀྱི་ཁྲག རྟ་བོང་སོགས་རྨིག་ཟླུམ་གྱི་ཁྲག གཡག་ སོགས་རྨིག་དབྲག་གི་ཁྲག་སྟེ་ཕྱིའི་རྩ་བ་བཞི་བསྡོམས་པས་རྩ་བ་བརྒྱད། དེ་དག་གི་སྟེང་དུ་མཚལ་སོགས་ས་ཡི་རཀྟ་ལྔ། ཙནྡ་དམར་པོ་སོགས་ཤིང་གི་རཀྟ་ལྔ། པདྨ་རཱ་ག་སོགས་རྡོ་ཡི་ རཀྟ་ལྔ། ཧ་ལོ་དམར་པོ་སོགས་མེ་ཏོག་གི་རཀྟ་ལྔ། ར་མོ་ཤག་སོགས་རྩ་བའི་རཀྟ་ལྔ། རྒུན་འབྲུམ་སོགས་འབྲས་བུའི་རཀྟ་ལྔ། རྒྱ་སྐྱེག་སོགས་རྩིའི་རཀྟ་ལྔ་སྟེ་བསྡོམས་སུམ་ཅུ་རྩ་ལྔ། གཞན་ཡང་རྣམ་གྲངས་གཞན་མི་འདྲ་བ་གསང་སྔགས་ནང་གི་རྒྱུད་ལས་གསུངས་པ་ཡོད། བདུད་རྩི་ལ་ཆོས་ཀྱི་བདུད་རྩི། དོན་གྱི་བདུད་རྩི། རྟགས་ཀྱི་བདུད་རྩི། དམ་རྫས་བདུད་རྩི། སྨན་གྱི་བདུད་རྩི་དང་ལྔ་གསུངས་པ་ལས་སྔ་མ་གསུམ་ལམ་ཉམས་སུ་ལེན་པའི་སྐབས་ན་རང་བཞིན་གྱིས་ཚང་ཞིང་། དམ་རྫས་བདུད་རྩི་ལ་དྲི་ཆེན་དྲི་ཆུ་བྱང་སེམས་དཀར་དམར་གོ་རོ་ཙ་

ནའམ་རྐང་སྟེ་རྩ་བའི་བདུད་རྩི་ལྔ། སྨན་གྱི་བདུད་རྩི་ལ་ཙནྡན་སྨུག་པོ། མུ་ལ་པ་དྲའམ་མ་ནུ། ལི་ཤི། གནྡྷ་པ་དྲའམ་རྒྱ་ཤུག་ལོ་མ། གུར་གུམ། ཛ་ཏི། ག་བུར། ཤིང་ཚ་སྟེ་རྩ་བ་བརྒྱད་དམ། ཡང་ན་ནས་དང་འབྲས་དང་གྲོ་དང་རྒུན་འབྲུམ། མྱུ་གུ་སྡོང་བུ་ཡལ་ག་ལོ་འདབ་མེ་ཏོག་སྙེ་མ་འབྲས་བུ་ལ་སོགས་རྩ་བ་དང་། དུག་རིགས་མེད་ པའི་སྨན་གྱི་རིགས་སྟོང་དུ་ཚང་བ་སྒྲུབ་གཞུང་གང་ལ་བརྟེན་པ་དེ་དག་ནས་བཤད་པ་བཞིན་རྩ་བ་བརྒྱད་དང་ཡན་ལག་སྟོང་དུ་སྦྱར་བ་མཐོང་ཚོར་མྱོང་རེག་གིས་གྲོལ་བ་བཞི་ལྡན། དེ་ལ་ བདུད་རྩི་ཞེས་ངེས་པའི་ཚིག་གི་དོན་ནི་ཉོན་མོངས་པའི་བདུད་ལ་ཡེ་ཤེས་ཀྱི་རྩིས་ཐེབས་ཏེ་འཁོར་བའི་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་ཐམས་ཅད་བདེ་བ་ཆེན་པོའི་སྐུ་དང་ཞིང་ཁམས་སུ་འཆར་ བར་བྱེད་པས་ན་རྩི་ཞེས་བྱ། གཏོར་མ་ལ་གཏོར་མའི་རྒྱུ་ནི། བདུད་རྩིའི་ཕུར་མ་སེལ་མེད་ནས་ཆང་གྲོ་ཆང་འབྲས་ཆང་སོགས་རང་རང་གི་ཡུལ་དུ་གང་ཐོན་པའི་ཆང་གི་ཉིང་ཁུ། འོ་མ་དང་ ཞོ་དང་ཕྱུར་བ་སྟེ་དཀར་གསུམ། སྦྲང་རྩི་བུ་རམ་ཀ་ར་སྟེ་མངར་གསུམ་གྱི་རིགས་དང་། བདུད་རྩི་ཆོས་སྨན་ལ་སོགས་པ་དང་ལྷན་ཅིག་སྦྱར་བའི་རྩ་གསུམ་སོ་སོའི་གཏོར་མ་སོ་སོར་

བཞེངས་པའམ། ཡང་ན་ལྷ་བརྒྱ་གཏོར་གཅིག་ལྟ་བུ་གཅིག་ཏུ་བསྡུས་ཏེ་བཞེངས་པ་གང་བདེར་རང་རང་གི་འབྱོར་པའི་འཁོས་ཀ་དང་བསྟུན་ཅིང་། གང་ལྟར་སྒྲུབ་གཏོར་ནི་གཏོར་གཞོང་ གཞལ་ཡས་ཁང་དང་། དཔལ་གྱི་བཤོས་བུ་རྩ་གསུམ་ལྷ་ཚོགས་སུ་གསལ་བ་དང་། མཆོད་གཏོར་ནི་དེ་དང་བཟོ་དབྱིབས་མཐུན་པ་སྒྲུབ་གཏོར་མདུན་མཆོད་པའི་དམིགས་རྟེན་དུ་བཤམས་ ནས་མཆོད་པའི་ཚིག་གི་སྨན་རཀ་སྤྲོན་ཏེ་མཆོད་པ་དང་། དྲག་པོའི་ཕྲིན་ལས་ལ་དམིགས་སུ་བཅོལ་ན་གཏོར་མ་རུ་དྲའི་སྙིང་གཟུགས་ལ་འཁོར་སྐྱུ་ཤ་ཁྲག་ནང་ཁྲོལ་རིགས་ལ་སོགས་པས་ བརྒྱན་པ། དེ་བཞིན་དུ་གཏོར་སྣོད་ཧོམ་དུ་གསལ་བའི་ནང་གཏོར་མ་མཚོན་ཆའི་རྣམ་པ་གསལ་བ་དང་འཁོར་སྐྱུ་བཤན་པ་གྲི་ཐོགས་སུ་གསལ་བ་སྟེ་ཕྲིན་ལས་བཅོལ་བ་དང་། དྲག་པོའི་ གཏོར་མ་འདི་དག་བསྟན་པ་དང་སེམས་ཅན་ལ་འཚེ་བ་དྲག་པོ་བྱུང་བ་ལ་སོགས་པ་དམིགས་བསལ་དགོས་གལ་ཆེ་བ་སྨད་ལས་དགྲ་བགེགས་སྒྲོལ་བ་ལ་སོགས་པའི་སྐབས་སུ་མ་གཏོགས་ གཏན་དུ་བྱེད་པར་མི་རུང་ངོ་། །གང་ལྟར་ཡང་གསང་སྔགས་ཐབས་ཀྱིས་ཆེ་བས་གཏོར་མ་གཅིག་ལའང་སྒྲུབ་པའི་དུས་སུ་ལྷར་ཤེས་པ། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ།

དངོས་གྲུབ་ལེན་པའི་དུས་སུ་བདུད་རྩིར་ཤེས་པ། བསྟན་འགྲོ་ལ་འཚེ་བ་བྱུང་ན་དེ་དག་བཟློག་པའི་སླད་དུ་ཟོར་དུ་ཤེས་པ་ལ་སོགས་འདུ་ཤེས་བཞི་སྐབས་ཐོབ་ གང་ལ་གཙོ་ཆེ་བ་བཞིན་བསྟེན་པར་བྱ་བས་དོན་འགྲུབ་པ་ཡིན་ནོ། །གཏོར་མ་བྱིན་རླབས་ཏིང་འཛིན་རྣམ་གསུམ་ལ་བརྟེན་ནས་རྒྱ་ཆེ་བ་མ་ཧཱ་ཡོ་གའི་ཆོ་ག་ལ་གཙོ་བོར་བརྟེན་པ་ཡིན་ན་ཐོད་ པའི་སྣོད་ཤིན་ཏུ་རྒྱ་ཆེ་བ་གསལ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་སོགས་ལ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབས་པ། ཟབ་པ་གཙོ་བོ་ཨ་ནུ་ཡོ་གའི་མཚན་བཅས་ རྫོགས་རིམ་གྱི་སྐབས་ཇི་སྐད་དུ་ཡེ་ཤེས་ཐིག་ལེ་ལས། བྷ་ཡི་ཡིག་འབྲུ་བྷ་གར་བརྗོད། །ལིང་གི་ཡིག་འབྲུ་ལིང་གར་བསྟན། །ཞེས་གསུངས་པ་ལྟར་ཕྱི་ལྟར་ན་ཐབས་ཤེས་དབང་པོ་གཉིས་ སྦྱོར། ནང་ལྟར་ན་ཡབ་ཡུམ་གཉིས་ཀྱི་ཀུན་རྫོབ་བྱང་སེམས་དཀར་དམར་འདུ་འཕྲོད། གསང་བ་ལྟར་ན་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་བདེ་སྟོང་གི་ཡེ་ཤེས་ཆེན་པོའི་རང་རྩལ་ཕྱི་ སྣོད་འབྱུང་བའི་ཁམས་དང་ནང་བཅུད་སེམས་ཅན་ཐམས་ཅད་གཏོར་མའི་རང་བཞིན་དུ་བྱིན་གྱིས་བརླབས་པའོ། །རྟོགས་དགོངས་ཀྱི་གདིང་དང་ལྡན་པའི་རྣལ་འབྱོར་པ་རྣམས་ལ་ནི་སྣང་སྲིད་

ཐམས་ཅད་སྐུ་དང་ཡེ་ཤེས་ཞིང་ཁམས་སུ་འཆར་བས་མཧཱ་བྷ་ལིང་ཏའོ། །དེ་ཡང་སྔོན་དཔལ་ཆེན་པོས་འཇིག་རྟེན་གྱི་རུ་ཏྲ་བསྒྲལ་ཞིང་། གནས་ཀྱི་མ་ཚོགས་རྣམས་ལ་སྦྱོར་བ་མཛད་པ་ ལས་གསང་སྔགས་ཀྱི་བསྟན་པ་དང་པོ་དེ་ནས་དར་བར་ཡང་གསུངས་ཏེ། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར༔ བདུད་པོ་མ་ཏྲཾ་རུ་དྲ་དྲག་པོས་བསྒྲལ༔ སྲིན་མོ་མ་ཚོགས་རྣམས་ ལ་སྦྱོར་བ་མཛད༔ གསང་སྔགས་བསྟན་པ་དང་པོ་དེ་ནས་བྱུང་༔ ཞེས་འབྱུང་ཞིང་། མདོར་ན་བདག་ཏུ་ལྟ་བའི་རུ་དྲ་བདག་མེད་ཤེས་རབ་ཀྱི་མཚོན་ཆས་བསྒྲལ་ཞིང་། བདེ་བའི་འབྱུང་ གནས་རྣམ་ཀུན་མཆོག་ལྡན་བདེ་ཆེན་རྡོ་རྗེ་བཙུན་མོའི་བྷ་ག་སྟེ་མཁའ་དབྱིངས་སུ་སྦྱོར་བས་སྦྱོར་སྒྲོལ་གྱི་མཆོད་པའོ། །སྨན་རཀ་ཚོགས་གཏོར་ལ་སོགས་པ་གསང་སྔགས་ནང་གི་མཆོད་པ་ འདི་དག་གང་ཟག་དབང་པོ་རྣོན་པོ་བློ་ཡངས་ཤིང་རྒྱ་ཆེ་བ་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པ་ཡིན་ན་ལེགས་པའི་མཆོག་སྟེ་སྨོས་ཅི་དགོས། དེ་ལྟར་མིན་ཡང་སྔགས་ལ་དད་པའི་ལས་འཕྲོ་ཡོད་ པ་རྣམས་ཀྱིས་ཉམས་སུ་བླངས་བྱ་ཡིན་གཤིས། དབང་རྟུལ་བློ་རྒྱ་ཆུང་ཞིང་། འབྲས་བུའི་ཐེག་པའི་ལུགས་ལ་འཁུ་ཞིང་བཤུང་བའི་རིགས་ཅན་རྣམས་ལ་ཉེས་པ་མི་འབྱུང་བའི་སླད་དུ་གསང་

དགོས། ཤ་ལྔ་དང་བདུད་རྩི་ལྔ་རཀྟ་ལ་སོགས་གནས་དང་དུས་ཀྱི་ཁྱད་པར་གྱིས་ལག་ལེན་ཚུལ་བཞིན་མ་ཐུབ་ན། སྨན་གྱི་དོད་དུ་བླ་མ་མཚན་ལྡན་རྣམས་ནས་ བསྒྲུབས་པའི་བདུད་རྩི་ཆོས་སྨན་དང་། རཀྟའི་དོད་ཐུབ་སིནྡྷུ་རའམ་རྒྱ་མཚལ་སྨན་སྒྲུབ་དང་ལྷན་དུ་ཆུ་གཙང་མ་ལ་སྦྱར་བ། ཚོགས་ཆང་གི་དོད་ཐུབ་དམ་རྫས་ཆུ་གཙང་ནང་སྦྱར་ནས་ལྷག་ བསམ་རྣམ་པར་དག་པས་མཆོད་པའི་ལས་ཀྱི་བྱང་བུ་ལས་གསལ་བ་བཞིན་དམིགས་ཏེ་ཕུལ་བས་དོན་ཡོངས་སུ་འགྲུབ་པར་འགྱུར་རོ། །གཞན་ཡང་ཚོགས་རྫས་བཟའ་བཅའ་བཏུང་བའི་ རིགས་སྣ་ཚོགས་བཤམས་པ་སྟེ། དེ་ལྟར་ཕྱི་ནང་གསང་བའི་མཆོད་པ་དེ་དག་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པས་དག་པ་འབའ་ཞིག་ཏུ་བྱིན་གྱིས་བརླབས་པ་ཡིན་པས། དམ་རྫས་ བདེ་ཆེན་བདུད་རྩི་ཆེ། །ཞེས་སོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ཅེས་གསུངས་པ་དང་དགོངས་པ་མཐུན་ ནོ། །རྨད་བྱུང་བདེ་ཆེན་སྤྲིན་ཕུང་འཕྲོ། །ཞེས་དེ་ལྟ་བུའི་ཕྱི་ནང་གསང་བའི་དམ་རྫས་ཀྱི་མཆོད་པ་དེ་དག་ཐམས་ཅད་ཡེ་ཤེས་ལྷ་ཡི་བྱིན་རླབས་དང་། གསང་སྔགས་བླ་ན་མེད་པའི་ལམ་

རིམ་པ་གཉིས་ལ་ཚུལ་བཞིན་རྣལ་དུ་འབྱོར་པའི་རྣལ་འབྱོར་པ་རྟོགས་པའི་གདིང་དང་ལྡན་པ་རྣམས་ཀྱི་དག་པའི་སྣང་བ་འབའ་ཞིག་ལས་བྱུང་བ། རྣམ་པ་ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་པ་ བཞིན་དུ་རྒྱ་ཆེ་ལ། ངོ་བོ་བདེ་བ་ཆེན་པོའི་རང་བཞིན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པའི་མཆོད་པ་ཡིན་པས་ན་ངོ་མཚར་བའི་ཡོན་ཏན་རྨད་དུ་བྱུང་བ་སྟེ། རྨད་བྱུང་བདེ་ཆེན་སྤྲིན་ཕུང་འཕྲོ། །ཞེས་སོ། །མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས། །ཞེས་མཁའ་འགྲོ་མའི་རང་བཞིན་ནི་གདོད་ནས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་ རིག་པ་ཡེ་ཤེས་ཀྱི་ཡོན་ཏན་བདེ་བ་ཆེན་པོའི་རང་གཟུགས་སུ་ཀུན་ཏུ་མ་འགགས་པར་འཕྲོ་བ་ཆོས་ཉིད་ཡིན་པས། དེའི་ཕྱིར་འཁོར་འདས་ཀྱིས་བསྡུས་པའི་གང་ན་བདེ་བའི་སྣང་བ་གང་ཞིག་ འཆར་བའི་ཆོས་སོ་ཅོག་ཐམས་ཅད་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་དབྱིངས་ཀྱི་ཡུམ་ལྔ་བདེ་བ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རོལ་གར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་བྱུང་ཞིང་། དེ་དག་ཐམས་ཅད་ཀྱི་ཡེ་ཤེས་ཡོན་ཏན་གཅིག་ཏུ་འཁྱིལ་བ་གསང་སྔགས་ཀྱི་བསྟན་པ་དར་བའི་ཞིང་། ཨོ་རྒྱན་གྱི་ཡུལ་གཉིས་པ་བོད་དུ་སྐུ་འཁྲུངས་པ་མཁའ་འགྲོ་ཡོངས་ཀྱི་རྒྱལ་མོ་ཡེ་ཤེས་

མཚོ་རྒྱལ་ཡིན། དེ་ལའང་རང་རྩལ་རོལ་པའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཡིན་པས་དེའི་ཕྱིར། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས། །ཞེས་ སོ། །ཐུགས་དམ་བདེ་ཆེན་དབྱིངས་སུ་བསྐང་། །དེ་ཡང་ཐུགས་དམ་བསྐང་ཟེར་བ་རྒྱལ་བ་རྣམས་ཐུགས་གང་ལ་དགྱེས་པ་དེ་འགྲུབ་པར་བྱེད་པ་ལ་གོ་དགོས། དོན་དམ་ཆོས་ཉིད་རྣམ་པར་ དག་པའི་ངོས་ནས་གཞལ་ན་ཀུན་མཁྱེན་རོང་ཟོམ་པས། བྱང་ཆུབ་ཀྱི་སེམས་ལ་རྒྱུ་རྐྱེན་མེད་པས་སྐྱེ་འགག་གི་ངོ་བོ་ཉིད་མེད་པའོ། །ངོ་བོ་ཉིད་སྐྱེ་འགག་མེད་པ་ལ་རྟོག་པའི་གནས་མེད་པས་ ཅིར་མི་དགོངས་ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རྒྱལ་བ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་དགྱེས་པ་སྐོང་བའི་ཡུལ་གང་ཟག་རང་རྒྱུད་པ་ལྟ་བུ་མ་གྲུབ་ཀྱང་། ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་ངོས་ནས་གཞལ་ན། ཇི་སྐད་དུ་རིག་འཛིན་འཇིགས་མེད་གླིང་པས། འགྲོ་ལ་ཕན་ཕྱོགས་རྒྱལ་བའི་ཐུགས་ལའང་སྨན། །གང་ལ་གནོད་ཕྱོགས་ཀྱང་ནི་ དེ་བཞིན་ཏེ། །ང་དང་སེམས་ཅན་བདེ་སྡུག་མཚུངས་གསུངས་ན། །འཕགས་པའི་སྤངས་རྟོགས་བདེན་པས་འགྲོ་འདི་སྐྱོབས། །ཞེས་གསུངས་པ་ལྟར་རྒྱལ་བ་སྲས་དང་སེམས་མ་དང་

བཅས་པ་དགྱེས་པ་སྐོང་བའི་ཐབས་སེམས་ཅན་རྣམས་ལ་ཕན་པ་བསྒྲུབ་པ་ཁོ་ན་ཡིན། དེ་ཡང་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་རག་ལས་སྟབས་སེམས་ཅན་རྣམས་ལ་འཕྲལ་དང་ཡུན་གྱི་ ཕན་པ་འགྲུབ་པའི་སླད་དུ་སྤྱི་སྒོས་ཀྱི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། ལྷག་པར་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་ཚུལ་བཞིན་དར་བར་བྱས་ན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ གྱི་ཐུགས་དམ་ཟག་མེད་བདེ་བ་ཆེན་པོའི་དབྱིངས་སུ་ཡོངས་སུ་དགྱེས་པར་བསྐང་བ་ཡིན་ནོ། །དེའི་ཕྱིར། ཐུགས་དམ་བདེ་ཆེན་དབྱིངས་སུ་བསྐང་། །ཞེས་སོ། །རིགས་ཀུན་ཁྱབ་བདག་ འོད་མི་འགྱུར། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །ཞེས་སྤྱིར་སངས་རྒྱས་རྣམས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་ཆོས་སྐུ་ཆེན་པོ་ཡིན་པས་སེམས་ཅན་ རྣམས་བཞིན་ལས་དང་ཉོན་མོངས་ལས་སྐྱེས་པའི་རིགས་དང་བརྒྱུད་པ་ཚེ་འབྲང་བཟང་ངན་ཅིར་ཡང་མ་གྲུབ་པ་ནི་ཇི་སྐད་དུ། སངས་རྒྱས་གཟུགས་སུ་མི་བལྟ་མཚན་དང་ནི། །རིགས་དང་ རྒྱུད་དུ་མི་བརྟག་སྒྲ་དང་ནི། །ཆད་པར་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་མ་ཡིན། །ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་འདས། །ཞེས་གསུངས།

འོན་ཀྱང་ཆད་པར་འགྱུར་བ་མ་ཡིན་ཅེས་ཚོགས་ཆེན་ཡེ་རྫོགས་ཀྱི་གཟུགས་སྐུ་རྣམ་པ་ཐམས་ཅད་ཀྱི་སྐུ་དང་ཞིང་ཁམས་ཚད་མེད་པར་སྣང་བའང་བསྟན་པ་བཞིན་ ཐུགས་རྗེ་འགགས་པ་མེད་པའི་བྱིན་རླབས་ལས། ཇི་སྐད་དུ། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར་སྔོན་རྒྱ་གར་ན་མི་རིགས་བཞི་ལས་ཤཱཀྱའི་རིགས་མཆོག་ཏུ་བརྩི་བ་བཞིན་གཟིགས་པ་རྣམ་པ་ལྔ་ ལས་རིགས་ལ་གཟིགས་པ་ཤཱཀྱའི་རྒྱལ་པོའི་རིགས་སུ་སྐུ་བལྟམས་ཏེ་སེམས་ཅན་གྱི་དོན་དུ་མཛད་པ་བཅུ་གཉིས་ཀྱི་རྣམ་ཐར་བསྐྱངས་པ་དང་། ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཀྱང་། མངལ་ ལས་འཁྲུངས་པ་དང་། མངལ་གྱི་སྐྱོན་གྱིས་མ་གོས་པའི་ངོ་མཚར་པདམའི་སྦུབས་ལས་འཁྲུངས་པ་སོགས་གང་ལ་གང་འདུལ་གྱི་གདུལ་བྱའི་མོས་པ་དང་འཚམས་པའི་རིགས་སུ་འཁྲུངས་ ནས་སྐུ་གཅིག་མཚན་བརྒྱད། འཕྲུལ་མཚན་ཉི་ཤུ་ལ་སོགས་པའི་སྒོ་ནས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པ་བཞིན་ཕྱོགས་དུས་གནས་སྐབས་ཀུན་ཏུ་སངས་རྒྱས་སྤྲུལ་པའི་སྐུ་

ཚད་མེད་པ་བྱུང་ཞིང་འབྱུང་བར་འགྱུར་ལ། དེ་དག་ཐམས་ཅད་ཀྱང་ལོངས་སྐུ་རྒྱལ་བ་རིགས་ལྔའི་སྐུ་དང་ཞིང་ཁམས་ཀྱི་སྣང་བ་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པ་ལས་བྱུང་ལ། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་ལོངས་སྐུའི་སྐུ་དང་ཞིང་ཁམས་ཀྱི་སྣང་བ་དེ་དག་ཐམས་ཅད་ཀྱི་འཕྲོ་གཞི་ཆོས་སྐུའི་དབྱིངས་སུ་བཞུགས་པའི་རིགས་རྣམས་ཀུན་གྱི་ཁྱབ་བདག་འོད་གསལ་ འདུས་མ་བྱས་པའི་སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཚད་མེད་ཅིང་བྲི་བ་མེད་པ་སྟེ་འོད་མི་འགྱུར་བ་སངས་རྒྱས་སྣང་བ་མཐའ་ཡས་སོ། །དེ་ལ་སྤྱིར་སྣང་བ་ཞེས་པ་ནི་སེམས་ཀྱི་གོ་མ་འགགས་པ་ ཙམ་ལ་བྱ་སྟེ། དེ་ལ་སེམས་ཅན་ཕལ་པ་དང་། ལམ་ཞུགས་གང་ཟག་གི་དབང་དུ་ན་རང་སྣང་དང་གཞན་སྣང་། སྣང་བ་དང་སྣང་ཡུལ་སོགས་ཀྱི་རྣམ་པར་དབྱེ་བ་ཡོད་ཅིང་། རང་སྣང་ ནི་ཕྱི་ནང་སྣོད་བཅུད་ཉིན་སྣང་རྨི་སྣང་ལ་སོགས་བདེ་སྡུག་གི་སྣང་བ་གཞན་དང་ཐུན་མོང་དུ་མ་ཤར་བའི་གང་ཟག་སྒོས་ལ་ཤར་བའི་སྣང་བ་ཡིན་ལ། སྣང་ཡུལ་ནི་ཕྱི་ནང་སྣོད་བཅུད་བདེ་སྡུག་ ལ་སོགས་རེ་ཞིག་གཞན་དང་ཐུན་མོང་དུ་ཤར་བའི་ཆོས་སོ་ཅོག་ཐམས་ཅད་ཡིན། དེ་ཡང་སྣང་བ་ཕྱིན་ཅི་ལོག་པ་དང་། མཐོང་བའང་ཕྱིན་ཅི་ལོག་པ་དང་བཅས་པ་ནི་ཆོས་ཐམས་ཅད་བདེན་

གྲུབ་ཏུ་བཟུང་བ་སེམས་ཅན་འཁྲུལ་པའི་སྣང་བ་སྟེ། བྱིས་པ་རྣམས་ཀྱི་མདུན་ན་མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུའོ། །སྣང་བ་ཕྱིན་ཅི་ལོག་ཀྱང་ མཐོང་བ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་སྒྱུ་མར་ལྟ་བའི་གང་ཟག་རྣམས་ཀྱི་སེམས་ལ་སྣང་བ་སྟེ། མཁས་པ་རྣམས་ཀྱི་མདུན་དུ་མགལ་མེའི་འཁོར་ལོ་བསྐོར་བ་ལྟ་ བུའོ། །གང་ལྟར་ཡང་སྣང་བའི་རྣམ་པར་བཞག་པ་ཐམས་ཅད་བསྡུ་ན་གསུམ་དུ་འདུ་སྟེ། གང་ཞེ་ན་སེམས་ཅན་ལ་མ་དག་པའི་སྣང་བ། རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ། སངས་རྒྱས་ ལ་དག་པའི་སྣང་བའོ། །སེམས་ཅན་ལ་མ་དག་པའི་སྣང་བ་སྟེ། ཅིའི་ཕྱིར་ན་མ་རིག་པ་མ་སྤངས་ཤིང་དེའི་རྒྱུ་ལས་ཉོན་འཁོར་བའི་སྡུག་བསྔལ་གྱི་སྣང་བ་ལ་སྤྱོད་པས་སོ། །རྣལ་འབྱོར་པ་ ལ་ཉམས་ཀྱི་སྣང་བ་སྟེ་ཅིའི་ཕྱིར་ན་ལམ་ཉམས་སུ་བླངས་པའི་སེམས་ལ་བག་ཆགས་ཀྱི་ཤེས་ཉམས་བཟང་ངན་འགྱུར་ལྡོག་ཅན་སྣ་ཚོགས་འཆར་བ་དང་། ཡང་རིག་པ་རང་ངོ་འཕྲོད་པའི་རྣལ་ འབྱོར་པ་ཡིན་ན་བདེ་གསལ་མི་རྟོག་པའི་སྣང་བའི་ཉམས་ཤུགས་འབྱུང་ཞེན་པ་མེད་པའི་ཚུལ་དུ་འཆར་བའོ། །སངས་རྒྱས་ལ་དག་པའི་སྣང་བ་སྟེ། ཅིའི་ཕྱིར་ན་པཎ་ཆེན་བི་མ་ལ་མི་ཏྲས།

གཉིས་ཆོས་ཀྱི་དྲི་མ་སངས་ཤིང་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པས་སངས་རྒྱས་སོ་ཞེས་གསུངས་པ་ལྟར་སྒྲིབ་བྲལ་སྐུ་དང་ཡེ་ཤེས་ཆེན་པོའི་སྣང་བ་དུས་གསུམ་ཀུན་ཏུ་འབྲི་གང་བྲལ་བའི་ དབྱིངས་སུ་འབྱམས་ཀླས་པར་བཞུགས་པས་སོ། །དེའི་ཕྱིར་འདིའི་སྐབས་སུ་དག་པའི་སྣང་བ་འབའ་ཞིག་ལ་མངའ་དབང་བསྒྱུར་བ་སངས་རྒྱས་སྣང་བ་མཐའ་ཡས་ཡིན་ལ། དེའི་ཐུགས་ དམ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་སྤྱི་དང་། ཁྱད་པར་ཀུན་ཏུ་བཟང་པོ་ཡིན་པ། ཀུན་ཏུ་བཟང་མོ་ཡིན་པ། གཉིས་སུ་མེད་པ་ཡིན་པ་སྟེ་ཡིན་པ་ རྣམ་པ་གསུམ་གྱི་དགོངས་པ་ཚུལ་བཞིན་རྟོགས་པས་བསྐང་ངོ་། །དེ་ཡང་ཡིན་པ་རྣམ་པ་གསུམ་ནི་ཀུན་མཁྱེན་ཆེན་པོ་རོང་ཟོམ་པས། ཅིར་སྣང་ཡང་ཀུན་ཏུ་བཟང་པོའི་རོལ་པ་ལ་མངའ་ བརྙེས་པ་ཡིན་པས་ཀུན་ཏུ་བཟང་པོ་ཡིན་པ་ཞེས་བྱའོ། །ཅིར་སྣང་ཡང་རང་གི་ངོ་བོ་མ་གྲུབ་པས་ཀུན་ཏུ་བཟང་མོ་ཡིན་པ་ཞེས་བྱའོ། །དེ་ལའང་མཚན་ཉིད་གཉིས་སུ་གྲུབ་པ་མེད་པས་སྣང་བ་ ཉིད་མ་སྐྱེས་པའོ། །མ་སྐྱེས་པ་ཉིད་སྣ་ཚོགས་སུ་སྣང་ཞིང་། ཐུགས་རྗེའི་བྱིན་རླབས་རྒྱུན་མི་འཆད་དོ་ཞེས་གསུངས། དེའི་ཕྱིར། རིགས་ཀུན་ཁྱབ་བདག་འོད་མི་འགྱུར། །སྣང་བ་མཐའ་

ཡས་ཐུགས་དམ་བསྐང་། །ཞེས་སོ། །འགྲོ་བ་ཀུན་འདུལ་སྙིང་རྗེའི་གཏེར། །སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །ཞེས་རྒྱུ་མེད་པའི་སྙིང་རྗེ་ཆེན་པོ་ དང་ལྡན་པའི་སངས་རྒྱས་རྣམས་ཀྱི་སྙིང་རྗེའི་རང་གཟུགས་གསང་སྔགས་ནང་པ་བླ་མེད་ཀྱི་ལུགས་ལྟར་ན་འོག་མིན་ལོངས་སྐུའི་ཞིང་ཁམས་སུ་སྟོན་པ་རྒྱལ་ཚབ་རིགས་ལྔ་དང་དགོངས་པ་ དབྱེར་མེད་པའི་འབྲས་བུའི་སེམས་དཔའི་ཚུལ་དུ་བཞུགས་ཤིང་། མི་མཇེད་འཇིག་རྟེན་ཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ན་ས་བཅུའི་རྒྱུན་མཐའ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་དུ་ བཞུགས་ཏེ་སེམས་ཅན་རྣམས་ཀྱི་ཉོན་མོངས་ཀྱི་ནད་མ་སོས་བར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་བསྟུན་མི་དྭངས་སོ་ཞེས་འབྱུང་བ་ལྟར་ཉམ་ཐག་པའི་འགྲོ་བ་རྣམས་ལ་བུ་གཅིག་ པའི་མ་ཡིས་བུ་ལ་ཇི་ལྟར་བརྩེ་བ་བཞིན་དུ་སེམས་ཅན་གང་ལ་གང་གིས་འདུལ་བའི་མཛད་པ་ཕྲིན་ལས་ཁམས་གསུམ་འཁོར་བ་མ་སྟོང་བར་དུ་བསྐྱངས་པར་དམ་བཅས་པ་སྙིང་རྗེ་ཆེན་པོའི་ གཏེར་མངའ་ཞིང་། ཉེ་རིང་མེད་པའི་སྤྱན་རས་ཀྱི་གཟིགས་པ་མཆོག་ཏུ་ཡངས་པ་གང་གི་ཐུགས་དམ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་སྤྱི་དང་། ཁྱད་པར་སྨོན་པ་ཚད་མེད་བཞི་དང་།

འཇུག་པ་ཕར་ཕྱིན་དྲུག ཁྱད་པར་སྟོང་ཉིད་སྙིང་རྗེའི་སྙིང་པོའི་དོན་ཚུལ་བཞིན་རྟོགས་པས། འགྲོ་བ་ཀུན་འདུལ་སྙིང་རྗེའི་གཏེར། །སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །ཞེས་སོ། ། འཁོར་འདས་ཟིལ་གནོན་ཐོད་ཕྲེང་རྩལ། །པདྨ་གར་དབང་ཐུགས་དམ་བསྐང་། །ཞེས་པའི་དོན་ནི་ཇི་སྐད་དུ་ཨོ་རྒྱན་དངོས་སྣང་འཇིགས་བྲལ་གྱི་སློབ་དཔོན་བདུད་འཇོམས་ཡེ་ཤེས་རྡོ་རྗེ་ཉིད་ ཀྱི་དགོངས་གཏེར་ཡབ་ཀ་དང་ཡུམ་ཀའི་སྒྲུབ་ཐབས་སྐོར་ཚོ་གཉིས་སུ་བཞུགས་ཤིང་། ཡབ་ཀའི་སྒྲུབ་ཐབས་ལ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་བཞི་རུ་བཞུགས་པ་ལས། ཡང་གསང་ཐུགས་རྗེ་ཁྲོས་པ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལོ་རྒྱུས་ལུང་གི་བྱང་བུ་ལས། སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ རྒྱ་གར་མཁས་པ་པད་འབྱུང་བདག༔ རང་བྱུང་པདྨའི་སྙིང་པོ་ལས༔ བརྫུས་ཏེ་ཞིང་འདིར་སྲིད་པ་བཟུང་༔ ཨོ་རྒྱན་རྒྱལ་པོའི་སྲས་སྐལ་དུ༔ ཕྱིན་ནས་རྒྱལ་སྲིད་ཆོས་བཞིན་བསྐྱངས༔ རྒྱ་གར་ཕྱོགས་མཚམས་ཀུན་ཏུ་ཉུལ༔ ཆོས་ཀྱི་སྒྲོ་འདོགས་མ་ལུས་ བཅད༔ དུར་ཁྲོད་བརྒྱད་དུ་སྤྱོད་པ་སྤྱད༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་ཐོབ༔ མངའ་བདག་རྒྱལ་པོའི་བཞེད་པ་བཞིན༔ སྨོན་ལམ་དབང་གིས་བོད་དུ་འོངས༔ གདུག་པའི་ལྷ་

སྲིན་འབྱུང་པོ་བཏུལ༔ གསང་སྔགས་བསྟན་པའི་སྒྲོན་མེ་སྦར༔ ནམ་ཞིག་ལང་ཀའི་གླིང་བཟུང་ནས༔ ཛམ་གླིང་བོད་ཡུལ་སྐྱེ་འགྲོ་རྣམས༔ སྲིན་པོའི་ འཇིགས་ལས་བསྐྱབས་པར་བྱེད༔ སྐུ་ཚབ་སྤྲུལ་སྐུར་བྱིན་གྱིས་བརླབས༔ གསུང་ཚབ་དམ་པ་གཏེར་དུ་གདམས༔ ཐུགས་དགོངས་ལས་ཅན་སྙིང་ལ་འབེབས༔ འགྲོ་དོན་འཁོར་བ་མ་ སྟོང་བར༔ གང་འདུལ་སྤྲུལ་པ་རྒྱུན་མི་ཆད༔ ཀུན་ལ་ཕན་དྲིན་ཆེ་བར་བྱས༔ སྐལ་ལྡན་མོས་པའི་བློ་ཡོད་ན༔ གསོལ་བ་ཐོབས་དང་བྱིན་རླབས་འཇུག༔ ངེས་ཤེས་སྐྱེད་ཅིག་རྗེས་ འཇུག་རྣམས༔ ས་མ་ཡ༔ ཞེས་གསུངས་པ་དང་རྗེས་སུ་མཐུན་པར་རྒྱལ་བ་འོད་མཚན་སྟོང་འབར་གྱི་ཐུགས་རྗེའི་འོད་ཟེར་ཨོ་རྒྱན་མཁའ་འགྲོའི་ཡུལ་གྱི་ནུབ་བྱང་གི་མཚམས་ངྷ་ན་ཀོ་ ཤའི་མཚོ་གླིང་དུ་པདྨ་འབར་བའི་སྡོང་པོ་ལ་འཕྲོས་པ་ལས་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་སྐུ་འཁྲུངས་ཤིང་། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་ངྷིའི་སྲས་ཀྱི་སྐལ་བར་བྱོན་པ་དང་། ཕྱི་ནང་གི་ཆོས་ གྲུབ་མཐའ་རྒྱ་མཚོར་སྦྱངས་པའི་ཚུལ་མཛད་པ། རྒྱལ་སྲིད་སྤངས་ནས་དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པ། དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན་པས་སློབ་པ་ལམ་གྱི་

ཚོགས་བསགས་སྒྲིབ་སྦྱོང་ལ་ལྟོས་པ་མིན་ཡང་། ཕྱིས་འབྱུང་གདུལ་བྱའི་དོན་ལ་དགོངས་ནས་མཆོག་ཐུན་གྱི་དངོས་གྲུབ་ལ་མངའ་བརྙེས་པའི་ཚུལ་བསྟན་པ། བདུད་དང་དམ་སྲི་མ་རུངས་ པ་ཐམས་ཅད་སྙིང་རྗེ་ཁྲོས་པའི་གར་གྱིས་ཚར་བཅད་དེ་རྗེས་སུ་བཟུང་བ། བྷོ་ཥའི་ཡུལ་དུ་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་ཀྱི་བཞེད་པ་སྐོང་བའི་སླད་དུ་ཞབས་ཀྱིས་བཅགས་ ནས་འོག་མིན་དཔལ་གྱི་ཆོས་འཁོར་བསམ་ཡས་བཞེངས་ཏེ་བཤད་སྒྲུབ་ཀྱི་སྡེ་བཙུག་ནས་སྙིང་གི་བུ་ཆེན་དགུ་དང་ཐུགས་སྲས་རྗེ་འབངས་ཉེར་ལྔ་ལ་སོགས་སྐལ་ལྡན་གྱི་འགྲོ་བ་དཔག་ཏུ་མེད་ པ་ཟུང་འཇུག་རྡོ་རྗེ་འཆང་གི་རྒྱལ་ཐབས་ལ་བཀོད་པ་དང་། སྐྱེ་བོ་མང་པོ་གསང་ཆེན་སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས་མདོར་ན་ཛམ་གླིང་བྱེ་བ་ཕྲག་བརྒྱར། ཨོ་རྒྱན་བྱེ་བ་ཕྲག་བརྒྱའི་ རྣམ་པར་རོལ་པས་སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་རྗེས་སུ་བསྟན་པས་འདུལ་བ། ཐུགས་རིག་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ་འདུལ་བ་རྣམ་ པ་བཞིའི་སྒོ་ནས་འགྲོ་བ་རྣམས་ལམ་གྱི་རྟེན་དང་། ལམ་དང་། ལམ་གྱི་འབྲས་བུ་ལ་འགོད་པར་མཛད་ཅིང་། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པར་གསུངས་པ་

བཞིན་གཅིག་དང་དུ་མའི་མཐའ་ལས་འདས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་རྣམས་དང་དགོངས་པ་རོ་གཅིག་ཏུ་བཞུགས་པའི་ངང་ལས་འགྲོ་ ཁམས་མ་སྟོང་བར་དུ་གདུལ་བྱ་འདུལ་བའི་ཕྲིན་ལས་དུས་ལས་མི་ཡོལ་བར་མཛད་པ་དང་། དེ་ཡང་སངས་རྒྱས་ཀྱི་རིགས་ཐམས་ཅད་དོན་དུ་བསྡུ་ན། སྐུ་རྣམ་སྣང་དེ་བཞིན་གཤེགས་པའི་ རིགས། གསུང་སྣང་བ་མཐའ་ཡས་པདམའི་རིགས། ཐུགས་རྡོ་རྗེའི་རིགས་མི་བསྐྱོད་པ། ཡོན་ཏན་རིན་ཆེན་འབྱུང་ལྡན། ཕྲིན་ལས་དོན་ཡོད་གྲུབ་པ་སྟེ་རིགས་ལྔར་འདུ་ལ། རིགས་ལྔའི་ སྐུ་དང་ཞིང་ཁམས་ཀྱི་ཡོན་ཏན་དེ་དག་ཐམས་ཅད་དབུས་སུ་བུདྡྷ་ཐོད་ཕྲེང་རྩལ། ཤར་དུ་བཛྲ་ཐོད་ཕྲེང་རྩལ། ལྷོ་རུ་རཏྣ་ཐོད་ཕྲེང་རྩལ། ནུབ་ན་པདམ་ཐོད་ཕྲེང་རྩལ། བྱང་ན་ཀརྨ་ཐོད་ཕྲེང་ རྩལ་ཏེ་རང་སྣང་སྐུ་དང་ཞིང་གི་སྣང་བ་ལ་འདུ་ཞིང་རང་དབང་ཉིད་དུ་མངའ་དབང་བསྒྱུར་བས་ན། འཁོར་འདས་ཟིལ་གནོན་ཐོད་ཕྲེང་རྩལ། །པདམ་གར་དབང་ཐུགས་དམ་བསྐང་། །ཞེས་ སོ། །དེ་ཡང་པདམ་གར་དབང་ནི་ཆོས་སྐུའི་སྐབས་སུ་འོད་དཔག་མེད། ལོངས་སྐུའི་སྐབས་སུ་འོད་དཔག་མེད་ཀྱི་ཐུགས་རྗེ་ཁྲོས་པའི་དཔལ་རྟ་མགྲིན་ལ་སོགས་པ་དང་། ཞི་བའི་སྐབས་སུ་

སྤྱན་རས་གཟིགས། སྤྲུལ་སྐུའི་སྐབས་སུ་རིགས་བརྒྱ་རིགས་གཅིག་ཏུ་འདུས་པ་རྒྱལ་ཀུན་སྤྱིའི་གཟུགས་ཨོ་རྒྱན་ཆེན་པོ་ཡིན་ལ། དེ་ལ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་ཟད་མེད་ནམ་ མཁའ་མཛོད་ཀྱི་རང་བཞིན་དུ་འབུལ་ཞིང་། རྒྱལ་བསྟན་སྤྱི་དང་ཁྱད་པར་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་བསྟན་པ། ཡང་སྒོས་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་དར་བའི་ཐུགས་ ཀྱི་བཞེད་པ་དམ་པ་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་གང་ཡིན་པ་བདག་ཅག་ཁྱེད་ཀྱི་རྗེས་འཇུག་རྣམས་ནས་ཡོངས་སུ་འགྲུབ་པར་བསྐང་ངོ་། །དཀྱིལ་འཁོར་གཙོ་མཆོག་དབྱིངས་ཕྱུག་ ཡུམ། །ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །ཞེས་ཇི་ལྟར་འབྱུང་བ་ཆེན་པོ་ནམ་མཁའི་རང་བཞིན་ནི་འདིའོ་ཞེས་དཔེ་གང་གིས་ཀྱང་མཚོན་དུ་མེད་པས་རྣམ་པ་མེད་ལ། འོན་ཏེ་རྣམ་པ་ འབྱུང་བ་གཞན་ཐམས་ཅད་ཀྱི་འཆར་གཞིར་གནས་པ་བཞིན་དུ་ཆོས་སྐུའི་དབྱིངས་སུ་དོན་གྱི་མཁའ་འགྲོ་མ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་མཚན་ཉིད་གང་དུའང་མ་གྲུབ་པས་ རྣམ་པ་མེད་ལ། འོན་ཀྱང་རྣམ་པ་གྲངས་མེད་ཅིར་ཡང་འཆར་བའི་སྤྲོ་གཞིར་རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་འབྱུང་གནས་སུ་བཞུགས་པས་དཀྱིལ་འཁོར་ཀུན་གྱི་གཙོ་མཆོག་ཡིན། དེ་བཞིན་

དུ་ལོངས་སྐུའི་དབྱིངས་སུ་རྡོ་རྗེ་ཕག་མོ་ལ་སོགས་རིགས་ལྔ་རྟགས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་རྡུལ་སྙེད་ཀྱི་གྲངས་ལས་འདས་པར་བཞུགས་པའི་གཙོ་ མཆོག་ཡིན་ཅིང་། དེ་ལས་སྤྲུལ་སྐུའི་ཞིང་སྤྱི་དང་། ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་ཡུལ། པུལླི་ར་མ་ལ། ཨརྦུ་ད། ཛ་ལན་དྷ་ར། དེ་ཝི་ཀོ་ཊ། མཱ་ལ་ཝ། ར་མེ་ཤྭ་ར། གོ་དཱ་ཝ་རི་ སྟེ་མཁའ་ལ་སྤྱོད་པའི་ཐུགས་ཀྱི་འཁོར་ལོའི་གནས་བརྒྱད། ཀ་ལིངྐ། ཨོཾ་ཏྲི་ཡ། ཏྲི་ཤ་ཀུ་ནེ། ཀ་མ་རཱུ་པ། ཀོ་ས་ལ། ལམ་པ་ཀ ཀཉྩི་ཀ་དང་ཧི་མ་ལ་ཡ། ཚན་དྷོ་དང་ཉེ་བའི་ཚན་ དྷོ་སྟེ་ས་ལ་སྤྱོད་པའི་གསུང་གི་འཁོར་ལོའི་གནས་བརྒྱད། སཽ་རཱཥྚ། གྲྀ་ཧ་དེ་ཝ། པྲེ་ཏ་པཱུ་རི། སུ་ཝརྞ་དཱི་པ་སྟེ་འདུ་བ་དང་ཉེ་བའི་འདུ་བ། སིནྡྷུ། ཀུ་ལུ་ཏ། ནཱ་ག་ར། མ་རུ་སྟེ་འཐུང་ སྤྱོད་དང་ཉེ་བའི་འཐུང་སྤྱོད་བཅས་པ་སྟེ་སྐུ་ཡི་འཁོར་ལོའི་གནས་བརྒྱད་བཅས་ཡུལ་ཉི་ཤུ་རྩ་བཞི། གནས་སུ་དབྱེ་ན་སྤྱོད་པ་བྱེད་པའི་གནས་དྲུག ཉམས་མྱོང་སྐྱོང་བའི་གནས་བཅུ་བཞི། དམ་ཚིག་སྐྱོང་བའི་གནས་བརྒྱད། འདོད་ཅིང་འདུན་པ་སྐྱེ་བའི་གནས་བཞི་སྟེ་གནས་སུམ་ཅུ་སོ་གཉིས་སོགས་གང་ལྟར་སྤྲུལ་སྐུའི་གདུལ་ཞིང་མི་མཇེད་ཀྱི་ཞིང་གཅིག་ལའང་སེམས་ཅན་རང་

རང་གི་ལས་ཀྱི་སྣང་བ་རྣམ་པ་སྣ་ཚོགས་ལས་གྲུབ་པ་མངོན་པ་ནས་གསུངས་པ་དང་དུས་འཁོར་སོགས་ནས་གསུངས་པ་མི་འདྲ་བ་ཡོད་པ་བཞིན་གནས་དང་ཡུལ་རྣམས་ཀྱང་ནང་རྡོ་རྗེའི་ལུས་ ཀྱི་རྩ་ཁམས་མི་འདྲ་བའི་རྩལ་སྣང་ཕྱི་རོལ་དུ་མི་འདྲ་བ་ཤར་བར་གསུངས་པས་མཐའ་གཅིག་ཏུ་གྲངས་དང་ངེས་བཟུང་ཡོད་པ་མ་ཡིན་ལ། དེའི་ཕྱིར་འཇིག་རྟེན་ཆད་ལྟ་བའི་རྟོག་གེའི་རིགས་ པའི་རྗེས་སུ་འབྲངས་ནས་འགལ་འདུ་བསྒྲུབ་དགོས་པ་མིན་ནོ། །དེ་ཡང་དཔའ་བོ་དང་མཁའ་འགྲོ་མ་རྣམས་དུས་རྟག་ཏུ་གནས་པའི་ས་ལ་གནས་དང་། སྐབས་རེ་ཙམ་བཞུགས་པའི་ས་ལ་ཉེ་ བའི་གནས། དུས་རྟག་ཏུ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པའི་ས་ལ་ཞིང་དང་། སྐབས་འགར་ལོངས་སྤྱོད་པའི་ས་ལ་ཉེ་བའི་ཞིང་། རྟག་ཏུ་ཁྲུས་བྱེད་པའི་ས་ལ་ཚན་དྷོ་དང་། རེས་ འགའ་ཙམ་ཁྲུས་བྱེད་པའི་ས་ལ་ཉེ་བའི་ཚན་དྷོ། རྟག་ཏུ་གསུང་བགྲོ་བ་བྱེད་པའི་ས་ལ་འདུ་བ་དང་། རེས་འགའ་ཙམ་བགྲོ་བ་བྱེད་པའི་ས་ལ་ཉེ་བའི་འདུ་བ་ཞེས་ཟེར། དུར་ཁྲོད་ཆེན་པོ་ བརྒྱད་ནི། མ་གཱ་དྷ་ཡི་ཤར་ཕྱོགས་སུ༔ དུར་ཁྲོད་ཆེན་པོ་བསིལ་བ་ཚལ༔ ཨོ་ཌི་ཡ་ནར་པདྨ་བརྩེགས༔ ཟ་ཧོར་ཡུལ་དུ་ཁུ་བྱུག་ཀློང་༔ སེང་གེའི་ཡུལ་ན་སྐུ་ལ་རྫོགས༔ ཁ་ཆེའི་

ཡུལ་ན་ཧེ་ཆེན་རོལ༔ བལ་པོའི་ཡུལ་ན་ཡ་མ་ཁ༔ ཐོ་གར་ཡུལ་ན་གསང་ཆེན་རོལ༔ ལི་ཡུལ་འཇིག་རྟེན་མངོན་རྫོགས་ཏེ༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ ན༔ ཞེས་དཔལ་ཆེན་འདུས་པ་ལས་གསུངས་པ་ལྟར་རོ། །གང་ལྟར་ཆོས་ཉིད་ཀྱི་རྩལ་སྣང་ཅིར་ཡང་འཆར་བ་དང་། སྔོན་བྱོན་སངས་རྒྱས་སྲས་དང་སེམས་མ་གྲུབ་ཐོབ་རིག་འཛིན་རྒྱ་ མཚོ་གྲངས་ལས་འདས་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དང་ཡུལ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཁྱད་པར་འཕགས་པའི་གནས་ཡིན་ནོ། །ཅིའི་ཕྱིར་ན་གོང་དུ་ བརྗོད་པ་བཞིན་ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་ལས་སྔོན་བྱོན་འཕགས་པའི་གང་ཟག་རྣམས་ཀྱིས་ཕྱིས་འབྱུང་གདུལ་བྱ་རྣམས་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པ་ལ་དགོངས་ པའི་ཕྱིར་ཏེ། དེ་ཡང་ཡུལ་སུམ་ཅུ་སོ་གཉིས་རྣམས་སུ་ཞིང་སྐྱེས་མ་དང་། སྔགས་སྐྱེས་མ་དང་། ལྷན་ཅིག་སྐྱེས་མའི་མཁའ་འགྲོ་མ་གྲངས་ལས་འདས་པའི་གཙོ་བོར་བཞུགས་པ་ནི་ཡེ་ ཤེས་མཚོ་རྒྱལ་ཡིན་ཏེ་ཇི་སྐད་དུ་མཁའ་འགྲོ་ཐུགས་ཐིག་གི་ལས་ཀྱི་བྱང་བུ་ལས། ཧཱུཾ༔ བདེ་ཆེན་རྡོ་རྗེ་མཁའ་འགྲོ་མ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ཡོངས་རྫོགས་མཁའ་འགྲོ་

ཀུན་གྱི་གཙོ༔ འཁོར་ལོས་སྒྱུར་བ་སྟོབས་ཆེན་མོ༔ ཞེས་གསུངས་པ་ལྟར། དཀྱིལ་འཁོར་གཙོ་མཆོག་དབྱིངས་ཕྱུག་ཡུམ། །ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །ཞེས་སོ། ། གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་གར། །འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་། །ཞེས་སེམས་ཅན་གང་ལ་ཕྲིན་ལས་གང་གིས་འདུལ་བའི་སྤྲུལ་པའི་སྒྱུ་འཕྲུལ་གྱི་གར་ཐོགས་མེད་དུ་ བསྒྱུར་བ་སྟེ་ཇི་ལྟར་ན། མཆོག་ཏུ་ཞི་བའི་རྣམ་འགྱུར་དང་ལྡན་པ་སྒྲོལ་མ་དཀར་མོ་དང་། ལྷ་མོ་དབྱངས་ཅན་མ་ལ་སོགས་པའི་རྣམ་པར་རོལ་པས་སེམས་ཅན་རྣམས་ཀྱི་འཇིགས་པ་ཞི་ཞིང་། གདུང་བ་སེལ་བར་མཛད་པ་དང་། མཆོག་ཏུ་རྒྱས་པའི་རྣམ་འགྱུར་དང་ལྡན་པ་ལྷ་མོ་ནོར་རྒྱུན་མ་ལ་སོགས་པའི་རྣམ་པར་རོལ་པས་སེམས་ཅན་རྣམས་ཀྱི་དབུལ་བ་སེལ་ཞིང་ཚེ་དང་བསོད་ ནམས་རྒྱས་པར་མཛད་པ་དང་། མཆོག་ཏུ་ཆགས་པའི་རྣམ་འགྱུར་དང་ལྡན་པ་ཀུ་རུ་ཀུལླེ་ལ་སོགས་པའི་རྣམ་པར་རོལ་པས་འགྲོ་བ་རྣམས་ཆགས་མེད་ཆགས་པ་ཆེན་པོའི་དབྱིངས་སུ་དབང་ དུ་བསྡུ་བ་དང་། མཆོག་ཏུ་སྙིང་རྗེ་ཁྲོས་པའི་རྣམ་འགྱུར་དང་ལྡན་པ་ཁྲོས་མ་ནག་མོ་ལ་སོགས་པའི་རྣམ་པར་རོལ་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་རྩ་བ་བདག་ཏུ་རྟོག་པ་བདག་མེད་

ཆོས་སྐུའི་དགོངས་པའི་ཀློང་དུ་རྩད་ནས་གཅོད་པར་མཛད་པ་ལ་སོགས་པ་སྟེ་མདོར་ན་རབ་འབྱམས་རྩ་གསུམ་མཁའ་འགྲོའི་གཙོ་མོ་སྐུ་གསུམ་རྒྱལ་བའི་ཞིང་ ཁམས་ཡོངས་ལ་ཟག་མེད་བདེ་བ་ཆེན་པོའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ་དངོས་གྲུབ་ཕྲིན་ལས་ཀུན་གྱི་འབྱུང་གནས་སྐུ་གསུམ་མཁའ་འགྲོའི་ཞིང་ཁམས་ཚད་མེད་པ་རྣམས་དང་། ཁྱད་པར་རང་སྣང་རྣམ་དག་ཨོ་རྒྱན་མཁའ་སྤྱོད་ཀྱི་གནས་སུ་རྟག་ཏུ་བཞུགས་པ་ནི། ཇི་སྐད་དུ། ལས་གཞུང་མཆོད་པ་ལས། ཞིང་དང་སྐུ་ཡི་བཀོད་པའི་ཚོགས༔ རེ་རེ་ལ་ཡང་མཁའ་ འགྲོ་འབུམ༔ གར་གྱི་རྣམ་འགྱུར་བསམ་ལས་འདས༔ འགྱུར་བ་མེད་པའི་མཁའ་འགྲོ་འབུམ༔ གསུང་དབྱངས་ནམ་མཁའ་ཁྱབ་པ་ལ༔ ཚངས་པའི་གླུ་ལེན་མཁའ་འགྲོ་འབུམ༔ རྟོག་མེད་རྣམ་ཐར་གསུམ་དབྱིངས་ལས༔ ཐུགས་རྗེ་རོལ་པའི་མཁའ་འགྲོ་འབུམ༔ རྒྱན་དང་ཡོན་ཏན་ལོངས་སྤྱོད་ལས༔ བསམ་མི་ཁྱབ་པའི་མཁའ་འགྲོ་འབུམ༔ འགྲོ་བའི་དོན་མཛད་ ཕྲིན་ལས་བཞི༔ ལྷུན་གྱིས་གྲུབ་པའི་མཁའ་འགྲོ་འབུམ༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ༔ ཞེས་འབྱུང་བ་ལྟར་ཡེ་ཤེས་དང་ལས་ལས་གྲུབ་པའི་

མཁའ་འགྲོ་མ་གཙོ་འཁོར་འབུམ་དང་བྱེ་བ་སྐུ་དང་ཞིང་གི་བཀོད་པའི་ཚོགས་རེ་རེ་ལའང་གྲངས་མེད་བསམ་གྱིས་མི་ཁྱབ་པར་སྤྲོ་ཞིང་འགྲོ་བའི་དོན་མཛད་པས། གང་འདུལ་སྤྲུལ་པའི་སྒྱུ་ འཕྲུལ་གར། །འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་། །ཞེས་སོ། །དེའི་ཕྱིར་དེ་དག་ལ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་སྤྱི་དང་། ཁྱད་པར་ཉི་ཟླ་སྒྲོན་མེ་སྣང་གསལ་ལ་ སོགས་པ་དང་། རིག་པ་བྱང་ཆུབ་སེམས་ཀྱི་འོད་སྣང་མཐའ་ཡས་པས་ཆོས་སྐུ་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་དམ་སྐོང་བ་དང་། ཟག་པ་མེད་པའི་བདེ་བ་ཆེན་པོའི་རྟེན་ཀུན་ རྫོབ་བྱང་ཆུབ་སེམས་ཀྱི་བདུད་རྩི་དཀར་དམར་དང་། དོན་དམ་འཕོ་མེད་རིག་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་དམ་སྐོང་བ་དང་། ཆོས་ཉིད་ནམ་མཁའི་ཀློང་མཛོད་ཀྱི་མཁའ་འགྲོ་འདུས་པའི་ཚོགས་བསྐང་ལས། བེམ་པོ་ཚོགས་དང་དབྱེར་མེད་བསྲེ༔ སྣང་སྲིད་ཐམས་ཅད་ཐལ་གྱིས་གང་༔ འདོད་རྒུའི་དཔལ་ཡོན་ཅིར་ ཡང་འཆར༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཞེས་འབྱུང་བ་ལྟར་སེམས་ཅན་རྣམས་ཀྱི་འཁོར་བའི་བག་ཆགས་ཀྱི་རྟེན་ལུས་ཀྱི་ཕུང་པོ་བདག་མེད་ཤེས་རབ་ཀྱི་གྲི་གུག་གིས་བརྩད་ནས་

བཅད་པ་ལས་བྱུང་བའི་རོ་བརྒྱ་ལྡན་པའི་བམ་ཆེན་མཚན་ཉིད་དང་ལྡན་པ་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་སྣོད་མཆོག་ཀ་པཱ་ལ་ཡི་ནང་དུ་ཀུན་ནས་ཡོངས་སུ་ བསྐང་བས་སྤྲུལ་སྐུ་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་དམ་སྐོང་བ་དང་། སྐུ་གསུམ་མཁའ་འགྲོའི་སྤྲུལ་པ་མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ལོངས་སྤྱོད་ཚོགས་ཀྱི་ མཆོད་པས་ཐུགས་དམ་སྐོང་བ་དང་། ཡང་སྤྲུལ་སྣང་སྲིད་ཀྱི་མ་མོ་རྣམས་དམར་ཆེན་རཀྟས་ཐུགས་དམ་སྐོང་བ་དང་། གཞན་ཡང་གངས་ཆེན་མཚོ་ཡི་ཞིང་ཁམས་ལ་གཙོ་དང་འཁོར་གྱི་ཚུལ་དུ་ བསྟན་ནས་འགྲོ་བའི་དོན་མཛད་པའི་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འདོད་པའི་ཡོན་ཏན་ཟད་མི་ཤེས་པས་ཐུགས་དམ་བསྐང་ངོ་། །ཐོགས་ མེད་ཕྲིན་ལས་རྫུ་འཕྲུལ་བདག །དམ་ཅན་ཆོས་སྲུང་ཐུགས་དམ་བསྐང་། །ཞེས་ནམ་ཡང་ཐོགས་པ་མེད་པའི་རྫུ་འཕྲུལ་གྱི་མངའ་བདག་ནི་མ་ཧཱ་གུ་རུས་གཙོས་པའི་སངས་རྒྱས་རྣམས་ཡིན་ ལ། སངས་རྒྱས་རྣམས་གང་ལས་འཁྲུངས་པའི་ཡུམ་ནི་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡེ་ཤེས་མཚོ་རྒྱལ་ཡིན། དེའི་སྣང་བ་ཐབས་ཀྱི་རོལ་རྩལ་མགོན་པོ་ལེགས་ལྡན་དང་། ཕྱག་བཞི་པ།

མ་ནིང་། ལྷ་ཆེན། ཤན་པ། དམ་ཅན་དང་། རྣམ་སྲས། ཛམ་ལྷ། ཚོགས་བདག་སོགས་མགོན་པོ་ཕོ་རྒྱུད་དང་ནོར་ལྷའི་ལྷ་ཚོགས། ཤེས་རབ་སྟོང་པའི་རང་གཟུགས། མ་མོ་ སྔགས་ཀྱི་སྲུང་མ་འཁོར་རེ་ཏི་མཆེད་བཞི། ཞིང་སྐྱོང་དུར་ཁྲོད་ལྷ་མོ། ལྷ་སྨན་ཚེ་རིང་མཆེད་ལྔ་ལ་སོགས་ལྷ་མོ་མོ་རྒྱུད་ཀྱི་ལྷ་ཚོགས་དང་། གཞན་ཡང་བདུད། ལྷ། གཤིན་རྗེ། བཙན། རྒྱལ་པོ། མ་མོ། གནོད་སྦྱིན། ཀླུ་ལ་སོགས་ཏེ་མདོར་ན་ཡེ་ཤེས་རོལ་པའི་རྩལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཟུགས་ཀྱི་རྣམ་པ་ཅིར་ཡང་སྟོན་ཅིང་། སངས་རྒྱས་ ཀྱི་བསྟན་པ་སྤྱི་དང་ཁྱད་པར་གསང་སྔགས་ཀྱི་བསྟན་པ་སྲུང་ཞིང་སྐྱོང་བ་དང་། རྣལ་འབྱོར་པ་དམ་ཚིག་ཚུལ་བཞིན་ལྡན་པ་རྣམས་ལ་སྙིང་ཉེ་བའི་སྒོ་ནས་རྫུ་འཕྲུལ་ཐོགས་པ་མེད་པའི་ཕྲིན་ ལས་བསྒྲུབས་པ་དམ་ཅན་ཆོས་སྲུང་རྣམས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་དེ་དག་གི་ཐུགས་དམ་ཡོངས་སུ་བསྐང་བ་སྟེ། ཐོགས་མེད་ཕྲིན་ལས་ རྫུ་འཕྲུལ་བདག །དམ་ཅན་ཆོས་སྲུང་ཐུགས་དམ་བསྐང་། །ཞེས་སོ། །རྡོ་རྗེ་ཐེག་པའི་དམ་ཚིག་དང་། །འགལ་བའི་ཉམས་ཆག་ཅི་མཆིས་བཤགས། །ཕྱི་སོ་ཐར། ནང་བྱང་སེམས།

གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་སྤྱི་དང་། ཁྱད་པར་སྐུ་ཡི་དམ་ཚིག་ལས་འགལ་བ། ཕྱག་རྒྱ་རྣམ་བཞིའི་དོན་མ་རྟོགས་ཤིང་མ་བསྒོམ་པ། སྔགས་དང་བཟླས་བརྗོད་རྒྱུན་ཆད་པ། བསྙེན་སྒྲུབ་ཀྱི་བྱ་བ་དུས་ལས་འདས་པ། ཚོགས་དང་གཏོར་མའི་མཆོད་པ་མ་བྱས་པ་ལ་སོགས་གསུང་གི་དམ་ཚིག་ལས་འགལ་བ། བསྐྱེད་རྫོགས་ཀྱི་གནས་སྤྱི་དང་ཁྱད་པར་གསང་བར་འོས་པ་དང་། གསང་བར་གཉེར་དུ་གཏད་པ་རྣམས་དམ་ཚིག་མི་གཅིག་པ་དང་། དམ་ཉམས་པ་དང་། གསང་སྔགས་ཀྱི་ཆོས་ལ་ལོག་པར་ལྟ་བའི་རིགས་ཅན་རྣམས་ལ་མི་གསང་བར་བསྒྲགས་པ་དང་། འཆོལ་བར་སྤྱོད་པ་ལ་སོགས་ཐུགས་ཀྱི་དམ་ཚིག་ལས་འགལ་བ་དང་། གཞན་ཡང་མཁའ་འགྲོའི་སྐོང་བཤགས་ལས། སྤྱད་བྱ་རྣམ་ལྔ་གཞན་དོན་དུ༔ ཐབས་ཀྱིས་ཟིན་པར་སྤྱད་མ་ནུས༔ མི་སྤངས་ལྔ་པོ་རིགས་ལྔ་རུ༔ མ་རྟོགས་ཉོན་མོངས་རང་གར་སྤྱད༔ བདུད་རྩི་ལྔ་ལ་མཚན་མར་བཟུང་༔ དང་དུ་མ་བླངས་གཙང་དམར་བལྟས༔ ཤེས་བྱ་སྐུ་དང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ལྔ་རུ་སྦྱོར་མ་ཤེས༔ བསྒྲུབ་བྱ་རིགས་ལྔ་དབྱེར་མེད་དུ༔ མ་བསྒྲུབ་འབྲས་བུ་འགྱངས་ལ་སོགས༔ ཡན་ལག་དམ་

ཚིག་ཉེར་ལྔ་ལ༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང་༔ ཞེས་ཇི་སྐད་གསུངས་པ་བཞིན་ཡན་ལག་དམ་ཚིག་ཉེར་ལྔ་ལས་འགལ་བ་དང་། ཁྱད་པར་སློབ་དཔོན་གྱི་བཀའ་བཅག་པ་དང་། གཟུངས་མ་ལ་བརྙས་པ། མཆེད་གྲོགས་ལ་འཚེ་བ་སོགས་སྒྲུབ་པ་ལྷག་པའི་དམ་ཚིག་ལས་འགལ་བ་དང་། མདོར་ན་ཕུང་ཁམས་ལྷ་རུ་མ་གསལ་བ་ལ་སོགས་བླ་མེད་ཀྱི་རྒྱུད་སྡེའི་དབང་བཞིའི་དམ་ཚིག་ལས་འགལ་བ་དང་། ཁྱད་པར་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མའི་རྒྱུད་ལུང་མན་ངག་ལས་གསུངས་པ་དཀོན་མཆོག་གསུམ་དང་ཕྱག་རྒྱ་རྣམ་བཞི་སྤངས་པ་ལ་སོགས་ལྷག་པའི་དམ་ཚིག་གཉན་པོ་ལས་འགལ་བ་དང་། ཆོས་ཉིད་ཀྱི་དོན་ལ་ལྟ་བས་འཕང་མ་ཆོད་པ། བསྒོམ་པའི་རྩལ་ཞན་པ། སྤྱོད་པས་ལ་མདོར་བ་ལ་སོགས་པའི་ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ་ཐམས་ཅད་དང་། མདོར་ན་གསང་བ་བླ་ན་མེད་པའི་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་དམ་ཚིག་ཚུལ་བཞིན་ནོས་ཀྱང་། རྟོགས་དགོངས་ཀློང་དུ་མ་གྱུར་པས་བརྟུལ་ཞུགས་ཀྱི་སྤྱོད་པ་ལས་འགལ་བར་གྱུར་པ་ལ་སོགས་དམ་ཚིག་ཉམས་ཆགས་ཅི་མཆིས་པ་ཐམས་ཅད་མི་འཆབ་བོ། །མི་སྦེད་དོ། །མཐོལ་ཞིང་

བཤགས་ན་ཚངས་པར་སྩལ་དུ་གསོལ་བ་སྟེ། རྡོ་རྗེ་ཐེག་པའི་དམ་ཚིག་དང་། །འགལ་བའི་ཉམས་ཆག་ཅི་མཆིས་བཤགས། །ཞེས་སོ། །ཕྱི་ནང་གསང་བའི་ བར་ཆད་བགེགས། །འཕོ་མེད་འོད་གསལ་ཀློང་དུ་སོལ། །ཞེས་བར་ཆད་ཅེས་པ་དེ་ཚེ་ད་ལྟའི་འདོད་པ་ཕྲན་བུ་རེ་མི་འགྲུབ་པ་ཙམ་ལ་མི་གོ་བར་གཏན་དུ་བདེ་བ་སངས་རྒྱས་ཀྱི་གོ་འཕང་དོན་ དུ་གཉེར་བ་ན་དེ་དག་ལམ་དུ་འགྲོ་མི་སྟེར་བའི་གནོད་པ་དང་འཚེ་བ་ཐམས་ཅད་ལ་གོ་དགོས། དེ་ཡང་བར་ཆད་ཀྱི་རྣམ་གྲངས་མང་ཡང་དེ་དག་ཐམས་ཅད་བསྡུ་ན་ཕྱི་ནང་གསང་བའི་བར་ཆད་ དུ་འདུ་བ་ཡིན་ལ། དེ་ཡང་ཕྱིའི་བར་ཆད་ནི་མཉམ་ཉིད་ཡེ་ཤེས་རང་ངོ་མ་འཕྲོད་པས་སྣང་བ་ས་ཡི་རྣམ་པ་སྲ་འཐས་སུ་འགྱུར་ཞིང་ས་ཉིལ་བ་དང་གཡོ་བ་ལ་སོགས་པའི་འཇིགས་པ། སོར་རྟོག་ཡེ་ཤེས་རང་ངོ་མ་འཕྲོད་པས་བརླན་ཞིང་གཤེར་བ་ཆུ་རུ་འགྱུར་ཞིང་ཆུ་འབྲུབས་པའམ་ཆུ་རུད་ལ་སོགས་པའི་འཇིགས་པ། མེ་ལོང་ཡེ་ཤེས་རང་ངོ་མ་འཕྲོད་པས་ཚ་ཞིང་བསྲེགས་ པ་མེའི་སྣང་བར་འགྱུར་ཞིང་ཚིགས་པ་ལ་སོགས་པའི་འཇིགས་པ། བྱ་གྲུབ་ཡེ་ཤེས་རང་ངོ་མ་འཕྲོད་པས་ཡང་ཞིང་གཡོ་བ་ཕྲག་དོག་རླུང་གི་སྣང་བར་འགྱུར་ཞིང་རླུང་འཚུབ་ལ་སོགས་པའི་

འཇིགས་པ་དང་། གནམ་ལྕགས་ཐོག་གི་འཇིགས་པ། མཚོན་ཆའི་འཇིགས་པ། བཙོན་ར་རྒྱལ་པོའི་འཇིགས་པ། ཆོམ་རྐུན་དགྲ་ཡི་འཇིགས་པ། ཤ་ཟ་འབྱུང་པོའི་འཇིགས་པ། གླང་ཆེན་ཁྲོས་པའི་འཇིགས་པ། གཅན་གཟན་གྱི་འཇིགས་པ། དུག་གི་འཇིགས་པ། ནད་ཀྱི་འཇིགས་པ། དུས་མིན་འཆི་བའི་འཇིགས་པ། དབུལ་ཞིང་ཕོངས་པའི་འཇིགས་པ། འདོད་དོན་ཉམས་པའི་འཇིགས་པ་སྟེ་འཇིགས་པ་བཅུ་དྲུག འཁོར་བ་ལ་འཆིང་བར་བྱེད་པ་བདག་འཛིན་ཕུང་པོའི་བདུད། འཁོར་བའི་རྩ་བ་བྱེད་པ་འདོད་ཞེན་ཉོན་མོངས་པའི་བདུད། བཟང་རྐྱེན་ལ་བརྫུས་ནས་ཆོས་ལ་བར་ཆད་རྩོམ་པ་བསླུ་བྱེད་ལྷའི་བུའི་བདུད། འཚོ་བའི་ལུས་ཀྱི་ཚེ་ཟུངས་འཕྲོག་པར་བྱེད་པ་འཆི་བདག་གི་བདུད་དེ་ནང་གི་བར་ཆད་བཞི། གསང་བའི་བར་ ཆད་ནི་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ཉོན་མོངས་དུག་ལྔ་སྟེ་དེ་དག་གིས་ཐར་པ་ལ་བར་དུ་གཅོད་པས་བདུད་ཅེས་བྱའོ། །དེའི་ཕྱིར་དེ་དག་གང་དུ་ཞི་བར་བྱེད་ན། འཕོ་མེད་ འོད་གསལ་ཀློང་དུ་སོལ། །ཞེས་བར་ཆད་དེ་དག་ཐམས་ཅད་འཕོ་བ་མེད་པའི་དབྱིངས་སུ་དག་པའི་ཐུགས་རྗེ་རྒྱུད་བསྐུལ་གྱི་ཚིག་གོ། །དེ་ལ་འཕོ་བ་མེད་པ་ཞེས་པའི་དོན་ནི་ཉོན་མོངས་པ་

གཏན་ནས་དག་པས་འཁོར་བའི་གཡང་སར་ནམ་ཡང་ལྷུང་བའམ་ཟག་པ་མེད་ཅིང་། གཞོམ་གཞིག་དང་བྲལ་བའི་དོན་ཏེ་ཇི་སྐད་དུ་འཇམ་དཔལ་མཚན་བརྗོད་ ལས། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་བཤད་པ་ལྟར། དེ་ཡང་ལུས་མེད་ཆོས་སྐུའི་དབྱིངས་སུ་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་ཏུ་བཟང་མོ། ལུས་ཀྱི་མཆོག་ལོངས་ སྐུའི་དབྱིངས་སུ་བརྡོས་བཅས་ཤ་ཁྲག་དང་བཅས་པའི་གཟུགས་སུ་གྲུབ་པ་མིན་པ་འོད་གསལ་བདེ་བ་ཆེན་པོའི་སྐུ་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་ལོངས་སྐུ་མཁའ་འགྲོ་རིགས་ལྔ། དེ་ལས་ལུས་ཏེ་སྤྲུལ་སྐུའི་ཞིང་དུ་རྣམ་པར་འཕྲུལ་པ་ཡེ་ཤེས་མཚོ་རྒྱལ་ལ་སོགས་པ་སྤྲུལ་སྐུ་ཐུགས་རྗེའི་མཁའ་འགྲོ་ཚད་མེད་པས་འགྲོ་བའི་དོན་མཛད་པའོ། །སྤྲུལ་པའི་སྐུ་རྣམས་སྐབས་རེ་ རྣམ་པ་སེམས་ཅན་ཕལ་པའི་གཟུགས་ཀྱི་རྣམ་པར་སྣང་ཡང་གདུལ་བྱ་གཞན་སྣང་གི་ངོར་སྣང་བ་ཙམ་ལས་རང་སྣང་དུ་གདོས་བཅས་རང་མཚན་པའི་སྣང་བ་ཡོངས་ཡེ་མི་མངའ་བ་འཕོ་མེད་ འོད་གསལ་གྱི་སྣང་བ་གཏིང་མཐའ་དང་བྲལ་བ་དག་པ་རབ་འབྱམས་འབའ་ཞིག་ཏུ་ངེས་ཕྱིར། ཕྱི་ནང་གསང་བའི་བར་ཆད་བགེགས། །འཕོ་མེད་འོད་གསལ་ཀློང་དུ་སོལ། །ཞེས་སོ། །

མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཚེ་འདིར་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་ཚེ་སྔོན་ལས་ཀྱིས་ནད་གདོན་བར་ཆད་འཚེ་བ་ལ་སོགས་སྔར་ཡོད་མི་འདོད་པའི་རིགས་ཀུན་ཞི་ཞིང་ གསར་དུ་མི་འབྱུང་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པ་དང་། མི་དང་མི་མིན་ཐམས་ཅད་བྱམས་པ་ཆེན་པོའི་སྒོ་ནས་དབང་དུ་འདུ་ཞིང་ཐར་པའི་ལམ་ལ་ འགོད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་སྡང་ཞིང་། སེམས་ཅན་ལ་འཚེ་བའི་མི་དང་མི་མིན་གང་ཡིན་ལམ་ལོག་པར་ཞུགས་ནས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་རྒྱུན་མཐུད་མི་སྤྱོད་ པའི་ཕྱིར་སྙིང་རྗེ་ཆེན་པོའི་སྒོ་ནས་ཚར་བཅད་དེ་རྗེས་སུ་འཛིན་པ་ལ་སོགས་ཐུན་མོང་གི་དངོས་གྲུབ་དང་། བསྐལ་པ་ཇི་ཙམ་གནས་པར་འདོད་པ་ལྟར་གནས་པ་ཚེ་ལ་དབང་བ། སྐད་ཅིག་རེ་ རེར་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་གནས་ཤིང་ལྡང་ཐུབ་པ་སེམས་ལ་དབང་བ། འཇིག་རྟེན་གྱི་ཁམས་ན་ཟས་ནོར་ལོངས་སྤྱོད་གང་དགོས་པ་ཐམས་ཅད་གང་བར་ནུས་པ་ཡོ་བྱད་ལ་དབང་ བ། བཟོ་དང་གསོ་བ་ལ་སོགས་ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་སྤྱོད་པ་ལས་ལ་དབང་བ། ལྷ་དང་མི་ལ་སོགས་གནས་རིས་གང་འདོད་དུ་སྐྱེ་བར་འདོད་པ་དེ་

བཞིན་དུ་སྐྱེ་བ་སྐྱེ་བ་ལ་དབང་བ། སེམས་ཅན་རྣམས་གང་ལ་གང་འདོད་པ་བཞིན་སྤྱད་དུ་རུང་བ་ས་གཞི་རྣམས་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་ དངོས་པོ་ཐམས་ཅད་བསྒྱུར་ནུས་པ་མོས་པ་ལ་དབང་བ། འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་སེམས་མ་ལ་སོགས་ཇི་ལྟར་སྨོན་པ་བཞིན་སྤྲུལ་པ་བཀྱེ་ནུས་པ་སྨོན་ལམ་ ལ་དབང་བ། ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གིས་ནམ་མཁར་འཛིན་པ་ལ་སོགས་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པ་རྫུ་འཕྲུལ་ལ་དབང་བ། ཤེས་བྱའི་གནས་གང་ཤེས་པར་འདོད་ པ་ཐམས་ཅད་ཤེས་པ་ཡེ་ཤེས་ལ་དབང་བ། ཆོས་ཐམས་ཅད་ཀྱི་མིང་གི་རྣམ་པར་བཞག་པ་ལ་ཆགས་ཐོགས་མེད་པར་མཁས་པ་ཆོས་ལ་དབང་བ་སྟེ་ཁྱད་པར་འཕགས་པའི་དབང་བཅུ་དང་། འགྱུར་མེད་རྟག་པ་དམ་པ་རྡོ་རྗེའི་སྐུ་ཡི་དཀྱིལ་འཁོར་ནས་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་ཚེ་ཡི་དངོས་གྲུབ། གསུང་འགགས་པ་མེད་པ་ཆོས་ཉིད་ཀྱི་རང་སྒྲ་རྣམ་པར་དག་པའི་དཀྱིལ་ འཁོར་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་གང་གིས་ཀྱང་བར་དུ་ཆོད་མི་ཐུབ་ཅིང་། སེམས་ཅན་གང་ཞིག་གི་ཐོས་པ་ཙམ་གྱིས་ཡིད་འཕྲོག་སྟེ་འཁོར་བ་ན་ཕྱིར་མི་ལྡོག་

པའི་ས་ལ་བཀོད་པ་མི་ཤིགས་དབྱངས་ཀྱི་དངོས་གྲུབ། ཕྱོགས་དང་དུས་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་གང་དུའང་འཁྲུལ་མི་ཤེས་པ་ཐུགས་ཀྱི་དཀྱིལ་འཁོར་ནས་འོད་གསལ་མཆོག་ གི་དངོས་གྲུབ། སྲིད་པ་དང་ཞི་བའི་དཔལ་ཡོན་ཀུན་གྱི་འབྱུང་གནས་བསམ་ཡས་ཡོན་ཏན་གྱི་དཀྱིལ་འཁོར་ལས་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཇི་ལྟར་འདོད་པ་བཞིན་འགྲུབ་པའི་ འདོད་འབྱུང་ཡིད་བཞིན་དངོས་གྲུབ། དུས་རེ་འགར་སེམས་ཅན་གྱི་དོན་མཛད་ལ་རེ་འགར་མི་མཛད་པ་ལྟ་བུ་མིན་པར་དུས་རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་རྟག་པའི་ཕྲིན་ལས། ཕྱོགས་ རེ་འགར་སེམས་ཅན་གྱི་དོན་མཛད་ལ་རེ་འགར་མི་མཛད་པ་ལྟ་བུ་མིན་པར་ཕྱོགས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པས་ཁྱབ་པའི་ཕྲིན་ལས། དེ་དག་ཐམས་ཅད་ཀྱང་འབད་མེད་ལྷུན་ གྲུབ་ཏུ་མཛད་པས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཏེ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་དཀྱིལ་འཁོར་ལས་འགྲོ་བ་གང་ལ་ལས་གང་གིས་འདུལ་བའི་འགྲོ་དོན་བྱེད་ནུས་པའི་ཕྲིན་ལས་ཀྱི་ དངོས་གྲུབ། མདོར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ། སྐུ་གསུམ་གྱི་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ། སྣང་ཆའི་ཡོན་ཏན་སོ་སོར་སྣང་ཡང་ངོ་བོར་

དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུའམ་ངོ་བོ་ཉིད་སྐུ་སྟེ་སྐུ་ལྔ། དྲི་མ་མེད་པས་ཆོས་དབྱིངས་ཡེ་ཤེས། འགགས་པ་མེད་པས་མེ་ལོང་ཡེ་ཤེས། གནས་ཚུལ་ ངོ་བོ་ཡེ་དག་ཟག་མེད་ཆོས་སྐུའི་ཡོན་ཏན་གྱི་རང་གདངས་སྣང་ཚུལ་དག་པ་རབ་འབྱམས་བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་དུ་འཆར་བས་གནས་སྣང་དག་པར་མཉམ་པ་མཉམ་ཉིད་ཡེ་ཤེས། ཆོས་ཀྱི་བྱེ་བྲག་ཐམས་ཅད་མ་འདྲེས་སོ་སོར་དུས་གཅིག་ཏུ་གཟིགས་པས་སོ་སོར་རྟོག་པའི་ཡེ་ཤེས། ཆགས་ཐོགས་མེད་པའི་ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ ཡེ་ནས་སྣང་སྲིད་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་བླ་ན་མེད་པའི་སངས་རྒྱས་ཀྱི་སའི་མཆོག་ཡེ་ཤེས་མཁའ་འགྲོའི་གོ་འཕང་ཚེ་འདི་ཉིད་རང་ལ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བས། མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཚེ་འདིར་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་སོ། །ཚོགས་ལ་རོལ་པའི་སྐབས་སུ་གཟུང་འཛིན་གྱི་སེམས་དང་བྲལ་བའི་ཡེ་ ཤེས་ལྡན་པའི་རྣལ་འབྱོར་པ་རྣམས་ནས་ཚོགས་ཀྱི་མཆོད་པའི་རྫས་རྣམས་ཀྱང་ཡེ་ཤེས་ཀྱི་བདུད་རྩི་འབའ་ཞིག་ལས་དངོས་པོ་ཕལ་པའི་རྟོག་པ་མེད་སྟབས་ཡེ་ཤེས་ལ་ནི་ཡེ་ཤེས་རོལ།

ཞེས་གསུངས་པའི་དོན་ཡང་དེ་ཡིན། གཞན་ཡང་ཚོགས་ཀྱི་མཆོད་པ་ནི་ཐེག་པ་འོག་མའི་མཆོད་སྦྱིན་ལས་ཁྱད་པར་གསུམ་གྱིས་འཕགས་པར་གསུངས་ཏེ། ཡུལ་ལྷར་གསལ་བའི་སངས་ རྒྱས། དངོས་གྲུབ་བདུད་རྩི། བསམ་པ་ཆོས་ཉིད་དུ་རོལ་པས་འཛིན་ཞེན་མེད་པའོ། །གཞན་ཡང་བདག་གི་ལུས་དཀྱིལ་འཁོར་གྱིས་ཚིམས་པ། དཀྱིལ་འཁོར་པ་མཆོད་པས་ཚིམས་པ། རྣལ་འབྱོར་པ་ཟས་ཀྱིས་ཚིམས་པ། འབྱུང་པོ་རྣམས་གཏོར་མས་ཚིམས་པ། སྐྱེ་མཆེད་ཀྱི་ལྷ་རྣམས་རྡོ་རྗེའི་གླུ་དང་གར་གྱིས་ཚིམས་པ་ལ་སོགས་ཚིམས་པ་དྲུག་ལྡན་གྱི་ཕན་ཡོན་ཀྱང་ གསུངས། གཞན་ཡང་གནས་སྐབས་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ནི་རྡོ་རྗེ་ལས་རིམ་ལས། ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བརྟག ། ཅེས་དང་། གཞན་ཡང་། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་རིག་འཛིན་ཞིང་དུ་གྲགས། །ཞེས་སོ། །དེ་ཡང་ལུས་རྣམ་སྨིན་གྱི་ གཟུགས་སུ་གནས་ཤིང་། སེམས་ཉིད་ཡི་དམ་ལྷ་ཡི་རྣམ་པར་སྨིན་པ། ནམ་རྣམ་སྨིན་གྱི་ལུས་རྒྱ་དང་བྲལ་མ་ཐག་ལྷ་སྐུ་མངོན་དུ་གྱུར་པ་མཚན་ཉིད་གསུམ་ལྡན་རྣམ་པར་སྨིན་པའི་རིག་

འཛིན་ཏེ། རྔམ་གློག་ལས། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ ཞེས་དེ་ལ་བརྗོད། །ཅེས་གསུངས། རྣམ་སྨིན་གྱི་ལུས་རྡོ་རྗེའི་ལུས་སུ་སྨིན་ཏེ། དེ་ཡང་མ་སྤངས་པར་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པའི་ཚེ་ལ་དབང་བས་ཚེ་དབང་རིག་འཛིན་ཏེ། ལུས་དང་ཕུང་པོར་བཅས་པ་ཡིས། །གནས་པར་དབང་བའི་རིགས་གྲུབ་ཅིང་། །ལྷག་རྟོག་འབྱུང་ལས་ལུས་བཅས་འདས། །ཟག་ཀུན་ཟད་པའི་རིགས་ཆེན་དེ། །ཇི་ལྟར་སྤྱོད་ཀྱང་བཟློག་ པ་མེད། །རང་དབང་ཐོབ་པས་དབུགས་དབྱུང་ཕྱིར། །སྐབས་འདིར་བདེན་པ་བར་མ་མཐོང་། །ཞེས་གསུངས། རང་གི་ལུས་ཡི་དམ་གྱི་ལྷ་གང་བསྒོམ་པ་བཞིན་དུ་མངོན་དུ་གྱུར་པ་ཕྱག་ རྒྱའི་རིག་འཛིན་ཏེ་ཞུས་ལན་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །མཚན་དང་དཔེ་བྱད་མངོན་ཤེས་ལྡན། །ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲགས། ། ཞེས་གསུངས། སྤངས་པ་དང་རྟོགས་པའི་ཡེ་ཤེས་ཡོན་ཏན་མཐར་ཕྱིན་པ་ལྷུན་གྲུབ་རིག་འཛིན་ཏེ། རྡོ་རྗེ་ལས། སྔ་མའི་རིགས་ལས་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱོངས། །

སངས་རྒྱས་ས་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ཞེས་གསུངས་སོ། །དེ་ལྟར་རིག་འཛིན་རྣམ་བཞིའི་སྐུ་དང་ཞིང་ལ་སྤྱོད་པར་བྱེད་དོ། །ཅེས་ཚོགས་བསྐང་ པདྨའི་རྒྱུད་མང་གི་དོན་འགྲེལ་ཉི་མ་གཞོན་ནུའི་འོད་ཟེར་ཞེས་བྱ་བ་འདིའང་རྒྱ་བླ་མ་དང་། རྟ་མང་བླ་མ། འབྲུག་པ་བླ་མ། བྱང་པ་དངོས་གྲུབ་བླ་མ། མགོ་ལོག་བླ་མ་ཨོ་རྒྱན་ཕྲིན་ལས་ ཀུན་ཁྱབ་སོགས་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་གནས་པ་རྣམས་དང་། གཞན་ཡང་ཆོས་ལྡན་ཕ་མའི་རིགས་སུ་སྐྱེས་ཤིང་ཆོས་ཀྱི་སྒྲ་དབྱངས་ཐོས་པ་ལ་དགའ་བའི་རིགས་ཀྱི་མྱུ་གུ་ རྣམས་དང་། དུས་གསུམ་རྒྱལ་བའི་སྤྱི་གཟུགས་རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ལ་མི་ཕྱེད་པའི་དད་པ་ཐོབ་པ་སྐྲ་སེར་ཅན་དང་། སྐྲ་ནག་ཅན་དང་། སྐྲ་དཀར་ཅན་དང་། ལྷ་ཡི་རིགས་ དང་། ཀླུ་ཡི་རིགས་དང་། གནོད་སྦྱིན་གྱི་རིགས་ལ་སོགས་རིགས་ཀྱི་ལྷ་མོ་རྣམས་དང་ཐབས་ཅིག་ཏུ་ཉིན་རེར་དངོས་བཤམས་ཡིད་སྤྲུལ་གྱི་ཚོགས་ཀྱི་མཆོད་པའི་སྤྲིན་ཕུང་སྤྲོ་བའི་སྐབས་སུ་ གོང་གསལ་རྡོ་རྗེ་མཆེད་གྲོགས་རྣལ་འབྱོར་ཕོ་མོ་རྣམས་ནས་བསྐུལ་བ་བཞིན་ནམ་མཁའ་སྔོ་སངས་དྭངས་པའི་དབྱིངས་ན་སྤྲིན་དཀར་གྱི་བླ་རེ་བྲེས་པ། འོག་མིན་རྒྱལ་བ་རིགས་ལྔའི་ཞིང་གི་

ཁ་དོགས་སྟེང་ན་འཕོས་པ་ལྟ་བུ་ནེའུ་གསེང་དང་སྤངས་ལྗོངས་ཀྱི་རྣམ་པའི་ཁ་དོག་ཐམས་ཅད་མཆོག་ཏུ་བཀྲ་བ། མཚོ་ཆེན་དང་མཚེའུ་དང་རྫིང་བུ་མང་པོས་ཀུན་ ནས་མཛེས་པ། ཀུ་ཤུ་དང་ཁམ་བུ་རྒུན་འབྲུམ་ལ་སོགས་པ་འབྲས་བུའི་རིགས་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་བཅུད་དུ་སྨིན་པའི་དུས་ཀྱི་ཆར་ཛམ་བུའི་སྒྲ་དང་ལྡན་པའི་གླིང་ཆེན་ལྔ་ ཡི་ཡ་གྱལ་བྱང་ཕྱོགས་ཨ་རིའི་ཡུལ་དུ་རང་གི་བསྟི་གནས་ཀུན་བཟང་དགའ་ཚལ་དུ་ཕྲིན་ལས་ནོར་བུས་སུག་བྲིས་སུ་བགྱིས་པ་རྩ་གསུམ་རྒྱལ་བ་རབ་འབྱམས་དགྱེས་ཤིང་། འབྲེལ་ཐོགས་ ཀྱིས་གཙོས་པའི་མཁའ་མཉམ་ཡིད་ཅན་རྣམས་ཀྱི་སྒྲིབ་གཉིས་བྱང་ཞིང་། ཚོགས་གཉིས་རྫོགས་པའི་རྒྱུར་གྱུར་ཅིག།