TNR-SUNGBUM-01-OM-001: Difference between revisions

From Dudjom Wiki
TNR-SUNGBUM-01-OM-001
No edit summary
No edit summary
 
(One intermediate revision by the same user not shown)
Line 4: Line 4:
|fulltitletib=རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
|fulltitletib=རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
|fulltitle=rtsom pa po'i lo rgyus mdor bsdus
|fulltitle=rtsom pa po'i lo rgyus mdor bsdus
|citation=[[Norbu, Thinley|Thinley Norbu]]. ''Rtsom pa po'i lo rgyus mdor bsdus''. In ''Phrin las nor bu'i gsung 'bum'', Vol. 1.
|fulltitletrans=A Brief Autobiography
|citation=[[Norbu, Thinley|Thinley Norbu]]. ''Rtsom pa po'i lo rgyus mdor bsdus''. In ''Phrin las nor bu'i gsung 'bum'', Vol. 1: 1-9.
|collectiontitletib=ཕྲིན་ལས་ནོར་བུའི་གསུང་འབུམ།
|collectiontitletib=ཕྲིན་ལས་ནོར་བུའི་གསུང་འབུམ།
|collectiontitle=phrin las nor bu'i gsung 'bum
|collectiontitle=phrin las nor bu'i gsung 'bum
|author=Norbu, Thinley
|author=Norbu, Thinley
|tibgenre=History Texts - lo rgyus, Synopsis - mdor bsdus - bsdus don
|terma=No
|language=Tibetan
|language=Tibetan
|volumenumber=01
|volumenumber=01
Line 14: Line 17:
|totalvolumes=3
|totalvolumes=3
|textnuminvol=001
|textnuminvol=001
|pagenumbers=1-9
|totalpages=9
|beginfolioline=1a1
|endfolioline=5a3
|totalfolios=5
|multivolumework=No
|rectonotes=rtsom pa po'i lo rgyus mdor bsdus
|pdflink=File:TNR-SUNGBUM-01-OM-001.pdf
|authortib=ཕྲིན་ལས་ནོར་བུ་
|authortib=ཕྲིན་ལས་ནོར་བུ་
|volumeLetter=OM
|volumeLetter=OM
|pdflink=File:TNR-SUNGBUM-01-OM-001.pdf
|InitCategories=Dudjom Tersar Project; TNR-SUNGBUM-Volume-01-OM
|InitCategories=Dudjom Tersar Project; TNR-SUNGBUM-Volume-01-OM
}}
}}

Latest revision as of 23:21, 9 November 2026

Wylie title rtsom pa po'i lo rgyus mdor bsdus
Location phrin las nor bu'i gsung 'bum
Volume 1, Text 1, Pages 1-9 (Folios 1a1 to 5a3)
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Rtsom pa po'i lo rgyus mdor bsdus. In Phrin las nor bu'i gsung 'bum, Vol. 1: 1-9.
Side notes Recto: rtsom pa po'i lo rgyus mdor bsdus  
More details More details
Genre History Texts - lo rgyus  ·  Synopsis - mdor bsdus - bsdus don

[edit]
༄༅། །མཁྱེན་བརྩེའི་བདག་ཉིད་བླ་མ་དཔལ་རྡོར་ནས་ཕྲན་པ་དཔེ་དེབ་རྩོམ་པ་པོའི་ལོ་རྒྱུས་བསྡུས་ཙམ་ཞིག་བྲི་དགོས་ཞེས་གསུངས་པའི་གསུང་ངོ་མ་ལྡོག་ཙམ་དུ་ལོ་རྒྱུས་ཐུང་ཙམ་ཞིག་ཞུ་ན། ཇི་སྐད་དུ་ལུགས་ཀྱི་བསྟན་བཅོས་ལས། རང་གི་ཡོན་ཏན་བརྗོད་པ་ནི། །ལྷ་དབང་ཡིན་ཡང་བཙུན་མ་ལགས། །ཞེས་འབྱུང་བ་དང་། ལྷག་པར་རང་ཉིད་ཐད་ཉེ་ཉོན་ཉི་ཤུའི་ཡ་གྱལ་བརྗེད་ངས་ཀྱི་གདོན་གྱིས་ཟིན་པས་རང་ཉིད་གང་དུ་བཙས་པའི་ས་ཡི་ལྟེ་བ། དུས་ཀྱི་ཆུ་ཚོད་ཆུ་སྲང་སོགས་འདི་གར་ཞིབ་ཅིང་ཕྲ་བ་ཞུ་རྔོ་མ་ཐོགས། རེ་ཞིག་འཁྲུལ་སྣང་གི་བྲག་ཆ་སྒྲ་འཛིན་གྱི་བུ་གར་གྲགས་པ་ལ་གཞིགས་ན། བོད་ཀྱི་ཡུལ་དབུས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་ལ་བྱོན་པར་གྲགས་པའི་ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་གནས་ལྷ་ས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་བྱོན་པ་ཇོ་བོ་མི་བསྐྱོད་རྡོ་རྗེའི་བཞུགས་གནས་ར་མོའི་ཆེའི་ལྷ་ཁང་གི་བར་ན་རྒྱལ་འབུམ་སྒང་ཞེས་པར་ཞི་ཁྲོའི་ལྷ་ཁང་ཆུང་ངུ་ཞིག་ཡོད་པ་དེའི་ཉེ་འདབ་ཏུ་བདག་གི་ཡབ་ཡུམ་གཉིས་ལ་གནས་སྐབས་རིང་གི་བཞུགས་གནས་ཞིག་ཡོད་འདུག་པ་དེར་བདག་ཉིད་ཀྱི་རྣམ་པ་རིག་བྱེད་གཟུགས་ཀྱི་ཕུང་པོའི་རྟེན་མངོན་པར་སྣང་བར་གྱུར་ཏོ་ཞེས་ཐོས། བདག་གི་ཕ་ཡབ་ཀྱི་སྐུ་རིགས་ནི་བོད་ཀྱི་རྒྱལ་པོ་བྱ་ཁྲིའི་བརྒྱུད་པ་སྤུ་བོ་ཀཿ གནམ་རྒྱལ་པོའི་མི་ངོ་ཟུར་ཐོན་སྒམ་པ་དཔོན་ཚང་གི་སྲས་ཀཿ ཐོག་སྤྲུལ་སྐུ་ནོར་བུ་བསྟན་འཛིན་དང་། ཡབ་རྗེའི་ཡུམ་གཏེར་ཆེན་རཏྣ་གླིང་པའི་གདུང་བརྒྱུད་ལས་མཆེད་པ་ལྷོ་མོན་ཡོན་ཕུ་ཆོས་རྗེའི་བརྒྱུད་པ་རྣམ་རྒྱལ་སྒྲོལ་མ། བདག་ཉིད་རང་གི་སྐྱེས་མ་སྔོན་དུས་བོད་དབུས་གཙང་གཉིས་ཀའི་སྒེར་པའི་ཆར་གཏོགས་པ་གཞིས་ཀ་རྩེའི་སྒེར་པ་རྡོ་མཁར་ཟུར་པའི་མི་རྒྱུད་ཅིག་ཡིན་པར་བཤད། ཡབ་རྗེ་རིན་པོ་ཆེ་ནས་བདག་ཉིད་ཀྱི་མིང་ལ་འཇིགས་མེད་ཚེ་དབང་ཕྲིན་ལས་ནོར་བུ་ཞེས་གནང་། ལོ་ངོ་བརྒྱད་ཙམ་བར་དུ་ཡབ་ཡུམ་གཉིས་དང་ལྷན་ཅིག་འབྲལ་མེད་དུ་འགྲོགས། ལོ་ངོ་དགུ་ཙམ་ལོན་དུས་བོད་ཡུལ་ལྷོ་ཁ་གྲ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ལོ་ཆེན་བཻ་རོ་ཙ་ན་དུས་བབ་གཏེར་ཆེན་གྱི་རྣམ་པར་བྱོན་པ་རིག་འཛིན་འགྱུར་མེད་རྡོ་རྗེའི་གདན་ས་ག་ལ་བར་ཆོས་སྒོར་ཞུགས་ནས་རང་ལོ་བཅུ་བདུན་ལོན་པའི་བར་བསྡད། དེ་ཡང་ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར་དོ་ཧའི་རྒྱན་ལས། རྩ་བ་བཞི་ཙམ་མ་ལགས་པ། །བླང་འདས་ཤེས་པའང་ཡོད་མིན་ན། །ཁྲིམས་ཀྱི་བསླབ་པ་ག་ལ་ཆགས། །ལེགས་སྨོན་འབའ་ཞིག་དོན་གཉེར་ལ། །ཉེས་སྤྱོད་སྡོམ་པ་ཡིན་སྙམ་ནས། །དཀོར་ལ་བག་མེད་སྤྱོད་པ་ཡི། །བཙུན་གཟུགས་རྣམ་ཐར་སྤྱི་མཐུན་བསྐྱངས། །ཞེས་གཞན་གྱི་དོན་དུ་ལྡེམ་པོར་དགོངས་པས་ཤིན་ཏུ་ཁེངས་སྐྱུང་བའི་གསུང་དུ་བྱོན་པ་དེ་དག་ལ་རང་ཉིད་ནས་སྤྱི་བརྟོལ་བསྐྱེད་དེ་དོན་ཐོག་ཏུ་ཁེལ་བར་ཉམས་སུ་བླངས། དེ་སྐབས་སྨིན་གླིང་དགོན་གྱི་དབུ་འཛིན་གཅུང་རིན་པོ་ཆེ་ངག་དབང་ཆོས་གྲགས་བཞུགས་པས་གྲྭ་ཚང་གི་དབུ་མཛད་ཁྲི་པ་བློ་གྲོས་རྒྱ་མཚོ་ལ་ཕྲན་པའི་སློབ་སྦྱོང་ཐད་ལ་འགན་འཁུར་དགོས་ཚུལ་བཀའ་ཕབས་པས་ཁོང་ནས་ཆོས་སྤྱོད་གསོལ་འདེབས་སྨོན་ལམ་རིགས་དང་། པདྨ་བཀའ་ཐང་སོགས་ལ་སྦྱོར་ཀློག་འབྲུ་འབྲེལ་ཚིག་སྡུད་སོགས་དཔྱིས་ཕྱིན་པར་བསླབས། རིགས་གནས་སྤྱི་དང་ཁྱད་པར་གསོ་བའི་རིག་པ་ལ་ཤིན་ཏུ་བྱང་ཆུབ་པས་སྡུག་བསྔལ་གྱི་ཆུ་བོ་གསུམ་པའི་རབས་ལ་འབོགས་པའི་སྐྱེ་བོ་མང་པོ་འཆི་གསོས་སྨན་གྱིས་འཚོ་བར་མཛད་པ་རྡོར་འཛིན་བདེ་ཆེན་ཆོས་འཛིན་མདུན་ནས་ལེགས་སྦྱར་བོད་ཀྱི་ཡིག་གཟུགས་ལ་སྒྲ་གདངས་ཀློག་ཐབས་ཐོན་པ་སྔགས་ཀྱི་ཀློག་ཐབས་ལ་ཅུང་ཟད་སྦྱངས། རྩ་རྒྱུད་གསང་སྙིང་རྩ་བ་དང་། སྡོམ་གསུམ་རྣམ་ངེས་ཀྱི་གཞུང་རྩ་བ་བློ་འཛིན་བགྱིས་ཏེ་རྒྱུགས་སྤྲོད་རྡོར་འཛིན་ཚེ་བརྟན་ལགས་སུ་ཕུལ་ཞིང་། དེ་བྱིང་ཆོས་སྤྱོད་གསོལ་འདེབས་སྨོན་ལམ་རིགས་དང་། ལོ་རེའི་རྩ་གསུམ་སྒྲུབ་མཆོད་མི་འདྲ་བ་ཁག་ལ་ཞལ་འདོན་གནང་རྒྱུའི་སྒྲུབ་ཐབས་ལས་བྱང་སྒྲུབ་ཁོག་དང་བཅས་པ་མང་ཙམ་ཡོད་པ་དེ་དག་བློ་འཛིན་བྱས་ཏེ། སྨིན་གླིང་དགོན་པའི་སྒྲིག་ལམ་རྣམ་པ་རིག་བྱེད་ཀྱི་རྣམ་བཞག་རྟག་ཏུ་གཙང་བས་ཟས་ཟ་བའི་སྡེའི་ཁོངས་སུ་སྟོན་པས་ཇི་ལྟར་བཀས་བཅས་པ་བཞིན་གྲྭ་ཚང་དམངས་ནས་སོས་པའམ་གསོལ་ཇ་ལ་སོགས་ཚ་བ་གསོལ་རེས་ཀྱི་སྐབས་སུ།བཅའ་བར་བྱ་བ་ལ་རྐན་སྒྲ་རྡེབ་པ་དང་། བཏུང་བར་བྱ་བ་ལ་ཧུབ་སྒྲ་འབྱིན་པ་ལ་སོགས་མེད་པར་སྨྲ་བ་བཅད་པ་ལྟ་བུའི་སྒོ་ནས་གསོལ་བའི་རིང་ལ་འདུས་སྡེ་ཡོངས་ཀྱི་སྙན་ལ་གསལ་བར་གསན་དུ་ཡོད་པའི་སྒྲ་དག་གསལ་བའི་སྒོ་ནས་བློ་འཛིན་གང་བྱས་རྒྱུགས་སྤྲོད་སྙན་སྒྲོན་དགོས་པ་སྔར་སྲོལ་ལམ་ལུགས་ལྟར་རྒྱུགས་ཕུལ། ལོ་ངོ་བཅུ་བདུན་མཚམས་སུ་སྨིན་གྲོལ་གླིང་ནས་དགོངས་པ་ཞུས་ཏེ་ལྷ་སར་ཡབ་ཡུམ་སར་རེ་ཞིག་བསྡད། དེ་ནས་ཡབ་ཀྱི་གདན་ས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས་པ་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་མང་དུ་ཡོད་པར་གྲགས་པ་ལས་ཡང་འདུལ་ལྷ་ཁང་གི་གྲས་སུ་གཏོགས་པ་ཀོང་པོ་བུ་ཆུ་གཏེར་གྱི་ལྷ་ཁང་དང་ཉེ་བའི་ཆར། བདེ་ཆེན་སྟེང་ཞེས་འབོད་པའི་ས་ཡི་ཆར་ཡབ་རྗེ་རིག་འཛིན་ཆེན་པོའི་གདན་ས་བཅགས་པ་དེར་བརྟོལ་ནས་བསྡད། དུས་དེ་དག་གི་སྐབས་སུ་ཡབ་རྗེའི་ཞབས་སར། དབུས་གཙང་མདོ་ཁམས་དྭགས་ཀོང་སྤུ་བོ་ལྷོ་འབྲུག་ལ་དྭགས་རྒྱ་བལ་ལ་སོགས་པ་ཡུལ་གྲུ་གཞན་ནས་དད་ཅན་གྱི་སློབ་མ་མང་པོ་རིམ་དང་རིམ་མིན་དུས་དང་དུས་སོ་སོར་འདུས་པ་ལ་བཀའ་གཏེར་གྱི་དབང་ལུང་མང་པོ་གནང་བའི་སྐབས་ན་རང་ཉིད་ལའང་སྐལ་བ་དང་འཚམས་པའི་ཆོས་ཀྱི་སྦྱིན་པ་ཡང་ཡང་འཐོབས། གཞན་ཡང་ཡབ་རྗེ་རིན་པོ་ཆེ་ནས་མཁན་ཆེན་ངག་གི་དབང་པོའི་ཐུགས་སྲས་ཀྱི་གྲས་སུ་བཞུགས་པ་བླ་མ་ཨོ་རྒྱན་རིག་འཛིན། ཀུན་སྤངས་ཁྲོ་རྒྱལ་རྡོ་རྗེ། རྣལ་འབྱོར་པ་ཆེན་པོ་དགེ་འདུན་རྒྱ་མཚོ་ལ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོར་བསྐུལ་མ་མཛད་པའི་བདག་རྐྱེན་ལ་བརྟེན་ནས་སྐྱེ་བོ་མཆོག་དམན་མང་པོ་ཆོས་ཀྱི་སྦྱིན་པ་ལ་ལོངས་སུ་སྤྱོད་པའི་སྐབས་ནའང་བདག་ཉིད་ལའང་ཆོས་ཀྱི་འབྲེལ་པ་ཐོབ། རང་ཉིད་ནས་ཞལ་མཇལ་གསུང་ཐོས་མྱོང་བའི་བླ་མ་ཐམས་ཅད་ངོ་མཚར་དང་བཀའ་དྲིན་ཆེ་བ་འབའ་ཞིག་ཏུ་འཁུམས། གནས་དུས་རྟེན་འབྲེལ་རྒྱུ་རྐྱེན་ལ་བརྟེན་ཏེ་བསམས་ཚེ་ཡབ་རྗེ་རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མགོ་མཁྱེན་བརྩེ་ཐེག་མཆོག་བསྟན་པའི་རྒྱལ་མཚན། རྡོ་གྲུབ་ཆེན་རིན་པོ་ཆེ་ཐུབ་བསྟན་ཕྲིན་ལས་དཔལ་འབར། སྤོ་ལོ་མཁན་ཆེན་དམ་པ་རྡོ་རྗེ་སོགས་ལས་དབང་ཁྲིད་ལུང་གསུམ་མང་བ་འཐོབས། འོན་ཏེ་ཆོས་དང་བླ་མ་བཟང་པོར་དངོས་པོར་ཨ་འཐས་སུ་ཞེན་པས་འཇིག་རྟེན་ཆོས་བརྒྱད་ཀྱི་གཟི་བརྗིད་བསྒྲུབ་པའི་སླད་དུ་བླ་མའི་མཚན་དྲིལ་བསྒྲགས་བྱེད་པ་འོས་སུ་མཆིས་པ་མི་འདུག་སྙམ་སྟེ་སྙེམས་པ་སྐྱུང་བའི་ཐབས་ལ་གཙིགས་སུ་བྱས། གོ་བ་ལྷན་པ་འདྲ་བ་ལ་གཞི་བཅོལ་ནས་ཆོས་ལ་ཐོས་བསམ་རྒྱ་ཆེན་པོ་བྱས་ཚུལ་གྱི་སྤྱི་བརྟོལ་བསྐྱེད་དེ་མཁས་པའི་གྲགས་པ་འདོན་པའི་བརྟུན་པའང་ཆེར་མ་བསྐྱེད། ལོ་གསུམ་བཅད་རྒྱར་ཡང་ཡང་བསྡད་པའི་སྒྲུབ་ཡུས་དང་། གྲུབ་རྟགས་གཞན་ལ་ངོམས་སུ་ཆོག་པའང་ཅང་མ་བདོག །འོན་ཏེ་ཀོང་པོ་དང་ལྷོ་མོན་འབྲུག་ལ་སོགས་པར་གནས་དུས་སོ་སོར་ཉིན་ཞག་བདུན་ཕྲག་རེ་ཤས་དང་། ཟླ་ངོ་རེ་ཤས་གང་ལྕོགས་འཕྱི་བ་དགུན་དུས་ས་ཁུང་ན་ཡིབས་ནས་སྡོད་པ་ལྟ་བུའི་མཚམས་སད་སུད་རེ་ལ་བསྡད་པའི་ཁུལ་བྱས། ཀུན་རྟོག་པིར་གྱིས་བྲིས་པའི་འཁྲུལ་སྣང་གི་གཟུགས་བརྙན་ཟིན་བྲིས་སུ་བཏབ་པ་ནི། ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་གསར་སྔོན་འགྲོ་ཤིན་ཏུ་བསྡུས་པའི་འགྲེལ་པ་གོ་བདེ་ཆུ་འབབ་ཀྱི་ཚུལ་དུ་བྲིས་པ། ཡབ་རྗེ་རིན་པོ་ཆེའི་གསུང་བླ་མ་རྒྱང་འབོད་ཤིན་ཏུ་བསྡུས་པའི་འགྲེལཔ་དྲི་ཟའི་བུ་མོའི་ཏམྦུ་རའི་སྒྲ་དབྱངས། ཡབ་རྗེ་རིན་པོ་ཆེའི་གསང་གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མའི་འགྲེལ་པ་ཉི་གཞོན་བྱིན་རླབས་འོད་ཟེར་སྟོང་ལྡན། ཡབ་རྗེ་རིན་པོ་ཆེའི་གསུམ་སྐུ་ཕྲེང་གསོལ་འདེབས་མུཀྟི་ཀའི་དོ་ཤལ་གྱི་འགྲེལ་པ་རིག་འཛིན་མཁའ་འགྲོ་དགྱེས་པའི་མགུལ་རྒྱན་པདྨ་རཱ་གའི་དོ་ཤལ། ཡབ་རྗེ་རིན་པོ་ཆེའི་གསུར་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས་བསྐང་གི་འགྲེལ་པ་ཉི་མ་གཞོན་ནུའི་འོད་ཟེར། ལྷོ་ལྗོངས་དབྱར་རྔའི་སྒྲ་ལྡན་དུ་བཞེངས་པའི་བདུད་འདུལ་མཆོད་རྟེན་གྱི་དཀར་ཆག་ནོར་བུ་བཻ་ཌཱུརྱའི་དོ་ཤལ། གནས་མཆོག་སྤ་གྲོ་སྟག་ཚང་ལ་སྲི་ཞུ་བསྒྲུབས་པའི་ཕན་ཡོན་སོགས་སོ། །དབྱིན་ཡིག་ཐོག་ཆོས་གཏམ་འགའ་ཤས་བྲིས་པ་གསེར་གྱི་ལྡེའུ་མིག་ཆུང་ངུ་། (The Small Golden Key) ཡང་ཆོས་གཏམ་སྣ་ཚོགས་པའི་གཏམ་གྱི་བྲག་ཅ། (Echoes) སྔར་གྱི་ལོ་རྒྱུས་སྒྲུང་གཏམ་ཐོར་བུ་འགའ་ཤས། (Gypsy Gossip) ཤར་ཕྱོགས་གངས་རིའི་བརྒྱུད་ཀྱི་མི་རིགས་ཤིག་གི་གཏམ་རྒྱུས་ཟེར་བ་རང་ཉིད་ཀྱི་སྒྲུང་གཏམ་རགས་བསྡུས། (Fantasy History of a Himalayan) ལྟ་བ་མི་འདྲ་བའི་སྐོར་རགས་ཙམ་བརྗོད་པ་བ་དན་དཀར་པོ་ཅན་གྱི་གྲུ་གཟིངས། (White Sail: Crossing the Waves of Ocean Mind to the Serene Continent of the Triple Gems) ཕྱི་ནང་འབྱུང་ལྔའི་རྟེན་འབྲེལ་གྱི་བཤད་པ་རགས་བསྡུས་སྒྱུ་མའི་ཟློས་གར། (Magic Dance: The Display of the Self-Nature of the Five Wisdom Dakinis) ཕྱི་རྒྱལ་འགའ་ཞིག་རང་གི་རིགས་དང་ཤེས་རིགས་ལ་ཞེན་གོག་ཧ་ཅང་ཐལ་ཆེས་པས་ནང་པའི་ཆོས་དང་གང་ཟག་ལ་དམའ་འབེབས་སྐྱོན་བརྗོད་བྱེད་པའི་དཔེ་དེབ་འགའ་ལ་ལན་དུ་བརྗོད་པ་མཁའ་འགྲོ་མའི་ཕྲིན་ཡིག་དུས་ཀྱི་ཕོ་ཉ་དང་། (Welcoming Flowers: From Across the Cleansed Threshold of Hope. An Answer to the Pope's Criticism of Buddhism) བཅས་པའོ། །མཐའ་བསྡོམས་སུ་དཔལ་སྤྲུལ་རིན་པོ་ཆེ་ནས།གང་ཡང་ཡིན་ཏེ་སྣང་ཙམ་ཀུན་ཏུ་བདེན། །གང་ཡང་མིན་ཏེ་གཤིས་ལ་བསམ་བརྗོད་བྲལ། །ཡིན་མིན་མེད་དེ་ཁས་ལེན་མཁན་པོ་སྟོར། །རྟོགས་དང་མ་རྟོགས་ཡེ་ནས་ཡོད་མ་ཡིན། །སུས་ཀྱང་མ་བསྟན་གང་གིས་བཟུང་མིན་པ། །མཁའ་མཉམ་རྣམ་གྲོལ་རྫོགས་པ་ཆེན་པོ་ནི། །སྒྲ་ཚིག་ལས་འདས་ལམ་དང་ཡི་གེ་མེད། །ནམ་མཁའ་བཞིན་དུ་ཡེ་ནས་རང་བཞིན་སྣང་། །ཞེས་གསུངས་པ་ལ་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ་ཞེས་ནེ་ཙོའི་ལད་མོ་བཞིན་དུ་བཟློས་ཏེ་ཕུལ་ལོ།། །།