TTDL-ZABTER-17-TSA-001: Difference between revisions

From Dudjom Wiki
TTDL-ZABTER-17-TSA-001
(Imported new text files with Wyckibaat for processing)
 
No edit summary
 
(3 intermediate revisions by 2 users not shown)
Line 1: Line 1:
༄༅།།དག་སྣང་ཡེ་ཤེས་དྲྭ་བ་ལས་གནས་ལུགས་རང་བྱུང་གི་རྒྱུད་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
{{Text
བརྡ་ཡིག་༠༠༠༠༠༠༠༢༔ ཁྱབ་བདག་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་པ་ལ་ཕྱག་འཚལ་ལོ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དགོངས་པ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་རྒྱལ་བ་དགོངས་པའི་བརྒྱུད་པ༔ བསླབ་པ་དང་སྦྱངས་པའི་རིམ་པ་ལ་མ་ལྟོས་པར་ཆོས་ཉིད་ནམ་མཁའ་མཛོད་ཀྱི་བརྡ་རང་བྱུང་དུ་གྲོལ་བས་རིག་འཛིན་བརྡ་ཡི་བརྒྱུད་པ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་སྣང་ཆ་མི་མིན་རང་སྣང་གི་སྟོན་པས་གདམས་ངག་བུམ་པ་གང་བྱོས་ཀྱི་ཚུལ་དུ་གདུལ་བྱའི་ལམ་གྱི་འཇུག་སྒོར་སྙན་བརྒྱུད་དུ་རང་ཤར་བས་གང་ཟག་སྙན་ཁུང་གི་བརྒྱུད་པ༔ རྣམ་གསུམ་གཅིག་ཏུ་དྲིལ་བའི་བདག་ཉིད་ཆེན་པོ་འགྲོ་བའི་བླ་མར་ཆས་པ་ལ༔ རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་རློབ་ཅིང་༔ རྩ་གསུམ་དམ་ཅན་རྒྱ་མཚོས་གནང་བ་སྩལ་ཏེ་བརྩམ་པ་མཐར་ཕྱིན་པར་མཛད་དུ་གསོལ༔ གདོད་མའི་གནས་ལུགས་ཀ་དག་སྤྲོས་པ་དང་བྲལ་བའི་ཆོས་ཉིད་བློ་འདས་ཆེན་པོ་བདག་རྟོག་གཉིས་འཛིན་གྱི་སྒྲིབ་པས་བསྒྲིབས་ཤིང་ཁམས་གསུམ་འཁྲུལ་པའི་འཁོར་ལོར་བདེན་ཞེན་གྱིས་བཅིང་པའི་གང་ཟག་ཏུ་གྱུར་ཀྱང་༔ བསྐལ་པ་མང་པོར་བསོད་ནམས་རྒྱ་ཆེར་བསགས་ཤིང་སྨོན་ལམ་རྣམ་པར་དག་པའི་སྟོབས་དང་ལྡན་ཏེ་རང་བྱུང་གི་ཡེ་ཤེས་ཆེན་པོར་བྱར་མེད་ཀྱི་བྱ་བ་བྱས་པའི་ལས་འཕྲོ་སད་པས་ཆོས་ཉིད་ནམ་མཁའ་མཛོད་ལ་དབང་བའི་སྐལ་པ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་དུ༔ རྒྱུད་ཀྱི་རྒྱལ་པོ་གཞི་རྒྱུད་བདེ་གཤེགས་སྙིང་པོའི་གནས་ལུགས་རང་བྱུང་གི་རྒྱུད་འདི་འགོད་པར་བྱ་སྟེ༔ དེ་ལ་ཐོག་མར་བྱུང་བའི་ཚུལ་བཤད་པ་ནི༔ ཆུ་ཕོ་ཁྱིའི་ལོ་ཧོར་ཟླ་དང་པོའི་ཚེས་ལྔ་ལ་བབས་པའི་ནུབ་མོ་ཐོད་རྒལ་མྱུར་ལམ་ཟབ་མོའི་སྟོབས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཤར་བ་དང་༔ བསྐྱེད་རིམ་ཐབས་ཀྱི་ལམ་ལ་ཅུང་ཟད་སྦྱངས་པའི་མཐུས་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ལ་སླེབས་པའི་སྟོབས་དབང་གིས་སྣང་སེམས་ཐམས་ཅད་ཆོས་ཉིད་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་སུ་འབྱམས་ཀླས་ནས་ཆོས་སྐུའི་རང་ཞལ་མངོན་དུ་གྱུར་ཏོ༔ རེ་ཞིག་གི་ཚེ་ལྷུན་གྲུབ་ཀྱི་སྣང་བ་ཞིང་ཁམས་ཀྱི་བཀོད་པ་རུ་མཆེད་པ་ནི་འདི་ལྟ་སྟེ༔ རང་བྱུང་ཀ་དག་བདེ་བ་ཆེན་པོའི་དུས་དེ་ཉིད་དུ༔ གནས་རང་སྣང་དོན་གྱི་འོག་མིན་སྒྱུ་འཕྲུལ་རོལ་པའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ངོས་འཇམ་ཞིང་ཁོད་སྙོམས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་མཐིང་ག་དང་ཁྲ་བོ་སོགས་བཀྲག་མདངས་འོད་དུ་འབར་བ་གསལ་ལ་འཚེར་ཞིང་སྣུམ་ལ་མཛེས་པ་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་པས་ས་གཞི་ཐམས་ཅད་ཡོངས་སུ་ཁེབས་པ༔ ཕྱོགས་བཞི་རུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་བཞི་ཡོད་པ༔ རྒྱ་མཚོ་ཆེན་པོ་དེ་དག་གི་འགྲམ་ན་རིན་པོ་ཆེའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ འཇའ་ཡི་འོད་ཁྱིམ་འཁྲིགས་པ༔ མཚམས་བཞི་ན་དཔག་བསམ་ལྗོན་ཤིང་གི་ནགས་ཚལ་རྒྱས་ཤིང་ལྗོན་ཤིང་ལས་འདོད་ཡོན་གྱི་སྤྲིན་ཕུང་སྣ་ཚོགས་འཕྲོ་བ༔ སྤྲུལ་པའི་བྱ་རིགས་སྣ་ཚོགས་ཀྱིས་མཛེས་པའི་གཟུགས་ངོམས་ཤིང་སྙན་པའི་དབྱངས་ཀྱིས་ཆོས་སྒྲ་སྒྲོགས་པ༔ སྤྲུལ་པའི་སྲོག་ཆགས་སྣ་ཚོགས་ཀྱིས་རྩེ་འཇོ་རོལ་ཞིང་མཛེས་པའི་རྣམ་འགྱུར་ངོམས་བཞིན་ཆོས་ཉན་པའི་ཚུལ་སྟོན་པ༔ ནམ་མཁའ་ཐམས་ཅད་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ བར་སྣང་གི་ཁོར་ཡུག་ཀུན་ཏུ་དཔའ་བོ་དང་དཔའ་མོས་བྲོ་གར་བསྒྱུར་བ༔ ལྷ་མོ་མང་པོས་འདོད་ཡོན་སྤེལ་ཞིང་བཀུར་སྟི་བྱེད་པའི་གནས་དེ་ཉིད་ཀྱི་དབུས་སུ་མངོན་པར་དགའ་བའི་སྐྱེད་མོས་ཚལ་ཆེན་པོ་ན༔ སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བ༔ ལྗོན་ཤིང་ལོ་འདབ་མེ་ཏོག་རྒྱས་པ་ལ་ལོགས་གཏད་པ༔ ལྗོན་པའི་ཡལ་ག་ལ་དར་སྣ་ཚོགས་པའི་དཔྱངས་པ་འཕྱང་བ༔ རིན་པོ་ཆེའི་ཕྲེང་བའི་དྲྭ་བ་དང་དྲྭ་ཕྱེད་དྲིལ་གཡེར་སིལ་སྙན་མང་པོས་དམ་པའི་ཆོས་ཀྱི་སྒྲ་རང་བྱུང་དུ་གྲགས་པ༔ སེང་ཁྲི་དེའི་ཁར་པད་མ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་གཞིའི་ངང་མདངས་རང་སྣང་དོན་གྱི་སྟོན་པ་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་མཐིང་ནག་གཞོན་ནུ་ལོ་བརྒྱད་ལོན་པའི་རྣམ་པ་ཅན༔ ཕྱག་གཡས་པས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང་༔ གཡོན་པས་མཉམ་བཞག་མཛད་པ༔ མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ སྐུ་དྭངས་གསལ་རྒྱ་མཚོ་ལྟ་བུའི་དབྱིངས་སུ་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཞིང་དང་བཀོད་པ་ཐམས་ཅད་མཚོ་ལ་གཟའ་སྐར་གྱི་གཟུགས་བརྙན་བཀྲ་བ་ལྟར་རང་ཤར་བ༔ འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་འབར་བའི་རྩེ་ནས་བརྡ་ཡིག་སྣ་ཚོགས་འཆར་བ༔ སྟོན་པ་དེ་ལ་རང་རྩལ་སྒྱུ་འཕྲུལ་རོལ་པའི་འཁོར་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་དང་༔ བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ཡེ་ཤེས་རྡོ་རྗེ་དང་༔ བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་དང་༔ བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་བཀོད་པ་ལྷུན་གྲུབ་དང་༔ བྱང་ཆུབ་སེམས་དཔའ་གཞན་སྣང་དབང་བྱེད་དང་༔ བྱང་ཆུབ་སེམས་དཔའ་མིག་གི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་རྣ་བའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་སྣའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ལྕེའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ལུས་ཀྱི་དབང་པོ་ལ་སོགས་པའི་འཁོར་འདུས་པ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཐམས་ཅད་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ༔ དེ་ཐམས་ཅད་ཀྱིས་སྟོན་པ་ཉིད་ཀྱི་ཞལ་ལ་བལྟ་ཞིང་གུས་པས་འདུད་དེ་ཅང་མི་སྨྲ་བར་འདུག༔ སྟོན་པ་ཉིད་ཀྱང་སྤྱན་ནམ་མཁའི་དབྱིངས་སུ་གཟིགས་ནས་ཅི་ཡང་མི་གསུང་བར་བཞུགས་སོ༔ དེའི་ཚེ་ན་ནམ་མཁའ་རྣམ་པར་དག་པའི་དབྱིངས་ནས་ཆོས་ཉིད་ཀྱི་རང་སྒྲ་འདི་བྱུང་ངོ་༔ ཨ༔ འཁོར་འདས་ཐམས་ཅད་གཞི་རྩ་བྲལ༔ རྡོ་རྗེ་བཙུན་མོ་ནམ་མཁའ་ཆེ༔ སྟོང་ཆེན་ནམ་མཁའ་ཡུམ་ཆེན་མོ༔ ཆོས་རྣམས་ཐམས་ཅད་ཆོས་ཉིད་ངང་༔ བདག་ཉིད་གཅིག་པུའི་ཆོ་འཕྲུལ་ལས༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེ་བའི་ཆོ་འཕྲུལ་འབྱུང་འགྱུར་འགག༔ རྒྱུ་རྐྱེན་རང་མལ་གསོད་པའི་ཕྱིར༔ སྟོན་དང་བསྟན་པ་ལམ་འབྲས་བུ༔ ཆོས་ཉིད་མཚན་མ་ཚིག་བྲལ་ལས༔ ཐབས་དང་ཤེས་རབ་དུ་མའི་སྒོ༔ རང་བྱུང་རང་ཤར་ཆེན་པོར་སྣང་༔ ཡུལ་མེད་ཟང་ཐལ་ཆེན་པོའི་མཁའ༔ དྭངས་གསལ་རྙོགས་མ་བྲལ་བ་ལས༔ ཞིང་དང་སྟོན་འཁོར་བཀོད་པ་ཀུན༔ མེད་བཞིན་མེད་ལས་ཡོད་སྣང་བ༔ ངོ་མཚར་ཆེན་པོས་མངོན་པར་བསྟོད༔ ཅེས་སྒྲ་དེ་བྱུང་མ་ཐག་ཏུ་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ འདིར་ཞིང་དང་སྟོན་པ་འཁོར་འདུས་པའི་ཚོགས་དང་བཅས་པ་ཐམས་ཅད་ཅིའི་ཕྱིར་ཅི་ལས་བྱུང་བའི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་སོ༔ སྟོན་པ་ཉིད་ཀྱིས་བཀའ་སྩལ་པ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ཉོན་ཅིག༔ འདིར་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཞིང་དང་སྟོན་འཁོར་ཅིའི་ཕྱིར་བྱུང་ཞེ་ན༔ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀྱི་དབང་སྐལ་དུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པའི་སྒོ་སྟོན་པའི་ཕྱིར༔ རང་སྣང་དོན་གྱི་འོག་མིན་ཞིང་ཁམས་ཀྱི་བཀོད་པ་རུ་སྣང་བ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་ཆོས་ཉིད་ཀྱི་མཐོང་ཆེན་པོ་ཕྱེས་པའོ༔ ང་ནི་ཡེ་གཞི་བདེ་གཤེགས་སྙིང་པོའི་རང་གདངས་ལས་རང་སྣང་གི་སྟོན་པ་རང་ལ་སྣང་བ་དང་༔ རིག་སྟོང་སྤྲོས་པ་དང་བྲལ་བའི་རང་གདངས་རིག་པའི་རྡོ་རྗེ་དང་༔ བདག་མེད་ཤེས་རབ་ཀྱི་རང་གདངས་ཤེས་རབ་དབང་པོ་དང་༔ རྣམ་པར་ཤེས་པ་ཚོགས་བརྒྱད་སེམས་བྱུང་དང་བཅས་པའི་རང་གདངས་འདུས་པའི་འཁོར་གྱི་ཚོགས་སུ་སྣང་བའོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཉིད་བདེ་གཤེགས་སྙིང་པོའི་རང་མདངས་སུ་ཤར་བ་དང་༔ བདག་ཤེས་རབ་དབང་པོ་ཤེས་རབ་ཀྱི་རང་གདངས་དང་༔ རིག་པའི་རྡོ་རྗེ་རིག་པའི་རང་གདངས་ལས་སྣང་བ་དང་༔ རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་ལས་བྱང་ཆུབ་སེམས་དཔའ་དང་༔ སེམས་མའི་ཚོགས་སུ་སྣང་བ་ཡིན་ན༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དེ་ལྟར་སྣང་དགོས་པ་ལས་འཁྲུལ་པ་བདེ་སྡུག་དགྲ་གཉེན་གྱི་སྣང་བ་མཆེད་ནས་ཁམས་གསུམ་དུ་ཁ་བརྒྱུད་དེ་སྡུག་བསྔལ་བ་ལས༔ དག་པའི་སྣང་བ་མི་འབྱུང་བ་དེ་ཅིའི་ཕྱིར་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་གཞི་ལུང་མ་བསྟན་དུ་སོང་བའི་སེམས་ཅན་རྣམས་ཀྱིས་དག་པའི་སྣང་བ་མཐོང་བ་མ་ཡིན་ཏེ༔ མ་དག་འཁྲུལ་པའི་སེམས་སྣང་དགྲ་གཉེན་བདེ་སྡུག་ཏུ་སྣང་བ་སེམས་ཅན་རང་ཀ་མ་དག་གི་མཚན་ཉིད་ཡིན་ནོ༔ འདིར་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་མཆེད་པ་ནི་སྔོན་མི་མིན་རང་སྣང་གི་སྟོན་པ་རྫོགས་པའི་སངས་རྒྱས་དང་༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཞལ་སྔར་འཁོད་ཅིང་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོར་ཞུགས་ཏེ་སྒྲུབ་པ་ལྷུར་ལེན་བྱས་པས་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་ཁམས་རྒྱ་མཚོ་མ་སྟོང་གི་བར་དུ་སྨོན་ལམ་རྣམ་པར་དག་པའི་སྟོབས་བསྐྱེད་པས་ཡང་ཡང་འགྲོ་བའི་དོན་དུ་གདུལ་བྱ་རང་རྒྱུད་དང་མཐུན་པའི་སྟོན་པར་བཞེངས་ཏེ་སྔོན་གྱི་ལས་འཕྲོ་སད་ནས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ཤིང་ཤེས་རབ་ཀློང་ནས་བརྡོལ་བའི་སྐྱེས་བུ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་དག་པའི་སྣང་བ་ཤར་ཡང་སེམས་དང་སེམས་བྱུང་མ་ཡིན་ཏེ༔ ངོ་བོ་མངོན་གྱུར་གྱི་དབྱིངས་ལས་རྩལ་དུ་སྣང་བ་ནི་སེམས་ཚོགས་བརྒྱད་ཀྱང་མིན་ཅིང་དེ་ལས་མི་གཞན་པའི་ཕྱིར་དེ་ལ་དེའི་མིང་བཏགས་པའོ༔ སྟོན་འཁོར་གཉིས་སུ་མེད་པ་ལས་སྣང་བའི་སྒོ་དུ་མ་རུ་ཤར་བ་ཡིན་ཏེ༔ བྱང་ཆུབ་སེམས་དཔའ་ཞེས་སུ་གྲགས་པ་ཡང་སངས་མ་རྒྱས་ཀྱང་སྲིད་པ་ལས་རབ་ཏུ་འཕགས་པ་ལ་དེ་ལྟར་དུ་གྲགས་པ་ཡིན༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལགས་སོ༔ དེ་ལྟར་སྒྱུ་འཕྲུལ་རོལ་པའི་སྟོན་འཁོར་ཐམས་ཅད་གཉིས་སུ་མེད་ཅིང་ཐ་མི་དད་ན་སྟོན་པ་དང་འཁོར་ཚོགས་འཆད་ཉན་ཐམས་ཅད་ལ་དགོས་པ་མེད་ཅིང་༔ ཐམས་ཅད་ཀྱི་ཡེ་ཤེས་ཡོན་ཏན་ལ་ཁྱད་པར་མ་མཆིས་པས་འདིར་འཆད་ཉན་གྱི་ཚུལ་སྟོན་པ་ལ་དགོས་པ་ཅི་ཞིག་ཡོད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་ཤེས་རབ་དབང་པོ་སྔོན་འདས་པའི་དུས་སུ་གདུལ་བྱ་རང་སྣང་གི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཉི་མ་ལྟ་བུའི་སྟོན་པ་ཉིད་ཀྱིས༔ ཉི་འོད་ལྟ་བུའི་སྤྲུལ་པ་ཤར་ཏེ༔ སྟོན་པ་དང་༔ ཞུ་བ་པོ་དང་༔ འཁོར་ཉན་པ་པོའི་ཚུལ་དུ་གདུལ་བྱ་འདུལ་བའི་ལམ་ཐེག་པའི་རྣམ་གྲངས་སོ་སོར་འཆད་ཉན་གྱི་རྣམ་པར་སྣང་བ་ནི་སྟོན་འཁོར་གཉིས་སུ་མེད་ཀྱང་གདུལ་བྱའི་ཆེད་དུ་ཐབས་ཀྱི་རྣམ་འགྱུར་སྣ་ཚོགས་པ་སྒྱུ་མ་མཁན་དང་སྒྱུ་འཕྲུལ་ལྟ་བུར་བསྟན་པ་ཡིན་ནོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས་བཅོམ་ལྡན་འདས་ལ་གུས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ཏེ་འདི་སྐད་དོ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ལ་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་པར་གྲོལ་བའི་ས་ལ་སྦྱོར་བའི་ཕྱིར་ཚེ་གཅིག་ལུས་གཅིག་ཉིད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་འཐོབ་པར་བྱེད་པའི་གདམས་ངག་ཟབ་མོ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ སྟོན་པ་ཉིད་ཀྱིས་བཀའ་སྩལ་པ༔ ཀྱཻ་སྟོང་ཆེན་མཐའ་ཡས་པ་ལ་སོགས་འཁོར་འདུས་པའི་ཚོགས་ཐམས་ཅད་ཉོན་ཅིག༔ སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་ས་ལམ་ལ་སྦྱོར་བ་ལམ་གྱི་ལམ་མཆོག་དམ་པ་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་དམ་པ༔ ལམ་ཐམས་ཅད་ཀྱི་སྤྱི་ཆིངས༔ ཐེག་པ་ཐམས་ཅད་ཀྱི་མདོ་འགགས༔ གསང་སྔགས་ཐམས་ཅད་ཀྱི་ཀློང་མཛོད་ཟབ་མོ་ཞིག་ཡོད་ཀྱང་༔ དེ་ནི་བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་ཀྱི་སྒོ་དུ་མ་ནས་ཚོགས་རྒྱ་ཆེན་པོ་བསགས་ཤིང་༔ ཡང་ནས་ཡང་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དང་༔ སྔོན་ཡང་ཐེག་པ་གཞན་ནས་ལམ་ངེས་པར་རྙེད་པའི་ཕྱིར༔ ལམ་བཙལ་ནས་ལམ་ལ་བག་ཆགས་བཞག་པའི་སྐྱེས་བུ་མ་གཏོགས་པ་ལམ་འདི་དང་འཕྲད་པར་མི་འགྱུར་རོ༔ ཅིའི་ཕྱིར་ཞེ་ན༔ ལས་ངན་པའི་དབང་དང་ཉོན་མོངས་པའི་བསླུ་བདུད་སྟོབས་ཆེ་བའི་ཤུགས་ཀྱིས་ཐེག་པ་འདི་འཆད་ཉན་གྱི་ཁྲོད་ན་ཡོད་ཀྱང་སྐལ་མེད་རྣམས་ཀྱི་བློ་ཡིད་ཆོས་འདི་ལས་དཔག་ཚད་ལྔ་བརྒྱའི་ཕ་མཐར་འབྲོག་དགོན་པ་རུ་གནས་པ་དང་༔ སྐལ་མེད་སྨོན་ལམ་ལོག་པའི་བདུད་འབངས་རྣམས་ཀྱིས་གཤེ་བ་དང་༔ སྒྲོ་འདོགས་དང་༔ སྐུར་འདེབས་ཕྲག་དོག་སོགས་ཟབ་ཆོས་འདི་ལ་འགལ་ཟླ་བསྒྲུབ་པར་འགྱུར་བ་ལས༔ འདིའི་སྒོར་འཇུག་ཅིང་དོན་ཉམས་སུ་ལེན་པ་ནི་ཉིན་མོའི་སྐར་མ་ཙམ་ལས་ཡོངས་མི་སྲིད་དོ༔ ལ་ལ་སྒོ་འདིར་ཞུགས་ན་ཡང་གོ་ཙམ་ཐོས་ཙམ་གྱི་ཐོག་ཏུ་བཞག་ནས་བག་མེད་པར་ཁ་འཆོལ་ཏེ་ཉམས་སུ་མི་ལོན་པར་འཆི་ཁ་ཐ་མལ་དུ་ལུས་ནས་གྲོལ་བ་མི་འཐོབ་བོ༔ སྤྱིར་ཐེག་པ་འདིའི་སྒོར་འཇུག་ཅིང་ཉམས་སུ་ལེན་པ་ལ་མཚན་ཉིད་འདི་དག་ཚང་དགོས་ཏེ༔ ཆོས་དང་བླ་མ་ལ་ཡིད་ཆེས་པ༔ ལམ་ལ་ཐེ་ཚོམ་མེད་ཅིང་བློ་གཏད་པ༔ འཆི་བ་སྙིང་ནས་དྲན་ཅིང་འདུས་བྱས་མི་རྟག་པའི་རང་བཞིན་དུ་ཐག་ཆོད་ནས་འཁོར་བའི་བྱ་བ་ལ་ཆགས་ཞེན་ཆུང་བ༔ ཟས་ནོར་ལོངས་སྤྱོད་ལ་ཆོག་ཤེས་ཡོད་པ༔ བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོས་ཆོས་ལ་ཆོག་མི་ཤེས་པ༔ སྡུག་ཡུས་མེད་པས་རྟག་ཏུ་ཚེ་དང་སྒྲུབ་པ་མཉམ་པར་བྱེད་པ༔ ལོ་ཟླའི་མཚམས་སྒྲུབ་ཙམ་ལ་བྱས་ཡུས་མེད་པར་བློ་རྒྱུད་བརྟན་པ་རྣམས་ཀྱིས་སྒོ་འདི་མཐོང་ནས་ཉམས་སུ་བླངས་ན་ཚེ་འདི་ཉིད་ལ་རྒྱལ་བ་རྡོ་རྗེ་འཆང་གི་ས་མཆོག་ངེས་པར་འཐོབ་པར་གདོན་མི་ཟ་བ་ཡིན༔ ཐེག་པ་གཞན་རྣམས་ལ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་ནས་མཐར་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་ཀྱང་༔ བསྐལ་པ་དུ་མར་ལས་ཉོན་བག་ཆགས་ཀྱི་དབང་གིས་སྐྱེ་བ་མང་པོར་ཁ་བརྒྱུད་ཚེ་བསམ་སྤྱོད་ལས་ཀྱི་སྣ་ཁ་རྐྱེན་གྱིས་བསྒྱུར་ནས་ཚོགས་བསགས་སྒྲིབ་སྦྱང་གི་ལམ་དང་འཕྲད་དཀའ་བའི་ཚུལ་བསམ་མནོ་ཞིབ་ཏུ་ཐོང་དང་གསལ་ངེས་པ་ཅན་ཡིན་མོད༔ དེང་དུས་སྔོན་གྱི་ལས་འབྲེལ་བཟང་པོའི་སྟོབས་ཀྱིས་མི་ལུས་དམ་པ་དལ་འབྱོར་ཐོབ་པ་དང་༔ ཆོས་ཀྱི་དམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དང་འཕྲད་པའི་དུས་འདིར་ཡུན་རིང་པོའི་བར་དུ་ཚོགས་བསགས་ནས་མཐར་འཚང་རྒྱ་བར་རེ་བ་དོན་དམ་པ་རུ་མི་འཛིན་པར་ཚེ་འདིར་གྲོལ་བའི་ལམ་ཡེ་གཞི་བདེ་གཤེགས་སྙིང་པོའི་རང་ངོ་མངོན་དུ་གྱུར་ཏེ་རང་ཐོག་ཏུ་རང་ས་ཟིན་པ་ཞིག་བྱེད་དགོས་པ་ཡིན༔ དེ་མ་གཏོགས་སྐྱེ་བ་གཞན་ནས་གཞན་དུ་ཁ་བརྒྱུད་དེ་ལས་མང་པོ་བསགས་པའི་འབྲས་བུ་རྣམ་པར་གྲོལ་བའི་ས་འཐོབ་ཏུ་ཡོད་པར་བསྟན་པ་རྣམས་ནི་སེམས་ཅན་གྱི་རྒྱུད་ལ་གནས་སྐབས་ཀྱི་བདེ་འབྲས་འཇོག་པ་ཙམ་ལས་སངས་རྒྱས་པ་ནི་ཤིན་ཏུ་དཀའ་སྟེ་དྲང་དོན་ཙམ་དུ་ཟད་པ་ལ་ལྟོས་ཤིག༔ ཅེས་གསུངས་པ་ལ༔ བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས་འདི་སྐད་དུ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ད་རེས་མི་ཚེ་འདིར་སེམས་རྒྱ་བསྐྱེད་པའི་བསམ་བཟང་དང་ལུས་ངག་གི་དགེ་བ་ལ་འབད་པར་བྱ་བ་ལས༔ གསང་སྔགས་རྡོ་རྗེ་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་མ་འོངས་པའི་དུས་ཤིག་ཏུ་ཉམས་སུ་བླངས་པས་གྲོལ་བ་ཐོབ་པར་འགྱུར་སྲིད་ཀྱང་༔ ད་ལྟའི་ཚེ་འདིར་ཉམས་སུ་བླངས་པ་ཙམ་གྱིས་གྲོལ་བ་ཐོབ་དཀའ་བར་འཆད་པ་དང་༔ ཉན་རང་སོགས་སེམས་ཅན་བློ་ཆུང་རྣམས་རྡོ་རྗེ་ཐེག་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་བློར་མི་ཤོང་ཟེར་བ་བདེན་པ་ཡིན་ནམ་མིན༔ གལ་ཏེ་ཡིན་ན་ནི་སེམས་ཅན་གྱི་སེམས་ལ་བཟང་ངན་དང་ཆེ་ཆུང་ཡོད་སྲིད་དེ༔ ཐེག་པ་ཆེན་པོའི་རིགས་ཅན་དུ་བསྒྱུར་དགོས་ན་ཆུང་བ་ཆེ་རུ་འགྲོ་བས་སྐྱེ་བ་དང་༔ ཆེ་བ་བསྐྱེད་དུ་མེད་པས་ཡངས་པ་རྣམས་མཆིས་ན་རང་གི་རྒྱུད་ལ་མི་གནས་པའི་གསང་སྔགས་ཞིག་གཞན་ངོས་ནས་འབྱུང་དགོས་པར་སོང་བས་འདིའི་དོན་མ་ཤེས་ཏེ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྟོང་ཆེན་མཐའ་ཡས་ཁྱོད་དེ་ལྟར་སེམས་ན་དུས་ད་ལྟའི་ཚེ་ལུས་འདི་ལ་གསང་སྔགས་ཀྱི་སྒོ་དང་འཕྲད་དེ༔ དེ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་དང་༔ ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོ་ཞིག་ཡོད་ན་ཉམས་སུ་ལེན་པའི་དུས་ལ་བབས་པ་ཡིན་པ་ལས༔ ལས་སྐལ་དང་ལྡན་པའི་སྐྱེས་བུ་རྣམས་ལ་གསང་སྔགས་ཟབ་མོའི་སྒོ་དང་འཕྲད་ཚེ་ཡིད་ཆེས་པའི་དད་པ་བརྟན་པོ་ཐོབ་པ་ཙམ་ལས་ད་རེས་གསང་སྔགས་ཉམས་སུ་ལེན་པའི་དུས་ལ་བབས་པ་རེད་སྙམ་པའི་མངོན་ཤེས་དང་རྟགས་དང་རྟེན་འབྲེལ་གཞན་འབྱུང་རྒྱུ་ནམ་ཡང་མེད་དེ༔ མི་ལུས་ཐོབ་ནས་གསང་སྔགས་ཀྱི་ཆོས་དང་བླ་མ་འཕྲད་ཚེ་རྫོགས་ཆེན་ཉམས་སུ་ལེན་པའི་དུས་མ་ཡིན་ན༔ རྟེན་འབྲེལ་དེ་ཙམ་ལས་སྐྱེ་བ་གཞན་དུ་ཡང་འབྱུང་རྒྱུ་མེད་ངེས་པ་ཅན་ཡིན༔ ཉན་རང་དང་སོ་སྐྱེ་ལ་སོགས་པ་བློ་སེམས་ཆུང་བ་ཡང་མ་ཡིན་ཏེ༔ སྔོན་ལས་ཀྱི་དབང་གིས་གསང་སྔགས་ཀྱི་སྒོ་དང་མི་འཕྲད་པ་དང་༔ འཕྲད་ཀྱང་མི་དད་པ་དང་༔ ཡིད་མི་ཆེས་པ་དང་༔ ལེ་ལོ་དང་རྣམ་པར་གཡེང་བའི་དབང་གིས་ཉམས་སུ་མི་ལེན་པ་ལས་སེམས་ཆེ་ཆུང་གི་བྱེ་བྲག་མ་ཡིན་པའི་ངང་ཚུལ་ཤེས་པར་གྱིས་ཤིག༔ སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཆེ་ཆུང་ཡོད་པར་མ་སེམས་ཤིག༔ སེམས་བདག་འདོད་ཀྱིས་བཅིངས་པ་རྣམས་ལ་རང་དོན་དུ་མི་དམིགས་པར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སེམས་རྒྱ་ཆེར་བསྐྱེད་ན་དེའི་འབྲས་བུ་བདག་གཞན་གཉིས་སུ་མེད་པའི་དོན་མཐོང་བར་འདོམས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟ་ན་དེ་རྣམས་ཀྱིས་ཟབ་གསང་རྫོགས་པ་ཆེན་པོ་བསྒོམ་པའི་བློ་རྒྱ་བསྐྱེད་མི་ནུས་པ་ཡིན་ནམ༔ རྫོགས་པ་ཆེན་པོ་བསྒོམ་ཡང་བྱང་ཆུབ་ཀྱི་སེམས་ལོགས་ནས་བསྐྱེད་དགོས་པ་ཡིན༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་རྫོགས་པ་ཆེན་པོ་འདི་ནི་འབྲས་བུ་བླ་ན་མེད་པའི་ཐེག་པ་ཡིན་ཏེ༔ འཁོར་འདས་ཡོངས་ཁྱབ་ཀྱི་བདག་ཉིད་ཆེན་པོ་དེ་ཉིད་མངོན་དུ་བྱེད་པ་དོན་དམ་གཞིའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ༔ དེ་ཉིད་དུ་རང་ས་བཟུང་བ་ལས་གཞན་དུ་བྱ་རྩོལ་བློ་ཡིད་ཀྱིས་བཟོ་བཅོས་བྱས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཅེས་བྱ་བ་དེ་ནི་བསྐྱེད་པ་པོ་བདག་དང་བསྐྱེད་ཡུལ་སེམས་ཅན་གཞན་ལ་དམིགས་པའི་བློ་ཕུར་ཁུངས་ལྟ་བུ་ཡིན་ནོ༔ རྫོགས་པ་ཆེན་པོའི་དབྱིངས་ན་གདོད་ནས་འཁོར་འདས་དག་མཉམ་ཆེན་པོའི་རང་བཞིན་ཡིན་པའི་ངང་ཚུལ་ཀུན་མཁྱེན་ཡེ་ཤེས་ཆེན་པོས་གཞི་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་༔ ཀུན་གཟིགས་ཡེ་ཤེས་ཆེན་པོས་གཟིགས་པ་ལས་ལྷག་པའི་སེམས་བསྐྱེད་ཞིག་ཡོད་པར་འཆད་ན་ཆུ་རང་ལ་ཡོད་ཀྱང་རླན་གཞན་ནས་འཚོལ་དགོས་ཟེར་བ་དང་འདྲ་མཚུངས་ངེས་པ་ཡིན་ནོ༔ གདོད་ནས་ཡེ་གཞི་ཀ་དག་འཁོར་འདས་ཡོངས་ཁྱབ་ཀྱི་བདག་ཉིད་ཆེན་པོ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པར་མ་ཤེས་ན༔ ཕ་མས་བུ་ལ་སྙིང་རྗེ་དང་བྱམས་སེམས་བྱས་པ་ཙམ་གྱི་བསམ་བཟང་གཅིག་པུ་ནི་རྣམ་པར་རྟོག་པའི་བསམ་པ་དམིགས་བཅས་ཡིན་ཏེ༔ མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བ་ཙམ་ལས་སངས་རྒྱས་ཀྱི་ས་ལ་རེ་བ་ནི་མོ་གཤམ་གྱི་བུ་ཁྱིམ་གྱི་བདག་པོར་རེ་བ་ཙམ་དུ་ཟད་དོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གདུལ་བྱ་རྣམ་པར་གྲོལ་བའི་ལམ་ཟབ་མོ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས་བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ཐབས་དང་ཤེས་རབ་ཀྱི་སྒོ་དུ་མར་སྣང་ཡང་༔ དོན་དམ་པར་སེམས་ལ་ལམ་བྱས་ནས་ཡང་དག་པའི་ལམ་འཚོལ་བ་དང་༔ གཞི་གཏན་ལ་དབབ་ནས་ཆོས་ཉིད་རང་ལ་ལམ་བྱེད་པ་གཉིས་ཡོད་པ་ལས༔ དང་པོ་སེམས་ལ་ལམ་བྱེད་པའི་ཚུལ་ནི༔ ཐོག་མར་དམ་ཚིག་དང་ལྡན་པའི་སློབ་མ་རྣམས་ལ༔ དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་དང་༔ ཐུན་མོང་མ་ཡིན་པ་ནང་གི་སྔོན་འགྲོ་རྣམ་པ་བདུན་གྱི་སྒོ་ནས་རྒྱུད་ཐུལ་བར་བྱས་ཏེ༔ མཐར་དངོས་གཞི་ལམ་འཚོལ་བའི་རིམ་པ་ལ་འཇུག་ཚུལ་ནི་འདི་ལྟ་སྟེ༔ དང་པོ་གནས་རབ་ཏུ་དབེན་པའི་ཚལ་དུ་ཕྱིན་ནས་བླ་མ་ལ་གསོལ་བ་གདབ་ཅིང་ཐུགས་ཡིད་བསྲེས་ཏེ་ཡུན་ཅིག་བབས་ཀྱིས་བཞག༔ ཀྱཻ་སྟོང་ཆེན་མཐའ་ཡས་ཁྱོད་ཀྱི་ལུས་དང་༔ ངག་དང་༔ ཡིད་གསུམ་པོ་གཙོ་གང་གིས་ཆེ༔ བྱེད་པ་པོ་སུ་ཡིན༔ འགྱུར་བ་མེད་པའི་རང་དབང་རྒྱལ་པོ་དེ་གང་ཡིན་ང་ལ་སྨོས་ཤིག་དང་༔ གདུལ་བྱའི་དོན་ཆེན་པོ་རུ་འཆད་ཉན་དང་ཁྲིད་ཚུལ་ཇི་བཞིན་པ་གསལ་བར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལུས་ནི་སེམས་ཀྱིས་བཟོས་པ་ཡིན་ཏེ༔ ཤི་ནས་བེམ་རིག་སོ་སོར་གྱེས་ཚེ་སེམས་ལས་ཀྱི་རྗེས་སུ་འབྲངས་ནས་འཁྲུལ་ཏེ་ཡང་ལུས་སྣང་བཟུང་༔ གཞན་ཡང་ཉིན་མོའི་ལུས་དང་༔ རྨི་ལམ་གྱི་ལུས་དང་༔ ཕྱི་མའི་ལུས་རྟེན་ཐམས་ཅད་སེམས་བདག་འཛིན་གྱིས་བཟོས་ཏེ་སེམས་ལ་སྣང་བ་ཙམ་ལས་ཡོད་མ་མྱོང་བར་འཕྲལ་དུ་གནས་འགྱུར་བྱེད་པས༔ སེམས་ནི་ཀུན་བྱེད་ཀྱི་རྒྱལ་པོ་ཡིན་པས་དེ་གཙོ་ཆེ༔ སེམས་མེད་པའི་ལུས་རོ་རུ་སོང་བས་དེ་ལ་ནུས་སྟོབས་མེད་པ་དང་༔ ལུས་སེམས་སོ་སོར་གྱེས་ཚེ་བདེ་སྡུག་མྱོང་ཚོར་དང་༔ སངས་རྒྱས་ཀྱི་ས་ལ་སླེབ་པའམ༔ ཁམས་གསུམ་འཁོར་བར་འཁྱམས་ཡང་སེམས་རྣམ་པར་ཤེས་པ་ཡུལ་དུ་འཁྲུལ་པ་ལས་སྣང་བས་མཁན་པོ་དེར་ངེས་པའོ༔ ངག་ནི་སྨྲ་བརྗོད་ཀྱི་སྣང་བ་ཇི་ལྟར་ཤར་ཡང་སེམས་ལ་སྣང་བ་ཙམ་ལས་མེད༔ སེམས་རྣམ་པར་རྟོག་པས་སྨྲ་བརྗོད་ཀྱི་སྣང་བ་བཟོས་པ་ཙམ་ལས་ངག་གཞན་ན་མ་གྲུབ་པས་སེམས་གཙོ་ཆེ་བ་དང་༔ ལུས་ངག་ཡིད་གསུམ་སོ་སོར་གྱེས་པའི་ཚེ་སེམས་ཕ་རོལ་དུ་སོང་༔ ལུས་རོ་རུ་སོང་༔ ངག་ཡུལ་མེད་དུ་ཡལ་བ་དེ་ཡིན་པས་སེམས་གཙོ་ཆེ་ངེས་པ་ཡིན༔ སྒོ་གསུམ་ཐ་དད་དུ་མ་གྲུབ་པའི་ཚུལ་ནི་བསྐྱེད་རིམ་གྱི་སྐབས་སུའང་སྒོ་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རོལ་པར་སྦྱངས་པས་དེར་གནས་སུ་དག་ནས་གྲོལ་བ་ཐོབ་པ་ཡིན་ཏེ༔ ཐ་དད་པ་ཡིན་ན་སྐུ་མི་འགྱུར་བའི་རྡོ་རྗེ་དང་༔ གསུང་མི་འགགས་པའི་རྡོ་རྗེ་གཉིས་ཤུལ་དུ་ལུས་ཏེ་ཐུགས་གཞན་ཡུལ་དུ་དེངས་ནས་རྡོ་རྗེ་གསུམ་གྱི་ཚོགས་པ་གྱེས་ཚེ་ལྷ་ཤི་བ་མིན་ནམ༔ དེའི་ཕྱིར་ཐ་དད་དུ་མ་གྲུབ་པས་དུ་མ་རོ་གཅིག་ཏུ་ཐག་ཆོད་པར་གྱུར་ལགས་སོ༔ དེ་ལྟར་གསུམ་ཀ་སེམས་ལས་མེད་དེ་སེམས་གཅིག་པུ་རུ་ཐག་ཆོད་པ་ནི་མཆོག་ཏུ་ཆེ་བ་བླ་ན་མེད་པ་ཡིན་ནོ༔ ཞེས་ཞུས་སོ༔ ཡང་སྟོན་པའི་ཞལ་ནས༔ ཀུན་བྱེད་ཀྱི་རྒྱལ་པོ་ཁྱོད་ལ་གཟུགས་མཆིས་སམ་མ་མཆིས༔ གལ་ཏེ་མཆིས་ན་སྲོག་ཆགས་གང་དང་གང་གི་གཟུགས་ལྟ་བུར་ངེས༔ དེ་ལ་མིག་དང་༔ རྣ་བ་དང་༔ སྣ་དང་༔ ལྕེ་དང་༔ ཡིད་རྣམས་མཆིས་སམ་མ་མཆིས༔ གལ་ཏེ་ཡོད་ན་དེང་སང་དེ་དག་གང་དུ་མཆིས༔ གར་གནས༔ གཞན་ཡང་ཁྱོད་ལ་དབྱིབས་ཟླུམ་པོའམ༔ གྲུ་བཞི༔ ཟླ་གམ༔ གྲུ་གསུམ༔ ཟུར་མང་ལ་སོགས་པ་མཆིས་སམ་མ་མཆིས༔ ཁ་དོག་ཀྱང་དཀར་པོ༔ སེར་པོ༔ དམར་པོ༔ ལྗང་གུ༔ སྔོན་པོ༔ ཁྲ་བོ་རྣམས་ཡོད་དམ་མེད༔ ཡོད་ན་མངོན་སུམ་མིག་གིས་མཐོང་བ་དང་༔ རེག་པ་ལག་པས་བཟུང་སྟེ་ང་ལ་ངེས་པར་སྟོན་ཅིག༔ གལ་ཏེ་ཅི་ཡང་མེད་ངེས་པ་ཞིག་ཡིན་ན་ཆད་པའི་མཐར་ལྟུང་བས་ད་ལྟ་འཁོར་འདས་བདེ་སྡུག་སྣང་སེམས་ཉེར་ལེན་ཐམས་ཅད་ཆོས་ཅན༔ དེ་དོན་ང་ལ་སྨོས་ཤིག༔ ཅེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདག་ལ་གཟུགས་མ་མཆིས་པས་གཟུགས་ཀྱིས་སྟོང་༔ དེ་བཞིན་དུ་སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་མ་མཆིས་པས་དེ་དང་དེས་སྟོང་༔ དབྱིབས་དང་ཁ་དོག་གིས་སྟོང་སྟེ་སྟོང་པའོ༔ མིག་དང་༔ རྣ་བ་དང་༔ སྣ་དང་༔ ལྕེ་དང་༔ ཡིད་རྣམས་ཐམས་ཅད་ཤེས་པ་དྭངས་གསལ་ཉིད་ལས་མ་གྲུབ་པར་ངེས་པའོ༔ མེད་པ་ཆད་པ་རུ་མ་སོང་བར་འཁོར་འདས་ཀྱི་རྣམ་འགྱུར་མ་ངེས་པ་སྒྱུ་མ་མཁན་དང་སྒྱུ་མའི་འཕྲུལ་ལྟ་བུར་སྣང་བས་མཁན་པོ་གོ་མ་འགག་པ་ཙམ་དུ་ངེས་ལགས་སོ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཁྱོད་དང་པོ་བྱུང་བའི་ཁུངས་གང་ཡིན་པ་དེ་ང་ལ་སྨྲོས་ཤིག༔ ས་ལས་བྱུང་ངམ༔ ཆུ་དང་མེ་ལས་བྱུང་ངམ༔ རླུང་དང་ནམ་མཁའ་ལས་བྱུང་ངམ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གང་ལས་བྱུང་༔ བྱུང་ས་དང་བྱུང་མཁན་ལ་བརྟག་ཅིང་དཔྱོད་ཅིག༔ དེ་བཞིན་དུ་བར་དུ་གནས་པའི་ས་དང་གནས་མཁན་ལ་ཡང་བརྟག་ཅིང་དཔྱོད་ཅིག༔ སེམས་ཞེས་བྱ་བ་འདི་མགོ་བོ་ལ་གནས་ན་རྐང་པ་ལ་ཚེར་མས་བཏབ་པ་ལྟ་བུ་ལའང་ན་ཚ་ཟུག་རྔུ་འབྱུང་བའི་དོན་མ་མཆིས་པ་དང་༔ རྐང་པ་ལ་གནས་ན་མགོ་དང་ཡན་ལག་གཞན་རྣམས་བཅད་ཀྱང་ན་ཚ་སོགས་ཅི་ལ་འབྱུང་༔ ལུས་སྤྱི་ལ་གནས་ན་ཕ་རོལ་གྱི་ལུས་ཆས་དང་ཁམ་ཕོར་གནས་ཁང་དང་ནོར་རྫས་ལ་སོགས་པ་གཞན་གྱིས་ཁྱེར་བ་དང་རྐྱེན་གྱིས་འཇིག་པ་ལ་སོགས་པ་ཅི་བྱུང་ཡང་སེམས་ལ་མི་བཟོད་པའི་འགྱོད་སེམས་དང་སྡུག་བསྔལ་འབྱུང་ན་དེར་གནས་དགོས་པ་དང་༔ ནང་ལ་གནས་ན་ནང་ལས་ཕྱི་ལ་བདག་ཏུ་འཛིན་མཁན་མེད་པ་དང་༔ ཕྱི་ལ་གནས་ན་ནང་གི་ལུས་ལ་ཞེན་འཛིན་མི་འབྱུང་བ་དང་༔ དེང་སང་ལུས་ལ་གནས་པ་བདེན་ན་ལུས་དང་བྲལ་བའི་ཚེ་ཅི་ལ་གནས༔ གང་ལ་བརྟེན༔ གནས་མཁན་གྱི་ལུས་དང་བྱད་དང་༔ གནས་རྣམས་མངོན་སུམ་དུ་སྟོན་ཅིག༔ གནས་ས་གནས་མཁན་གྱི་ཡུལ་དང་བདག་པོའི་ཆེ་ཆུང་གི་ཚད་ལ་སོགས་པ་ལ་བརྟག་ཅིག༔ ལྟོས་ཤིག༔ ཡང་ཐ་མ་འགྲོ་ས་དང་འགྲོ་མཁན་ལ་བརྟག་དགོས་པས༔ སེམས་ཀུན་བྱེད་ཀྱི་མཁན་པོ་དེ་འགྲོ་བའི་ཡུལ་དང་༔ ལམ་དང་༔ སྒོ་དང་༔ ཇི་ལྟར་འགྲོ་བའི་ཚུལ་རྣམས་ལ་ལྟོས་ཤིག༔ གལ་ཏེ་འགྲོ་ས་དང་འགྲོ་མཁན་མཐོང་ན༔ འགྲོ་མཁན་གྱི་ངོ་བོའི་ཆེ་ཆུང་དང་གཟུགས་དང་དབྱིབས་ཁ་དོག་ང་ལ་སྟོན་ཅིག༔ ཅེས་གསུངས་སོ༔ སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ང་ལ་མིག་མེད༔ མིག་མ་མཆིས་པས་གཟུགས་སུ་སྣང་བ་མ་མཆིས༔ དེ་བཞིན་དུ་རྣ་བ་མེད༔ རྣ་བ་མ་མཆིས་པས་སྒྲ་རུ་སྣང་བ་མ་མཆིས༔ སྣ་མེད༔ སྣ་མ་མཆིས་པས་དྲི་རུ་སྣང་བ་མ་མཆིས༔ ལྕེ་མེད༔ ལྕེ་མ་མཆིས་པས་རོ་རུ་སྣང་བ་མ་མཆིས༔ ལུས་མེད༔ ལུས་མ་མཆིས་པས་རེག་བྱར་སྣང་བའང་མ་མཆིས་སོ༔ དེ་ལྟར་སྒོ་ལྔ་སྣང་བ་དང་བཅས་པ་མེད་པས་བྱུང་མཁན་མེད་དོ༔ བྱུང་མཁན་གྲུབ་ན་དུས་འདི་ཕན་ཆད་དུ་སེམས་ཞེས་བྱ་བ་མ་གྲུབ་ཅིང་མེད༔ འདི་ཚུན་ཆད་དུ་ཡོད་པ་འདི་ཞེས་ངོས་བཟུང་མཚན་མ་ཅན་ཡོད་དགོས་པས༔ ང་ནི་མ་བྱུང་བའི་སྟོང་པ་ཉིད་ཡིན་པས་བྱུང་བའི་ཁུངས་སྟོང་༔ བྱུང་ས་བཙལ་ནས་ནི་ང་རང་གིས་བཟོས་པ་ཡིན༔ དེ་བཞིན་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལ་སོགས་པའི་སྣང་བ་ཐམས་ཅད་བདག་འཛིན་གཅིག་པུའི་ཆོ་འཕྲུལ་ལས་གཞན་གཅིག་ཀྱང་མ་མཆིས་པས་བྱུང་མཁན་ཡུལ་མེད་དུ་ཐག་ཆོད་པ་ཡིན༔ ང་ནི་མི་གནས་པའི་སྟོང་པ་ཉིད་ཡིན་ཏེ་གནས་པའི་ས་མེད༔ ལུས་ཞེས་བྱ་བ་ཉིན་མོར་སྣང་བའི་ལུས་ལ་རྨ་དང་སྐྲང་པ་དང་ལྦ་བ་དང་ཕོལ་མིག་ལ་སོགས་པ་སྣང་ཡང་རྨི་ལམ་གྱི་ལུས་ལ་དེ་མ་གྲུབ༔ རྨི་ལམ་གྱི་ལུས་དང་ཡན་ལག་ལ་རྨ་དང་སྐྲང་པ་དང་ལྦ་བ་དང་ཕོལ་མིག་རྡོལ་བར་སྣང་ཡང་ཉིན་སྣང་ན་མ་གྲུབ༔ ཉིན་སྣང་ལ་ལུས་སྨས་པ་རྒྱལ་པོའི་ཆད་པས་གདུང་བར་སྣང་ཡང་རྨི་ལམ་གྱི་ལུས་ལ་དེ་མི་སྣང་༔ རྨི་ལམ་ན་དེ་ལྟར་བྱུང་བ་ཉིན་སྣང་གི་ལུས་ལ་མ་གྲུབ༔ དེ་བཞིན་དུ་ཕྱི་རུ་སྣང་བ་དང་ནང་དུ་འཛིན་པའི་གནས་ཡུལ་བདག་པོ་ཐམས་ཅད་ང་གཅིག་པུའི་ཆོ་འཕྲུལ་ལས་མེད་དེ༔ དེའི་ཕྱིར་ང་ཕྱི་ནང་སྣང་བ་ལ་མི་གནས༔ ཕྱི་ནང་གི་སྣང་བ་ང་ལ་མི་གནས༔ བདག་ཏུ་འཛིན་པའི་ཆོ་འཕྲུལ་སྒྱུ་མ་དང་སྒྱུ་འཕྲུལ་ལྟ་བུའོ༔ སྒྱུ་མ་མཁན་དང་སྒྱུ་འཕྲུལ་ལྟ་བུར་བསམ་བཞིན་དུ་བཟོས་པའང་མ་ཡིན་ཏེ༔ བདག་ཤར་བས་གཞན་སྣང་རང་བྱུང་དུ་ཤར་བ་ཙམ་ལས་གནས་པའི་ས་མེད་པའོ༔ འགྲོ་བའི་ཡུལ་དང་བདག་པོ་ལ་བརྟག་ཀྱང་འགྲོ་ས་འགྲོ་ཡུལ་ཐམས་ཅད་ཡུལ་མེད་དུ་སོང་བས་བདག་དང་བདག་གི་ངང་ལ་མི་འགྲོ༔ སྣང་སྲིད་ཐམས་ཅད་བདག་གི་ངང་ལས་མེད་བཞིན་དུ་སྣང་༔ ལུས་ངག་ཡིད་གསུམ་པོའང་ཡེ་ནས་སོ་སོར་མ་གྲུབ་བཞིན་དུ་སྣང་བ་རོ་གཅིག་པའི་ཚུལ༔ ཉིན་སྣང་དང་རྨི་སྣང་དང་ཕྱི་མའི་སྣང་བ་ཐམས་ཅད་ང་ལས་སྒོ་གསུམ་ཐ་དད་དུ་མ་གྲུབ་པས་འགྲོ་བའི་བདག་པོ་དང་འགྲོ་ཡུལ་མ་གྲུབ་པར་ཐག་ཆོད་པ་ཡིན་ནོ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཁྱོད་ཀྱི་སེམས་ཞེས་བྱ་བའི་ཆེ་ཆུང་གི་ཚད་ལ་བརྟག་ནས་ངོ་བོ་གཏན་ལ་ཕོབ་ལ་ངོས་ཟུངས་ཤིག༔ ཕྱིའི་ནམ་མཁའ་དང་ནང་གི་སེམས་གཉིས་ཀ་གཅིག་ཡིན་ནམ༔ སོ་སོར་ཐ་དད་ཡིན༔ གཅིག་ཡིན་ན་སེམས་ཀྱི་ངོ་བོ་ནམ་མཁའ་ཡིན་དགོས་པ་དང་༔ ཐ་དད་ཡིན་ན་རྨི་ལམ་གྱི་ནམ་མཁའ་དང་༔ ཉིན་སྣང་གི་ནམ་མཁའ་དང་༔ ཕྱི་མའི་ནམ་མཁའ་རྣམས་གཅིག་མ་ཡིན་པར་ཐ་དད་ཡིན་པར་འདོད་དགོས་ཏེ༔ ནམ་མཁའ་སྔ་མ་འགག་སྟེ་ཕྱི་མ་རྣམས་རིམ་པ་བཞིན་དུ་འབྱུང་བ་ཡིན་ན་ནམ་མཁའ་ཐམས་ཅད་འཕོ་འགྱུར་སྐྱེ་འགག་ཅན་དུ་འགྱུར་བས་དེའི་རྒྱུ་རྐྱེན་ཅི་ལས་བྱུང་བ་ཡིན་ཁོ་ཐག་ཆོད་པར་གྱིས་ཤིག༔ ཉིན་མོ་ཉི་མའི་རྐྱེན་གྱིས་ནམ་མཁའ་ནམ་ལངས་ནས་སྣང་བ་མངོན་དུ་བྱེད་པ་ཡིན་ན༔ རྨི་ལམ་དང་ཕྱི་མའི་དུས་རྣམས་སུ་སྣང་བ་མངོན་དུ་བྱེད་མཁན་ཉི་མ་ཡིན་ནམ༔ རང་སེམས་ཀྱི་འོད་གསལ་ཡིན༔ ཁ་ཙམ་མིན་པར་གཏིང་དཔོག་པར་ཐག་ཆོད་ཅིག༔ ཅེས་གསུངས་སོ༔ སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ནམ་མཁའ་ནི་བདག་གི་སེམས་ཀྱི་ངོ་བོ་ངེས་པར་གདོན་མི་ཟ་བ་ཡིན་ཏེ༔ ཉིན་སྣང་དུ་ནམ་མཁའི་ཀློང་དུ་ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ བདག་དང་༔ གཞན་དང་༔ གཟུགས་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་རྣམ་པར་མཆེད་དེ་སེམས་རྣམ་པར་རྟོགས་པས་ཉེ་བར་ལེན་པ་དང་༔ རྨི་སྣང་ནའང་སེམས་ཀྱི་གཞི་ནམ་མཁའ་རུ་སྣང་ནས་དེ་བཞིན་སྣོད་བཅུད་འདོད་ཡོན་ཐམས་ཅད་སྔར་བཞིན་དུ་ཡང་མཆེད་པ་དང་༔ ཚེ་ཕྱི་མར་ཡང་སེམས་ཀྱི་ངོ་བོ་ནམ་མཁར་སྣང་བའི་ཀློང་དུ་སྣོད་བཅུད་འདོད་ཡོན་ཐམས་ཅད་གོང་བཞིན་སྣང་ནས་ཉེ་བར་ལེན་ཅིང་ཡང་ནས་ཡང་དུ་འཁྲུལ་པ་ཡིན༔ དེའི་ཕྱིར་ནམ་མཁའ་དང་བདག་གཞན་འདོད་ཡོན་ཐམས་ཅད་རོ་གཅིག་ཅིང་ཐ་དད་པ་མ་ཡིན་པར་ཐག་ཆོད༔ སྣང་བ་མངོན་དུ་བྱེད་མཁན་ཡང་ནམ་མཁའ་གསལ་ཆ་ཉིད་ལས་གཞན་མ་ཡིན༔ སེམས་གཞིའི་ངོ་བོ་ནམ་མཁའ་ཉིད་ཡིན་ཏེ༔ ཡིད་ཡེ་གནས་ཀྱི་ཤེས་པ་དྭངས་གསལ་གྱི་དབྱིངས་སུ་སྣ་ཚོགས་སྣང་བ་ནི་དཔེར་ན་མེ་ལོང་དང་ཆུ་དྭངས་གསལ་གྱི་ནང་དུ་གཟུགས་བརྙན་དང་གཟའ་སྐར་མཆེད་པ་བཞིན་དུ་སྣང་བ་མཆེད་པ་ཡིན༔ ཤེས་པ་དྭངས་གསལ་དབུ་མ་ནམ་མཁའ་སྟོང་ཁྱབ་ཀྱི་དབྱིངས་སུ་ཞུགས་ནས་ཁ་ནང་ལྟ་རུ་སོང་ཚེ་སྣང་སེམས་ཐམས་ཅད་མི་མངོན་པར་སྟོང་ཁྱབ་ལུང་མ་བསྟན་དུ་འབྱམས་ཀླས་པ་ཡིན་ཏེ༔ གཞི་དབྱིངས་ངོ་བོ་སྟོང་ཁྱབ་ཆེན་པོ་བདག་འཛིན་གྱི་དབང་གིས་སེམས་དང་སེམས་བྱུང་དུ་ཤར་བ་ཡིན་པར་ཐག་ཆོད་པ་ཡིན༔ ནམ་མཁའ་གཞན་མ་ཡིན་ཅིང་གསལ་ཆ་གཞན་མ་ཡིན་པར་སེམས་ཉིད་དྭངས་གསལ་གྱི་བདག་ཉིད་རྐྱེན་གྱི་དབང་གིས་བདག་གཞན་དུ་སོང་བ་ཡིན༔ སེམས་རང་ལ་ལམ་བྱས་ནས་དབང་པོ་རབ་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་འགྱུར་བ་དང་༔ འཁོར་འདས་འུབ་ཆུབ་ཀྱི་ལྟ་བ་རྟོགས་ཏེ་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་གྲོལ་བ་ཐོབ་པ་དང་༔ འབྲིང་གཟུགས་མེད་ཀྱི་ཁམས་སུ་བརྟན་པ་ཐོབ་པ་དང་༔ ཐ་མ་གཟུགས་ཁམས་སུ་བདེ་བ་ཉམས་སུ་མྱོང་བ་དང་༔ དབང་ཐ་འདོད་ཁམས་སུ་དགའ་བདེར་སྣང་བའི་ལམ་གྱི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་སེམས་འདི་དང་པོ་ཕྱིའི་ནམ་མཁའ་ལ་བསྲེས་ཏེ་ཞག་བདུན་དུ་མཉམ་པར་ཞོག༔ ཡང་རྡོ་དང་ཤིང་བུ་དང་སྐུ་གཟུགས་དང་ཡི་གེ་གང་ཡང་རུང་བ་ལ་སེམས་བཟུང་སྟེ་ཞག་བདུན་དུ་མཉམ་པར་བཞག༔ ཡང་རང་གི་སྙིང་གར་འོད་ལྔའི་ཐིག་ལེ་གསལ་འཚེར་ཞིག་བསྒོམ་ནས་དེ་ལ་སེམས་བཟུང་སྟེ་ཞག་བདུན་དུ་མཉམ་པར་བཞག་པས་འགའ་ཞིག་ལ་སེམས་བདེ་ཀྱི་ལེ༔ གསལ་སང་ངེ་༔ སྟོང་ཧད་དེ་བར་གནས་ཤིང་རྣམ་པར་རྟོག་པ་གང་ཡང་མེད་པར་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུར་འཆར་བ་ནི་མཚན་མ་ཅན་གྱི་ཞི་གནས་ཞེས་བྱ་བ་ཡིན༔ འགའ་ཞིག་སེམས་རྣམ་པར་རྟོག་པ་ཧ་ཅང་རྒོད་དྲག་པས་མི་ནོན་པ་དང་༔ སྙིང་དང་སྲོག་རྩ་ལ་སོགས་པ་ལ་མི་བདེ་བའི་ནད་དང་ཟུག་རྔུ་འབྱུང་བ་དང་༔ འགའ་ཞིག་ལ་བརྒྱལ་བ་རྨུགས་འཐིབས་འབྱུང་བ་སོགས་ནི་བློ་རྒྱུད་མི་བརྟན་པ་རླུང་ཁམས་པ་དང་བློ་རྩིང་པོ་རྣམ་ལ་མ་ངེས་པར་འབྱུང་བ་ཡིན༔ དེའི་ཚེ་རྣམ་པར་རྟོག་པ་རང་ཀར་ལྷོད་ཅིང་༔ མ་བརྗེད་པའི་དྲན་པ་དང་༔ ལྐོག་ཏུ་མ་གྱུར་པའི་ཤེས་བཞིན་གྱིས་བལྟ་ཞིང་སྐྱོང་སྟེ༔ ཅི་ཡང་མི་སེམས་པར་གནས་པ་ལ་ངོ་བོའི་ངང་དུ་གནས་པ་ཞེས་བྱ་བ་དང་༔ རྣམ་པར་རྟོག་པ་སྣ་ཚོགས་འགྱུ་ཞིང་ཤར་བ་ལ་འགྱུ་བ་ཞེས་པ་དང་༔ རྣམ་པར་རྟོག་པ་གང་ཤར་ལྐོག་གྱུར་དུ་མ་སོང་བར་དྲན་ཤེས་ཀྱིས་རིག་པ་ལ་རིག་པ་ཞེས་ངོ་སྤྲད་དེ༔ ད་ངོ་བོའི་ངང་དུ་གནས་པ་ཡུན་བསྲིང་བའི་ཆེད་དུ་འགྱུ་བ་ལ་ལྟོས་ལ་ལུས་དྲང་པོར་བསྲང་དྲན་པ་མངོན་དུ་ཞོག་ལ་ལྟོས་ཤིག༔ ཅེས་བརྗོད་དེ་དེ་ལྟར་ཉམས་སུ་བླངས་པའི་ཚེ་ན་འགྱུ་རྟོག་ཐམས་ཅད་བཀག་པ་ཡང་མ་ཡིན༔ རང་ཁར་ཤར་བ་ཡང་མ་ཡིན་པར་དྲན་རིག་གིས་མངོན་དུ་བྱས་པ་ཡིན༔ དེ་ལ་ཐུན་དང་ཐུན་མཚམས་ཐམས་ཅད་དུ་བར་མ་ཆད་པར་བརྩོན་པས་མཐར་རྣམ་རྟོག་ཕྲ་རགས་ཐམས་ཅད་ངོ་བོ་སྟོང་པའི་དབྱིངས་སུ་ཞི་ནས་མི་གཡོ་བའི་ངང་ལ་གནས་ཤིང་བརྟན་པར་འགྱུར་ཏེ༔ བདེ་བ་མེ་དྲོད་ལྟ་བུ་དང་༔ གསལ་སྣང་ནམ་ལངས་པ་ལྟ་བུ་དང་༔ མི་རྟོག་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུ་མྱོང་ཞེན་ཅན་ཡིད་ལ་འབྲལ་མི་ཕོད་པ་ཡིད་ཆེས་ཤིང་མངོན་ཞེན་བསླང་བར་བྱེད་པ་ཞིག་འཆར་སྟེ༔ བདེ་བ་ལ་གོལ་ན་འདོད་ཁམས༔ གསལ་བ་ལ་གོལ་ན་གཟུགས་ཁམས༔ མི་རྟོག་པར་གོལ་ན་སྲིད་པའི་རྩེ་མོར་འཕེན་པས་ལམ་ལ་འཇུག་པའི་སྐྱེས་བུ་རྣམས་ཀྱི་ལམ་རྟགས་སུ་མེད་ཐབས་ཀྱང་མེད་དེ་རྟག་ཏུ་གོལ་མི་རུང་བའི་གནས་སུ་ཤེས་པར་བྱའོ༔ དེ་ལ་ཡང་ལམ་གྱི་ཞི་གནས་རང་ཀ་མ་ཞེས་བྱ་སྟེ༔ དེ་ལ་ཡུན་རིང་པོར་བརྟན་པ་ཐོབ་ན་སེམས་རྒྱུད་ལ་བརྟན་པ་ཐོབ་པའི་གནད་ཡོད་ཀྱང་༔ སྙིགས་མའི་དུས་འདིར་སེམས་ཅན་དམུ་རྒོད་ལ་ཡུན་ཐུང་ཙམ་ལས་བརྟན་ཐོབ་ཅན་འབྱུང་བ་ཤིན་ཏུ་དཀོན་པ་ཡིན་པས་ཤེས་པར་གྱིས་ཤིག༔ འདིའི་དུས་འགའ་ཞིག་ལ་ལྷག་པའི་ལྷ་ཤར་ནས་དེར་སེམས་གནས་པ་དང་༔ འགའ་ཞིག་ལ་ཞིང་ཁམས་ཀྱི་བཀོད་པ་སྣང་ནས་དེར་བརྟན་ཅིང་གནས་པ་དང་༔ འགའ་ཞིག་ལ་བདེ་གསལ་མི་རྟོག་པ་གང་ཡང་རུང་བ་ཁྱད་པར་བ་བྱུང་ནས་དེར་གནས་པ་དང་༔ འགའ་ཞིག་ལ་བླ་མ་དང་འཇའ་དང་འོད་དང་ཐིག་ལེའི་སྣང་བ་ཤར་བས་དེར་གནས་པ་སོགས་གང་ཟག་རང་རང་གི་རྩ་ཁམས་ཀྱི་བྱེད་ལས་ཀྱིས་མཐའ་གཅིག་ཏུ་ངེས་པ་མེད་པའང་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་བཅོམ་ལྡན་འདས་ཉམས་སུ་བླངས་པས་ཉམས་རྟོགས་ཇི་ལྟར་སྐྱེ་བའི་ཚུལ་རྣམས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་སྔོན་རྒྱུད་ལུང་མན་ངག་ཐམས་ཅད་དུ་རིག་པ་རྗེན་ལ་ཕྱུངས་ནས་བསྟན་པ་ལས་ཉམས་ཀྱི་རྟགས་འབྱུང་ཚུལ་ཙམ་ལས་མི་སྟོན་པ་ནི་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས་ཉམས་ཀྱི་མྱོང་བའང་བསམ་གྱིས་མི་ཁྱབ་པ་ཡོད་པས་མཐའ་གཅིག་ཏུ་མ་ངེས་པ་ལ་དགོངས་ནས་སྤྱི་མཐུན་དུ་དེ་ཙམ་ལས་མ་གསུངས་པ་ཡིན་པས་ཤེས་པར་གྱིས་ཤིག༔ འདི་ལ་ཉམས་ཀྱི་འཆར་སྒོ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་མ་ངེས་པར་འཆར་བ་ནི་བརྗོད་ཀྱིས་མི་ལངས་ཏེ༔ སློབ་དཔོན་ཉམས་མྱོང་ཆེ་ཞིང་ས་ལམ་གྱི་ལོ་རྒྱུས་ཤེས་པ་མངོན་པར་ཤེས་པ་དང་ལྡན་པ་རྣམས་ཀྱིས་ཤེས་རབ་ཆེན་པོའི་སྟོབས་ཤུགས་ཀྱིས་མཁྱེན་ཅིང་གསལ་བ་ཡིན༔ ཡང་ན་རྣམ་པར་སྨིན་པའི་རིག་འཛིན་དང༔ ཚེ་ལ་དབང་བའི་རིག་འཛིན་ཡན་ཆད་ཀྱིས་ཉམས་ཀྱི་འབྱུང་ཚུལ་ལ་རྒྱུས་མེད་ཀྱང་ཐད་ཀར་མངོན་པར་ཤེས་པས་མཁྱེན་པ་དང་༔ མིན་ཀྱང་ཁྲིད་ཀྱི་སྡེབ་ཁ་བསྒྱུར་ཏེ་དགོངས་པ་གཏད་པས་ཉམས་ལས་གྲོལ་ནུས་ཏེ༔ དཔེར་ན་ཏིང་འཛིན་གྲུབ་པའི་ལྷ་དང་དྲང་སྲོང་བྲམ་ཟེ་ཨ་ཙཱཪྻ་སོགས་ཀྱིས་ཡིག་འབྲུ་འགའ་རེ་ཡིད་ལ་བྱས་ཏེ་ཏིང་འཛིན་བསྒོམ་པས་ལས་གང་གི་ཕྱིར་བསྒོམ་ཀྱང་ཕྱིས་དེའི་ཕྱིར་བཟླས་པས་ལས་དེ་འགྲུབ་པ་དང་༔ ནད་གང་གི་ཕྱིར་དམིགས་ཀྱང་ཕྱིས་སྐྱེ་བོ་ཕོ་མོ་དག་གིས་ནད་དེའི་ཕྱིར་བཟླས་པས་ཕན་ཐོགས་པ་ལྟར༔ རིག་པ་འཛིན་པ་རྣམས་ཀྱིས་ནད་ཐམས་ཅད་ཉམས་སུ་ངོ་སྤྲོད་པའམ༔ དེའི་ཕྱིར་བསྒོམ་བཟླས་ཀྱི་ཐབས་བསྟན་པས་སྔོན་ལས་བཟློག་ཐབས་མེད་པ་རེས་འགའ་ཙམ་མ་གཏོགས་སེལ་བར་འགྱུར་ན་རྣལ་འབྱོར་པའི་ཉམས་ལམ་དུ་སློང་བ་ལྟ་ཅི་སྨོས༔ དེ་དག་གང་ཡང་མ་ཡིན་པར་སློབ་མ་ལ་ཁྲིད་འདེབས་པའི་སློབ་དཔོན་བླུན་པོ་དག་གིས་གང་ཟག་གཅིག་གི་རྒྱུད་ལ་ཉམས་ཐམས་ཅད་འབྱུང་བར་འདོད་ན་རང་གཞན་གཉིས་ཀ་མགོ་འཁོར་ནས་སློབ་མའི་སྲོག་གི་བདུད་དུ་བབས་པ་ཡིན༔ ཅིའི་ཕྱིར་ན་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་༔ ནང་སློང་ལུས་ཀྱི་ན་ཚ་སྣ་ཚོགས་དང་༔ གསང་སློང་སེམས་ཀྱི་བདེ་སྡུག་སོགས་ཉམས་མ་ངེས་པར་འབྱུང་སྲིད་དེ༔ སློབ་དཔོན་བླུན་ཅིང་རྨོངས་པ་རྣམས་ཀྱིས་ཉམས་སློང་བའི་རྒྱུ་སེམས་ཁྲིད་འཆད་ཅིང་༔ ཉམས་བྱུང་ན་ཉམས་ངོ་མི་ཤེས་པར་ཉམས་ནད་དུ་བཟུང་༔ རྒྱབ་བརྟེན་འདྲེ་རུ་གོལ༔ དོགས་པ་འཆི་བ་ལ་བྱ༔ བློ་གཏད་མོ་རྩིས་སྨན་དཔྱད་ལ་བྱེད་དགོས་པ་བྱུང་ཚེ༔ དེ་དག་ཏུའང་འདྲེ་གདོན་གནོད་བྱེད་ཀྱི་ངོ་ཤར་བས༔ ལས་ཀ་རིམ་གྲོ་དང་ཐབས་སྣ་ཚོགས་ལ་བརྩོན་སྲིད་དེ༔ ལས་ཅི་བྱས་ཀྱང་གནོད་པར་འགྲོ་བ་ལས་ཕན་པ་ཏིལ་འབྲུ་ཙམ་མི་འབྱུང་ཞིང་མཐར་འཆི་བ་ལས་འོས་མེད་པས་སྲོག་གཅོད་ཀྱི་དུག་ཁོང་དུ་བླུད་པ་ལྟར་གྱུར་ན་སློབ་མའི་བདུད་དུ་འབབ་པ་དེ་ཉིད་ཡིན༔ འདིའི་དོན་ཞིབ་ཏུ་དཔྱོད་ལ་ཐབས་མཁས་པར་གྱིས་ཤིག༔ ད་ལྷག་མཐོང་ལ་སོགས་པ་མིང་གི་བྱེ་བྲག་དུ་མས་སྒོམ་ངོ་སྤྲོད་ཕྱིར་ལམ་གྱི་རིམ་པ་མང་པོར་བཤད་པ་ཡོད་ཀྱང་༔ འདིར་རང་ལམ་ལ་དྲན་པ་ཕྱུགས་རྫི་ལྟ་བུ་དང་༔ རྣམ་པར་རྟོག་པ་ཕྱུགས་ལྟ་བུར་མངོན་དུ་བཞག་སྟེ༔ ཧྲིག་ཧྲིག་དང་ལྷག་ལྷག་ཏུ་མངོན་ཅིང་རེ་དོགས་དགའ་སྡུག་གི་སྣང་བ་སྣ་ཚོགས་པར་མཆེད་པར་འབྱུང་བ་ལ་འཇུར་བུའི་དྲན་པ་ཞེས་བརྗོད་པ་ཡིན༔ ལར་ཤར་རིག་ལམ་དུ་བྱེད་པ་རྣམས་ལ་རང་རང་གི་ལམ་རྟགས་སུ་རེས་འགའ་འགྱུ་རྟོག་གང་ཤར་ཐམས་ཅད་རི་གཟར་གྱི་རྦབ་རྡོ་ཕོག་པའི་ས་ལ་དོང་དང་བཤིག་རལ་ཆེན་པོ་འབྱུང་བ་བཞིན་དུ་སྒོ་གསུམ་གྱི་སྟེང་དུ་ཕུང་ཁྲོལ་ཆེན་པོ་བྱས་པའི་སྣང་བ་དང་༔ རྣམ་པར་རྟོག་པ་ཤར་ཚད་ཐམས་ཅད་ཀྱིས་སྙིང་ལ་མི་བདེ་བའི་ཟུག་རྔུ་ཆེན་པོ་མཚོན་རྩེ་བཙུག་པ་ལྟ་བུ་གནོད་པར་འཆར་བ་དང་༔ གནས་དགའ་འགྱུ་སྡུག་གི་སྣང་བ་དགའ་ཡ་ལེ་བ་དང་༔ བདེ་ཀྱི་ལེ་བ་དང་༔ སྣང་བ་ཐམས་ཅད་རྡུལ་གྱི་རྣམ་པར་སྣང་བའི་ཁ་དོག་གསལ་ལམ་བྱེད་པར་སྣང་བ་དང་༔ མགོའི་སྐྲ་རྩེ་མན་ཆད་ནས་རྐང་པའི་སེན་རྩེ་ཡན་ཆད་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ན་ཚ་སོ་ཟིན་མེད་པར་འབྱུང་རེས་བྱེད་པ་དང་༔ ཡང་ན་ནི་ནད་ངེས་པ་ཅན་རླུང་མཁྲིས་བད་ཀན་ལ་སོགས་པ་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་གང་རུང་གི་རྣམ་པས་ཟུག་རྔུ་སྣ་ཚོགས་ཀྱིས་གདུང་བས་བཟའ་བཏུང་ཡང་གནོད་པའི་སྣང་བ་དང་༔ མི་སོགས་གཞན་ལ་ཐུག་འཕྲད་དང་༔ ཁྱིམ་བགྲོད་ཁྲོམ་ཚོགས་ལ་སོགས་པས་གནོད་པའི་སྣང་བ་སྣ་ཚོགས་ཀྱིས་ན་ཚ་མ་ངེས་པར་འབྱུང་སྲིད་དེ་སྨན་དཔྱད་མོ་རྩིས་ལ་རེ་དགོས་པའི་དུས་འབྱུང་བ་དང་༔ སེམས་ཀྱི་ཐོག་ཏུ་སྡུག་བསྔལ་བཟོད་གླག་མེད་པ་སྙིང་གས་འགྲོ་བ་ཡིན་ནམ་སྙམ་པ་དང་༔ མཚན་མོ་གཉིད་མི་འབྱུང་བ་དང་༔ གལ་ཏེ་འབྱུང་ཡང་ནད་ཚབ་ཆེན་པོས་བཏབ་པའི་ནད་པ་ལྟར་གཉིད་མི་ཟིན་པ་དང་༔ སད་པའི་དུས་ཡང་རྨངས་པོ་གཅེས་ཕྲུག་དང་བྲལ་བའི་སྙིང་སྡུག་ལྟ་བུས་སེམས་རྒྱུད་གང་སྟེ་སྡུག་བསྔལ་ཉམས་སུ་མྱོང་བ་དང་༔ ད་དུང་བདག་ལ་ཁོ་ཐག་ཆོད་པའི་གོ་རྒྱུའམ་རིག་རྒྱུ་ཞིག་ཡོད་སྙམ་ནས་སྐོམ་པ་ཆུ་ལ་གདུང་བ་ལྟ་བུ་འབྱུང་བ་དང་༔ ཉོན་མོངས་པ་དུག་ལྔའི་རྟོག་པ་ཐམས་ཅད་རེས་མོས་སུ་འབྱུང་ཞིང་༔ བཟོད་གླག་མེད་པར་རྗེས་སུ་འབྲང་དགོས་པའང་ཡོད༔ སྐད་འགག་པ་དང་༔ དབུགས་མི་བདེ་བ་ལ་སོགས་པའི་ཉམས་ཀྱི་མྱོང་བ་སྣ་ཚོགས་མ་ངེས་པ་འབྱུང་བར་སྲིད༔ སེམས་ཀྱི་རྩལ་རྣམ་པར་རྟོག་པ་ཐམས་ཅད་བདེ་སྡུག་གང་སྣང་དེ་རུ་ཉམས་པས་ཉམས་ཞེས་བྱ་སྟེ་བརྗོད་མེད་དུ་གནས་པ་ཡིན༔ བདེ་སྡུག་གང་སྣང་ཐམས་ཅད་བརྗེད་པ་དང་ཡལ་བ་དུས་མཉམ་དུ་འབྱུང་བ་ཡིན༔ ཕྱི་འབྱུང་བའི་སྒྲ་དང་གཟུགས་མཐོང་ཚད་ཀྱི་བཞིན་ལའང་ང་ལ་གོ་རྒྱུའམ་ཤེས་རྒྱུ་ཡོད་སྙམ་པ་དང་༔ བྱ་དང་བྱིའུའི་སྐད་སོགས་མཐོང་ཚོར་ཐམས་ཅད་ང་ལ་རྟགས་དང་རྟེན་འབྲེལ་དུ་གོ་རྒྱུའམ་ཤེས་རྒྱུ་ཞིག་རེད་སྙམ་ནས་བསམ་མནོ་སྣ་ཚོགས་བྱེད་དགོས་པ་དང་༔ ཡང་ཕ་རོལ་གྱི་མི་ཁྱི་བྱ་ལ་སོགས་པའི་སྐད་སྒྲ་ཐམས་ཅད་སྙིང་ལ་ཚེར་མས་བཏབ་པ་ལྟ་བུར་སྣང་བ་དང་༔ གཞན་གྱི་གཏམ་ཚིག་ལབ་པ་ཐམས་ཅད་རང་ལ་གཤེ་ཞིང་གོལ་བར་སྣང་བས་ཁོང་ཁྲོ་བཟོད་མེད་དུ་སྐྱེ་བ་དང་༔ གཞན་དག་གིས་བྲེ་མོ་དང་གད་མོ་བྱེད་པ་ཐོས་པ་དང་མཐོང་ཡང་དེ་ལ་མི་དགའ་ཞིང་རང་ལ་གཤེ་སྐུར་དུ་སྣང་ནས་ཚིག་ངན་སྨྲ་བ་དང་༔ རང་གི་སྡུག་བསྔལ་ཉམས་སུ་མྱོང་བའི་དབང་གིས་གཞན་དག་མཐོང་ཚེ་དེ་རྣམས་ཀྱི་བདེ་སྐྱིད་ལ་ཡིད་སྨོན་བྱེད་དགོས་པ་འབྱུང་བ་དང་༔ དོགས་པ་རྒྱུན་མི་ཆད་པས་རྒྱུད་གང་ནས་མཚོན་དང་གྲོགས་ལའང་སྐྲག་ཅིང་འཇིགས་སྣང་འཆར་བ་སོགས་སྣང་བ་ཐམས་ཅད་རེ་དོགས་སྣ་ཚོགས་ངེས་པ་མེད་པར་འཆར་བ་ཡིན༔ འདི་དུས་དོ་ནུབ་མལ་དུ་ཞུགས་ཚེ་སང་གི་ཉིན་མོ་མི་གཞན་འོང་བར་སྣང་བ་དེའི་བྱད་དང་གཟུགས་དང་ཤེས་རྒྱུད་དང་གཏམ་བརྗོད་དང་འདྲེ་ལ་སོགས་པ་མཐོང་བའི་སྣང་བ་ཤར་ནས་དེར་འཇིགས་སྐྲག་དང་ཁོང་ཁྲོ་ཆགས་སྡང་གི་ཞེན་པ་དབང་མེད་དུ་སྐྱེས་ཏེ་གཉིད་མི་འབྱུང་བ་དང་༔ རེས་འགའ་ནི་བླ་མ་ལ་མོས་གུས་དང་༔ དཀོན་མཆོག་ལ་དད་མོས༔ འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་སེམས་ཅན་ལ་སྙིང་རྗེ་དྲག་པོ་མིག་ནས་མཆི་མ་ཐོར་ཐོར་དུ་འཆོར་བ་ཡང་འབྱུང་༔ རེས་འགའ་ནི་སྡུག་བསྔལ་ཐམས་ཅད་ཡུལ་མེད་དུ་སོང་ནས་ནམ་མཁའ་གཡའ་དག་པ་ལྟ་བུར་ཤེས་རྒྱུད་དྭངས་ཤིང་དགའ་བདེས་གང་བའང་འབྱུང་སྲིད༔ རྩུབ་ཉམས་དྭངས་པའི་སྔ་ཐོག་ཏུ་ལྷའམ་འདྲེ་གང་ཡང་རུང་བས་མགོ་དང་ཡན་ལག་དོན་སྙིང་མངོན་སུམ་དུ་ཁྱེར་བའི་ཤུལ་དུ་རླངས་པ་ཕྱུ་རུ་རུ་ཐོན་པ་དངོས་སམ་ཉམས་སམ་རྨི་ལམ་ལ་སྣང་བའི་རྗེས་སུ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཡུལ་མེད་དུ་སོང་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་སྣང་བ་དགའ་བདེ་ཡལ་ལེ་བ་འབྱུང་༔ འདིའི་ཁོངས་སུ་དྲན་པ་རྣམ་པ་བཞི་དང་བདེ་རྩུབ་ཀྱི་ཉམས་མ་ངེས་པར་འབྱུང་སྲིད་དེ༔ མཐའ་གཅིག་ཏུ་མ་ངེས་པའི་ཚུལ་རྣམས་ཇི་ལྟ་བ་བཞིན་དུ་ལམ་འདི་འཆད་པའི་བཤེས་གཉེན་རྣམས་ཀྱིས་ཤེས་ཤིང་རྟོགས་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ མེ་ཁམས་པ་ལ་བདེ་ཉམས་ཤས་ཆེ་བ་དང་༔ ས་ཁམས་པ་ལ་འཐིབས་ཉམས་ཤས་ཆེ་བ་དང་༔ ཆུ་ཁམས་པ་ལ་གསལ་ཉམས་དང་༔ རླུང་ཁམས་པ་ལ་རྩུབ་ཉམས་དང་༔ ནམ་མཁའི་ཁམས་ལ་སྟོང་ཉམས་ཤས་ཆེ་བ་ཡིན་ནོ༔ ཉམས་ཀྱི་བདེ་རྩུབ་ཐམས་ཅད་དབྱིངས་སུ་ནུབ་པའི་རྗེས་སུ་རྣམ་པར་རྟོག་པ་ལ་བཟོ་བཅོས་མི་དགོས་པར་རང་བབས་སུ་བཞག་པས་གང་ཤར་ཐམས་ཅད་ཕན་མེད་གནོད་མེད་དུ་སོང་ནས་དེར་གནས་ཤིང་༔ བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་བ་དང་ལྷར་སྣང་འདྲེར་སྣང་མངོན་ཤེས་ཕྲ་མོ་འབྱུང་བའང་ཡོད༔ རྩ་ཁམས་ཀྱི་བྱེད་ལས་ཐ་དད་དུ་ཡོད་པས་མངོན་ཤེས་དང་གསལ་སྣང་མི་འབྱུང་བ་ཤས་ཆེ་བ་རླུང་ཁམས་དང་ས་ཁམས་པའི་བྱེད་ལས་སོ༔ མངོན་ཤེས་མཐོང་སྣང་ནི་མེ་ཁམས་པ་དང་ཆུ་ཁམས་པ་ལ་ལྷག་པར་འབྱུང་བར་འགྱུར་རོ༔ ད་ས་མཚམས་ཀྱི་རིམ་པ་མིང་གིས་ཐ་དད་དུ་དབྱེ་ན༔ འགྱུ་དྲན་གཉིས་ཀ་གཅིག་ཏུ་འདྲེས་ཏེ་དྲན་པ་རྩེ་གཅིག་ཏུ་ལྷག་པར་མཐོང་བ་ལ་ལྷག་མཐོང་ཞེས་བྱ་སྟེ༔ འདི་དུས་ཡང་གནས་ཉམས་ཤས་ཆེ་ན་ཞི་ལྷག་ཟུང་འབྲེལ་ཞེས་བརྗོད་དོ༔ ལྷག་པར་ཇི་ལྟར་མཐོང་ཞེ་ན་སྔར་ཤིན་ཏུ་འབད་རྩོལ་གྱིས་བལྟས་ཀྱང་འོག་འགྱུ་དང་བྱིང་རྨུག་གིས་བསྒྲིབས་ནས་མཐོང་དཀའ་བ་ལ༔ འདིར་འབད་རྩོལ་ཆེན་པོ་མ་བྱས་ཀྱང་རྣམ་པར་རྟོག་པ་གང་ཤར་མངོན་དུ་གྱུར་ཏེ་ལྷག་པར་མཐོང་བ་ཡིན༔ འདིའི་ཉམས་སྣང་གི་རྣལ་འབྱོར་པ་འགའ་ཞིག་ལ་གར་བལྟས་གང་ཤར་ཐམས་ཅད་སྐུ་དང་ཐིག་ལེར་ཤིག་ཤིག་ཏུ་སྣང་༔ འགའ་ཞིག་ལ་ཡིག་འབྲུ་མི་འདྲ་བ་སྣ་ཚོགས་དང་༔ འོད་སྣ་ཚོགས་དང་༔ གཟུགས་འདྲ་མིན་སྣ་ཚོགས་པ་མ་ངེས་པར་འཆར་རོ༔ འགའ་ཞིག་ལ་ཞིང་ཁམས་དང་༔ ཡུལ་ངོ་ཤེས་པ་དང་༔ སྲོག་ཆགས་ངོ་མི་ཤེས་པ་སྣ་ཚོགས་ཀྱིས་གླུ་དང་མགུར་མ་གཏམ་བརྗོད་བྱེད་པ་དང་༔ དཔའ་བོ་དང་མཁའ་འགྲོ་མང་པོས་གར་བྱེད་ཅིང་རྣམ་འགྱུར་སྣ་ཚོགས་མ་ངེས་པར་སྟོན་པ་དང་༔ འགའ་ཞིག་ལ་མཐོང་ཚོར་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་བརྡ་དང་རྟེན་འབྲེལ་དུ་སྟོན་པའི་སྣང་བ་མ་ངེས་པར་འཆར་རོ༔ འགའ་ཞིག་ལ་གཟུགས་ཡོད་དང་གཟུགས་མེད་མང་པོ་མངོན་ཤེས་ཀྱིས་མཐོང་བའི་སྣང་བ་འཆར་རོ༔ དེར་རབ་ཏུ་གོམས་པའི་མཐར་བདེ་སྡུག་གི་ཉམས་མ་ངེས་པ་ཞིག་ལ་རྐྱེན་བྱས་ནས་དྲན་པ་དང་རྣམ་པར་རྟོག་པ་གཉིས་ཀ་གཅིག་ཏུ་འདྲེས་ནས་གང་ཤར་ཐམས་ཅད་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་ཕྱིའི་ཡུལ་ལ་དུམ་བུར་འཕྲོས་ནས་རང་ཡལ་དུ་འགྲོ་བར་སྣང་བས་རང་གྲོལ་དང་༔ ཤར་རིག་དུས་མཉམ་དུ་སོང་བས་རིག་པ་ཙམ་ནས་གྲོལ་བར་སྣང་བ་ཤར་གྲོལ་དུས་མཉམ་དང་༔ རང་ཀློང་ལས་ཤར་ཙམ་ནས་རང་ཀློང་དུ་གྲོལ་བ་མཁའ་ལས་གློག་འཁྱུག་པ་མཁའ་ཀློང་དུ་གྲོལ་བ་ལྟ་བུར་ཁ་ནང་ལྟ་རུ་སྣང་བས་ཀློང་གྲོལ་ཞེས་པ་སྟེ༔ འདི་དག་ཐམས་ཅད་དོན་ལ་དྲན་པ་དང་ཤར་བ་གཅིག་ཏུ་འདྲེས་ཏེ་རྩེ་གཅིག་ཏུ་གྱུར་པ་ཡིན༔ དེ་ལྟར་ཉམས་ཀྱི་སྣང་བ་བདེ་སྡུག་ཐམས་ཅད་དབྱིངས་སུ་སངས་པའི་རྗེས་སུ་ཤེས་པ་དྭངས་སང་ངེ་བའི་ངང་དུ་རང་སར་བཞག་པས་དྲན་བསམ་གང་ཤར་ཐམས་ཅད་མྱོང་ཞེན་བཟོ་བཅོས་རྩིས་གདབ་མེད་པར་ཤུགས་འབྱུང་གི་ངང་དུ་ཡན་པས་མངོན་དུ་གྱུར་པ་ལ་འཇུར་དྲན་གྱི་རྣམ་པར་རྟོག་པ་ལྟར་གསལ་གསལ་ཧྲིག་ཧྲིག་གི་འཛིན་རྩོལ་རང་ཞིག་པས་བློ་ཡིད་མི་ཚིམ་པར་ཡིད་ཡུལ་དུ་འབད་རྩོལ་བྱེད་དགོས་པ་དང་༔ མ་ཚང་བ་དང་༔ མ་རྙེད་པ་ཞིག་ཡོད་པར་སྣང་ནས་བློ་ཡིད་བསྒྲིམ་པ་ལ་སོགས་པའི་ཡིད་དཔྱོད་མང་པོ་བར་སྐབས་སུ་བྱེད་དགོས་པ་འབྱུང་སྟེ༔ འདི་འདུ་ཤེས་པ་རང་གི་ངང་ལ་གནས་ཤིང་དྲན་པ་མངོན་དུ་གྱུར་ཏེ་མྱོང་ཞེན་ཆུང་བ་རང་བབ་ལས་བཟོ་བཅོས་མེད་པའི་ངང་དུ་གྱུར་པས་ན་རང་བབས་ཀྱི་དྲན་པ་ཞེས་བྱ་བའི་ཐོག་ཏུ་ཕེབས་པ་ཡིན་ནོ༔ དེའི་ཉམས་སྣང་ཡང་བདེ་ལྷོད་ལྷོད་འབོལ་འབོལ་བ་ཤེས་པ་གསལ་དྭངས་སེ་བ་རྣམ་པར་རྟོག་པས་ཕན་གནོད་མེད་ཅིང་བཟོ་བཅོས་སྤོང་ལེན་མི་དགོས་པར་གནས་ཉམས་ཤས་ཆེ་བ་ཞིག་འབྱུང་བས༔ འདི་དུས་བཤེས་གཉེན་བཟང་པོས་མ་ཟིན་ན་ད་ནི་བདག་གིས་ལྟ་སྒོམ་ཁྱད་པར་ཅན་གཞན་ལས་ཁྱད་པར་དུ་འཕགས་པ་སུ་ལའང་མེད་པ་རྟོགས་དཀའ་བ་ཞིག་རྒྱུད་ལ་སྐྱེས་ཡོད་སྙམ་ནས་བློ་གཏད་དང་ཡིད་ཆེས་ཀྱི་ངང་དུ་དུས་འདས་ནས་གཞན་ལ་བགྲོ་གླེང་མི་བྱེད་ཅིང་རང་མགོ་འཁོར་བ་དང་༔ བཤེས་གཉེན་གཞན་ལ་སྨྲས་ཀྱང་གང་ཟག་སྨྲ་མཁས་པ་དང་༔ བཤེས་གཉེན་ཉན་དཔྱོད་མཁས་པ་མ་གཏོགས་སྐབས་འདི་ལ་བབས་ཚེ་ལམ་གྱི་རིག་པ་དང་ནོར་ས་ཆེ་བས་དེའི་ཐོག་ཏུ་ལུས་ནས་མི་ཚེ་དེར་འདས་ན་སྲིད་པའི་ཁམས་ལས་མི་འདའ་བའི་སྐྱོན་དེས་འཆིང་བ་ཡིན་པས་ཤེས་པར་གྱིས་ཤིག༔ ཁྱད་པར་དུ་གསལ་ཉམས་ཀྱིས་ལྷ་འདྲེན་མཐོང་བ་དང་༔ རྣམ་པར་རྟོག་པ་ལ་འདྲེ་གནོད་གློ་བུར་དུ་ཤར་བ་རེས་འགའ་བདེན་སྲིད་ཅིང་༔ དེ་མངོན་ཤེས་སུ་བཟུང་ནས་ལྷ་འདྲེ་ཡིད་ལ་ཡང་ཡང་བྱས་པའི་མཐར་སྣང་བ་འདྲེ་གདོན་དུ་མཆེད་ནས་རྟོག་པས་ལྷ་འདྲེ་བཟོས་པས་གཞན་ལ་མངོན་ཤེས་བཤད་པའི་མཐར་འདྲེ་བསྒོམ་པ་འགྲུབ་སྟེ་རྒྱུད་འདྲེ་གདོན་གྱིས་བརླམ་ནས་སྡོམ་པ་དང་དམ་ཚིག་ཉམས༔ ཆོས་དང་གང་ཟག་རིང་དུ་འགྲོ་སྟེ་འཇིག་རྟེན་ཚེ་འདིའི་བྱ་བ་ལ་འབྱམས་ཤིང་གཏོ་ཡས་ལ་མགོ་འཁོར༔ ཆོག་ཤེས་སྤུ་ཙམ་མེད་པར་ཟས་ནོར་གྱི་ཕྱིར་འབྲངས་ནས་ཞེན་ཆགས་འདོད་སྲེད་ཀྱིས་རྒྱུད་འཆིང་བཞིན་འཆི་བའི་ནང་པར་གཏུགས་པའི་ཚེ་འདྲེ་གདོན་གདུག་པ་ཅན་དུ་སྐྱེས་ཏེ་མཁའ་རྒྱུའི་ཡི་དྭགས་ཀྱི་ཡུལ་དང་སྡུག་བསྔལ་ཉེ་བར་ལེན་པའི་རྒྱུ་བསགས་པས་ལྟ་སྒོམ་ལོག་པར་སོང་ནས་འཁོར་བ་མཐའ་མེད་དུ་འཁྲུལ་པ་ཡིན༔ དབང་པོ་འབྲིང་དང་ཐ་མ་རྣམས་ལམ་འདིར་ཞུགས་ཚེ་ལམ་རྟགས་སུ་མི་འབྱུང་བའི་ཐབས་མེད་པ་ཡིན་ཀྱང་༔ གང་ལའང་ཞེན་ན་ནི་ཞེན་པས་སླར་འཆིང་སྟེ༔ ཉམས་རྫུན་པོ་ཆེ་ལ་བློ་གཏད་མེད་པར་ཤེས་ནས་མངོན་ཞེན་རེ་དོགས་དགག་སྒྲུབ་གང་ཡང་མི་བྱེད་པར་རང་སར་བཞག་པས་རང་ངོར་རང་གྲོལ་བ་ན་བུན་ནམ་མཁའ་ལ་ཡལ་བ་ལྟ་བུར་འགྲོ་བ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཉམས་བཟང་ངན་གྱི་བྱེ་བྲག་ལ་ངེས་པ་མེད་དེ་ཞི་གནས་ཀྱི་དུས་ནས་བརྩམ་ཤེས་རིག་མངོན་དུ་མ་གྱུར་གྱི་བར་དུ་ཉམས་བསྒྲུབ་པའི་ཐབས་ཁོ་ན་ཡིན་ཕྱིར་འདི་མི་འབྱུང་བྱ་བ་གཅིག་ཀྱང་མེད་པས་ཐམས་ཅད་ཉམས་སུ་ཐག་བཅད་པ་གནད་ཀྱི་དམ་པ་དང་གདམས་པའི་ཡང་སྙིང་དུ་ཤེས་ནས་རྟོགས་ཤིག༔ ཟུངས་ཤིག༔ ཅེས་གསུངས་སོ༔ དེ་ནས་སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་བཅོམ་ལྡན་འདས་དེ་ལྟར་ཉམས་བདེ་རྩུབ་ཐམས་ཅད་རྣམ་མཁྱེན་གྱི་ལམ་ལ་མི་ཉེ་ཞིང་ཕན་པ་མེད་ན་ཅིའི་ཕྱིར་བསྒོམ་སྒྲུབ་བྱེད་དགོས་པ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་གང་ཟག་བློ་རྩིང་པོ་རྣམ་པར་རྟོག་པ་རྒོད་ཅིང་ལས་སུ་མི་རུང་བ་རྣམས་ཐོག་མར་ལམ་འདིའི་སྒོར་གཞུག་སྟེ་རྣམ་རྟོག་གི་ངར་བཅག་པས་བློ་ཡིད་ཇེ་བརྟན་དུ་སོང་ནས་བརྗེད་མེད་དུ་བརྟན་པ་ཐོབ་པར་བྱ་བ་ལས༔ གཞན་དུ་ཤེས་རིག་ངོ་སྤྲད་ཀྱང་ཉམས་སུ་མི་ལེན་ཅིང་ལེ་ལོ་དང་༔ རྣམ་གཡེངས་སུ་ཁ་འཆོལ་བའི་སྐྱོན་དང་༔ གལ་སྲིད་ཉམས་སུ་བླངས་ཀྱང་བརྗེད་ངས་ཀྱི་དབང་གིས་འཁྲུལ་པ་རྒྱ་འབྱམས་སུ་འཆོར་བའི་སྐྱོན་ཡོད་པའི་ཕྱིར༔ སེམས་མི་འཕྱེ་བོ་ལྟ་བུ་དང་རླུང་རྟ་རྒོད་ལོང་བ་ལྟ་བུ་ཉིད་ཉམས་དང་འཛིན་པའི་རྟོད་ཕུར་གྱིས་བཅིངས་ནས་འདུལ་བར་བཀོལ་བའི་ཆེད་དང་༔ དབང་པོ་རྟུལ་པོས་སེམས་གཏན་ལ་ཕབ་ནས་དྲན་ཤེས་བཞིན་གྱི་ཆིངས་ཀྱིས་བཅིངས་པས་ཉམས་དང་གོམས་འདྲིས་ཀྱི་དབང་གིས་རྣམ་པར་རྟོག་པ་ཕྲ་རགས་ཐམས་ཅད་ཟད་པའི་སྣང་བ་ཤར་མཐར་ཤེས་པ་བཟོ་མེད་བསྒོམ་རྒྱུ་བྲལ་བའི་ངང་མངོན་དུ་གྱུར་ནས་རིག་པ་སྒོམ་མེད་ཆེན་པོའི་ཐོག་ཏུ་སླེབ་ཚེ་བླ་མས་དེ་ངོ་སྤྲད་པས་ནོར་སར་མི་འཆོར་བའི་ཆེད་དུ༔ དང་པོ་དཀའ་ཚེགས་ཆེན་པོས་ལམ་བཙལ་བ་རྣམ་རྟོག་འགྱུ་བ་ལ་ལམ་བྱེད་པ་དང་༔ མཐར་ཐུག་ཤེས་པ་རང་ཐོག་ཏུ་ཕེབས་ཚེ་ལམ་དུ་ངོ་སྤྲད་པ་ཡིན༔ ལམ་གྱི་རིག་པའམ་ཤེས་པ་བཟོ་མེད་མངོན་གྱུར་རང་ཐོག་ཏུ་ཕེབས་པའི་སྔོན་དུ་ཉོན་ཡིད་སློང་བས་ཉམས་སྔོན་དུ་བཤད་ཟིན་པའི་རྩུབ་ཉམས་དང་འདྲ་མཚུངས་པ་ཞིག་རིམ་བཞིན་བགྲོད་དགོས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་བཅོམ་ལྡན་འདས་རྣམ་པར་རྟོག་པ་དག་བྱ་ཡིན་ནམ་མིན༔ གལ་ཏེ་དག་བྱ་ཡིན་ན་སེམས་དག་ནས་ཤེས་པ་སླར་སྐྱེ་དགོས་པ་ཡིན་ནམ༔ བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པ་ལ༔ སྟོན་པས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་དྲན་པ་དང་འཛིན་པའི་འཆིང་བ་ཉམས་སྟོབས་ཀྱིས་རིམ་པ་བཞིན་དུ་ཞིག་ནས་མཐར་སེམས་ཅན་རང་ཀ་མ་ལྟ་བུར་སེམས་རང་ཀར་ཡན་པས་རྣམ་པར་རྟོག་པ་བག་ཉལ་དུ་སོང་ནས༔ འགྱུ་རྟོག་དབྱིངས་སུ་ནུབ་སྟེ་ཀུན་གཞི་སྟོང་ཧད་དེ་བ་བདག་གཞན་ཡུལ་གསུམ་མི་སྣང་བའི་ངང་ཐོག་ཏུ་ཕེབ་པ་དང་༔ སྟོང་གསལ་མྱོང་ཞེན་ཅན་ཁ་ནང་བལྟ་བདག་གཞན་ཡུལ་གསུམ་གྱི་སྣང་བ་མི་མངོན་པ་ཞིག་འཆར་བ་ནི་ཀུན་གཞིའི་རྣམ་ཤེས་ཡིན་ཏེ༔ ཐོག་ཕེབ་ཀྱི་ཀུན་གཞི་ལ་སློབ་དཔོན་འགའ་ཞིག་གིས་རོ་གཅིག་དང་སྤྲོས་བྲལ་དུ་འཆད་པ་དང་༔ ལ་ལས་ལུང་མ་བསྟན་དུ་འཆད་པའང་ཡོད་དེ༔ གང་ལྟར་སྨྲ་ཡང་དོན་ལ་ངོ་བོའི་སྟེང་དུ་ཕེབས་པ་ཡིན༔ སླར་ཡང་གང་ཟག་བརྩོན་འགྲུས་དང་ལྡན་པས་འདི་ལམ་ཡང་དག་པ་མ་ཡིན་པར་ཐག་བཅད་དེ་བསྒོམ་པས་དེ་ལྟར་མྱོང་ཞེན་ཅན་གྱི་སྟོང་དང་སྟོང་གསལ་ཐམས་ཅད་གཉིད་ལས་སད་པ་བཞིན་དུ་དབྱིངས་སུ་དྭངས་ནས་ཕྱི་ཡི་སྣང་བ་གོ་མ་འགགས་ཤིང་ནང་གི་དྲན་འཛིན་གྱི་སྤུན་ཐག་ཆད་ནས༔ སྒོམ་པ་བཟང་པོའི་ཆིངས་ཀྱིས་མ་བཅིང་༔ མ་རིག་པ་ངན་པས་རང་ཀར་མ་སོང་༔ ལྟ་སྒོམ་སྤྱོད་པའི་ཐ་སྙད་ལས་འདས་པའི་ཡེ་གནས་ཀྱི་ཤེས་པ་དྭངས་ས་ལེ་བ༔ ཤེས་དང་ཤེས་བྱ་འདི་ཞེས་བདག་དང་ཡུལ་དུ་མ་གྲུབ་པ༔ ཡེ་གནས་རང་བྱུང་ཡིད་ལ་མྱོང་བ་ཡོད་པའི་ངང་དུ་ཞེན་པ་བྲལ་བ༔ བསམ་མནོ་དང་གཏད་སོ་མེད་པ་ཡང་ཁྲོལ་ལེ་བ་ཞིག་གི་ཐོག་ཏུ་ཕེབས་ཚེ་རྩལ་གོ་མ་འགག་པས་སྣང་བ་ཐམས་ཅད་མངོན་དུ་གྱུར་པ༔ རྣམ་པར་རྟོག་པ་ཡུལ་ལ་འདྲེས་ཤིང་ཡུལ་དང་གཉིས་མེད་དུ་ཡལ་བ༔ དུམ་བུར་འཕྲོ་བ༔ དམིགས་པ་དང་བཅས་པ་ནི་གཅིག་ཀྱང་མེད་པས་དེ་སེམས་ཅན་གྱི་རྣམ་པར་རྟོག་པ་ཡང་མ་ཡིན་པར༔ ཡིད་ཤེས་རབ་ཏུ་གོ་འཕོས༔ རྩལ་ཡེ་ཤེས་སུ་གོ་འཕོས་ནས་དེར་བརྟན་པ་ཐོབ་པ་ཡིན་ཏེ༔ དཔེར་ན་རྙོགས་མ་དྭངས་པའི་ཆུ་ལྟ་བུ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་གསལ་ཁྱབ་ཀྱི་དབང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ འདིར་གསལ་རིག་བསམ་བརྗོད་དང་བྲལ་བ་ཁོ་ན་བསྒོམ་པས་ཡེ་ནས་རང་བྱུང་རྣམ་པར་གྲོལ་བའི་ས་འཐོབ་བམ་མི་འཐོབ༔ འཐོབ་ན་ཇི་ལྟར་འཐོབ༔ མི་འཐོབ་ན་འདི་སྒོམ་པའི་དགོས་ཆེད་གང་ལགས༔ ཡོན་ཏན་ཇི་ལྟ་བུ་འབྱུང་བར་གྱུར༔ གདུལ་བྱ་རྣམས་ཀྱི་དོན་དུ་བསྟན་དུ་གསོལ༔ ཅེས་ཞུས་པས༔ སྟོན་པས་བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་ཁྱོད་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་༔ ངས་ཁྱོད་ལ་ཡང་དག་པར་བཤད་དོ༔ ལམ་ཟབ་མོ་ཤེས་རིག་སྤྲོས་པ་དང་བྲལ་བ་འདི་ཉིད་ཀྱི་ངང་དུ་བརྟན་པ་ཐོབ་པར་ཉམས་སུ་བླངས་ཀྱང་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་མ་རྟོགས་ན་ཚེ་འཕོས་མ་ཐག་ཏུ་གཟུགས་ཀྱི་ཁམས་དང་མུ་བཞིའི་ཁམས་སུ་འཕེན་པའི་སྟོབས་ཡོད་པ་ལས་འདི་རང་གིས་རྣམ་མཁྱེན་གྱི་སངས་རྒྱས་ཐོབ་མི་སྲིད་དོ༔ ལམ་འདི་དང་པོ་ངོ་འཕྲོད་ནས་ནན་ཆེར་བསྒོམ་པའི་སྟོབས་ཀྱིས་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་ངོ་འཕྲོད་པར་གྱུར་ན་ལམ་ཤེས་རབ་དང་ཡེ་ཤེས་ཀྱི་རྩལ་ཡིན་པས༔ ཡོན་ཏན་ཡང་འདི་ལྟ་སྟེ༔ བུམ་ནང་གི་ནམ་མཁའ་ལས་གཞན་པའི་ནམ་མཁའ་ལོགས་ན་མེད་པ་དང་༔ ཆུ་ཕོར་གང་གི་ཆུ་ལས་ལྷག་པའི་ཆུ་གཞན་ན་མེད་པ་ལྟར་ཤེས་རིག་མངོན་གྱུར་གྱི་ལམ་འདི་ལས་གཞན་པའི་ལམ་གཞན་ན་མེད་དོ༔ མར་མ་དག་པ་འཁོར་བར་འཁྱམས་ཡང་ཤེས་པ་རྒྱུན་ཆགས་ཀྱིས་བཟོས་པ་དང་༔ ཡར་བསོད་ནམས་ཀྱི་ལས་དཀར་པོ་དགེ་བ་ལྷ་བསྐྱེད་བསྒོམ་བཟླས་སོགས་བསྒྲུབ་ཀྱང་ཤེས་པ་རྒྱུན་ཆགས་ཀྱིས་བསྒྲུབ་པ་དང་༔ རྩ་ཐིག་རླུང་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སྦྱོང་བ་ཡང་ཤེས་པ་རྒྱུན་ཆགས་ཀྱིས་གྲོལ་བར་བྱེད་པ་ཡིན༔ གཞི་ཀ་དག་རང་བྱུང་གི་ཡེ་ཤེས་དྭངས་གསལ་གཉིས་སུ་མེད་པའང་འདི་ཉིད་མངོན་དུ་གྱུར་པ་སྟེ༔ ལར་ཐེག་པ་གང་དུ་འཇུག་ཀྱང་ཡེ་གནས་ཀྱི་ཡེ་ཤེས་རྒྱུན་ཆགས་པ་ཞིག་ལས་འཇུག་པའི་སྒོ་མ་མཆིས་པ་ཡིན༔ ཐ་མལ་འཁྲུལ་པའི་སེམས་ཅན་གྱིས་ངག་འདོན་གྲངས་མང་པོ་བརྗོད་ནས་དགེ་བར་དམིགས་པའང་གཞིའི་ཤེས་པ་རྒྱུན་ཆགས་པའི་ཆེད་དུ་བསྟན་པ་དེའི་ཕྱིར་ཤེས་པ་རྒྱུན་ཆགས་པས་ལས་ཐམས་ཅད་བསགས་པ་ཡིན་པས་ཤེས་པ་མངོན་གྱུར་འདི་ཀ་ཟག་བཅས་ཀྱི་དགེ་བ་གང་གིས་ཀྱང་འགྲན་ཟླ་དང་བྲལ་བ་ཡིན༔ ཡང་ཤེས་པ་རྒྱུན་ཆགས་པའི་ཐབས་ཙམ་བསྒྲུབ་པ་དང་༔ ཤེས་པ་མངོན་དུ་བྱེད་པ་གཉིས་ལ་ཁྱད་པར་གནམ་ས་ཙམ་ཡོད་པས༔ མངོན་གྱུར་འདིའི་ཁྱད་པར་འཕགས་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ཡིན༔ ཀྱཻ་རིགས་ཀྱི་བུ་ཡེ་གནས་ཀྱི་ཡེ་ཤེས་ནི་སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་སྣང་སེམས་ཐམས་ཅད་ལ་དམིགས་པ་མེད་ཅིང་མངོན་དུ་བྱེད་པ་འདི་ཀ་སྟེ་ཤེས་རབ་ཀྱི་ཕྱི་གདངས་ཡིན༔ དེ་མངོན་གྱུར་གྱི་རང་བཞིན་ནི་ཤེས་རབ་ཀྱི་ནང་མདངས་ཡིན་ཏེ་ཁྱད་ཤིན་ཏུ་ཆེ་བ་མཁའ་ལ་ནམ་ལངས་པ་ལྟ་བུའོ༔ བརྩོན་འགྲུས་ཅན་དབང་རབ་ཏུ་གྱུར་པ་རྣམས་ཀྱིས་བར་མཚམས་མེད་པར་རྩེ་གཅིག་ཏུ་སྙིང་པོ་མི་འགྱུར་བའི་སྒྲུབ་པ་ལ་བརྩོན་ན་མཐར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྩལ་དུ་འབར་བས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་ཡོན་ཏན་ཕྱིན་ཅི་མ་ལོག་པ་མངོན་དུ་གྱུར་ཏེ་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོར་སངས་རྒྱས་པར་འགྱུར་བ་ཡིན༔ དེ་ལྟར་མ་ཡིན་པའི་གང་ཟག་རྣམས་ཀྱིས་ཀྱང་མ་བཅོས་རང་བྱུང་གི་ཤེས་པ་མ་བསྒོམ་མངོན་དུ་གྱུར་པའི་གནད་འདི་ངོ་འཕྲོད་ཅིང་འདི་ལ་ཅུང་ཟད་བརྟན་པ་ཐོབ་ན་དེ་ཉིད་ལས་གཞན་པའི་ལུས་ངག་གི་དགེ་བ་ནི་སྟོང་གསུམ་གྱི་བསགས་པ་ཐམས་ཅད་གཅིག་ཏུ་བསྡུས་ཀྱང་༔ དེའི་བསོད་ནམས་ཀྱི་ཚད་བརྒྱ་སྟོང་ཁྲི་འབུམ་གྱི་ཆར་ཡང་ཉེ་བ་མ་ཡིན་ཏེ༔ སྲིད་པའི་རྩེ་མོར་ཡུན་རིང་དུ་བརྟན་པ་ཐོབ་པར་ངེས་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ དེ་ལྟར་སེམས་དང་ཤེས་པ་ལ་ལམ་བྱས་ཏེ་ཇི་ཙམ་བསྒོམ་ཀྱང་འབྲས་བུ་གྲོལ་བའི་ས་ལ་མ་འཕང་༔ སངས་རྒྱས་པའང་མ་ཡིན་ན༔ དེ་ལྟ་བུའི་ལམ་རིང་བ་དང་ལམ་བགྲོད་དཀའ་ཞིང་བདེ་སྡུག་སྣ་ཚོགས་མྱོང་བ་ལས་འབྲས་བུ་མ་གྲུབ་པ་འདི་ལ་མི་ལྟོས་པར༔ ཀ་དག་རྫོགས་པ་ཆེན་པོ་མཐའ་གྲོལ་རིག་པའི་རྒྱལ་པོ་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་པའི་ཐབས་དང་༔ ལམ་གྱི་རིམ་པ་ལ་དཀའ་ཚེགས་མེད་ཅིང་ནོར་འཁྲུལ་དུ་མི་འཆོར་བའི་གདམས་པ་ཟབ་མོ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་ཟབ་མོ་སྟོང་པ་ཉིད་ཡིན་ཏེ༔ ཟབ་མོ་སྟོང་པ་ཉིད་ཀྱི་དོན་གཏན་ལ་དབབ་པའི་ཚུལ་ངས་བཤད་ཀྱི་ལེགས་པར་ཉོན་ཅིག༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་པའི་གཞི་ནི་བདག་ཉིད་གཅིག་པུའི་མ་རིག་པ་ཡིན་ཏེ༔ འདིའི་བྱུང་གནས་འགྲོ་གསུམ་གྱི་གཞི་རྩ་ལ་ལྟོས་ཤིག༔ ང་ཞེས་བྱ་བ་འདི་དང་པོ་བྱུང་བའི་གཞི་དང་རྩ་བ་ལ་བརྟག་པས༔ གཞི་ཁྱབ་གདལ་ནམ་མཁའི་ཁོར་ཡུག་ལ་བདག་ཏུ་འཛིན་པའི་ཤེས་པ་རྒྱུན་ཆགས་ཏེ་སྣང་སེམས་ཐམས་ཅད་མེད་བཞིན་དུ་སྣང་ཙམ་ལས་མ་གྲུབ་པ་ཡིན་པས་བྱུང་བའི་ཁུངས་སྟོང་༔ བར་དུ་གནས་པའི་ས་ལ་བརྟག་པས་མགོ་བོ་ལ་མགོ་བོ་ལས་ང་ཞེས་པའི་མིང་མི་གནས་པ་བཞིན་དུ༔ སྐྲ་ནི་སྐྲ་ལས་ང་མ་ཡིན༔ མིག་ནི་མིག་ལས་ང་མ་ཡིན༔ རྣ་བ་ནི་རྣ་བ་ལས་ང་མ་ཡིན༔ སྣ་ནི་སྣ་ལས་ང་མ་ཡིན༔ ལྕེ་ནི་ལྕེ་ལས་ང་མ་ཡིན༔ སོ་ནི་སོ་ལས་ང་མ་ཡིན༔ སོག་པ་ནི་སོག་པ་ལས་ང་མ་ཡིན༔ དེ་བཞིན་དུ་དཔུང་པ་ནི་ང་མ་ཡིན༔ ལག་ངར་ནི་ང་མ་ཡིན༔ ལག་མཐིལ་ལག་རྒྱབ་སོར་མོ་རྣམས་ནི་ང་མ་ཡིན༔ རྒལ་ཚིག་ནི་ང་མ་ཡིན༔ རྩིབ་མ་རྣམས་ནི་ང་མ་ཡིན༔ གློ་བ་དང་སྙིང་ནི་ང་མ་ཡིན༔ མཆིན་པ་དང་མཆིན་ཁྲི་ནི་ང་མ་ཡིན༔ རྒྱུ་མ་དང་མཚེར་པ་མཁལ་མ་རྣམས་ནི་ང་མ་ཡིན༔ བརླ་དང་དཔྱི་དང་རྗེ་ངར་བོལ་བ་སོར་ཚིག་ཐམས་ཅད་ཀྱང་རང་རང་གི་མིང་ལས་ང་མ་ཡིན༔ པགས་པ་དང་ཚིལ་དང་ཤ་ཁྲག་ཆུ་སེར་རྩ་རྒྱུས་བ་སྤུ་ཐམས་ཅད་ལའང་རང་རང་གི་མིང་ལས་ང་མ་གྲུབ༔ ང་ཞེས་བྱ་བ་ལུས་ཀྱི་སྨད་དུ་གནས་ན་མགོ་སོགས་སྟོད་ཀྱི་ཡན་ལག་བཅད་ཀྱང་ན་ཚ་ཟུག་རྔུ་མི་འབྱུང་བས་དེར་མི་གནས༔ སྟོད་དུ་གནས་ན་རྐང་པ་སོགས་རོ་སྨད་ལ་གནོད་པ་བྱུང་ཡང་ན་ཚ་མི་འབྱུང་༔ ནང་ན་གནས་ན་ཕྱིའི་བ་སྤུ་དང་པགས་པ་བྲེག་པས་ཚ་བའི་ཟུག་རྔུ་འབྱུང་དོན་མེད་པར་དེར་ཡང་མི་གནས༔ ལུས་ལ་གནས་སྙམ་ན་གོས་རྒྱན་ཟས་ནོར་ལོངས་སྤྱོད་ཐམས་ཅད་གཞན་གྱིས་ཁྱེར་བ་དང་སྤྱོད་པར་སྣང་ན་མི་བདེ་བའི་ཟུག་རྔུ་དང་ཆགས་སྡང་བཟོད་མེད་དུ་འབྱུང་བས་དེར་ཡང་མི་གནས༔ ཕྱིའི་ཡུལ་ལ་གནས་སམ་སྙམ་ན་སྣོད་བཅུད་ཐམས་ཅད་ང་ཡི་བར་འཛིན་ཅིང་དོན་ལའང་རང་རང་གི་མིང་ཐ་དད་པ་ལས་ང་མ་གྲུབ༔ ང་ལས་གཞན་པའི་སྣོད་བཅུད་སྣང་བ་ཐམས་ཅད་སོ་སོར་གྲུབ་པར་སྣང་ནའང་རྨི་སྣང་དང་འདི་སྣང་དང་ཕྱི་མའི་སྣང་བ་ཀུན་ཏུ་བདག་དང་སྣང་བ་ཐམས་ཅད་ལུས་དང་གྲིབ་མ་ཆུ་དང་རླན་མེ་དང་ཚ་བ་བཞིན་དུ་སྣང་བས༔ སྣོད་བཅུད་ཐམས་ཅད་ང་ཡིས་དབང་བྱས་ཀྱང་ང་ནི་ཅི་ལའང་མི་གནས་པའོ༔ ཐ་མ་འགྲོ་བའི་ཡུལ་ལ་བརྟག་ཅིང་དཔྱད་ན༔ སྣང་སྲིད་ཐམས་ཅད་ང་ཞེས་བྱ་བའི་འཕྲུལ་མོ་ཆེའི་གཞི་དང་ངོ་བོར་གྱུར་པས་ན་འགྲོ་བའི་ཡུལ་རང་སྟོང་པ་དང་༔ ཁམས་གསུམ་ཐམས་ཅད་ངར་འཛིན་གྱི་ཆོ་འཕྲུལ་ལས་ཤར་བས་ན་དེ་ལས་གཞན་པའི་འགྲོ་ཡུལ་ཟད་པ་ཡིན༔ འགྲོ་བའི་བདག་པོ་ཡང་མ་བྱུང་ཞིང་མི་གནས་པས་ཡུལ་མེད་དུ་རང་ཐལ་བའོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ དེ་ལྟར་བྱུང་གནས་འགྲོ་གསུམ་མེད་ཅིང་མ་གྲུབ་པར་ངེས་ན་སྣང་བ་ནས་སྣང་བ་བརྒྱུད་པ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངར་འཛིན་གྱི་ཤེས་པ་མངོན་དུ་གྱུར་ནས་རང་ཀློང་ལས་ང་དང་ང་ཡི་བ་མཆེད་ཅིང་༔ སླར་ཡང་རང་ཀློང་དུ་ཡལ་ནས་གཞི་སྟོང་ཉིད་ལུང་མ་བསྟན་དུ་འབྱམས་ཀླས་པ་རེས་མོས་སུ་མཆེད་སྡུད་བྱས་པས་རྨི་སྣང་དང་ཉིན་སྣང་ཁམས་གསུམ་གྱི་སྣང་བ་ཐམས་ཅད་མེད་བཞིན་སྣང་ཙམ་དུ་ཤར་བ་ཡིན་པས་འགྲོ་ས་དང་འགྲོ་མཁན་གྱི་ཡུལ་དང་བདག་པོ་མ་གྲུབ་པར་ཤེས་པར་གྱིས་ཤིག༔ ཅེས་གསུངས་པ་ལ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ངར་འཛིན་དབྱིངས་སུ་ནུབ་པའི་ཚེ་རྒྱུན་ཆད་པ་མིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངར་འཛིན་གྱི་སྣང་སེམས་དབྱིངས་སུ་ནུབ་པའི་ཚེ་ནའང་གཞི་རང་གི་ཡོན་ཏན་མངོན་དུ་མ་གྱུར་པའི་ལུང་མ་བསྟན་དེ་བདག་འཛིན་གྱི་རྒྱུ་ཡིན་པས་རྒྱུ་མ་རིག་པ་ང་བདག་གི་འཛིན་པ་རྒྱུན་མ་ཆད་པ་དེ་ཀ་གང་ཟག་གི་བདག་འཛིན་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་ཕྱི་ཡུལ་གྱི་སྟོང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ང་ལས་གཟུང་བ་ཆོས་ཀྱི་བདག་འཛིན་མཆེད་པ་འདི་དག་གི་མིང་དང་དངོས་པོ་མཚན་མ་ཐམས་ཅད་མ་གྲུབ་པའི་ཚུལ་བརྟག་པ་ལས༔ དང་པོ་མིང་གི་གདགས་གཞི་བརྟག་པས་ལུས་ཀྱི་མིང་རྣམས་སྟོང་པར་གཏན་ལ་དབབ་པ་ནི༔ མགོ་བོ་ཞེས་བྱ་བ་དེ་གང་ལ་གདགས་བརྟག་པས༔ སྐྲ་ནི་སྐྲ་ལས་མགོ་མ་ཡིན༔ མིག་ནི་མིག་ལས་མགོ་མ་ཡིན༔ རྣ་བ་ནི་རྣ་བ་ལས་མགོ་མ་ཡིན༔ སྣ་ནི་སྣ་ལས་མགོ་མ་ཡིན༔ ལྕེ་ནི་ལྕེ་ལས་མགོ་མ་ཡིན༔ དེ་བཞིན་དུ་པགས་པ་དང་༔ ཤ་དང་༔ རུས་པ་དང་༔ ཁྲག་དང་༔ ཆུ་སེར་རྩ་རྒྱུས་སོགས་ཐམས་ཅད་ལ་རང་རང་གི་མིང་སོ་སོར་སྣང་བ་ལས་མགོ་བོ་ཞེས་མ་གྲུབ་པའོ༔ ཞེས་གསུངས་པ་ལ༔ གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་སོ་སོར་དབྱེ་ན་མ་གྲུབ་ཀྱང་༔ ལྷན་ཅིག་ཏུ་འཚོགས་པ་ལ་མགོ་ཞེས་བྱ་བ་མ་ཡིན་ནམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ རིགས་ཀྱི་བུ་སྤྱིར་རྒྱུ་དེ་དག་ལྷན་ཅིག་འཚོགས་པ་ལ་མགོ་མི་བཏགས་པ་མང་པོ་འདུག་པ་ལ་ལྟོས་ཤིག༔ གཞན་གྱི་མགོ་ཞིག་རྡུལ་ཕྲན་ཏུ་བཏང་སྟེ་རྡུལ་ཚོགས་པར་བྱས་ནས་གཞན་སུ་ལ་བསྟན་ཀྱང་མགོ་ཞེས་མི་སྨྲ་བ་དང་༔ ཡང་ཆུས་སྦྲུས་ཏེ་རིལ་པོར་བྱས་ཀྱང་མགོའི་མིང་མི་འདོགས་པ་དང་༔ རྨི་ལམ་གྱི་དུས་སུ་སྣང་བའི་མགོ་བོ་དང་༔ ཉིན་སྣང་གི་དུས་ཀྱི་མགོ་བོ་དང་༔ འདས་པའི་དུས་སུ་སྣང་བའི་མགོ་བོ་དང་༔ མ་འོངས་པའི་དུས་སུ་སྣང་བར་འགྱུར་བའི་མགོ་བོ་རྣམས་གཅིག་ཏུ་འདུག་པ་ལ༔ རྨ་དང་སྐྲང་པ་དང་ལྦ་བ་དང་རྨེན་བུ་དང་སྨེ་ཤ་རྣམས་གང་ཡོད་ཀྱང་དུས་རྣམ་ཀུན་ཏུ་སྣང་དགོས་པ་ལས་དེ་འདྲ་མི་སྣང་ཞིང་༔ མགོ་བོ་སོ་སོ་ཐ་དད་པ་ཡིན་ན༔ མགོ་བོ་སྔ་མ་ཐམས་ཅད་བོར་བའམ༔ ཡང་ན་ནི་ཡེ་ནས་མ་གྲུབ་པའི་མཚང་སྟོན་ཏོ༔ སྟེང་གི་ཕྱོགས་སུ་གྱེན་དུ་བལྟ་བའི་ཕྱིར་མགོ་བརྗོད་པ་ཡིན་ཞེ་ན༔ ནམ་མཁའི་སྟེང་འོག་ལ་དཔྱད་དགོས་པས་ནམ་མཁའ་ལ་མགོ་མཇུག་སྟེང་འོག་ཇི་ལྟར་གྲུབ་བརྟག་པས་དེར་གང་ཡང་མ་གྲུབ་པའོ༔ དེ་བཞིན་དུ་མིག་ཅེས་བྱ་བ་གང་ལ་གདགས་ཞེ་ན༔ ཆུ་བུར་ཐམས་ཅད་ལ་མིག་གི་མིང་མི་གྲགས༔ པགས་པ་དང་༔ ཁྲག་དང་༔ ཚིལ་དང་༔ རྩ་རྒྱུས་རྣམས་ལ་མིག་གི་མིང་མ་གྲུབ་སྟེ༔ གོང་བཞིན་ལྷན་དུ་ཚོགས་པ་ལའང་མིག་མ་གྲུབ༔ གཟུགས་མཐོང་བའི་ཆུ་བུར་ལ་མིག་སྨྲའོ་སྙམ་ན༔ འདས་མ་འོངས་ད་ལྟ་རྨི་སྣང་ཉིན་སྣང་ཐམས་ཅད་དུ་གཟུགས་མཐོང་མཁན་དེ་ཉིད་ད་ལྟའི་ཆུ་བུར་འདི་ཡིན་ནམ་ལྟོས་ཤིག་དང་༔ ཡེ་གནས་ཀྱི་ཤེས་པས་རང་སྣང་མངོན་དུ་བྱེད་པ་ཉིད་ལས་ད་ལྟའི་ཆུ་བུར་འདི་མ་ཡིན་ཏེ༔ མིག་རྡོག་དུང་ཕྱུར་ལག་ཏུ་ཐོགས་ནས་ཕྱོགས་སུ་བལྟས་ཀྱང་གཟུགས་མི་མཐོང་༔ དེ་བཞིན་དུ་རྣ་བ་ཡང་ཤ་ལྤགས་རྩ་རྒྱུས་ཁྲག་དང་ཆུ་སེར་སྦུ་གུ་དང་བཅས་པ་ལ་རང་རང་གི་མིང་ལས་རྣ་བའི་མིང་མ་གྲུབ་ན་རྣ་བ་གང་ལ་གདགས༔ སྒྲ་ཐོས་པས་རྣ་བར་གདགས་ཞེ་ན་འདི་སྣང་དང་ཕྱི་སྣང་རྨི་སྣང་ཉིན་སྣང་ཀུན་ཏུ་སྒྲ་ཐོས་མཁན་རྣམས་འདི་ཡིན་ནམ་བརྟག་པས་ཐོས་མཁན་སེམས་ཀྱི་ཤེས་པས་གོ་བ་ལས་ད་ལྟའི་རྣ་བའི་གཟུགས་འདི་མ་ཡིན་པའི་ཚུལ་རྣ་བ་གྲངས་མེད་པ་ལག་ཏུ་ཐོགས་ནས་ཉན་ཀྱང་སྒྲ་མི་ཐོས་ན་རྣ་བ་ཡེ་ནས་མ་གྲུབ༔ སྣ་ཡང་དེ་བཞིན་དུ་མིང་དང་དངོས་མཚན་ལ་བརྟག་ཅིང་དཔྱད་པས་ཤ་དང་རུས་པ་ཁྲག་དང་ཆུ་སེར་རྩ་རྒྱུས་སྦུ་གུ་ཐམས་ཅད་ལ་རང་རང་གི་མིང་ཐ་དད་པ་ལས་སྣ་མ་གྲུབ་པ་དང་༔ ལྷན་ཅིག་ཚོགས་པ་ལའང་མ་གྲུབ་སྟེ༔ དྲི་ཚོར་བ་པོར་སྣ་ཞེས་བརྗོད་དེ་བུག་སྒོ་འདི་ནས་དྲི་ཚོར་བ་ཡིན་སྙམ་ན༔ རྨི་ལམ་དང་སྐྱེ་ལུས་གཞན་ལ་བུག་སྒོ་འདི་མི་དགོས་ཏེ་བར་དོའི་རྣམ་པར་ཤེས་པས་ཀྱང་དྲི་ཚོར་བས་སེམས་ཀྱི་ཤེས་པ་ལ་སྣ་མེད་པས་སྣ་ཡུལ་མེད་དུ་ཐག་ཆོད་པར་འགྱུར༔ ལྕེ་ཡང་དེ་བཞིན་དུ་ཤ་ཁྲག་པགས་པ་རྩ་རྒྱུས་སོ་སོར་ཕྱེས་ཀྱང་ལྕེ་མ་གྲུབ་པ་དང་༔ དེ་དག་ལྷན་ཅིག་ཏུ་ཚོགས་པ་ལའང་ལྕེའི་མིང་མ་གྲུབ་སྟེ༔ རོ་མྱོང་མཁན་འདི་ཉིད་ལྕེ་ཡིན་པར་འདོད་ན་རྨི་ལམ་དང་བར་དོ་སྐྱེ་ལུས་གཞན་གྱི་དུས་སུ་རོ་མྱོང་མཁན་འདི་ཀ་ཡིན་མིན་ལ་བརྟག་པས་ཤེས་པར་འགྱུར༔ ལུས་ཞེས་བྱ་བའང་པགས་པ་དང་ཚིལ་དང་ཤ་དང་ཁྲག་དང་རྐང་དང་རུས་པ་རྩ་རྒྱུས་ཐམས་ཅད་ལ་སོ་སོར་བརྟག་པས་ལུས་མ་གྲུབ༔ དེ་རྡུལ་དང་རྡུལ་ཕྲན་དུ་བཏང་ནས་ལྷན་ཅིག་ཚོགས་པར་བྱས་ཀྱང་ལུས་ཀྱི་མིང་མི་གནས༔ ཆུས་སྦྲུས་ནས་ལྷན་ཅིག་ཧྲིལ་པོར་བྱས་ཀྱང་ལུས་མ་ཡིན༔ རེག་བྱ་མྱོང་མཁན་ལ་ལུས་སུ་བཏགས་པ་ཡིན་ཞེ་ན་རྨི་ལམ་དང་བར་དོའི་སྐབས་ཀྱི་རེག་བྱ་མྱོང་མཁན་དེ་སུ་ཡིན་བརྟག་པས་སེམས་རྣམ་པར་ཤེས་པ་ཉིད་ཡིན་པར་ཐག་ཆོད་པའི་ཕྱིར་སེམས་ལ་ལུས་ཀྱི་མིང་མི་ཐོགས་པས་ལུས་མེད༔ ཡང་ལག་པ་ཞེས་བྱ་བའི་གནས་ལ་བརྟག་པས་སོག་པ་ནི་ལག་པ་མ་ཡིན༔ དཔུང་པ་ནི་ལག་པ་མ་ཡིན༔ ལག་ངར་ནི་ལག་པ་མ་ཡིན༔ མཐིལ་དང་སོར་མོ་ཡང་མ་ཡིན་པས༔ ལག་པ་གང་ཡིན་ངོས་ཟུངས་དང་ཞེས་བརྗོད་པས༔ ལག་པའི་བྱ་བ་བྱེད་པ་འདི་ལ་ལག་པར་སྨྲ་བ་ཡིན་ཞེ་ན༔ འོ་ན་རྨི་ལམ་དུ་ལག་པའི་བྱ་བ་བྱེད་པའི་ལག་པར་སྣང་བ་དང་༔ བར་དོར་དེ་ལྟར་སྣང་བ་ཐམས་ཅད་འདི་ཡིན་ནམ་བརྟག་ན་དེ་ཡང་མ་ཡིན་ཏེ་སེམས་ལ་སྣང་བ་ཙམ་ཡིན་པར་ཐག་ཆོད་པས་སེམས་ལ་ལག་པ་གདགས་པ་ལས་ལག་པ་མ་གྲུབ་པའོ༔ ཡང་སོག་པ་ལ་བརྟག་པས་ཤ་ནི་སོགས་པ་མ་ཡིན༔ རུས་པ་དང་རྩ་རྒྱུས་ནི་སོག་པ་མ་ཡིན༔ སོ་སོར་ཕྱེས་ཀྱང་མ་གྲུབ༔ རྡུལ་ཕྲན་དུ་བཏང་བའི་ཕྱེ་མ་ལྷན་ཅིག་ཚོགས་ཀྱང་མ་ཡིན༔ ཆུས་སྦྲུས་ཏེ་ལྷན་ཅིག་བསྒྲིལ་ཀྱང་མ་ཡིན་པ་དེ་བཞིན་དུ་ལྷུ་ཚིགས་ཐམས་ཅད་ལ་ཞིབ་ཏུ་བརྟག་སྟེ་མིང་གི་གདགས་གཞི་ཡུལ་མེད་དུ་གཏན་ལ་དབབ་པར་བྱའོ༔ གཞན་ཡང་ཕ་རོལ་ན་མི་སྣང་བའི་མིང་གང་ལ་གདགས༔ མགོ་བོ་ནི་མི་མ་ཡིན༔ དབང་པོ་ལྔ་ནི་མི་མ་ཡིན༔ ཤ་ཁྲག་རུས་པ་རྐང་དང་རྩ་རྒྱུས་ཡན་ལག་དང་ཉིང་ལག་རྣམ་པར་ཤེས་པ་དང་བཅས་པ་ལ་མིའི་མིང་མ་གྲུབ༔ དེ་བཞིན་དུ་ཁང་པ་ཞེས་བྱ་བ་གདགས་པའི་གཞི་གང་ལགས༔ ས་ནི་ཁང་པ་མ་ཡིན༔ རྡོ་ལ་ནི་རྡོ་ཉིད་ལས་ཁང་པའི་མིང་མ་གྲུབ༔ ཀྭ་བ་དང་ཕྱམ་དང་དྲལ་མ་དང་ས་འཛིན་རྣམས་ལའང་ཁང་པ་ཞེས་པའི་མིང་མ་གྲུབ༔ དེ་དག་ལྷན་ཅིག་ཏུ་སྤུངས་ཀྱང་ཁང་པའི་མིང་མ་གྲུབ༔ དཔེར་ན་ཁམ་ཕོར་ལའང་ཕྱི་ནི་ཁམ་ཕོར་མ་ཡིན༔ ནང་ནི་མ་ཡིན༔ ཁ་དང་མཐིལ་ཡང་མ་ཡིན༔ ཤིང་ཡང་མ་ཡིན༔ སོ་སོར་ཕྱེས་པའམ་ལྷན་ཅིག་ཚོགས་ཀྱང་གདགས་གཞི་ཡུལ་མེད་པའོ༔ རི་བོ་ཞེས་བྱ་བ་ཡང་༔ ས་ནི་རི་བོ་མ་ཡིན༔ རྡོ་ནི་མ་ཡིན༔ རྩྭ་དང་ཤིང་ནི་མ་ཡིན༔ དེ་དག་ལྷན་ཅིག་ཏུ་ཚོགས་ཀྱང་རི་བོ་མ་ཡིན་པས་རི་བོའི་མིང་སྟོང་པའོ༔ དབྱུག་པ་གཅིག་པུ་ལའང་མིང་གི་གདགས་གཞི་བརྟག་པས་རྩེ་མོ་ལ་རྩེ་མོ་ལས་དབྱུག་པ་མ་གྲུབ༔ རྟིང་པ་ལ་རྟིང་པ་ལས་མ་གྲུབ༔ ཤིང་ལའང་ཤིང་ལས་མ་གྲུབ༔ བསྲེགས་པའི་ཐལ་བ་ལ་ཐལ་བ་ལས་མ་གྲུབ༔ བརྡུངས་པའི་རྡུལ་ལ་རྡུལ་ལས་དབྱུག་པ་མ་གྲུབ་པས་མིང་དེའང་ཡུལ་མེད་དུ་ཡལ་བ་ལས་མ་འདས་པའོ༔ ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱང་རྡུལ་གྱི་ཁུང་ན་མ་གྲུབ༔ རྡུལ་ཕྲན་གྱི་ཁུང་ན་མ་གྲུབ༔ རྡུལ་ཕྲན་ཆ་མེད་ཀྱི་ཁུང་ནའང་མ་གྲུབ་པར་ཤེས་པར་གྱིས་ཤིག༔ མིང་གི་རྣམ་གྲངས་ཐམས་ཅད་སྒྱུ་མ་ལ་སྒྱུ་མ་མེད་པར་སྒྱུ་མ་མིང་ཙམ་གྱིས་ཟད་པ་དང་༔ སྨིག་རྒྱུ་ལ་སྨིག་རྒྱུ་མེད་བཞིན་མིང་ཙམ་དུ་ཟད་པ་དང་༔ རྨི་ལམ་ལ་རྨི་ལམ་མེད་བཞིན་མིང་ཙམ་གྱིས་ཟད་པ་དང་༔ གཟུགས་བརྙན་ལ་གཟུགས་བརྙན་མ་གྲུབ་པར་མིང་ཙམ་དུ་ཟད་པ་དང་༔ དྲི་ཟའི་གྲོང་ཁྱེར་ལ་དྲི་ཟའི་གྲོང་ཁྱེར་མིང་ཙམ་གྱིས་ཟད་པ་དང་༔ བྲག་ཆ་ལ་བྲག་ཆ་ཞེས་མིང་ཙམ་ལས་ཡུལ་མེད་པ་དང་༔ ཆུ་ཟླ་ལ་ཆུ་ཟླ་ཞེས་ཚིག་ཙམ་དུ་ཟད་པ་དང་༔ ཆུ་ལྦུར་ཡང་ཆུ་ལྦུར་བརྗོད་པའི་ཚིག་ཙམ་ལས་ཡུལ་མ་གྲུབ་པ་དང་༔ མིག་ཡོར་ཡང་མིང་ཙམ་ལས་ཡུལ་མ་གྲུབ་པ་དང་༔ སྤྲུལ་པ་ཡང་མིང་ཚིག་བརྗོད་པ་ཙམ་ལས་མ་གྲུབ་པ་ལ་མིང་གི་སྒྲ་བརྗོད་པ་དེ་བཞིན་དུ་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ཀྱི་མིང་ཚིག་བརྗོད་པའི་གདགས་གཞི་ཐམས་ཅད་མེད་ཅིང་མ་གྲུབ་པའི་སྟོང་པ་ཉིད་ཡིན་ཏེ༔ སྟོང་པ་ཡུལ་མེད་དུ་ཐག་ཆོད་ཅིང་སྟོང་ཉིད་ནམ་མཁའི་ཀློང་ཡངས་སུ་འགག་བསྡམ་པ་ནི་མན་ངག་གོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གདུལ་བྱ་བློ་རྨོངས་པ་བདེན་ཞེན་གྱིས་བཅིང་བ་རྣམས་ཀྱིས་མིང་གི་གདགས་གཞི་མེད་པ་ཙམ་གྱིས་གཞི་ཆོས་ཉིད་ཀྱི་གནས་ལུགས་རྟོགས་མི་ནུས་པས་ན༔ རྟོག་པ་ཕྲ་རགས་གཉིས་ཀྱི་སྒོ་ནས་མེད་པའི་ངང་ཚུལ་གཏན་ལ་དབབ་པའི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་འདི་ལྟར་ཤིང་གི་སྡོང་པོ་ཞིག་སྣང་ན་སྡོང་པོ་འདི་ཡོད་པ་རྟག་པ་ཡིན་ནམ༔ མེད་པ་ཅང་མེད་ཡིན་ནམ་བརྟག་ཤིང་དཔྱད་པ་ནི༔ རྟག་པ་ཡིན་ན༔ མི་ཆོད་པ༔ མི་ཤིགས་པ༔ བདེན་པ༔ སྲ་བ༔ བརྟན་པ༔ ཐམས་ཅད་དུ་ཐོགས་པ་མེད་པ༔ ཐམས་ཅད་དུ་མ་ཕམ་པ་དང་ལྡན་དགོས་པ་ཡིན་ཏེ༔ སྡོང་པོ་འདི་ལ་སྟྭ་རེས་བཏབ་པས་རྨ་བྱུང་བས་ན་ཆོད་པ་དང་༔ མང་དུ་བཏབ་ནས་བཤིག་ཚེ་འཇིགས་པ་དང་༔ གཅིག་གིས་མང་པོར་འགྱུར་བས་མི་བདེན་པར་རྫུན་པ་དང་༔ དེ་དཀར་ནག་གི་ཁ་དོག་དང་རྡུལ་གྱིས་བསླད་འཇུག་ནུས་པས་མི་སྲ་སྟེ་སྙི་བ་དང་༔ དུས་དང་རྐྱེན་གྱིས་འཕོ་འགྱུར་ཅན་དུ་གྲུབ་པས་མི་བརྟན་པ་དང་༔ ཡུལ་གང་ལའང་ཐོགས་རྡུག་ཅན་དུ་གྱུར་པས་ཐོགས་པ་དང་༔ འདི་ལ་ཇི་ལྟར་བྱས་ཀྱང་ཤིང་འདི་ཕམ་པར་འགྱུར་བས་ཕམ་པ་སྟེ༔ རྡོ་རྗེའི་ཆོས་གཅིག་ཙམ་ཡང་མི་ཚང་ན་མེད་ངེས་པ་རུ་ཐག་གཅོད་པར་བྱའོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་རྡོ་རྗེའི་ཆོས་བདུན་ཚང་བའི་རྡོ་རྗེ་དེ་གང་ལགས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་ཀུན་རྫོབ་རྫས་ཀྱི་རྡོ་རྗེ་ཞེས་ཡོད་པར་གླེང་བ་ནི་མོ་གཤམ་གྱི་བུ་ལྟ་བུ་སྟེ༔ རྫས་ཀྱི་རྡོ་རྗེ་རུས་པ་ལས་གྲུབ་པར་བསྟན་པ་དང་༔ རྡོ་ཡི་རྡོ་རྗེ་བསྲེགས་པས་འཇིག་པར་ནུས་པ་དང་༔ ལྕགས་ཀྱི་རྡོ་རྗེ་མེས་ཞུ་བ་རྣམས་ནི་བདེན་པར་མ་གྲུབ་པ་ཀུན་རྫོབ་ཀྱི་རྡོ་རྗེ་འཇིག་པའི་ཆོས་ཅན་ནོ༔ ཀུན་གྱི་སྣང་ཡུལ་ནམ་མཁའི་རྡོ་རྗེ་འདི་ནི་མཚོན་སོགས་གཞན་གྱིས་མི་ཆོད་པ༔ ཡུལ་དང་རྐྱེན་གྱིས་མི་ཤིགས་པ༔ སྐྱོན་དང་དྲི་མ་མེད་པར་སྣང་སྲིད་ཀྱི་མཆེད་གཞི་ཆེན་པོར་གྱུར་པས་བདེན་པ༔ སྐྱོན་དང་ཡོན་ཏན་གྱིས་བསླད་མི་འཇུག་པས་སྲ་བ༔ དུས་གསུམ་འཕོ་འགྱུར་དང་བྲལ་བས་བརྟན་པ༔ ཐམས་ཅད་སྟོང་པར་འབིག་པས་ཐམས་ཅད་དུ་ཐོགས་པ་མེད་པ༔ གང་གིས་ཀྱང་བཅོས་བསྒྱུར་བྱར་མེད་པས་ཐམས་ཅད་དུ་མ་ཕམ་པ་སྟེ༔ འདི་ནི་ཀུན་སྣང་ནམ་མཁའི་རྡོ་རྗེའོ༔ འདི་རང་རྒྱུད་པར་འཛིན་པ་རྣམས་ལ་ཀུན་རྫོབ་ཀྱི་རྡོ་རྗེ་དང་༔ འདིའི་ངང་ཚུལ་རྣམ་པར་ཐར་པ་མ་འདྲེས་ཡོངས་སུ་རྫོགས་པར་ཤེས་པ་རྣམས་ལ་དོན་དམ་མི་ཤིགས་པའི་རྡོ་རྗེའོ༔ དེ་ལས་གཞན་པའི་རྡོ་རྗེའི་ཆོས་བདུན་ཚང་བའི་ཡུལ་ཞིག་མཆིས་ན་རྟག་པ་ཡིན་ཀྱང་དེ་མ་མཆིས་ན་ཐམས་ཅད་མ་གྲུབ་པའི་སྟོང་པ་ཉིད་དུ་ངེས་པའོ༔ དེ་ལྟར་ཤིང་གི་སྡོང་པོ་དང་༔ ས་དང་རྡོ་དང་ཁང་ཁྱིམ་དང་ཀ་ཆ་ལ་སོགས་པའི་རྫས་དངོས་པོར་སྣང་བ་རྣམས་བརྡུང་བཅག་བཏུལ་གསུམ་བྱས་ནས་རྡུལ་དུ་བཏང་བས་རྡུལ་ཕྱེ་དང་༔ རྡུལ་བདུན་ཆར་བཏུལ་བས་རྡུལ་ཕྲ་རབ་དང་༔ ཕྲ་རབ་བདུན་ཆར་བཏུལ་བས་ཆ་མེད་དུ་བཏང་ནས་ཅང་མེད་ནམ་མཁའི་རང་བཞིན་དུ་ཡལ་བ་དང་༔ གཞན་ཡང་དངོས་པོ་གང་རུང་མེ་ལ་བསྲེགས་པའི་ཐལ་བ་ནམ་མཁར་རང་ཡལ་དུ་འགྲོ་བ་དང་༔ སྲོག་ཆགས་ཀྱི་གཟུགས་སུ་སྣང་བ་ཞིག་བསད་ཅིང་མེར་བསྲེག་པར་བྱས་པས་ཡུལ་མེད་དུ་ཡལ་བ་སོགས་སྣང་བའི་ཆོས་ཐམས་ཅད་ལ་དེ་བཞིན་དུ་བརྟག་ཅིང་དཔྱད་པས་ཐམས་ཅད་ཡུལ་མེད་དུ་ཡལ་བ་ལས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་དོ༔ དེ་ལྟ་བུའི་ཚུལ་ལ་བརྟག་དཔྱད་ནན་དུ་བྱེད་པ་གནད་ཀྱི་སྙིང་པོར་གྱུར་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་མ་གྲུབ་ཅིང་མི་བདེན་ན་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཅི་ལས་བྱུང་ཞིང་སྣང་བ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་བདག་ཏུ་འཛིན་པའི་རྒྱུ་བྱས༔ རྣམ་པར་རྟོག་པས་རྐྱེན་བྱས་ནས་སྣང་ཙམ་དུ་གྲུབ་པ་སྟེ༔ ཤེས་པ་དང་པོ་ཡུལ་དུ་འཕོས་པས་སྣང་བ་གློ་བུར་དུ་བསླང་༔ མེད་པར་བྱེད་སྙམ་པའི་རྣམ་པར་རྟོག་པ་དང་༔ དེས་བཤིག་པར་བྱེད་སྙམ་པའི་སྣང་བ་དེས་གནས་སུ་འགྱུར་བའམ་ཡུལ་མེད་དུ་ཡལ་བ་ཡིན་ནོ༔ ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་སྣང་ཙམ་མ་གཏོགས་ངེས་པར་རང་གི་ངོས་ནས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་དེ༔ དཔེར་ན་རྒྱུ་ཕ་རོལ་པོའི་མིག་དང་ནམ་མཁའ་དྭངས་གསལ་ལ་གཞི་བྱས༔ རྐྱེན་སྒྱུ་མའི་རྫས་སྔགས་དང་སྤྲུལ་སེམས་རྣམས་དུས་འཛོམ་པ་ལས་རྟེན་འབྲེལ་སྒྱུ་མའི་སྤྲུལ་པ་མེད་བཞིན་དུ་སྣང་བ་དང་༔ རྒྱུ་ནམ་མཁའ་དྭངས་གསལ་དང་༔ རྐྱེན་དྲོད་གཤེར་འཛོམ་པའི་རྟེན་འབྲེལ་ལས་སྨིག་རྒྱུ་མ་གྲུབ་བཞིན་དུ་སྣང་བ་དང་༔ རྒྱུ་ཀུན་གཞིའི་རྣམ་ཤེས་དྭངས་གསལ་དང་༔ རྐྱེན་བདག་ཏུ་འཛིན་པའི་རྟེན་འབྲེལ་ལས་རྨི་སྣང་མེད་བཞིན་དུ་འབྱུང་བ་ལ་དངོས་འཛིན་བདེན་ཞེན་ཉིན་སྣང་ལྟ་བུར་འཁྲུལ་པ་དང་༔ རྒྱུ་མེ་ལོང་དྭངས་གསལ་དང་༔ རྐྱེན་ཕ་རོལ་པོའི་བྱད་དུས་འཛོམ་པའི་རྟེན་འབྲེལ་ལས་གཟུགས་བརྙན་མེད་བཞིན་དུ་སྣང་བ་དང་༔ རྒྱུ་བསམ་གཏན་བསྒོམ་པའི་ཏིང་ངེ་འཛིན་ལ་བརྟེན་ནས༔ རྐྱེན་སྣོད་དང་རླན་གཤེར་དུས་འཛོམ་པའི་རྟེན་འབྲེལ་ལས་ཡུལ་ལ་དྲི་ཟའི་གྲོང་ཁྱེར་སྣང་བ་དང་༔ རྒྱུ་བྲག་སོགས་སྲ་ཞིང་མཐོ་བ་དང་རྣ་བའི་རྣམ་པར་ཤེས་པ་ལ༔ རྐྱེན་ཀྭི་བཏབ་པ་སོགས་སྒྲ་སྐད་གྲགས་པའི་རྟེན་འབྲེལ་ལས་བྲག་ཆ་འབྱུང་བ་དང་༔ རྒྱུ་ཆུ་དྭངས་གསལ་དང་༔ རྐྱེན་ནམ་མཁའི་གཟའ་སྐར་ཤར་བ་དུས་འཛོམ་པའི་རྟེན་འབྲེལ་ལས་གཟུགས་བརྙན་སྣང་བ་དང་༔ རྒྱུ་ཆུ་ཉིད་ལ་བརྟེན་ནས༔ རྐྱེན་དེ་རྙོག་པའམ་དཀྲུག་པ་དུས་འཛོམ་པའི་རྟེན་འབྲེལ་ལས་ཆུ་ལྦུར་འབྱུང་བ་དང་༔ རྒྱུ་མིག་ལ་བརྟེན་ནས༔ རྐྱེན་མིག་རྩ་བཙིར་བ་དུས་འཛོམ་པའི་རྟེན་འབྲེལ་ལས་མིག་ཡོར་འབྱུང་བ་དང་༔ སྒྱུ་སྤྲུལ་པ་ལ་དབང་བ་རྣམས༔ རྐྱེན་སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་ཞུགས་པའི་རྟེན་འབྲེལ་ལས་སྤྲུལ་པ་མེད་བཞིན་དུ་སྣང་བའོ༔ དེ་ལྟར་དཔེ་བཅུ་པོ་རྒྱུ་ལ་བརྟེན་པས་རྟེན་དང་༔ རྒྱུ་རྐྱེན་གཉིས་སུ་མེད་པས་འབྲེལ་པ་དང་༔ མེད་བཞིན་དུ་སྣང་བ་འབྱུང་བས་འབྱུང་བའོ༔ དེ་བཞིན་དུ་གཞི་དབྱིངས་ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་གཞི་མེད་རྩ་བྲལ་གྱི་མཁའ་དབྱིངས་ཡུལ་མེད་ཟང་ཐལ་གྱི་རོལ་པ་ལ༔ ང་ཞེས་བདག་ཏུ་འཛིན་པའི་ཤེས་པ་རྒྱུན་ཆགས་པས་གཞི་དུམ་བུར་བཅད་དེ་བདག་ཚུར་ལ་བཅད་པས་གཞི་དབྱིངས་ཕྱི་རུ་སོང་སྟེ་གཞི་དྭངས་གསལ་མེ་ལོང་ལྟ་བུར་ཅིར་ཡང་འཆར་དུ་རུང་བ་ལས་ཁམས་གསུམ་གྱི་སྣང་བ་མཆེད་པ་ཡིན༔ དེའི་མཚོན་དཔེ་ནི་རྒྱ་མཚོ་གཉིས་སུ་མ་གྲུབ་པ་ལ་ལྦུ་བ་བརྡོལ་བས་རྒྱ་མཚོ་ཕ་གི་བར་སོང་བ་དང་༔ ནམ་མཁའ་ལ་ནམ་མཁའ་ཉིད་ལས་མེད་པ་ལ་འཇའ་ཚོན་སྣང་བས་ནམ་མཁའ་གཞན་དུ་སྣང་བ་ལྟ་བུའོ༔ ང་ལ་བརྟེན་པས་ན་རྟེན༔ བདག་གཞན་གཉིས་སུ་མེད་པས་ན་འབྲེལ༔ ཡུལ་ཕ་རོལ་ལ་མེད་བཞིན་དུ་འབྱུང་བས་ན་འབྱུང་ཞེས་བྱའོ༔ དེ་ལྟར་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ཀྱི་ངང་ཚུལ་ཡིན་ལུགས་ལ་བརྟག་ནས་ཆོས་ཉིད་ནམ་མཁའ་སྟོང་པའི་རོལ་པ་རུ་ཐག་ཆོད་པར་བྱ་བ་གནད་དུ་ཟུངས་ཤིག༔ དེ་ཡང་ཉིན་སྣང་གི་ཡུལ་སྣང་བ་སྣོད་ཀྱི་འཇིག་རྟེན་སྲིད་པ་བཅུད་ཀྱི་སེམས་ཅན་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་གཉིད་དུ་སོང་ཚེ་ཀུན་གཞི་སྟོང་ཧད་ནམ་མཁའི་རང་བཞིན་དུ་ཞིག་ནས་དེའི་ངང་དུ་འབྱམས་ཀླས་པ་དང་༔ སླར་ཡང་ལས་རླུང་གཡོས་པའི་ཆོ་འཕྲུལ་ལས་བདག་འཛིན་གྱི་ཤེས་པ་ལངས་པས་བདག་ཏུ་སྣང་བ་ལས་ཕྱི་ནང་སྣོད་བཅུད་འདོད་ཡོན་ཐམས་ཅད་གཞི་དབྱིངས་སུ་སྔར་བཞིན་རྨི་ལམ་གྱི་སྣང་བར་མཆེད་དེ་བདེ་སྡུག་བར་གསུམ་ཉེ་བར་ལེན་ཅིང་བདེན་པར་ཞེན་ནས་འཁྲུལ་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་ཀུན་སྣང་བཀོད་པའི་དབང་པོ་སྟན་ལས་ལངས་ཏེ་གུས་པས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་སྣང་བ་ཐམས་ཅད་ཞིག་པ་ནི་མི་འདོད་དེ༔ བདག་མལ་སར་ཞུགས་ནས་གོས་ཀྱིས་དྲོ་བར་གཡོགས་ཏེ་གཉིད་དུ་སོང་བའི་ཚེ་སྣང་བའི་བཀོད་པ་འདི་དག་ཤུལ་དུ་ལུས་པར་འདོད་ཀྱི༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་ཀུན་སྣང་བཀོད་པའི་དབང་པོ་དེ་ལྟར་ཁྱེད་མལ་དུ་ཞུགས་ནས་གོས་དྲོ་བར་གཡོགས་ཏེ་གཉིད་ལོག་པའི་ཚེ་ཉིན་སྣང་གི་སྣོད་བཅུད་འདོད་ཡོན་ཐམས་ཅད་ཤུལ་དུ་བོར་བ་ཡིན་ན༔ རྨི་ལམ་གྱི་ཡུལ་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ༔ གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་༔ འདོད་ཡོན་ལྔའི་སྣང་བ་བཀོད་ལེགས་པ་དེ་དག་མཆེད་པའི་ཡུལ་ཕྱི་ནང་གང་དུ་འདུག་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ ཀུན་སྣང་བཀོད་པའི་དབང་པོ་ན་རེ༔ ལུས་ཀྱི་ནང་དུ་མཆེད་པ་ཡིན་པར་འདོད༔ ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་རྡོ་རྗེ་ལུས་ཀྱི་མགོའི་ནང་ནས་བཟུང་སྟེ་གནས་ཐམས་ཅད་དུ་བསམ་མནོ་ཐོང་དང་༔ དེ་ལྟར་སྣང་བའི་ཆོས་རྒྱ་ཆེ་ལ་གྲངས་མང་བ་རི་དང་ལུང་པ་མང་པོ་དེ་དག་མཆེད་པའི་གནས་གང་ལགས་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་བརྟག་ཅིང་དཔྱད་ན་མགོ་བོ་ནི་དེ་ལྟར་སྣོད་བཅུད་སྣང་བ་མཆེད་པའི་རྒྱ་ཁྱོན་མེད་ལ༔ ཡན་ལག་ཀྱང་མ་ཡིན༔ བྱང་ཁོག་ཀྱང་མ་ཡིན་ཏེ༔ རྣམ་པར་ཤེས་པ་ལུས་ཀྱི་ཕྱི་རོལ་དུ་ཐོན་ནས་ཡུལ་གཞན་ཞིག་མཐོང་བ་ཨེ་ཡིན་སྙམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་ཁྱོད་ཀྱི་བེམ་རིག་བྲལ་ནས་རྣམ་པར་ཤེས་པ་ཕྱིར་ཐོན་པ་ཡིན་ན་སྒོ་གང་ནས་འགྲོ༔ སླར་ལུས་ལ་ཞུགས་པའི་དུས་སུ་ཡང་སྒོ་གང་ནས་ཞུགས་ངོས་ཟུངས་ཤིག༔ རྨི་ལམ་གྱི་ཡུལ་དེ་འདི་ནས་ཕྱོགས་མཚམས་སྟེང་འོག་གང་ལགས༔ རྨི་ལམ་གྱི་ཡུལ་སྣང་སྣོད་བཅུད་ཐམས་ཅད་ཉིན་སྣང་གི་དེ་དང་གཅིག་པར་འདོད་དམ༔ སོ་སོར་འདོད་ང་ལ་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ བྱང་ཆུབ་སེམས་དཔའ་ན་རེ༔ སྒོ་མ་མཐོང་སྟེ་ཤར་ལྷོ་ནུབ་བྱང་དུ་ངོས་ཡང་མ་ཟིན༔ ཡུལ་གཞན་ཞིག་ཡིན་སེམས་པ་ཡིན༔ ཅེས་ཞུས་པས༔ བཀའ་སྩལ་པ༔ སྒོ་འགྲིམ་པར་སེམས་ན་ཉིན་སྣང་དུ་གནས་ཁང་ཕྱི་ནང་དུ་བགྲོད་པའི་སྒོ་སྣང་ཞིང་ངོས་བཟུང་ཡང་ཡོད༔ ཡུལ་འདིའི་ཕྱོགས་མཚམས་ཞིག་ཏུ་ཕྱིན་པར་ངེས་ན་འབྱུང་བ་སྣོད་བཅུད་ཐམས་ཅད་ཉིན་སྣང་དང་རོ་གཅིག་པར་འདུག་པས་རྨི་སྣང་མ་ཡིན༔ བེམ་རིག་བྲལ་བའི་རྗེས་སུ་སླར་འཇུག་སྲིད་ན་སེམས་ཅན་ཤི་བ་ཐམས་ཅད་སླར་ཡང་རང་ལུས་ལ་ཞུགས་མི་ནུས་པའི་དོན་མ་མཆིས༔ མཚན་མོའི་ལུས་ལ་བེམ་རིག་བྲལ་བས་བེམ་པོ་དྲོད་དང་བྲལ་ནས་རོ་རུ་མི་འགྲོ་ན་ཤི་བའི་ཚེ་ནའང་དྲོད་དང་བྲལ་བའི་དོན་མ་མཆིས༔ དེ་ལྟར་ཉིན་སྣང་དང་མཚན་སྣང་གཅིག་པར་འདོད་ན་གཉིད་ཀྱིས་མཚམས་བཅད་དམ་མ་བཅད༔ ཐ་དད་དུ་འདོད་ན་གཅིག་ཐོག་ཏུ་གཅིག་སྟེང་ཞབས་སམ་ཕྱི་ནང་བྱས་ནས་མཆེད་པ་ཡིན་ནམ༔ གང་ལྟར་འདོད་པ་དེ་ང་ལ་སྨོས་ཤིག༔ ཅེས་གསུངས་པས༔ ཡང་ཞུས་པ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་བརྟག་ཅིང་དཔྱད་པས་ཡུལ་གཞན་དུ་ཕྱིན་པ་ཡིན་ན་ལུས་ཀྱང་རོ་རུ་འགྱུར་བ་དང་༔ སྣོད་བཅུད་སྣང་བ་ཐམས་ཅད་ཀྱང་གཅིག་དགོས་པས་གཉིད་ཀྱིས་མཚམས་མ་ཆད་པར་ཡོད་དགོས་པ་དང་༔ ཤི་བའི་ཚེ་ཡང་ལུས་ལ་སླར་འཇུག་པའི་ཐབས་ཡོད་དགོས་པ་དང་༔ ཉིན་སྣང་དང་མཚན་སྣང་ཐ་དད་པ་ཡིན་ན་སྣང་བ་གཅིག་ཐོག་ཏུ་གཅིག་མཆེད་དགོས་པ་དང་༔ གཅིག་པར་འདོད་ན་ཉིན་སྣང་དང་རྨི་སྣང་གི་དབྱེ་བ་མེད་པས༔ ཉིན་སྣང་དབྱིངས་སུ་ནུབ་ནས་རྨི་སྣང་མཆེད་པ་ལགས་སོ༔ ཞེས་ཞུས་སོ༔ ཡང་ཀུན་སྣང་བཀོད་པའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལུས་འདི་མཆིས་ན་ཕ་མའི་རྒྱུ་རྐྱེན་ལ་ལྟོས་པ་ཅན་ཡིན་དགོས་ཏེ༔ སྣང་བ་གནས་འགྱུར་མ་ཡིན་པའི་མཚང་ཐོན་པས་ཕ་མ་འདི་ཅིའི་ཕྱིར་སྣང་༔ ལུས་འདི་གང་གི་ཕྱིར་སྣང་༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ལུས་གྲུབ་པ་ལ་ཕ་མ་གཉིས་མཆིས་དགོས་པ་ཡིན་ན༔ བར་དོའི་ལུས་དང༔ རྨི་ལམ་གྱི་ལུས་དང༔ དྲོད་གཤེར་ལས་སྐྱེས་པ་དང་༔ བརྫུས་ཏེ་སྐྱེས་པ་དག་ལ་ལུས་སྣང་ཡང་ཕ་མ་མ་གྲུབ༔ ཁྱོད་ལུས་འདི་ཕ་མ་གཉིས་ལ་ལྟོས་གྲུབ་ཏུ་འདོད་ན་སེམས་ཅན་ལུས་ཅན་མ་བྱུང་བའི་གོང་རོལ་ན་ཕའི་ཐོག་མ་དེ་གང་ནས་བྱུང་༔ གནས་ས་གང་དུ་བཟུང་༔ མཐའ་མ་གང་དུ་སོང་༔ མ་ཡང་དེ་ལྟར་བྱུང་གནས་འགྲོ་གསུམ་གྱི་ཚུལ་ལ་ལྟོས་ཤིག༔ དེ་ལྟར་ད་ལྟའི་ལུས་འདིའི་ཕ་མ་ཡན་ཆད་ལ་རིམ་པ་བཞིན་དུ་དཔྱོད་ཅིག༔ རྟོགས་ཤིག༔ ཅེས་གསུངས་སོ༔ སྣང་བའི་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་ལགས་སོ༔ བདག་གིས་སྣང་བ་གཏན་ལ་ཕབ་པས་བདག་གཅིག་པུའི་སྣང་བ་ལ་མེད་པར་སྣང་ཙམ་ཡིན་ནམ་སེམས་པས༔ དེ་ལྟར་ལགས་སམ་མ་ལགས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་ཁྱོད་དེ་ལྟར་མ་སེམས་ཤིག༔ གལ་ཏེ་ཁྱོད་ཀྱིས་དེ་ལྟར་སྣང་བ་ཐམས་ཅད་གཏན་ལ་ཕབ་པས་ཐམས་ཅད་སྟོང་པར་མཐོང་བས་མཐར་ཁྱོད་གཅིག་པུ་ལ་མེད་པར་སྣང་བ་ཙམ་ལས་ངེས་པར་སྟོང་པ་མ་ཡིན་པར་ཐག་གཅོད་ན་མི་སྟོང་པ་ལ་སྟོང་པའི་རྒྱས་འདེབས་པ་དང་༔ ཡོད་པ་ལ་མེད་པར་བློ་སྦྱོང་བ་ཙམ་སྟེ༔ སྟོང་ཉིད་ཀུན་རྫོབ་ཏུ་ལ་བཟླས་ནས་ཡོད་པ་དོན་དམ་པར་འཛིན་པས་རང་གཅིག་པུའི་ངོས་ནས་མ་གྲུབ་པར་འདོད་ན་བདག་གཅིག་པུ་སྟོང་པར་གོ་བ་གང་ཟག་གི་བདག་མེད་ཙམ་ཉན་ཐོས་ཀྱི་ལྟ་བ་རུ་སོང་བ་ཡིན་ནོ༔ སྣང་སྲིད་ཐམས་ཅད་སྒྱུ་མའི་དཔེ་བཅུ་ལྟ་བུར་གཏན་ལ་དབབ་ནས་སྒྱུ་མ་མཁན་ལས་སྣང་ཡུལ་གཞན་མ་གྲུབ་པ་སྣང་དུས་ཉིད་ནས་སྣང་མཁན་རང་ངོར་ཡལ་བ་བཞིན་བདེན་པར་མ་གྲུབ་པ་ཉིད་དུ་ལ་བཟླ་བ་དོན་དམ་པའི་སྟོང་པ་ཉིད་དུ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ སྣང་བའི་དབང་པོ་ན་རེ༔ བདག་གིས་འདི་སྙམ་དུ་སེམས༔ སེམས་ཅན་གཅིག་གི་སྣང་བ་མ་ཡིན་ཏེ༔ གལ་ཏེ་ཁམས་གསུམ་ཐམས་ཅད་བདག་གི་སྣང་བ་ཙམ་ཡིན་ན༔ བདག་གཅིག་པུའི་སྣང་བ་འགྱུར་ཚེ་ཁམས་གསུམ་གྱི་སྣང་བ་ཐམས་ཅད་དེ་ཉིད་དུ་འགྱུར་བ་དང་༔ ཤི་བ་དང་༔ ཡལ་བ་དང་༔ དུབ་པ་རུ་ཐག་བཅད་དགོས་ཏེ༔ དེ་ཡང་མ་ཡིན་པས་བདག་གིས་ཡུལ་ཕ་གི་བ་རྣམས་སྣང་བ་དེ་ལས་ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་བདག་དང་མཉམ་དུ་ཤི་བ་དང་ཡལ་བར་མི་སེམས་པས༔ དེའི་དོན་ཡང་དག་པར་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཁྱོད་ཀྱིས་སེམས་པ་དེ་ལྟ་བུ་ཞིག་སེམས་ཅན་ཐམས་ཅད་ཀྱིས་ཤེས་ཤིང་བདེན་པར་འཛིན་པས་འཁྲུལ་པ་ཡིན༔ བདག་གིས་གཞན་ལ་སྤྱོད་པར་ཤེས་པ་ནི་སྟོང་ཉིད་རྟོགས་པ་མ་ཡིན་ནོ༔ ཚེ་འཁོར་བ་ཐོག་མ་མེད་པ་ནས་རང་སྣང་གཞན་དུ་བཟུང་སྟེ་ཉེ་བར་བླངས་ནས་འཁྲུལ་པ་ཡིན༔ རྨི་ལམ་གྱི་སྣང་སྲིད་འདོད་ཡོན་ཐམས་ཅད་སད་དུས་ཉིད་ནས་ཤུལ་དུ་ལུས་ཏེ་དོར་བ་མ་ཡིན་ཏེ༔ ཐམས་ཅད་སེམས་ཀྱི་ངང་དུ་ཡལ་བ་དེ་བཞིན་དུ་སྣང་བ་ཐམས་ཅད་རང་ལ་ཡལ་བ་ལས༔ གཞན་ཕ་རོལ་ན་སྣོད་བཅུད་འདོད་ཡོན་རང་རྒྱུད་ཅན་མེད་པར་ཐག་ཆོད་དགོས་པ་ཡིན༔ བདག་གཅིག་པུའི་ངོས་ན་རང་ལས་སེམས་ཅན་དང་སྣང་བ་མེད་པར་བཟུང་ནས་སྣང་བ་བདེན་པར་འཁྲུལ་པ་སེམས་ཅན་གྱི་འཁྲུལ་ལམ་ཡིན་པས༔ དེའི་ངང་ཚུལ་སེམས་ལ་ལྟོས་ཤིག་དང་༔ སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་ཚེ་སེམས་ཅན་དམུས་ལོང་རྣམས་ཀྱིས་སྟོང་ཉིད་གཏན་ལ་དབབ་ཅིང་བདག་གི་ངོས་ནས་མ་གྲུབ་ཀྱང་སྣོད་བཅུད་རང་རང་གི་ངོས་ན་རང་རྒྱུད་ཅན་ཞིག་ངེས་པར་གྲུབ་པ་ཙམ་གྱིས་ཐོག་ཏུ་ཕེབས་ནས་ཐག་དེར་བཅད་པ་ལས༔ དོན་དམ་པའི་ལམ་སྟོང་པ་ཉིད་ངོ་འཕྲོད་པ་ནི་ཤིན་ཏུ་དཀོན་པས་འདིའི་གནད་ཀྱི་ངང་ཚུལ་ལ་ཞིབ་ཏུ་ལྟོས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་མེད་པས་སྟོང་ཉིད་ངེས་ཅན་ཞིག་ཡིན་ན༔ སྣང་སྲིད་ཀྱི་ཁམས་སུ་བདེ་སྡུག་མྱོང་ཚོར་དང་ཡུལ་ནས་ཡུལ་དུ་ཁ་བརྒྱུད་པ་མེད་ངེས་ཡིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་སེམས་ཅན་ཆེན་པོ་འདིས་ཚེ་རབས་ཐོག་མ་མེད་པ་ཞིག་ནས་ཁམས་གསུམ་གྱི་འཁོར་བར་འཁོར་མ་མྱོང་༔ གཞན་ཡུལ་མང་པོར་ཁ་བརྒྱུད་ནས་འཕོ་བགྲོད་བྱས་པའང་མེད༔ མིག་གིས་གཟུགས་སྤུ་རྩེ་ཙམ་ཡང་མ་མཐོང་༔ རྣ་བས་སྒྲ་བྲག་ཆ་ཙམ་ཐོས་མ་མྱོང་༔ སྣས་དྲི་དང་༔ ལྕེས་རོ་དང་༔ ལུས་ཀྱིས་རེག་བྱ་རྣམས་ཀྱང་དེ་བཞིན་ཚོར་མ་མྱོང་༔ འཁོར་བའི་ཁམས་ལ་གོམ་པ་གཅིག་ཀྱང་འདོར་མ་མྱོང་༔ ལས་ཀ་སོ་ནམ་བྱ་བྱེད་འབད་རྩོལ་ཏིལ་འབྲུ་ཙམ་ཡང་བྱེད་མ་མྱོང་༔ འདུག་པ་དང་༔ ལངས་པ༔ ཡན་ལག་ཐམས་ཅད་ཀྱིས་འགུལ་བསྐྱོད་བྱས་པ་མེད༔ སྐྱེ་བ་དང་༔ གཞོན་པ་དང་༔ དར་བ་དང་༔ རྒུད་པ་དང་༔ ན་བ་དང་༔ འཆི་བ་ལ་སོགས་མྱོང་ཚོར་བྱུང་མ་མྱོང་ངེས་པ་རུ་ཐག་ཆོད་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཐོག་མཐའ་མེད་པར་འཁྲུལ་པ་འདི་ཡང་ངེས་པ་དང་༔ འཁོར་བ་མང་པོར་ཁ་བརྒྱུད་པའང་ངེས་པ་དང་༔ རྒྱལ་ཁམས་མིག་གིས་མཐོང་བ༔ སྒྲ་སྐད་རྣ་བས་ཐོས་པ༔ དྲི་ཚོགས་སྣས་ཚོར་བ༔ རོའི་བྱེ་བྲག་རྣམས་མངོན་སུམ་མིག་གིས་མཐོང་༔ དོན་དམ་ལག་པས་བཟུང་ནས་ཁ་རུ་ཟོས་པས་རོ་མྱོང་༔ རེག་བྱ་འཇམ་རྩུབ་ཐམས་ཅད་ལུས་ཀྱིས་མྱོང་བ་དང་༔ ས་སྟེང་རྐང་པས་བསྐོར་བ་དང་༔ སྐྱེ་རྒ་ན་འཆིའི་སྣང་བ་མངོན་སུམ་དུ་བྱུང་བ་དང་༔ འབད་རྩོལ་གཡོ་འགུལ་བྱས་པའི་སྒོ་ནས་ལས་ཀ་སོ་ནམ་ལ་བརྩོན་པ་འདི་མ་གྲུབ་པ་ཅིའི་ཕྱིར་བསྟན་པ་ཡིན༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རྨི་ལམ་གྱི་ཡུལ་ནས་ཉིན་སྣང་གི་ཡུལ་དུ་བགྲོད་པ་མིན་ཏེ་སྣང་བ་གནས་འགྱུར་ལྟ་བུ་དང་༔ རྨི་ལམ་ན་རྒྱལ་ཁམས་མཐོང་ཡང་དེ་རིང་བརྟག་པས་ཏིལ་མིག་ཙམ་མ་མཐོང་བ་དང་༔ རྨི་ལམ་ན་སྒྲ་སྐད་སྣ་ཚོགས་པ་དང་༔ དྲི་དང་༔ རོ་དང་༔ རེག་བྱར་སྣང་བ་སྣ་ཚོགས་ཤར་ཡང་༔ དེ་རིང་བརྟག་ན་རྣ་བས་རང་སྒྲ་རང་གིས་ཐོས་པ་དང་༔ སྣས་རང་དྲི་རང་གིས་ཚོར་བ་དང་༔ ལྕེས་རང་རོ་རང་གིས་མྱོང་བ་ལས་གཞན་པའི་ཟས་ཁམ་གཅིག་ཟ་མ་མྱོང་བ་དང་༔ རྨི་ལམ་ན་རྒྱལ་ཁམས་རྐང་པས་བསྐོར་བ་རྨིས་ཀྱང་དེར་གོམ་པ་གཅིག་དོར་བ་མེད་པ་དང་༔ རྨི་ལམ་ན་ལས་ཀ་སོ་ནམ་འབད་རྩོལ་སྣ་ཚོགས་བྱེད་པར་སྣང་ཡང་དེ་རིང་ལྟོས་དང་སྐད་ཅིག་ཙམ་བྱས་པ་མེད་པ་དང་༔ དེ་བཞིན་དུ་སྐྱེ་རྒ་ན་འཆི་འགྲོ་འདུག་འགུལ་བསྐྱོད་ཀྱི་སྣང་བ་ཐམས་ཅད་མེད་བཞིན་དུ་འཁྲུལ་པའི་སྣང་བ་སྣང་ཙམ་ཉིད་ལས་ཡུལ་མེད་གནས་མེད་རྟེན་མེད་མ་བྱུང་མ་སྐྱེས་པ་དེས་སྟོན་པ་ལ་ལྟོས་ཤིག༔ དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་སྣང་ཙམ་ལས་སྟོང་པ་བདེན་པར་མ་གྲུབ་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ རྨི་ལམ་དང་ཉིན་སྣང་མི་འདྲ་སྟེ༔ རྨི་ལམ་འཁྲུལ་སྣང་དང་༔ ཉིན་སྣང་བདེན་གྲུབ་ཅན་བློ་ཡིད་བརྟན་པ་བསྒྱུར་མི་ཐུབ་པ་ཞིག་ཡོད་པར་སྣང་བས་ན༔ དེའི་ངང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཁྱོད་ཀྱི་ལུས་འདི་སྣང་ནས་ཡིད་ལ་དྲན་ཚུན་ཆད་དུ་ཉིན་སྣང་གི་ལས་ཀ་བྱ་བྱེད་སོ་ནམ་རྙེད་པ་གསོག་འཇོག་འབད་རྩོལ་འདོད་ཡོན་གྱི་སྣང་བ་ཐམས་ཅད་ད་ལྟ་གང་ན་མཆིས༔ དོན་དང་བྱ་བ་གང་འགྲུབ༔ བདེན་པར་གྲུབ་པ་ཅི་ཡོད་གང་ཡིན་ངོས་ཟུངས་ཤིག༔ དེ་བཞིན་དུ་རྨི་ལམ་གྱི་སྣང་བ་དང་མཉམ་མི་མཉམ་གྱི་ཚུལ་དང་༔ དེ་གཉིས་ཀ་ལ་ཡུན་རིང་ཐུང་དང་གྲངས་མང་ཉུང་ལ་ཁྱད་པར་ཡོད་མེད་ལྟོས་ཤིག༔ འཁོར་འདས་གཉིས་ལ་འཁྲུལ་དང་མ་འཁྲུལ་གཉིས་ལས་བྱེ་བྲག་ཕྱེད་རྒྱུ་མེད་དེ༔ རྨི་ལམ་འཁྲུལ་པ་མི་བདེན་ཅིང་ཉིན་སྣང་མ་འཁྲུལ་པ་བདེན་པར་འཛིན་ན༔ ཉིན་སྣང་དུ་སངས་རྒྱས་མ་འཁྲུལ་པ་དང་༔ རྨི་སྣང་དུ་སེམས་ཅན་འཁྲུལ་པར་འདོད་པ་ཡིན་ནམ༔ དེ་ཡིན་ཞག་གཅིག་ལ་འཁོར་འདས་གཉིས་གནས་འགྱུར་བས་གཉིས་ཀ་གང་ལའང་རེ་སྨོན་མེད་པར་ཐག་ཆོད་པ་དང་༔ ཡང་ན་དེ་གཉིས་འཁྲུལ་པ་ཡིན་ཡང་འཁྲུལ་པ་ལ་བདེན་རྫུན་ཡོད་པར་སེམས་ན་འཁྲུལ་སྣང་ལ་ཁྱད་པར་ཡོད་པའི་དོན་མ་མཆིས༔ མ་ཡིན་པ་ལ་ཡིན་པར་བཟུང་བས་འཁྲུལ་སྣང་ཞེས་བྱའོ༔ ཁྱོད་ཀྱི་རྨི་ལམ་ན་འདི་རྨི་ལམ་མོ༔ འདི་ནི་འཁྲུལ་པའོ་སྙམ་ནས་བདེན་རྫུན་མི་བྱེད་པ་ཨེ་ཡིན༔ དགྲ་ལ་སྡང་སེམས་དང་༔ གཉེན་ལ་ཆགས་སེམས་དང་༔ བཟང་པོ་ལ་རེ་བ་དང་༔ ངན་པ་ལ་དོགས་པ་མེད་པ་ཡིན་ནམ༔ དེ་མ་ཡིན་པར་ཉིན་དུས་ཡང་བཟང་ངན་བདེ་སྡུག་འདོད་ཡོན་ཐམས་ཅད་ལ་བདེན་ཞེན་སྐྱེས་ནས་བདེན་པར་འཛིན་པ་དང་༔ རྨི་སྣང་ལའང་དེ་བཞིན་དུ་བདེན་པར་འཛིན་ཅིང་བདེན་ཞེན་ཉིན་མོའི་སྣང་བ་བཞིན་དུ་ཡོད་ན་ཁྱོད་ཀྱིས་རང་གིས་རང་ལ་རྫུན་དང་གཡོ་སྒྱུའི་སྣང་སེམས་བཀོད་ནས་དེར་བདེན་ཞེན་སྐྱེས་ཏེ་རང་བསླུས་པའི་ངང་ཚུལ་ལ་ལྟོས་ཤིག༔ ཀྱཻ་སྣང་བའི་དབང་པོ་རྣམ་པར་རྟོག་པའི་དབང་གིས་ཕྱོགས་ཐམས་ཅད་དུ་འགྲོ་བའི་སྣང་བ་ཤར་ཏེ་གོམ་པ་འདོར་ལེན་གྱི་སྣང་བ་ཙམ་ནས་གཟུགས་སྣང་སོགས་མ་ངེས་པར་མཆེད་ཅིང་དབྱིངས་སུ་ཡལ་བ་དུས་མཉམ་དུ་བྱེད་པ་དང་༔ རི་དང་ལུང་པ་གནས་དང་ནོར་རྫས་ཐམས་ཅད་སྔ་ནུབ་ཕྱི་འབྱུང་ལས་སྔ་མ་ཤུལ་དུ་བོར་ནས་ཕྱི་མ་སླེབ་པ་མ་ཡིན་པར་མིག་ཕྱེ་བཙུམ་གྱིས་ཀྱང་སྣང་བ་ཐམས་ཅད་དབྱིངས་སུ་ཞིག་ནས་ཕྱི་མ་མཆེད་པ་ཡིན་ཏེ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སྣང་བའི་ཆོས་འདི་ཀ་སྔོན་ནས་ཡོད་པའི་མི་དང་ས་ཆ་ཡུལ་རིས་ཐམས་ཅད་ཐ་དད་མ་ཡིན་པར་གཅིག་ཏུ་འདུག་པ་དེ་ཡང་དབང་པོའི་སྒོ་རུ་སྣང་བ་ཡིན་པར་སེམས་པ་ལས་སྔ་མ་དབྱིངས་སུ་ནུབ་ནས་ཕྱི་མ་སླར་མཆེད་པར་མི་སེམས་ཏེ༔ སྣང་བའི་ཆོས་ཐམས་ཅད་ཀྱི་བྱད་དང་ངང་ཚུལ་ཐམས་ཅད་འགྱུར་བ་མེད་པར་རོ་གཅིག་ཏུ་སྣང་བས༔ དེའི་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་མ་ལགས་ཏེ༔ སྔོན་ནམ་མཁའ་ལ་འཇའ་ཚོན་ཤར་བ་དང་༔ དེ་རིང་འཇའ་ཚོན་སྣང་བ་གཉིས་གཅིག་པར་འདོད་དམ༔ སྔོན་ནམ་མཁའ་ལ་སྤྲིན་དང་ན་བུན་འབྲུག་སྒྲ་གྲགས་པ་ཆར་དང་སྐྱི་སེར་འབབ་པ་རྣམས་དང་༔ དེ་རིང་དེ་འབྱུང་བ་གཉིས་གཅིག་ཡིན་པར་སེམས་མམ༔ རྨི་ལམ་ལུས་དང་འདོད་ཡོན་གྱི་སྣང་བ་ཐམས་ཅད་དང་ཉིན་སྣང་གི་དེ་དང་གཅིག་ཏུ་འདོད་དམ༔ དེ་ལྟར་འདོད་ན་དེ་དག་ཐམས་ཅད་མི་སྣང་བའི་དུས་ཡུལ་གང་ལ་འདུག་པའི་ངང་ཚུལ་ལ་ལྟོས་ཤིག༔ དེ་དག་ཐམས་ཅད་ཀྱི་གཟུགས་དང་དབྱིབས་དང་ཁ་དོག་ངང་ཚུལ་ཐམས་ཅད་ལ་ཁྱད་པར་རྡུལ་ཙམ་མ་མཆིས་པ་ཡིན༔ ཉིན་མོར་སྣང་བའི་མི་དང་སྲོག་ཆགས་རྨི་ལམ་ན་རྨིས་ཚེ་དེ་གཉིས་ཀ་གཅིག་ལས་ཐ་མི་དད་པར་འདོད་དམ༔ གལ་ཏེ་གཅིག་པུར་སེམས་ན་ཉིན་སྣང་དུ་མི་ལ་ན་ཚ་དང་མཚོན་ཆས་བཏབ་པ་དང་༔ ཤི་བ་རྣམས་སྣང་ཡང་༔ རྨི་སྣང་ན་དེ་ལྟར་མ་གྲུབ་པ་དང་༔ ས་ཆ་ཡུལ་རིས་རྣམས་ལ་ས་ཞིག་རི་ཉིལ་སྣ་ཚོགས་སྣང་ཡང་༔ དེ་མི་མཚུངས་པ་ལ་སོགས་པའི་རྟགས་རང་ས་ནས་སྟོན་པ་དེ་ཡིན༔ སྣང་བའི་ཆོས་ཐམས་ཅད་མེད་ཅིང་མ་གྲུབ་པ་ལ་རྟག་པར་བཟུང་ནས་འཁྲུལ་པ་ཡིན༔ དོན་ལ་མ་གྲུབ་ཅིང་མི་རྟག་པ་འགྱུར་བའི་ཆོས་ཅན་སྣང་ཙམ་ཉིད་ནས་སྟོང་པ་ཡུལ་མེད་ཀྱི་ངང་ཚུལ་ཤེས་པ་ནི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཡང་སྙིང་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་ཆོས་ཐམས་ཅད་མེད་བཞིན་སྣང་བ་ནི་ལགས་སོ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡེ་ནས་སྟོང་པར་ངེས་ན་གཏན་ལ་དབབ་དགོས་པའི་དོན་མེད་ཅིང་རང་གིས་སྟོང་པ་དེས་ཆོག་པར་སེམས་པས་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་སེམས་ཅན་ཐམས་ཅད་བདག་མེད་ཡུལ་མེད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ཀྱང་དེ་ངོ་མ་ཤེས་པའི་དབང་གིས་ཁམས་གསུམ་གྱི་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་བདེན་པར་ཞེན་པ་ཡིན༔ འདི་ལྟར་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གཏན་ལ་ཕབ་ནས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་ཏེ༔ ངང་མངོན་དུ་བྱས་ན་སྒོམ་པའི་ངོ་བོ་དང་ལམ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལུང་མན་ངག་བླ་ན་མེད་པའི་ཡང་བཅུད་ཡིན་པས་ཤེས་པར་གྱིས་ཤིག༔ དེ་མ་རྟོགས་ན་སྟོང་ཉིད་ལུང་མ་བསྟན་དུ་སོང་བས་ཕན་གནོད་མེད་པ་ཡིན༔ སྟོང་པ་ཉིད་ཀྱི་ངང་ཚུལ་ཤེས་ན་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་ཉིད་ཡིན་ཏེ་ས་ལམ་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་ཡང་དག་པའི་སྟོང་ཉིད་ཡིན་ཀྱང་འདི་རྟོགས་པ་ཙམ་གྱིས་སྣང་སྲིད་ཀྱི་ཆོས་ཐམས་ཅད་མེད་པར་མི་འགྱུར་བས་ལུས་ངག་གི་དགེ་བ་ཞིག་གིས་ལྷག་གམ་སྙམ་པས༔ དེའི་དོན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཁྱོད་དེ་ལྟར་མ་སེམས་ཤིག༔ ཀུན་རྫོབ་ཀྱི་དགེ་བ་ལུས་ཀྱིས་ཕྱག་བསྐོར་བྱས་པ་དང་༔ ངག་གིས་བཟླས་བརྗོད་བྱས་པ་ཙམ་གྱིས་མི་ཚེ་འདའ་བར་བྱས་ཀྱང་གྲོལ་བ་ག་ལ་ཐོབ༔ སེམས་ཀྱི་དགེ་བ་ཡང་ལྷ་བསྒོམ་པ་དང་༔ བསམ་གཏན་བསྒོམ་པ་དང་༔ རྣམ་པར་རྟོག་པ་རིག་པ་ཙམ་གྱིས་གྲོལ་བར་མི་འགྱུར་ན་སྟོང་ཉིད་ཤེས་པ་ཙམ་གྱིས་གྲོལ་བ་མི་འཐོབ་པ་ལ་བསམ་ནས་སུན་པའི་དོན་ཅི་ཡོད༔ དེ་སེམས་ན་ཤིན་ཏུ་བླུན་ཅིང་རྨོངས་པའི་མུན་པ་ཆེན་པོས་བསྒྲིབ་ནས་ཆོས་ཐམས་ཅད་ཀྱི་ངང་ཚུལ་ཡིན་ལུགས་ལ་དཔྱོད་པའི་ཤེས་རབ་ཀྱི་མིག་ལོང་བར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེང་སང་སྒོམ་པའི་སྒོར་ཞུགས་ཏེ་སྒྲུབ་པ་ལ་བརྩོན་པའི་སྐྱེས་བུ་འགའ་དང་སློབ་དཔོན་འགས་རྒྱལ་བའི་བཀའ་རྒྱུད་ལུང་མན་ངག་ལ་བལྟས་པས་ཤེས་པ་དང་༔ བསླབ་པས་ཤེས་པ་རྣམས་ཀྱིས་བསྒོམ་དང་རྟོགས་པའི་གོ་མི་ཆོད་དེ་གང་ཟག་རང་སྟོབས་ཀྱིས་ཤེས་དགོས་པ་ཡིན༔ བདེ་རྩུབ་ཀྱི་རིམ་པ་མང་པོ་ཉམས་སུ་མྱོང་ནས་མཐར་ཤེས་པ་ཞིག་ངོ་འཕྲོད་པ་དེ་ནི་ཡང་དག་པ་ཡིན་པར་འཆད་པ་དེ་ཡང་དག་པའི་དོན་ཡིན་ནམ་མ་ཡིན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རྒྱལ་བ་རྣམས་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣལ་འབྱོར་པ་རྣམས་ཀྱིས་ཤེས་ཤིང་རྟོགས་དགོས་པའི་ཕྱིར་བསྟན་པ་ཡིན་ཏེ༔ དེའི་ངང་ཚུལ་དང་མཐུན་པ་རྗེས་འཇུག་རྣམས་ཀྱི་ལམ་ཡིན་པས་རྒྱུད་ལུང་མན་ངག་ཐམས་ཅད་དང་མཐུན་པ་གནད་ཀྱི་དམ་པ་ཡིན་པ་ལས༔ སེམས་ཅན་རང་སྟོབས་ཀྱིས་ནི་བསྐལ་པ་ཐོག་མ་མ་མཆིས་པའི་དུས་ནས་ལམ་མ་རྙེད་ཅིང་བདེ་སྡུག་གི་སྣང་བ་རྒྱུན་མི་ཆད་པར་མྱོང་བ་ལ་ཞེན་ནས་འཁྲུལ་པ་ཡིན་པས༔ ད་དུང་ཡང་རྒྱལ་བའི་བཀའ་རྒྱུད་ལུང་མན་ངག་དང་མ་བསྟུན་ན་རང་སྟོབས་ཀྱིས་རྣམ་པར་གྲོལ་བའི་ས་ལམ་མི་རྙེད་ཅིང་བདེ་སྡུག་མྱོང་ཚོར་གྱི་སྣང་བས་རྣམ་མཁྱེན་གྱི་གོ་འཕང་ཐོབ་པ་རི་བོང་གི་རྭ་འདོད་པ་ལྟ་བུ་ཡིན་ཏེ༔ ཤིན་ཏུ་བླུན་ཅིང་རྨོངས་པའི་གཏམ་མ་བརྟག་མ་དཔྱད་མ་རྟོགས་པའི་ཚིག་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ མེད་པས་སྟོང་པར་གོ་ཡང་གཞན་གྱིས་རྒོལ་བ་དང་༔ གཡང་ཁར་མཆོང་བ་དང་༔ ཆུ་དང་མེ༔ མཚོན་གྱིས་བཏབ་པ་སོགས་ལ་དོགས་པ་དང་༔ འཇིགས་སྐྲག་དང་༔ ཟུག་རྔུ་ན་ཚ་ཕུང་འགྱོད་སོགས་འབྱུང་རྒྱུ་ཡོད་པ་དེས་ན་ཡོད་ངེས་པ་རུ་སེམས་པས་དེ་ཇི་ལྟ་བུ་ལགས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་རྒོལ་བ་པོ་དང་༔ བདག་མཚོན་དང་དབྱུག་པས་བསྣུན་ཡུལ་དང་༔ ཆུ་དང་མེ་དང་གཡང་སར་འཇིགས་ཡུལ་ཞིག་སྣང་ཚེ་གཉིས་འཛིན་གྱི་དབང་གིས་སྡུག་བསྔལ་དང་ཟུག་རྔུའི་སྣང་བ་འཆར་ངེས་ཏེ༔ ངེས་པར་ཕུང་ཞིང་གནོད་བྱེད་མ་ཡིན་པའི་ཚུལ༔ དམྱལ་བའི་མེས་མི་ཚིག༔ ཡི་དྭགས་བཀྲེས་སྐོམ་གྱིས་མ་ལྟོགས༔ ལྷ་མ་ཡིན་འཐབ་རྩོད་ཀྱིས་མཚོན་ཆས་མ་ཆོད་པ་དེ་བཞིན་དུ་སྡུག་བསྔལ་ཟུག་རྔུ་ཐམས་ཅད་སྣང་ངོས་ན་སྣང་ཙམ་ལས་སྟོང་ངོས་ན་ཅིར་ཡང་མ་གྲུབ་པའོ༔ ཀྱཻ་རིགས་ཀྱི་བུ་ཡེ་གཞི་ནམ་མཁར་སྣང་ནས་གཞན་དུ་བཟུང་༔ ནམ་མཁའ་ས་རུ་སྣང་ནས་ས་དངོས་པོར་བཟུང་༔ དེ་བཞིན་དུ་ནམ་མཁའ་ཆུ་དང་༔ མེ་དང་༔ རླུང་དང་༔ སེམས་ཅན་ལ་སོགས་པའི་འདོད་ཡོན་གྱི་སྣང་བ་སྣ་ཚོགས་སུ་སྣང་ནས་སྣང་བ་ལ་དངོས་པོར་བཟུང་བ་དཔེར་ན་རྒྱ་མཚོ་ལ་ཉི་ཟླ་དང་གཟའ་སྐར་ལ་སོགས་པའི་གཟུགས་བརྙན་སྣ་ཚོགས་སྣང་ཡང་རྒྱ་མཚོ་ལས་གཞན་མ་གྲུབ་པ་བཞིན་དུ་ཐམས་ཅད་ནམ་མཁའ་ཉིད་དུ་འགག་བསྡམ་པར་བྱའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཆོས་དབྱིངས་ནམ་མཁའ་རྣམ་དག་གི་རང་བཞིན་ལ་དགེ་བས་ཕན་བཏགས་པ་དང་༔ སྡིག་པས་གནོད་བྱས་པ་དང་༔ ལྷས་ཕན་བཏགས་པ་དང་༔ འདྲེ་དང་གནོད་བྱེད་ཀྱིས་གནོད་པ་བྱེད་པའི་ཡུལ་རྣམས་མཆིས་སམ་མ་མཆིས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ལུས་ངག་ཡིད་གསུམ་གྱིས་དགེ་བ་བྱས་པ་ཐམས་ཅད་གནས་གང་དུ་མཆིས༔ ཡུལ་གང་དུ་བསགས་ཤིང་འདུས་པའི་ཚུལ་ལ་ལྟོས་དང་༔ དགེ་བའི་ལས་བསགས་པ་ཐམས་ཅད་ཅང་མེད་སྟོང་པ་ཡུལ་མེད་ཟང་ཐལ་དུ་སོང་བ་ལས་གཅིག་ཀྱང་མ་གྲུབ་ན་དགེ་བ་བྱེད་པའི་སྣང་བ་ཙམ་དུ་ཟད་པའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སེམས་ལ་ཕན་པ་མ་ལགས་སམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ སེམས་ཀྱི་ཕྱི་ནང་མགོ་མཇུག་ལ་སོགས་གང་ལ་ཕན་བཏགས་པར་ལྟོས་དང་༔ ཕན་གདགས་མཁན་དང་གདགས་ཡུལ་མ་གྲུབ་ན་ཕན་མ་བཏགས་ངེས་པ་རུ་ཐག་ཆོད་པ་ཡིན་ནོ༔ སྡིག་པ་བསགས་པ་ཐམས་ཅད་ཀྱང་ཕྱོགས་དང་གནས་ཡུལ་གང་དུ་ཚོགས་པའམ༔ གནས་པའི་ངང་ཚུལ་ལ་ལྟོས་དང་༔ གདོད་ནས་མ་གྲུབ་ཅིང་མི་གནས་པས༔ སེམས་ལ་གནོད་པར་བྱས་སོ་སེམས་ན་ཕྱི་ནང་སྟོད་སྨད་མགོ་མཇུག་སོགས་ལ་བརྟག་ཅིང་དཔྱོད་པས་སྣང་ཙམ་ཉིད་ནས་སྟོང་པར་སོང་བ་ལས་གནོད་པ་བྱས་པ་ཏིལ་འབྲུ་ཙམ་ཡང་མེད་པར་ཐག་ཆོད་པའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཕན་གནོད་མེད་པར་སྣང་ཡང་ད་དུང་ཡོད་པར་སེམས་ཀྱི༔ དེའི་ཚུལ་མངོན་སུམ་དུ་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཚེ་གཅིག་ལུས་ངག་དགེ་བ་ལ་སྦྱོར་བའི་མི་རྒན་ཞིག་དང་༔ ཚེ་གཅིག་སྡིག་པ་མི་དགེ་བའི་ལས་ལ་སྤྱོད་པའི་མི་རྒན་གཉིས་ཀྱི་ཤེས་རྒྱུད་ལ་བརྟག་ན་དེ་གཉིས་ཀས་འདོད་རྒྱུ་བདེ་བ་དང་༔ མི་འདོད་པ་སྡུག་བསྔལ་དང་༔ རང་ཕྱོགས་ལྷ་རུ་མཐོང་ཞིང་གཞན་ཕྱོགས་འདྲེ་རུ་འཛིན་པ་དང་༔ བཟང་པོ་ལ་རེ་བ་བྱ་ཞིང་ངན་པ་ལ་དོགས་པ་བྱེད་པ་ལ་སོགས་པའི་བསམ་པ་དང་༔ འདོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་མཐུན་པ་ལས་བཟང་ངན་མེད་པ་ཡིན་ན༔ སྔོན་ཡང་བསམ་སྤྱོད་འདོད་ཕྱོགས་འདིས་འཁོར་བ་མཐའ་མེད་དུ་འཁྲུལ་པ་དང་༔ ཕྱིས་ནས་ཡང་འདི་ལྟར་འཁྲུལ་རྒྱུ་ཡིན་པས་ཁྱད་པར་མེད་པ་རུ་ཐག་ཆོད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དགེ་སྡིག་སྤྱད་པ་ལ་ལས་ཀྱི་རྣམ་པར་སྨིན་པ་མེད་པ་ཡིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་དགེ་སྡིག་གི་ལས་གང་བྱས་ཀྱང་རང་རང་གི་རྣམ་སྨིན་མ་ཟད་ཀྱི་བར་དུ་བདེ་བ་དང་སྡུག་བསྔལ་གྱི་སྣང་བ་རྒྱུན་མི་ཆད་པར་བྱུང་ནས་ལས་ཟད་པས་རྒྱུ་འབྲས་གཞན་ལ་སྤྱོད་པ་ཡིན་ཅིང་༔ ལུས་ངག་གི་དགེ་བས་གནས་སྐབས་སུ་བསོད་ནམས་བསགས་པ་ཙམ་གྱིས་འཁོར་བའི་བསྣོན་མར་འགྱུར་བ་ལས་གཏན་གྱི་བདེ་བ་འཐོབ་པར་མི་འགྱུར་ངེས་པ་ཅན་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་སྣང་བའི་དབང་པོ་སྟོང་ཉིད་སྤྲོས་པ་དང་བྲལ་བ་ལ་ཕན་བྱེད་ཀྱི་ལྷས་ཕན་བཏགས་པ་མེད་དེ༔ ལྷ་ཞེས་བྱ་བའི་ཕ་མ་རྒྱུ་རྐྱེན་བྱུང་གནས་འགྲོ་གསུམ་གཟུགས་དབྱིབས་ཁ་དོག་དང་བཅས་པ་དང་༔ ལྷ་གནས་པའི་ཡུལ་ཕྱོགས་ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་དང་བཅས་པ་ལ་ལྟོས་དང་དེར་མ་མཆིས༔ གནས་པའི་ས་དང་རྟེན་ཡུལ་མེད་པས་མིག་གིས་མཐོང་བའི་གཟུགས་མ་གྲུབ༔ རྣ་བས་ཐོས་པའི་སྒྲ་མ་མཆིས༔ སྣས་ཚོར་བའི་དྲི་མ་མཆིས༔ ལྕེས་མྱོང་བའི་རོ་མ་མཆིས༔ ལུས་ལ་མྱོང་བའི་རེག་བྱ་མ་མཆིས་པས་ཕན་ཇི་ལྟར་བཏགས༔ རང་གི་གནས་ཁང་གི་ཕྱི་ནང་བར་གསུམ་ལུས་ཀྱི་མགོ་མཇུག་སྟོད་སྨད་ཕྱི་ནང་ཐམས་ཅད་ལ་བརྟག་ཅིང་དཔྱད་པས་གང་དུའང་མི་གནས་ཤིང་མ་གྲུབ༔ རི་དང་རྩི་ཤིང་ནགས་ཚལ་ཐམས་ཅད་རྡུལ་དུ་ཕབ་པའི་ཁུང་ནས་ལྷ་བཙལ༔ རྡུལ་ཕྲ་རབ་དང་ཆ་མེད་ཀྱི་ཁུང་ནས་ལྷའི་གནས་ས་དང་གནས་མཁན་ལ་བརྟག་ཅིང་༔ གལ་ཏེ་ལྷ་ཡོད་པར་སྲིད་ན་ལྷ་དངོས་མེད་ཀྱིས་བདག་དངོས་ཅན་ལ་ཕན་ཇི་ལྟར་བཏགས༔ སྟོང་པས་སྟོང་པར་ཕན་གདགས་པའི་ནུས་པ་མེད་པའི་ངང་ཚུལ་ལ་བརྟག་སྟེ་ཡུལ་མེད་དུ་ཐག་ཆོད་པར་གྱིས་ཤིག༔ གནོད་པར་བྱེད་པའི་འདྲེ་གདོན་ལ་བརྟག་པའང་འདི་ལྟ་སྟེ༔ འདྲེ་ཞེས་བྱ་བའི་དགྲ་བོ་ཆེ་ཀུན་གྱིས་གནོད་བྱེད་དུ་འཛིན་པ་དོགས་པའི་ཡུལ་དུ་གྱུར་པ་དེ་དག་དང་པོ་གང་ལས་བྱུང་༔ ས་ལས་སྐྱེས་སམ༔ ཆུ་ལས་སྐྱེས་སམ༔ རླུང་ལས་བྱུང་ངམ༔ ནམ་མཁའ་ལས་བྱུང་བརྟག་པས་བྱུང་བའི་ཁུངས་ཡོད་པར་སེམས་ན་དངོས་པོ་དེ་དག་རྡུལ་དུ་ཕབ༔ རྡུལ་ཕྲ་རབ་ལ་ཕབ༔ ཕྲ་རབ་ཆ་མེད་དུ་བཏང་བའི་ཁུང་ཚུན་ཆད་དུ་བརྟག་པས༔ བྱུང་ས་བཙལ་བས་མ་རྙེད་པར་སྲོག་ཆགས་ལས་བྱུང་སྙམ་ན་དེའི་ཁམས་སྐྱེ་མཆེད་ཤ་ཁྲག་རུས་པ་རྐང་གི་ཁུང་ཡན་ཆད་དུ་བརྟག་ཅིང་དཔྱད་པས་ཡུལ་མེད་པར་མཐོང་ཡང་༔ ད་དུང་སེམས་ཅན་འཁྲུལ་པའི་རྣམ་པར་ཤེས་པ་འདྲེ་རུ་གྱུར་པ་ཡིན་སྙམ་ན་དེ་གནས་པའི་ས་བཙལ་ཏེ་ས་ཆུ་མེ་རླུང་འབྱུང་བ་གང་ལ་གནས་བརྟག་པས་གནས་པའི་ས་མི་རྙེད་ཅིང་༔ ད་དུང་ཡོད་པར་སེམས་ན་གནས་མཁན་དེའི་གཟུགས་དབྱིབས་ཁ་དོག་སྐྱེ་མཆེད་ཇི་ལྟ་བུ་ལགས༔ མིག་ལམ་དུ་སྣང་བའི་གཟུགས་དང་༔ རྣ་བའི་སྒོར་སྣང་བའི་སྒྲ་དང་༔ སྣའི་ཡུལ་དུ་སྣང་བའི་དྲི་དང་༔ ལྕེའི་ཡུལ་དུ་སྣང་བའི་རོ་དང་༔ ལུས་ཀྱི་ཡུལ་དུ་སྣང་བའི་རེག་བྱ་རྣམས་གྲུབ་བམ་མ་གྲུབ་བརྟག་པས་ཡུལ་མེད་དུ་མཐོང་སྟེ༔ ཐ་མ་འགྲོ་ས་དང་འགྲོ་མཁན་ལའང་བརྟག་པས་འགྲོ་བའི་ཡུལ་དང་བདག་པོ་མ་གྲུབ༔ གཞན་ཡང་འདྲེ་ཞེས་བྱ་བ་དེ་དག་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལས་འདས་པ་ཡིན་ན་བདག་དངོས་པོ་ཅན་ལ་ཇི་ལྟར་གནོད་པར་བྱེད༔ གནོད་བྱེད་སྟོང་པ་ཡུལ་མེད་ཅིང་གནོད་ཡུལ་ཡང་སྟོང་པ་ལས་མ་གྲུབ་ན་སྟོང་པས་སྟོང་པ་ལ་གནོད་པ་འབྱུང་བའི་ཐབས་མེད་པ་དང་༔ རྣམ་ཤེས་སྟོང་པས་གཞན་ལ་གནོད་པ་བྱེད་སྲིད་ན་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པས་གཅིག་གིས་གཅིག་ཟ་ཞིང་ཕུང་བར་འགྱུར་བ་ལས་འདྲེ་ཞེས་རང་མཚན་པ་མེད་པར་གོ་བར་འགྱུར་བ་ཡིན༔ དེ་ལྟར་འདྲེ་ཞེས་བྱ་བ་མཐོང་ཚོར་མ་གྲུབ་ཀྱང་སྒོ་གསུམ་གྱི་ཐོག་ཏུ་བདེ་སྡུག་གི་སྣང་བ་སྣ་ཚོགས་འབྱུང་བ་འདི་དག་ལྷ་དང་འདྲེ་ངེས་པ་ཞིག་ཡིན་པར་སེམས་ན༔ ནད་དང་སྡུག་བསྔལ་བྱུང་ཚེ་འདྲེ་དེ་དག་གིས་མཚོན་གྱིས་བཏབ་ན་རྨ་དང་༔ རྡོ་དང་དབྱུག་པས་བསྣུན་པ་ཡིན་ན་སྐྲང་དང་ལྦ་བ་འབྱུང་དགོས་པ་དང་༔ ཁོང་དུ་ནད་བཏབ་པ་ཡིན་ན་ཁོང་དུ་ལག་པ་བཅུག་པའི་དུས་སུ་གོ་ཚོར་མྱོང་བ་སོགས་ཡོད་དགོས་པས་དེ་ལྟར་ཞིབ་ཏུ་བརྟག༔ ལྟོ་གོས་འདོད་ཡོན་སྣ་ཚོགས་ཀྱིས་བདེ་བ་རྒྱུད་ལ་སྐྱེ་ཞིང་མྱོང་བ་ལྷས་བསྐྱབ་པ་མ་ཡིན་པ་དང་༔ ལུས་སྟོད་སྨད་ལ་ཚེར་མ་ཟུག་པ་དང་༔ མེ་སྟག་ཐེབས་པའི་ཟུག་རྔུ་དང་༔ ཉི་མའི་ཚ་རེག་གིས་སྡུག་བསྔལ་མྱོང་བ་དང་༔ རླུང་དང་ལྷག་པས་གྲང་བ་མྱོང་བའི་སྡུག་བསྔལ་ཡང་འདྲེས་གནོད་པ་མ་ཡིན་པ་བཞིན་དུ་ལས་ངན་པའི་འབྲས་བུ་དུས་སུ་སྨིན་ནས་ན་བ་དང་༔ དབུལ་ཕོངས་དང་༔ དགྲ་སྡང་བ་དང་༔ གཉེན་བྲལ་བ༔ དཀའ་ཚེགས་དང་བཀྲེས་སྐོམ་ཐམས་ཅད་ལས་སྔ་མའི་རྣམ་པར་སྨིན་པའི་སྡུག་བསྔལ་གྱི་ཉམས་ཤར་བ་ལས༔ འདྲེ་དང་གནོད་བྱེད་གཞན་གྱིས་གནོད་བྱ་དང་གནོད་ཡུལ་མེད་པར་ཐག་ཆོད་པར་བྱ་བ་གནད་དུ་ཤེས་པར་བྱའོ༔ ལར་འགྲོ་བ་རྣམས་ཀྱིས་རང་གིས་བྱས་པ་རང་གིས་མྱོང་བ་ནི་སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བ་དང་འདྲ་མཚུངས་པའོ༔ རྣམ་རྟོག་སྔ་མས་བཟོས་པའི་འདྲེ་གདོན་ལ་སྐྲག་ཅིང་དོགས་པ་ནི་དཔེར་ན་བྱིའུ་རང་གི་གཤོག་སྒྲ་ལ་སྐྲག་པ་དང་༔ རི་དྭགས་རང་གི་རྡོག་སྒྲ་ལ་འདྲོག་པ་ལྟ་བུ་ལས་འདྲེ་གདོན་གཞན་གཅིག་ཀྱང་མ་གྲུབ་པར་ཤེས་པར་བྱའོ༔ ལར་རང་སྣང་འདྲེར་ཤར་ཏེ་མགོ་བོ་ལྷ་རུ་སྣང་བའི་ལྟས་ཞྭ་སོགས་གཙང་མར་འཛིན་པ་དང་༔ ཁོག་སྨད་འདྲེ་གདོན་དུ་སྣང་བའི་ལྟས་གོས་ཀྱི་སྨད་ཆ་རྩོག་པ་རུ་འཛིན་པ་དང་༔ ཁྱད་པར་དུ་རྐང་པ་གདོན་ཚད་མ་རུ་བཟུང་བའི་ལྟས་ལྷྭམ་མགོ་ཐོག་ཏུ་སོང་ན་དེའི་གྲིབ་ཀྱིས་སྒོ་གསུམ་ལ་གནོད་པ་ཆེན་པོ་འབྱུང་བའི་འཁྲུལ་པ་ལ་མངོན་པར་ཞེན་པ་དང་༔ སྣབས་དང་མཆིལ་མ་ལ་སོགས་པ་རང་གི་ལུས་ནང་ནས་ཐོན་པའི་ཟག་རྫས་ཐམས་ཅད་ས་ལ་ལྷུང་ཚེ་གདོན་དང་དུག་ལྟ་བུར་འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱང་རང་སྣང་དགྲ་རུ་བཟུང་བའི་འདྲེར་འཛིན་ཡིན་པའི་ངང་ཚུལ་ལ་ལྟོས་ཤིག༔ ལྷ་མཆོད་པར་འདོད་ནས་ཕུལ་པའི་རྫས་ཐམས་ཅད་གྲྭ་མ་ཉམས་པར་ཡུན་རིང་པོར་ཟ་མཁན་དང་སྤྱོད་མཁན་མེད་པའི་ཚུལ་ལ་ལྟོས་ཤིག༔ འདྲེ་བཀར་བར་འདོད་ནས་ཟས་ནོར་མང་པོ་བསྐྱལ་ཡང་དེ་ལེན་མཁན་མེད་པར་བསྐྱལ་ས་དེར་གནས་པའི་ཚུལ་ལ་ལྟོས་ཤིག༔ ཁབ་དང་སྐུད་པ་ཡན་ཆད་ནས་གནས་ཁང་དང་མཚོན་ཆ་མན་ཆད་ཀྱི་རྒྱུད་ན་འདྲེ་གདོན་ཡོད་པར་འཛིན་པ་ལ་བསམ་ན་དེ་བསད་པ་དང་༔ བརྡུང་བ་དང་༔ བཏུལ་བ་ལ་སོགས་པའི་བྱ་བ་བྱས་ན་འདྲེ་གསོད་པ་དང་༔ གདོན་བརླག་པར་ཅིས་མི་འགྱུར༔ རང་གིས་བཟོས་པ་དང་༔ བརྩིགས་པ་དང་༔ བཞེངས་པའི་གོས་རྒྱན་སྦྲ་ཁང་སྣང་བརྙན་རྣམས་ཀྱི་ནང་ན་འདྲེ་གདོན་ཡོད་པར་བསམ་ནས་སྤངས་པ་མང་པོ་འདུག་པ་དེའི་ངང་ཚུལ་ལ་བརྟག་ཅིང་དཔྱད་ན་ཏེའུ་ལོས་རང་གི་དྲི་མ་ཁུང་བུ་ལ་མནམ་པར་སེམས་ནས་ཁུང་བུ་དེ་སྤངས་པ་དང་འདྲ་མཚུངས་པས༔ མི་རྣམས་ཀྱིས་རྣམ་པར་རྟོག་པས་འདྲེ་གདོན་བཟོས་པ་ཡིན་པའི་མཚང་རང་ཐོག་ནས་ཤེས་པར་བྱའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་དགེ་སྡིག་དང་ལྷ་འདྲེས་ཕན་གནོད་ལ་བརྟག་དགོས་པའི་རྒྱུ་མཚན་གང་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་དགེ་སྡིག་གིས་ཕན་གནོད་མེད་པའི་ཚུལ་གཏན་ལ་དབབ་དགོས་པའི་རྒྱུ་མཚན་ནི་འདི་ལྟ་སྟེ༔ ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་བྱེད་པ་ལམ་སྟོང་པ་ཉིད་ཡིན་ཀྱང་༔ གང་ཟག་བློ་རྨོངས་པ་མྱོང་ཞེན་ལ་དགའ་བ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་བསྒོམ་ཚེ་ཡིད་ལ་མྱོང་ཞེན་མ་གྲུབ་པའི་དབང་གིས་ཡིད་ཆེས་དང་བློ་གཏད་མེད་པར་གྱུར་ནས༔ ཡིད་ལ་བྱ་རྩོལ་དང་བཅས་བཅོས་མེད་པ་འདིས་མི་ཚེ་སྟོང་ཟད་དུ་འགྲོ་ཉེན་ཡོད་པ་ཨེ་ཡིན་སྙམ་ནས་ཕྱག་དང་བསྐོར་བ་མཆོད་འབུལ་བཟླས་བརྗོད་ལ་སོགས་པ་ལ་ནན་ཆེར་བརྩོན་པར་བྱེད་ཅིང་༔ ཡང་སྒོམ་འདིའི་ཡོན་ཏན་ལྷག་པར་བཤད་པས་དེ་ལ་འབད་པ་དགའ་འམ་སྙམ་ནས་ཅུང་ཟད་བསྒོམ་ཀྱང་གོ་རྒྱུའམ་མྱོང་རྒྱུ་གང་ཡང་མེད་པས་ཡང་སྒྲིབ་སྦྱོང་དང་བསོད་ནམས་བསགས་པའི་ཐབས་ལ་བརྩོན་པར་བྱེད་དེ༔ བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་པས་ཡུན་རིང་པོར་དེ་ལྟར་རེས་མོས་སུ་འབད་ཀྱང་མཐར་འཆི་ཁ་ཐ་མལ་དུ་ལུས་པ་ལས་འོས་མེད་པས༔ དེ་ཕྱིར་ཆོས་དང་ཆོས་མིན་གྱི་ཤན་དབྱེ་བ་མ་ཤེས་ན་སྒོམ་པ་ངོ་འཕྲོད་ཟེར་ཡང་ལྟ་བ་ལྐོག་ཏུ་གྱུར་ཏེ་དོན་དམ་པའི་ཆོས་ལ་ཡིད་ཆེས་པར་མི་འགྱུར་རོ༔ དགེ་སྡིག་ཐམས་ཅད་སེམས་ཀྱི་བྱེད་ལས་ཀྱི་དབང་གིས་བདེ་སྡུག་སྣ་ཚོགས་ཉམས་སུ་སྣང་བར་བྱེད་པ་ཙམ་ལས༔ དགེ་སྡིག་གི་ལས་ཐམས་ཅད་ལ་གཟུགས་མ་མཆིས༔ དངོས་པོ་མ་མཆིས༔ ཅིར་ཡང་མ་གྲུབ་ཅིང་མེད་པའི་ཚུལ་ཤེས་པ་ནི་སྒོམ་པ་ལ་ཡིད་ཆེས་པར་བྱེད་པའི་ཐབས་སུ་གྱུར་པ་དང་༔ དགེ་སྡིག་ཐམས་ཅད་ཀྱི་གཞི་སྟོང་པ་ཉིད་དུ་ཐག་ཆོད་པ་དང་༔ རང་ངོ་རང་གིས་མ་རིག་པས་བསྒྲིབ་པ་དང་༔ གཞི་སྟོང་ཉིད་ཆེན་པོ་འཁོར་འདས་ཡོངས་ཁྱབ་ཀྱི་རོལ་པར་མི་ཤེས་ཤིང་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་པ་ལ་ལུས་ངག་གི་དགེ་བ་སྤྱད་པ་ཙམ་གྱིས་སྒྲིབ་པ་དེ་མི་འདག་པར་ཤེས་ཏེ་རིག་པ་རང་ཐོག་ཏུ་ཡིད་ཆེས་ཤིང་བློ་གཏོད་པར་འགྱུར་བས་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བར་འབྱེད་པའི་དགོས་པ་ཡོད་དོ༔ ལྷ་འདྲེ་དང་དེ་དག་གིས་ཕན་གནོད་ལ་བརྟག་སྟེ་ཤེས་པར་མ་བྱས་ན་ངར་འཛིན་གྱི་ཕུང་པོར་གྲུབ་ཙམ་ནས་འགྲོ་བ་དྲུག་གི་སྣང་བ་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས་བསྒོམ་པ་དང་༔ ལྟ་བ་དང་༔ གཏད་སོ་དང་༔ བསྲེ་བ་དང་༔ ནང་དུ་བཀུག་པ་ལ་སོགས་པའི་སེམས་འཛིན་ཞུགས་ཕན་ཆད་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་༔ ནང་སློང་ལུས་ཀྱི་ན་ཚ་དང་༔ གསང་སློང་སེམས་ཀྱི་དགའ་སྡུག་མྱོང་ཚོར་སྣ་ཚོགས་རྒྱུན་མི་འཆད་པར་འབྱུང་བ་ཡིན༔ དེར་འདྲེར་འཛིན་དང་གདོན་འཛིན་གྱིས་རྣམ་པར་རྟོག་པའི་རྐྱེན་ཁར་ཤོར་ནས་དེར་ཞེན་ཅིང་ཡང་དག་པའི་ལམ་ལས་ལོག་སྟེ་གོལ་སར་འཆོར་བ་ཡིན་པས་དེའི་ཕྱིར་འདི་གཏན་ལ་དབབ་པར་བྱ་བ་གནད་དོ༔ གཅོད་ཀྱི་གདམས་པའི་སྒོར་ཞུགས་ནས་ཉམས་སུ་ལེན་པ་ལའང་ལྷ་འདྲེ་རང་སྣང་ལས་མི་གཞན་པའི་ངང་ཚུལ་འདི་གཏན་ལ་དབབ་སྟེ་ལྷ་མེད་འདྲེ་མེད་ཀྱི་ངང་ཚུལ་ཤེས་པ་གཅོད་ཀྱི་གདམས་པ་དང་དངོས་གཞི་ཡིན་པས་མཆོག་ཏུ་གལ་ཆེ་བ་དང་༔ བསྐྱེད་རིམ་གྱི་ལྷ་བསྒོམ་པ་ལའང་ལྷ་འདྲེ་རང་རྒྱུད་དུ་བཟུང་ན་འཁྲུལ་པའི་ལམ་དུ་ལོག་པར་འཆོར་བ་ཡིན་པས་དེ་ལའང་འདི་མཆོག་ཏུ་འཕགས་པ་ཡིན་ནོ༔ གཞན་ཡང་ཐེག་པ་གང་གི་སྒོར་ཞུགས་ཀྱང་གནད་འདི་དག་མ་ཤེས་ན་ལྷ་འདྲེ་དང་དགེ་སྡིག་ཡུལ་རང་མཚན་པར་གོལ་ནས་འཁྲུལ་པའི་དབང་དུ་འཆོར་ངེས་པ་ཡིན་པས་གདམས་ངག་གི་ཡང་བཅུད་དང་ལམ་གྱི་ངོ་བོ་རུ་ཐག་ཆོད་པར་གྱིས་ཤིག༔ དེ་ལྟར་ལྷ་འདྲེ་མེད་ཚུལ་མ་ཤེས་ན་རྨི་ལམ་གྱི་སྣང་བར་བན་བཙུན་རྨིས་པ་རྒྱལ་པོ་རུ་འཛིན་པ་དང་༔ བུད་མེད་རྨིས་པ་མོ་འདྲེ་དང་༔ བྱིས་པ་རྨིས་པ་ཐེའུ་རང་དང་༔ སྦལ་ལྕོང་རྨིས་ན་ཀླུ་གཉན་དུ་ངོས་འཛིན་བྱེད་པ་ཐམས་ཅད་འཁྲུལ་སྣང་ཁོ་ན་ལས་བདེན་པར་མ་གྲུབ་པའི་ཚུལ་ཟས་ནོར་ཁང་ཁྱིམ་ལ་སོགས་པ་རྙེད་པ་རྨིས་ཀྱང་ད་ནང་ཡུལ་མེད་དུ་ཡལ་བས་བདེན་མེད་རང་གིས་སྟོན་པའོ༔ གཞན་ཡང་གྲོང་ཡུལ་ཀུན་ཏུ་རྙེད་པ་དོན་དུ་གཉེར་ཕྱིར་གྲོང་ཆོག་དང་འདྲེ་བརྡུང་གི་ལས་ལ་བརྩོན་ནས་རྒྱུ་བའི་ཚེ་ནའང་འདྲེ་ལ་གསོད་པ་དང་བཏུལ་བའི་བྱ་སྤྱོད་རྣམ་འགྱུར་སྣ་ཚོགས་པས་གཞན་གྱི་མགོ་བསྐོར་བའི་ཐབས་ལ་བརྩོན་ཡང་འདྲེ་ལ་དོགས་པ་སྐྲག་སེམས་རྒྱུན་ཆད་མེད་པར་འབྱུང་སྟེ༔ ལྷ་ལ་རེ་བའང་དེ་བཞིན་དུ་འབྱུང་ཞིང་རྣམ་པར་རྟོག་པ་དགྲ་རུ་ལངས་པས་ན་ཚ་དང་བདེ་སྡུག་སྣ་ཚོགས་ཀྱང་དེ་བཞིན་དུ་རྒྱུན་མི་ཆད་པར་འབྱུང་སྲིད་པས༔ དེའི་ཕྱིར་ལྷ་འདྲེ་མེད་པའི་ཚུལ་འདི་ཤེས་ན་རྣམ་པར་རྟོག་པ་གཅོད་པའི་གདམས་པ་ཟབ་ཁྱད་ཅན་ཡིན་ནོ༔ གལ་ཏེ་འདིའི་གནད་མ་ཤེས་ན་ཁབ་དང་སྐུད་པ་རྙེད་ཀྱང་ལྷས་དངོས་གྲུབ་ཏུ་བཟུང་ནས་ལྷ་གསོལ༔ རྐང་ལག་ལ་ཚེར་མས་བཏབ་ཀྱང་འདྲེ་རུ་བཟུང་སྟེ་རྣམ་པར་རྟོག་པ་ལངས་ནས་སྡུག་བསྔལ་ཅི་བྱུང་འདྲེས་བྱས་པར་མངོན་ནས་རྒྱུད་དོགས་པས་ཁྱབ་སྟེ༔ འདྲེར་འཛིན་གྱི་རྟོག་པས་འདྲེ་བཙན་ཐབས་སུ་བཟོས་ཏེ་སྲོག་གི་བདུད་དུ་འབབ་པར་འགྱུར་བས་གཅོད་ལོག་གི་ལམ་ལས་ལྡོག་པའི་མན་ངག་ཟབ་ཁྱད་ཅན་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་འཁོར་འདས་ཐམས་ཅད་ལ་རེ་དོགས་ཀྱི་ཡུལ་རང་མཚན་པར་གྲུབ་པ་མཆིས་སམ་མ་མཆིས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རེ་བའི་ཡུལ་སངས་རྒྱས་ཞེས་བྱ་བ་གདོད་ནས་མ་གྲུབ་ཅིང་མི་གནས་པ་ཡིན་ཏེ༔ གལ་ཏེ་སངས་རྒྱས་ལ་ལུས་མཆིས་ན་ཕ་མའི་རྒྱུ་རྐྱེན་གྱིས་བསྐྱེད་པ་མ་ཡིན་ནམ༔ དེ་ལྟར་ཡིན་ན་སངས་རྒྱས་སྐྱེ་བའི་མཐའ་རུ་ལྷུང་བ་དང་༔ སངས་རྒྱས་ལ་ཞིང་ཁམས་འདོད་ཡོན་ཉེ་འཁོར་མཆིས་ན་དེ་གཟུང་བ་ཆོས་ཀྱི་བདག་འཛིན་ལས་སྣང་བ་མ་ཡིན་ནམ༔ སངས་རྒྱས་ལ་ལུས་སྣང་ན་འཛིན་པ་གང་ཟག་གི་བདག་འཛིན་ལས་བྱུང་བ་མ་ཡིན་ནམ༔ སངས་རྒྱས་ཐ་མ་མྱ་ངན་ལས་འདའ་བར་འདོད་ན་སངས་རྒྱས་འཆི་བ་དང་ཆད་པའི་མཐའ་རུ་ལྷུང་བར་འདོད་པ་མ་ཡིན་ནམ༔ སངས་རྒྱས་བར་དུ་གནས་པར་འདོད་ན་དེ་རྟག་པའི་མཐའ་རུ་ལྷུང་བ་དང་༔ སངས་རྒྱས་ཀྱིས་གཞན་སེམས་ཅན་མང་པོ་ལ་ཆོས་བསྟན་པར་སེམས་ན༔ ཆོས་སྟོན་པ་པོ་བདག་དང་༔ བསྟན་བྱའི་ཆོས་དང་༔ སྟོན་ཡུལ་གདུལ་བྱ་རྣམས་སུ་འཛིན་པ་དང་༔ སྣང་བ་དང་༔ ཤར་བ་རྣམས་གཉིས་འཛིན་གྱི་འཁྲུལ་པ་རྔམ་པོ་ཆེ་ཡིན་ནོ༔ སངས་རྒྱས་ལ་དེ་ལྟར་གྲུབ་པར་འདོད་ན་སངས་རྒྱས་སེམས་ཅན་དུ་ལྟ་བའི་ལོག་རྟོག་གི་མུན་ཡུལ་དུ་མགོ་འཁོར་བ་ཡིན་ནོ༔ གཞན་ཡང་སངས་རྒྱས་ལ་མིག་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་མིག་གི་རྣམ་པར་ཤེས་པ་ཡང་མེད་ཐབས་མེད་དེ༔ དེ་མཆིས་པས་གཟུགས་སུ་སྣང་བའང་མེད་ཐབས་མེད༔ དེ་དག་མིག་གི་གཟུང་བ་ཡུལ་ཞེས་བྱ་བ་དང་༔ དེ་རྣམས་དུས་འཛོམ་པ་ལ་བཟང་ངན་བར་གསུམ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ཞིག་མི་འབྱུང་བའི་ཐབས་མེད༔ དེ་མིག་གི་འཛིན་པ་སེམས་ཞེས་བྱ་བ་ཡིན་ནོ༔ སངས་རྒྱས་ལ་རྣ་བ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་རྣ་བའི་རྣམ་པར་ཤེས་པ་དང་༔ སྒྲར་སྣང་བ་རྣམས་དུས་མཉམ་དུ་སྣང་བ་གཟུང་ཡུལ་དང་༔ སྒྲ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ནི་འཛིན་པ་ཡིན་ནོ༔ སངས་རྒྱས་ལ་སྣ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན༔ སྣའི་རྣམ་པར་ཤེས་པ་དང་༔ དྲི་རུ་སྣང་བ་རྣམས་གཟུང་ཡུལ་དང་༔ དྲི་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ནི་འཛིན་པ་ཡིན་ནོ༔ སངས་རྒྱས་ལ་ལྕེ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་ལྕེའི་རྣམ་པར་ཤེས་པ་དང་༔ རོ་རུ་སྣང་བ་རྣམས་གཟུང་བ་ཡུལ་དང་༔ དེ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན༔ སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལུས་ཀྱི་རྣམ་པར་ཤེས་པ་དང་༔ རེག་བྱར་སྣང་བ་རྣམས་མེད་ཐབས་མེད་དེ༔ དཔེར་ན་ཆུ་ཡོད་པས་རླན་དང་༔ མེ་ཡོད་པའི་རྩལ་ན་ཚ་བ་རང་ཆས་སུ་ཡོད་པ་བཞིན་དུ་སྒོ་ལྔ་པོ་འཁྲུལ་པའི་སྒོ་འཕར་ཡིན་པས་དེར་རྣམ་པར་ཤེས་པ་དང་༔ སྣང་བ་དང་༔ འཛིན་སེམས་ཐམས་ཅད་རང་ཆས་སུ་གྲུབ་པ་རྟེན་ཅིང་འབྲེལ་བར་འབྱུང་བའོ༔ རེག་བྱ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ལུས་ཀྱི་འཛིན་པ་ཡིན་ཏེ་གཟུང་འཛིན་གྱི་སེམས་ལས་ཁམས་གསུམ་གྱི་འཁོར་བ་གྲུབ་པ་ཡིན་ནོ༔ སྒོ་ལྔ་པོ་ནི་ཡིད་དྭངས་ཤིང་གསལ་བའི་ཆ་སེམས་སྣང་མཆེད་པའི་གོ་མ་འགག་པ་དེ་ལ་མིང་ཐ་དད་དུ་བཏགས་པ་ཡིན༔ རྣམ་པར་ཤེས་པ་ཚོགས་དྲུག་པོ་ལ་སེམས་ཞེས་བྱའོ༔ སེམས་དེ་གང་ལ་ཡོད་པ་རྣམས་ལ་སེམས་ཅན་ཞེས་བྱའོ༔ དཔེར་ན་རྭ་གང་ལ་ཡོད་པ་རྣམས་ལ་རྭ་ཅན་ཟེར་བ་ལྟ་བུའོ༔ སངས་རྒྱས་ནི་དེ་ལྟར་སེམས་ཅན་དང་མི་ནོར་བ་གནད་དུ་ཟུངས་ཤིག༔ ད་དུང་སེམས་ཅན་དང་མཚུངས་པའི་སངས་རྒྱས་རང་རྒྱུད་པ་ཞིག་ཡོད་པར་སེམས་ན་སངས་རྒྱས་དེ་དང་པོ་བྱུང་བའི་ཁུངས་བཙལ་བ་དང་༔ བར་དུ་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་གང་དུ་གནས་བརྟག་པས་སྟེང་ཕྱོགས་ན་གནས་པར་སེམས་ན་ནམ་མཁའ་རྟེན་མེད་ལ་ཞིང་ཁམས་ཞེས་བྱ་བའི་སྣོད་བཅུད་ཞིག་གྲུབ་ན་དེ་ས་ལ་ལྷུང་བ་ལས་འོས་མེད་པ་དང་༔ ས་སྟེང་དུ་གནས་ན་ད་ལྟ་སོང་ཡང་མི་སླེབ་པའི་དོན་མེད་པ་དང་༔ ས་འོག་ཏུ་ཡོད་ན་བརྐོས་པས་བརྡོལ་འོང་བ་ཡིན་མོད༔ ད་ལྟ་མཐོང་ཚོར་མེད་པའི་ཡུལ་དེར་ཤི་བའི་ཚེ་ན་སླེབ་དོན་ཅི་ལ་ཡོད༔ ལུས་ཅན་གྱིས་བགྲོད་པ་མ་ཡིན་ཟེར་ན་སེམས་ཅན་ཤི་ཚད་ཐམས་ཅད་ཀྱི་རྣམ་པར་ཤེས་པ་གནས་དེ་ཉིད་དུ་སླེབ་དགོས་པར་འདོད་པ་ཡིན་ནམ༔ ལས་ངན་པའི་སྤྱོད་ཡུལ་མ་ཡིན་ཞེ་ན་གནས་ནས་གནས་སུ་བརྒྱུད་དེ་འགྲོ་བའི་འགྲོ་མཁན་དང་འགྲོ་ཡུལ་ཐམས་ཅད་གཉིས་འཛིན་གྱི་འཁྲུལ་སེམས་ལས་སྐྱེས་ཤིང་བྱུང་བ་ཡིན་ན་གཟུང་འཛིན་ལས་གཞན་པའི་ལས་ངན་པ་མེད་མོད༔ དེ་ཀུན་གྱི་སྤྱོད་ཡུལ་དུ་གདོན་མི་ཟ་བར་མངོན་བྱུང་༔ གལ་སྲིད་ཡུལ་དེ་ལྟ་བུ་ཡོད་སྲིད་ནའང་བདག་འཛིན་རྣམ་པ་གཉིས་ཀྱིས་བཅིང་པའི་སེམས་ཅན་སྒོ་ལྔ་ཚོགས་དྲུག་ཅན་ཡུལ་དེར་སོང་ཡང་ཁོའི་རྒྱུད་མ་དག་པས་གནས་སྐབས་ཀྱི་བདེ་འབྲས་ཙམ་ལས་གཏན་དུ་བདེ་བའི་ས་འཐོབ་པར་མི་འགྱུར་བ་གཟུང་འཛིན་གྱི་སྣང་བ་བརྟན་མེད་གནས་སུ་འགྱུར་བ་ལ་བལྟས་པས་གསལ་བ་ཡིན༔ གཟུང་འཛིན་སེམས་ཀྱི་སྣང་བའི་གཤིས་ལ་མཆེད་འགགས་ཀྱི་མཚན་ཉིད་ཡེ་ནས་མ་གྲུབ་པས་དེའི་རང་མཚང་སྟོན་པ་ཡིན༔ དེ་ལྟར་ཞིང་ཁམས་ལ་སྣོད་བཅུད་གྲུབ་ཅིང་ཡུལ་ལ་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་རང་ཆས་སུ་ཡོད་པ་སྣོད་བཅུད་སྟོན་འཁོར་ཐམས་ཅད་ཞི་བ་བསིལ་བ་དྭངས་པ་རྙོགས་པ་དང་བྲལ་བ་རྣམས་ཁྱད་འཕགས་ཀྱི་ཆེ་བ་ཡིན་སྐད་ན་གཟུགས་ཁམས་ཀྱི་ལྷ་ལས་མི་འཕགས་པས་སེམས་ཅན་གྱི་སེམས་སྣང་ངོ་༔ སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་མ་རིག་པའི་ཆོ་འཕྲུལ་ཡིན་པས་སེམས་ཅན་དུ་ཐལ་བའི་མཚང་རྡོལ་བའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སྔོན་གྱི་རྣལ་འབྱོར་གྲུབ་ཐོབ་མང་པོའི་མཛད་སྤྱོད་དང་ཡི་གེ་དང་ལྷ་ཁང་མཆོད་རྟེན་སོགས་མང་པོར་སྣང་བ་རྣམས་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དཔེར་ན་མི་ཞིག་གཉིད་དུ་སོང་བའི་རྨི་ལམ་ན་སྔོན་གྱི་སྲིད་པ་ཆགས་པའི་ལོ་རྒྱུས་དང་༔ མི་དང་སྲོག་ཆགས་འདི་དག་གི་ཆགས་ལུགས་གྲུབ་ཚུལ་མང་པོ་ཐོས་པ་དང་༔ སྟོན་པ་སློབ་དཔོན་མང་པོས་ཆོས་སྟོན་པ་དང་༔ ལྷ་ཁང་མཆོད་རྟེན་སྣང་བརྙན་མང་པོ་མཐོང་བ་དང་༔ ཡི་གེ་མང་པོ་མཐོང་བ་ལ་མང་པོས་ན་རེ༔ ལྷ་ཁང་མཆོད་རྟེན་སྣང་བརྙན་འདི་དག་སྦྱིན་བདག་དང་ལྷ་བཟོ་མགར་བ་ཆེ་གེ་མོ་འདི་དག་གིས་བཞེངས་པ་དང་༔ ཡི་གེ་འདི་དག་སྟོན་པ་ཆེ་གེ་མོ་འདི་ཞེས་བྱ་བས་གསུངས་པ་ཡིན་སྐད་པའི་སྣང་བ་ཤར་ནའང་ད་ནངས་གཉིད་ལས་སད་ཚེ་མཐོང་སྣང་དང་བཤད་པ་དེ་དག་ཐམས་ཅད་རང་སྣང་དུ་མཆེད་པ་རང་ངོར་ཡལ་བ་ལས་མ་གྲུབ་པ་བཞིན་དུ་འདི་ལྟར་སྣང་བའི་སྐུ་རྟེན་དང་གསུང་རྟེན་དང་ཐུགས་རྟེན་ཐམས་ཅད་ད་ནངས་དང་ད་ལྟའི་སྣང་བ་རུ་མཆེད་པ་ལས་སྔོན་ནས་གྲུབ་པ་མེད་ཅིང་བརྟེན་པ་ཡང་མེད་དེ་ཐམས་ཅད་རང་སྣང་འཁྲུལ་པའི་སྣང་བ་རུ་ཐག་ཆོད་པར་བྱའོ༔ སངས་རྒྱས་ནི་སེམས་ཅན་ཐམས་ཅད་ཀྱི་གཞི་སྟོང་ཉིད་སྤྲོས་པ་དང་བྲལ་བ་འདི་ཀ་ཡིན་ནོ༔ སངས་རྒྱས་ཀྱི་ཞལ་གཟིགས་ཟེར་ཡང་སེམས་ཅན་ལ་སངས་རྒྱས་ཀྱིས་བལྟ་བ་ནི་འཁྲུལ་པའི་སྣང་ཉམས་རབ་རིབ་ཙམ་ལས་བལྟ་མཁན་དང་མཐོང་ཡུལ་མེད་པ་སྟོང་ཉིད་ཟང་ཐལ་གྱི་རོལ་པ་ལས་མ་འདས་པའོ༔ སངས་རྒྱས་རང་སྣང་ལས་མེད་པས་ཡུལ་གཞན་ལ་རེ་བ་མ་བྱེད་པར་རེ་བའི་ཡུལ་སྟོང་པར་གྱིས་ཤིག༔ ད་ནི་མ་དག་པ་འཁོར་བའི་གནས་ཡུལ་གཞི་རྩ་ལ་བརྟག་ཅིང་དཔྱད་ནས་དོགས་ཡུལ་གཞན་དུ་མ་གྲུབ་པའི་ངང་ཚུལ་རྟོགས་དགོས་པས་དེ་ཡང་འདི་ལྟ་སྟེ༔ དང་པོ་ལུས་འདི་བོར་ནས་ཡུལ་བར་མ་དོ་ཞེས་བྱ་བར་འཁྱམས་འགྲོ་བ་ཡིན་ན༔ ཡུལ་དེ་གནས་འདིའི་ཤར་ལྷོ་ནུབ་བྱང་དབུས་དང་མཚམས་སོགས་གང་དུ་མཆིས་པའི་ཚུལ་ལ་བརྟག་པས་ཡུལ་མ་གྲུབ་པ་དང་༔ ལུས་སྔ་མ་བོར་བ་ཡིན་ན་བར་མ་དོའི་ལུས་དེ་ཕ་མ་དང་བྱུང་གནས་འགྲོ་གསུམ་ལ་བརྟག་པས་དེ་དག་དངོས་མཚན་བདེན་གྲུབ་ཅན་ཞིག་ཡོད་དགོས་པ་ལ༔ རྨི་ལམ་གྱི་ལུས་སྣང་དང་ཡུལ་སྣང་ཙམ་དུ་བར་མ་དོའི་སྣང་བ་ཤར་བ་དང་ཚེ་འདིར་སྣང་བའི་ལུས་དང་ཡུལ་ཞིང་འདོད་ཡོན་ཐམས་ཅད་སྣང་བ་གནས་འགྱུར་ཙམ་ལས་དངོས་མཚན་བདེན་གྲུབ་ཏུ་མེད་པར་ཐག་ཆོད་པར་འགྱུར་རོ༔ དམྱལ་བའི་གནས་ཡུལ་གྱི་སྣོད་བཅུད་ཐམས་ཅད་ས་འདིའི་འོག་ཏུ་མཆིས་སམ་སྟེང་དུ་མཆིས༔ དབུས་དང་ཤར་ལྷོ་ནུབ་བྱང་གང་དུ་མཆིས་པའི་སྣོད་བཅུད་ལ་བརྟག་གཞིག་བྱ་བ་དང་༔ ལྕགས་སྲེགས་ཀྱི་ས་གཞི་སུས་མགར༔ མེའི་བུད་ཤིང་གང་ནས་བླངས༔ དམྱལ་བའི་མཚོན་ཆ་སུས་མགར༔ དམྱལ་མི་ལས་མཁན་དེ་དག་གི་ཕ་མ་དང་རྒྱུ་རྐྱེན་གང་ལས་བྱུང་༔ དེ་དག་གི་ལུས་དང་རྐང་ལག་མེས་མི་ཚིགས་ན་གཞན་སེམས་ཅན་རྣམས་ཚིག་པའི་དོན་མ་མཆིས་པ་དང་༔ ལས་མཁན་དེ་དག་གིས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སྡུག་བསྔལ་དྲག་པོ་ཐོག་ཏུ་ཕབ་པས༔ ཁོང་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་གང་དུ་མྱོང་བའི་ཚུལ་ལ་བརྟག་ན་ཐམས་ཅད་འཁྲུལ་སྣང་རྨི་ལམ་གྱི་སྣོད་བཅུད་ལྟ་བུར་ཤེས་པར་འགྱུར་རོ༔ དེང་སང་གི་སེམས་ཅན་ལ་རྨ་བྱས་པ་དང་བརྡུང་བརྡེག་བྱས་པ་ཙམ་གྱིས་ཤི་བ་བྱུང་ན་དམྱལ་བའི་སྡུག་བསྔལ་དེ་ལྟ་བུས་ཅིའི་ཕྱིར་མི་འཆི༔ ཡུལ་ནས་ཡུལ་དུ་སོང་བ་ཡོད་ན་དེང་གི་དུས་ནས་དེ་མཐོང་ཚོར་གྱིས་ཡུལ་དུ་གྲུབ་དགོས་པ་ལས་ཤི་བའི་རྣམ་ཤེས་མ་གཏོགས་པས་མི་མཐོང་བའི་དོན་མ་མཆིས་པས་དེའི་ངང་ཚུལ་ལ་བརྟག་དཔྱད་བྱས་ན་རང་སྣང་ལས་གཞན་དུ་མ་གྲུབ་པའི་མཚང་རིག་པར་འགྱུར་རོ༔ དེ་བཞིན་དུ་ཡི་དྭགས་པ་དག་གི་ཡུལ་སྣོད་བཅུད་དང་སྡུག་བསྔལ་བརྣག་པར་དཀའ་བ་རྣམས་ངེས་པར་གྲུབ་བམ་མ་གྲུབ༔ ཡུལ་རང་མཚན་པར་གྲུབ་ན་ཕྱོགས་མཚམས་སྟེང་འོག་སོགས་གནས་པའི་ཡུལ་ལ་བརྟག་པ་དང་༔ དེང་སང་གི་སེམས་ཅན་ཞག་དང་ཟླ་བ་འགའ་ཙམ་ལ་མུ་གེ་བྱུང་བས་སྲོག་གི་དབང་པོ་འགག་སྲིད་ན་བསྐལ་པའི་བར་དུ་བཀྲེས་སྐོམ་སྡུག་བསྔལ་གྱིས་མི་འཆི་བའི་དོན་མ་མཆིས་པ་ཡིན༔ དེ་ལ་བསམ་མནོ་ཞིབ་ཏུ་བཏང་ན་ཚེ་རབས་ཐོག་མཐའ་མེད་པའི་དུས་ནས་ཟས་ཁམ་གཅིག་ཟོས་པ་མེད་ཀྱང་༔ ཟོས་པའི་སྣང་བ་ཤར་བའི་མྱོང་ཞེན་གྱིས་བདེ་སྣང་དང་༔ ཡི་དྭགས་པ་དག་གིས་མ་ཟོས་པའི་སྣང་བ་མངོན་ནས་སྡུག་བསྔལ་དུ་ཤར་བ་ཡིན་པར་ཐག་ཆོད་པ་དེ་བཞིན་དུ་གྲོང་ཁྱེར་དྲུག་གི་སྣོད་བཅུད་ཐམས་ཅད་ཀྱི་བྱུང་ས་དང་གནས་ས་དང་འགྲོ་སའི་ངང་ཚུལ་ཐམས་ཅད་ལ་ཞིབ་ཏུ་བརྟག་པས་ཉིན་མོའི་སྣང་བ་གནས་སུ་འགྱུར་བའི་དུས་སུ་རྨི་ལམ་གྱི་སྣང་བ་མཆེད་པ་བཞིན་གནས་རིགས་དྲུག་གི་སྣང་བ་མཆེད་པ་ལས༔ ཡུལ་རང་རྒྱུད་པར་མ་གྲུབ་པའི་ཐག་གཏིང་ནས་ཆོད་པར་བྱའོ༔ དེས་ན་རང་སྣང་གི་འཁྲུལ་པ་འདི་དབྱིངས་སུ་ཞིག་ནས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་མངོན་དུ་བྱས་ཏེ་གདིང་རང་ཐོག་ཏུ་ཐོབ་པའི་ཐབས་ལ་འབད་པ་ཉིད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ལམ་དང་འབྲས་བུ་ངོ་བོ་ཆིག་རྫོགས་ཀྱི་བདག་ཉིད་ཅན་དུ་ལ་བཟླ་བར་བྱའོ༔ ད་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཉིད་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཀྱི་མཆེད་གཞི་དང་ངོ་བོ་ཉིད་དང་སྟོང་པ་ཉིད་དུ་འགག་བསྡམས་པ་ལ༔ གཟུགས་ལ་ངོ་བོ་མ་མཆིས་ན་གཟུགས་མི་སྣང་བ་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་ལ་ངོ་བོ་མ་མཆིས་ན་དེ་དག་ཐམས་ཅད་སྣང་བར་མི་འགྱུར་རོ༔ ནམ་མཁའ་ལ་ངོ་བོ་ཉིད་མ་མཆིས་ན་ནམ་མཁར་སྣང་བ་མི་འབྱུང་བ་དང་༔ ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ བཅུད་ཀྱི་སེམས་ཅན་ལ་ངོ་བོ་དང་༔ གཞི་དང༔ ་རྩ་བ་མེད་ཅིང་ཆད་པར་འགྱུར་ན་དེ་སྣང་བར་མི་འགྱུར་བས༔ ནམ་མཁའི་ངོ་བོ་སྟོང་པ་ཉིད་དང་༔ ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ གཟུགས་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་དང་༔ དེ་བཞིན་དུ་ཀུན་གྱི་གཞི་སྟོང་པ་ཉིད་དང་༔ སྟོང་པ་ཉིད་ངོ་བོ་ཉིད་དུ་ཐག་བཅད་དེ་འགག་བསྡམས་པར་བྱའོ༔ རྒྱ་མཚོའི་གཟའ་སྐར་ཐམས་ཅད་ཀྱི་ངོ་བོ་རྒྱ་མཚོ་ཉིད་དང་༔ སྣོད་བཅུད་ཐམས་ཅད་ཀྱི་ངོ་བོ་ནམ་མཁའ་ཉིད་དང་༔ འཁོར་འདས་ཐམས་ཅད་ཀྱི་ངོ་བོ་སེམས་ཉིད་བདེ་གཤེགས་སྙིང་པོ་ཉིད་ལས་མི་གཞན་པ་ཡིན་ཏེ༔ བདེ་གཤེགས་སྙིང་པོ་ཞེས་བྱ་བ་དེ་ནི་གཞན་ན་མེད་དེ་ནམ་མཁའ་འདི་ཀ་གཞན་དུ་བཟུང་བའི་བདེན་ཞེན་ལྡོག་པར་བྱེད་པ་འཁོར་འདས་སྟོང་ཉིད་ནམ་མཁའི་རང་བཞིན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་སྟེ་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས་པས་གཞི་ནམ་མཁའ་ཉིད་དུ་ཐག་ཆོད་པར་འགྱུར༔ དེ་ཡང་བེམ་སྟོང་སྐྱོན་ཡོན་མེད་པའི་ལུང་མ་བསྟན་དུ་གོ་ན་དེ་ལྟར་མ་ཡིན་ཏེ༔ སེམས་ཅན་འཁྲུལ་པའི་དུས་ན་འབྱུང་བ་སྣོད་བཅུད་འདོད་ཡོན་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ་ཐམས་ཅད་ནམ་མཁའི་རོལ་པའོ༔ གཞིའི་ངོ་བོ་ནམ་མཁའི་རང་བཞིན་ཡིན་ཀྱང་གཞི་མ་རིག་པས་བསྒྲིབ་པས་རང་རྒྱུད་པར་བཟུང་བ་དང་༔ ནམ་མཁའ་ཁྱབ་གདལ་གྱི་རང་བཞིན་བདག་མེད་པ་ལ་བདག་ཏུ་བཟུང་བའི་རྐྱེན་གྱིས་བདག་ཏུ་སྣང་བ་དང་༔ གཞི་ཕྱི་རུ་བཟུང་བའི་བྱེད་ལས་ཀྱིས་ནམ་མཁའ་བེམ་སྟོང་དུ་སྣང་བ་དང་༔ ནམ་མཁའ་དྭངས་གསལ་གྱི་ཆ་ལས་ནམ་མཁའ་ས་རུ་སྣང་བ་དང་༔ ནམ་མཁའ་མེ་རུ་སྣང་བ་དང་༔ ནམ་མཁའ་ཆུ་རུ་སྣང་བ་དང་༔ ནམ་མཁའ་རླུང་དུ་སྣང་བ་དང་༔ ནམ་མཁའ་གཟུགས་སུ་སྣང་བ་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་རྣམས་སུ་སྣང་བའོ༔ དཔེར་ན་རྒྱ་མཚོ་དྭངས་ཤིང་གསལ་བའི་ཆ་ནས་གཟུགས་བརྙན་སྣ་ཚོགས་དང་གཟའ་སྐར་ཤར་བ་ལྟ་བུའོ༔ གཟུགས་བརྙན་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་དུ་རོ་གཅིག་པ་ལས་ཐ་དད་མེད་པ་བཞིན་དུ་འཁོར་འདས་ཐམས་ཅད་ནམ་མཁའ་ཉིད་དུ་རོ་གཅིག་པ་ལས་ཐ་མི་དད་པའོ༔ དེ་ལྟར་འཁོར་འདས་ཐམས་ཅད་ནམ་མཁའི་རོལ་པར་ངོ་ཤེས་ཤིང་ཐག་ཆོད་པ་ནི་ནམ་མཁའ་རྣམ་པར་དག་པའི་ཤེས་རབ་ཅེས་བྱ་བ་ཡིན་ནོ༔ ནམ་མཁའ་མངོན་དུ་གྱུར་པ་ནི་རིག་པའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ རིག་པ་ཞེས་པ་གང་ལ་གདགས་པ་ཡིན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་རང་གི་ནམ་མཁའ་རྣམ་པར་དག་པའི་གནས་ལུགས་མ་རིག་པའི་དབང་གིས་ངང་མངོན་དུ་མ་གྱུར་པ་ལ་མ་རིག་པ་ཞེས་བྱའོ༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་པས་ཅང་མེད་སྟོང་པ་ཟང་ཐལ་ཡུལ་མེད་ནམ་མཁའི་རོལ་པར་ཐག་ཆོད་དེ་ནམ་མཁའ་མངོན་དུ་གྱུར་པ་ནི་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ མངོན་གྱུར་ནི་ཆུ་བུར་གྱི་མིག་གིས་མ་ལགས་སམ༔ རིག་པར་མི་འཐད་པས་ན་ནང་ན་ཤེས་མཁན་ཡོད་དམ་མེད༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཆུ་བུར་གྱིས་ཉིན་སྣང་དང་རྨི་སྣང་དང་ཕྱི་མའི་སྣང་བ་རྣམས་མངོན་དུ་མཐོང་བ་མ་ཡིན༔ ཆུ་བུར་བྱེ་བ་འབུམ་གྱིས་ཀྱང་གཟུགས་མངོན་དུ་བྱེད་པར་མི་འགྱུར་རོ༔ ཉིན་སྣང་མཚན་སྣང་འདི་སྣང་ཕྱི་མའི་སྣང་བ་ཐམས་ཅད་མངོན་དུ་བྱེད་པ་ནི་སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཡེ་གནས་ཀྱི་ཤེས་པ་གོ་མ་འགག་པ་དྭངས་གསལ་རྙོགས་མ་དང་བྲལ་བ་སྣང་བ་ཅིར་ཡང་འཆར་དུ་རུང་བ་ཉིད་ཀྱིས་སོ༔ འདི་ལྟར་འཁོར་འདས་སྟོང་ཉིད་ཆེན་པོར་གཏན་ལ་ཕབ་ནས་ཐག་ཆོད་དེ་མངོན་གྱུར་གྱི་ཤེས་པ་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་སྟེ༔ དེ་ནི་ཆོས་ཐམས་ཅད་ཀྱི་དམ་པ་གཞིའི་རིག་པ་མཐའ་གྲོལ་ཆེན་པོའི་ངོ་བོ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ༔ འདིའི་ཡོན་ཏན་ནི་འདི་ལྟ་སྟེ༔ རིགས་ཀྱི་བུ་བདག་མེད་རྟོགས་པའི་ཤེས་རབ་ནི་ནམ་མཁའ་ལ་ཉི་མ་ཤར་བས་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་པ་བཞིན་དུ་འདིའི་ངང་གཏན་ལ་ཕབ་པ་ཙམ་གྱིས་བདག་རྟོག་མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་ཏེ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པའོ༔ བདག་མེད་རྟོགས་པའི་ཤེས་རབ་ནི་བསྐལ་པ་དུས་མཐའི་མེ་ཆེན་མཆེད་པས་དངོས་པོ་རགས་པ་ཐམས་ཅད་ཐལ་བར་གཏོང་བ་དང་༔ རྩྭ་སྦུར་ཕྲ་མོ་ཐམས་ཅད་ཐལ་རྡུལ་ཙམ་ཡང་མེད་པར་གཏོང་བ་བཞིན་དུ་ངེས་པའི་སྡིག་པ་ཐམས་ཅད་ཟིལ་གྱིས་གནོན་པ་དང་༔ མ་ངེས་པའི་སྡིག་སྒྲིབ་ཐམས་ཅད་ཡུལ་མེད་དུ་གཏོང་བ་ཡིན༔ ཤེས་རབ་ཆེན་པོ་ནི་མཐོང་བྱེད་ཀྱི་མིག་ལྟ་བུ་སྟེ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མངོན་དུ་བྱེད་པ་ཡིན༔ ཤེས་རབ་ཆེན་པོ་ནི་རྒྱ་མཚོ་ཆེན་པོའི་ཆུ་ལྟ་བུ་སྟེ་ཆུ་བོ་ཆུ་བྲན་ཐམས་ཅད་དེ་ལས་འཕྲོས་ཤིང་དེ་རུ་འདུ་བ་བཞིན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་དེ་ལས་འཕྲོ་ཞིང་དེར་འདུ་བ་ཡིན༔ ཤེས་རབ་ཆེན་པོ་ནི་ནམ་མཁའ་ལྟ་བུ་སྟེ་སྣང་སྲིད་ཐམས་ཅད་དེའི་ཁོངས་སུ་མ་ཆུབ་པ་མེད་པ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཤེས་རབ་ཆེན་པོ་མངོན་དུ་གྱུར་པ་ཙམ་གྱིས་སྐད་ཅིག་ཉིད་དུ་དེའི་ཁོང་དུ་ཆུབ་པའོ༔ སྐད་ཅིག་མ་དང་པོར་བདུད་ཀྱི་འབངས་སུ་གྱུར་ཅིང་ཉོན་མོངས་པའི་ཕུང་པོ་ཅན་དུག་གི་རྐྱལ་པ་ལྟ་བུ་ཕྱག་མཆོད་བཀུར་སྟིའི་གནས་སུ་མ་གྱུར་པའི་སེམས་ཅན་དམུས་ལོང་སྡིག་ཅན་ཞིག་ལ་ཤེས་རབ་ཆེན་པོ་ངོ་འཕྲོད་ནས་མངོན་དུ་གྱུར་ན༔ སྐད་ཅིག་མ་གཉིས་པར་འགྲོ་བ་ལྷ་དང་བཅས་པའི་སྐྱེ་རྒུ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ༔ བཀུར་བར་བྱ་བའི་འོས་སུ་གྱུར་པ༔ མཆོད་པར་བྱ་བའི་འོས་སུ་གྱུར་པ༔ བསོད་ནམས་བསགས་པའི་ཞིང་སར་འགྱུར་བ་ཡིན༔ ཤེས་རབ་ཆེན་པོ་ནི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་ན་འཇམ༔ གསུང་དབྱངས་ལྷུན་གྲུབ་རིན་པོ་ཆེ་ཚངས་དབྱངས་ཡན་ལག་དྲུག་ཅུའི་བདག་ཉིད་ཅན་དུ་གྲགས་པས་ན་དབྱངས་ཉིད་དོ༔ འཁོར་འདས་མཉམ་པ་ཉིད་དུ་མཐོང་བས་ན་སྤྱན༔ ཐམས་ཅད་ངོ་བོ་ཉིད་དུ་བརྡལ་བའི་དབྱིངས་ལས་ལོགས་སུ་གྱུར་པ་མེད་པས་ན་རས༔ གཞི་དང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཡེ་ཤེས་གཅིག་ཏུ་གཟིགས་པས་ན་གཟིགས་སོ༔ བདག་རྟོག་དབྱིངས་སུ་སྒྲོལ་བས་ན་མཐུ༔ ནུས་མཐུ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ན་ཆེན་པོ༔ མི་འཇིགས་པའི་གདིང་ཆེན་པོ་ཐོབ་པས་ན་ཐོབ་ཅེས་སོ༔ ཤེས་རབ་ཆེན་པོ་མངོན་དུ་གྱུར་མ་ཐག་པ་ནས་སྲིད་པ་ལས་རབ་ཏུ་འཕགས་པ༔ གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རིགས་ཐམས་ཅད་འདུས་པའི་བདག་ཉིད་ཅན་གྱིས་རིགས་གསུམ༔ ཁམས་གསུམ་འགྲོ་བ་ཀུན་གྱི་མགོན་དུ་གྱུར་པས་ན་མགོན་པོ་ཞེས་པ་རྣམས་ཤེས་རབ་ཆེན་པོ་ལས་གཞན་དུ་མེད་དོ༔ ཤེས་རབ་ཆེན་པོས་ཆོས་ཅན་གྱི་སྣང་བ་གཟུང་འཛིན་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་རང་ཞི་བས་ན་ཞི་བའི་གཟུགས་སུ་བཀོད་པ་དང་༔ འཁོར་བའི་སྲོག་གཅོད་ཅིང་མྱ་ངན་ལས་འདས་པའི་ས་རུ་སྦྱོར་བ་ལ་སྙིང་རྗེ་མེད་པར་བཀོད་ནས་ཁྲོ་བོའི་གཟུགས་སྐུར་བརྗོད་པ་ཙམ་མོ༔ བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་འདི་མངོན་དུ་གྱུར་མ་ཐག་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་གནས་འགྱུར་དུ་བྱེད་དོ༔ རང་ངོ་རང་གིས་མ་རིག་པར་འཁྲུལ་པ་བརྟན་ཅིང་འཐས་པ་ལ་གཏི་མུག་ཅེས་བྱ་སྟེ༔ བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་གྱུར་ཏེ་འཁོར་འདས་ཐམས་ཅད་ཆོས་ཉིད་འོད་གསལ་གྱི་རོལ་པར་རང་ཡན་པས་གཏི་མུག་རྡོ་རྗེ༔ གཞི་དབྱིངས་དྭངས་གསལ་རྙོགས་པ་དང་བྲལ་བའི་ངང་དུ་གཉིས་སྣང་གི་ཞེ་སྡང་རང་ཆོམ་པས་ཞེ་སྡང་རྡོ་རྗེ༔ འཁོར་འདས་དག་མཉམ་ཆེན་པོའི་ངང་དུ་བདག་རྟོག་གི་ང་རྒྱལ་རང་ཆོམ་པས་ང་རྒྱལ་རྡོ་རྗེ༔ རླུང་སེམས་སྟོང་དབྱིངས་སུ་ཞིག་ནས་རྣམ་རྟོག་རྩལ་དུ་འཕོས་པའི་འདོད་ཞེན་རང་ཆོམ་པས་འདོད་ཆགས་རྡོ་རྗེ༔ བདག་སྣང་བདེན་མེད་དུ་ཞིག་པས་མཚན་འཛིན་གྱི་ཕྲག་དོག་རང་ཆོམ་པས་ཕྲག་དོག་རྡོ་རྗེ་ཞེས་བྱ་སྟེ༔ ཉོན་མོངས་པ་རང་ཉིད་རང་གིས་ཆོམ་པས་ན་ཁྲོ་བོའི་གཟུགས་སུ་བཞག་པའོ༔ དེ་ལྟ་བུའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཤེས་རབ་ཆེན་པོ་འདིས་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་མངོན་དུ་བྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞི་ཡེ་ནས་འཁྲུལ་མི་ཤེས་ཤིང་འཁྲུལ་མ་མྱོང་བའི་སངས་རྒྱས་རང་ལ་ཡོད་ན༔ དེ་ཤེས་ཀྱང་མ་ཤེས་ཀྱང་སངས་རྒྱས་ཡིན་པའི་ཕྱིར་འདི་ལ་ཤེས་རབ་དང་ཡེ་ཤེས་མངོན་དུ་བྱེད་དགོས་པའི་དོན་མ་མཆིས་པ་དང་༔ སེམས་ཅན་འཁོར་བར་འཁྱམས་ནས་བདེ་སྡུག་མྱོང་དགོས་པའི་དོན་ཡང་མ་མཆིས་ན་འདིའི་ངང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་གཞི་ལུང་མ་བསྟན་དུ་སོང་བས་ཕན་གནོད་མེད་པས་ལན་པ་ཡིན་ནོ༔ དེའི་མཚོན་དཔེ་གཞི་ཡེ་གནས་ཀྱི་ཆོས་ཉིད་ལུང་མ་བསྟན་དུ་སོང་བ་ནི་ཡིད་བཞིན་གྱི་ནོར་བུ་དང་ཚེ་གཅིག་ཏུ་འགྲོགས་ཀྱང་ངོ་མ་ཤེས་པར་ས་རྡོ་རུ་འཁྲུལ་པའི་དབང་གིས་དབུལ་ཕོངས་ཀྱི་སྡུག་བསྔལ་གྱིས་གདུང་བ་ལྟ་བུའོ༔ ནོར་བུ་དངོས་གྲུབ་མེད་དུ་སོང་བ་མ་ཡིན་ཀྱང་ངོ་མ་ཤེས་ཏེ་བཀུར་སྟི་མ་བྱས་པའི་རྐྱེན་གྱིས་དངོས་གྲུབ་མི་འབྱུང་བ་བཞིན༔ གཞི་ཀ་དག་སྤྲོས་པ་དང་བྲལ་བའི་ངང་དང་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བར་ཡོད་ཀྱང་ངོ་མ་ཤེས་པའི་དབང་གིས་རང་ཐོག་ཏུ་རང་ས་མ་ཟིན་པའི་རྐྱེན་གྱིས་བདེ་སྡུག་གི་སྣང་བ་རྒྱུན་མི་ཆད་པར་ཤར་བ་ལ་བདེན་པར་བཟུང་ནས་འཁྲུལ་པ་ཡིན༔ ད་ཤེས་རབ་ཆེན་པོས་མངོན་གྱུར་གྱི་ཡེ་ཤེས་ངོ་ཤེས་ཤིང་གདིང་རང་སར་བཟུང་བས་རང་གྲོལ་བ་ནི་ནོར་བུ་ངོ་ཤེས་ཏེ་བཀུར་སྟི་བྱས་པས་དབུལ་ཕོངས་ལས་གྲོལ་བ་ལྟ་བུའོ༔ གཞི་ལུང་མ་བསྟན་དུ་ཡོད་པ་བདག་པོ་མེད་པའི་ཞིང་ས་ལྟ་བུ་ལ༔ ངོ་རང་ཐོག་ཏུ་འཕྲོད་ནས་རང་དབང་བསྒྱུར་བ་ནི་ཞིང་ས་ལ་སོ་ནམ་བྱས་ཏེ་ལོ་ཏོག་ལོངས་སྤྱོད་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་མཁར་ཁྱིམ་སྟོང་པ་བདག་པོ་མེད་པས་ཕན་གནོད་མེད་པ་ལྟ་བུ་ལ༔ གཞི་མངོན་དུ་གྱུར་པ་ནི་མཁར་ཁྱིམ་ལ་བདག་པོས་ལོངས་སྤྱོད་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་ནམ་མཁའ་སྨག་གིས་བསྒྲིབས་པ་ལྟ་བུ་སྟེ༔ གཞི་མངོན་དུ་གྱུར་པ་ནི་མཁའ་ལ་ནམ་ལངས་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་སེམས་ཅན་འཁྲུལ་པའི་ཡུལ་དུ་གྱུར་ཏེ་ཕན་གནོད་གང་ཡང་མེད་པ་སྟེ༔ གཞི་མངོན་དུ་གྱུར་པ་ནི་རྣམ་པར་གྲོལ་བའི་ས་ལམ་ལ་དབང་འབྱོར་བ་ཡིན་ནོ༔ དེ་ལྟར་གཞིའི་ཡོན་ཏན་ཡོངས་རྫོགས་ཆེན་པོ་མངོན་དུ་བྱེད་པ་ནི་ཤེས་རབ་ཆེན་པོའི་སྟོབས་ཤུགས་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ བཅོམ་ལྡན་འདས་ད་ཆོས་སྐུ་གཞིར་གནས་ཀྱི་རིག་པ་དང་ལམ་གྱི་རིག་པ་ཐ་དད་དུ་ཡོད་དམ་མེད༔ ཡོད་ན་དེའི་ངོ་བོ་དང་དབྱེ་བ་ཡོན་ཏན་རྫོགས་ཚུལ་དང་༔ སེམས་ཅན་འཁྲུལ་པའི་ཚུལ་དང་ཡིན་ལུགས་ཐམས་ཅད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་ལམ་གྱི་རིག་པ་དང་༔ གཞིའི་རིག་པ་གཉིས་ཡོད་དེ༔ ལམ་གྱི་རིག་པ་ནི་ཡེ་གནས་ཀྱི་ཤེས་པ་གོ་མ་འགགས་པ་ངོ་རང་ཐོག་ཏུ་འཕྲོད་པར་བྱས་ནས་བཅས་བཅོས་ཡིད་དཔྱོད་འཛིན་སྟངས་ཐམས་ཅད་ལས་འདས་པར་རང་སར་ཡན་པའི་ངང་དུ་མ་བཅོས་པ་གསུམ་གྱིས་མཉམ་པར་བཞག་པས་ཤེས་རབ་དང་ཡེ་ཤེས་དངོས་མ་ཡིན་ཀྱང་དེའི་གདངས་ཡིན་པས་མཐར་ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ་གཞི་རིག་མངོན་དུ་གྱུར་པའོ༔ གཞིར་གནས་ཀྱི་རིག་པ་ནི་བདག་དང་སྣང་བ་ཐམས་ཅད་ཀྱི་མིང་དང་དངོས་པོ་བྱུང་གནས་འགྲོ་གསུམ་གྱི་སྒོ་ནས་ཤེས་བྱ་རྣམ་པ་བཅུའི་རང་བཞིན་དུ་གཏན་ལ་ཕབ་སྟེ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སྣང་གཅིག་གི་རོལ་པར་ཐག་ཆོད་ཅིང་ནམ་མཁའ་རྣམ་པར་དག་པའི་མཁའ་དབྱིངས་བརྡལ་ཁྱབ་ཆེན་པོ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པའོ༔ འདིའི་ཡོན་ཏན་ནི་འདི་ལྟ་སྟེ༔ རིག་པ་སེམས་སུ་མི་འཁྲུལ་པས་ཚུལ་ཁྲིམས་རྣམ་པར་དག་པ༔ རིག་པ་ལ་རང་དབང་བསྒྱུར་བ་བྱར་མེད་རང་ཀར་ཡན་པས་སྦྱིན་པ་རྣམ་པར་དག་པ༔ རིག་པ་རང་ཐོག་ཏུ་རང་ས་འཛིན་པས་བཟོད་པ་རྣམ་པར་དག་པ༔ མཉམ་བཞག་མ་བཅོས་རྣམ་གསུམ་དང་རྗེས་ཐོབ་མ་ཤོར་རྣམ་གསུམ་ལས་མི་འདའ་བ་བརྩོན་འགྲུས་རྣམ་པར་དག་པ༔ རྣམ་པར་རྟོག་པ་ཡེ་ཤེས་སུ་འཕོས་པས་བསམ་གཏན་རྣམ་པར་དག་པ༔ འཁོར་འདས་མཉམ་པ་ཉིད་དུ་རོལ་པས་ཤེས་རབ་རྣམ་པར་དག་པ་སྟེ༔ ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་ལྷུན་གྱིས་གྲུབ་པའོ༔ འཛིན་མེད་བྱར་མེད་ཡེ་བབ་ཆེན་པོ་ངང་གནས་ཀྱི་ཆོས་ཉིད་རང་བབ་ཆེན་པོར་མཉམ་པར་བཞག་པས་མཉམ་བཞག་རྣམ་པར་དག་པ༔ ལྟ་སྒོམ་སྤྱོད་པ་ཐ་མལ་དུ་མ་སོང་བས་རྗེས་ཐོབ་རྣམ་པར་དག་པ་སྟེ༔ མཉམ་རྗེས་གཉིས་སུ་མེད་པའི་ངོ་བོ་གཅིག་ཆར་དུ་རྫོགས་པ་ཡིན༔ མ་རིག་པའི་དྲི་མ་དབྱིངས་སུ་སངས་པ༔ ཡེ་ཤེས་ཡོན་ཏན་ཐམས་ཅད་རིག་པའི་ཡེ་ཤེས་ཆེན་པོའི་ངང་དུ་རང་བྱུང་ལྷུན་གྲུབ་ཆེན་པོར་རྒྱས་པ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་རང་གི་ངང་དུ་མ་བཅོས་རང་ཆས་སུ་ཡོད་པས་ཆོས་ཉིད༔ དགེ་བའི་ཆོས་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་མི་ཕྱེད་དུ་འདུན་པས་དགེ་འདུན་ཏེ༔ ཕྱིའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཆོས་ཉིད་རིག་པའི་ངང་དུ་རོ་གཅིག་ཏུ་འདུས་པ་དང་༔ འཁོར་འདས་ཐམས་ཅད་ཀྱི་ངོ་བོར་གྱུར་པས་བླ༔ འགྲོ་རྣམས་གཏན་དུ་བདེ་བའི་ས་ལ་སྦྱོར་བའི་མ༔ རིག་པ་རང་གི་ངང་ལས་མི་འདའ་བར་ཡིད་ལ་དམ་བཅས་པས་ཡི་དམ༔ འཁོར་འདས་མཁའ་ཀློང་དུ་སྦྲུམ་པའི་མ་ལྟ་བུའི་ཕྱིར་མཁའ༔ ཐབས་དང་རྟེན་འབྲེལ་གྱི་སྒོ་དུ་མར་འགྲོ་བས་འགྲོ་ཞེས་བྱ་སྟེ༔ ནང་གསང་སྔགས་ཀྱི་སྐྱབས་ཡུལ་ཐམས་ཅད་ཀྱི་ངོ་བོར་གནས་པའོ༔ ངོ་བོ་ཡེ་སྟོང་ཆེན་པོ་སྐྱེ་བ་མེད་པའི་ཡེ་ཤེས་ཆོས་སྐུ༔ རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ལོངས་སྤྱོད་དུ་རང་རྫོགས་པས་འགགས་པ་མེད་པའི་ཡེ་ཤེས་ལོངས་སྐུ༔ ཐུགས་རྗེ་ཀུན་གྱི་ཡེ་ཤེས་ཆེན་པོ་འགྲོ་བའི་དཔལ་དུ་ཤར་བས་སྤྲུལ་སྐུ་སྟེ༔ གསང་བ་བླ་ན་མེད་པའི་དཀོན་མཆོག་གསུམ་པོ་ཡང་རིག་པའི་ཡེ་ཤེས་ཆེན་པོར་རྫོགས་པའོ༔ དེ་ལྟར་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ནས་དེ་གདུལ་བྱའི་སྐྱབས་མགོན་དམ་པར་རིག་སྟེ་བསྟེན་པ་དང་༔ དེའི་ངང་ལས་མི་འབྲལ་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་སྟེ༔ སྐྱབས་འགྲོ་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའོ༔ སེམས་བསྐྱེད་པའི་ཐབས་ཚུལ་ལམ་གཞན་ལས་ཆེས་ཆེར་འཕགས་པ་འཁོར་འདས་མཉམ་བརྡལ་གྱི་གནས་ལུགས་རང་ངོ་ཤེས་པ་སེམས་བསྐྱེད་ཐམས་ཅད་ཀྱི་མཆོག་མངོན་དུ་གྱུར་པའོ༔ རིག་པ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཀློང་དུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མ་བཙལ་རང་བྱུང་བའི་ངང་ཚུལ་གཏན་ལ་ཕབ་ནས་ཉམས་སུ་ལེན་པ་ནི་སྒྲུབ་དང་དཀྱིལ་འཁོར་ཐམས་ཅད་འདུས་པའི་ངོ་བོ་སྙིང་པོ་མི་འགྱུར་བའི་སྒྲུབ་པ་འདི་ཁོ་ན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ རིག་པ་རང་གི་ངང་དུ་རང་དམ་བཅས་ཏེ་དེ་ལས་མི་འདའ་བའི་གདིང་ཐོབ་ན་ཚེ་འདིར་མཆོག་གི་དངོས་གྲུབ་འབད་མེད་དུ་འཐོབ་པ་དང་༔ དེ་ལས་འདས་ཏེ་མ་རིག་པའི་ངང་དུ་འཆོལ་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་བཟོད་བླག་མེད་པའི་མེ་ལྟ་བུས་ཚིག་པར་འགྱུར་བས་ན་དམ་ཚིག་ཆེན་པོ་ཡིན༔ འཁྲུལ་པ་དངོས་ཞེན་གྱི་སྒོ་མ་འཁྲུལ་པ་རིག་པའི་དབྱིངས་སུ་སྡོམ་པས་སྡོམ་པ་ཐམས་ཅད་ཀྱི་ངོ་བོ་ཡིན༔ ཚེ་རབས་ཐོག་མ་མེད་པའི་དུས་ནས་གཞི་དབྱིངས་ཀ་དག་གི་རོལ་པ་མ་རིག་པའི་སྒྲིབ་པས་བསྒྲིབ་པ་ཉིད་ཆོས་ཉིད་རྒྱུ་འབྲས་ལས་འདས་པ་མཐའ་གྲོལ་རིག་པའི་རྒྱལ་པོའི་རང་ཞལ་མངོན་དུ་གྱུར་པས་ཡུལ་མེད་ཟང་ཐལ་ཆེན་པོར་སྦྱོངས་པས་སྒྲིབ་སྦྱོང་སྟེ༔ ལུས་ངག་གིས་སེམས་ལ་ཕན་ཕྱིར་ཟག་བཅས་ཀྱི་དགེ་བ་ལ་འབད་རྩོལ་ཇི་ཙམ་བྱས་ཀྱང་འཁོར་བར་བསོད་ནམས་བསགས་པ་ཙམ་ལས་རྣམ་པར་གྲོལ་བའི་ས་ཐོབ་པར་མི་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ གཞི་མ་རིག་པ་ནི༔ འཁོར་བ་དང་འཁྲུལ་པ་སྣང་སེམས་ཐམས་ཅད་ཀྱི་གཞི་ཡིན་པས་གཞི་དེ་ལ་བརྟེན་པའི་དཀར་ནག་གི་ལས་ཐམས་ཅད་འཁོར་བ་ལས་མི་འཕགས་པ་ནི་དེའི་ཕྱིར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་སེམས་ཉིད་ཡེ་ནས་སངས་རྒྱས་སྐྱོན་དང་དྲི་མས་མ་གོས་པ་ཞིག་ཡིན་ན་འདི་ལྟར་འཁྲུལ་པའི་གཞི་ལམ་འབྲས་བུ་ཐམས་ཅད་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དག་པའི་གཞི་ནི་ཀ་དག་གདོད་མའི་མགོན་པོར་སངས་རྒྱས་པ་ཡིན་ཏེ་དེ་མངོན་དུ་གྱུར་པ་ནི་རིག་པ་རང་བྱུང་གི་སངས་རྒྱས་ཡིན་ལ༔ དེའི་མཚན་ཉིད་ནི་ངོ་བོ་ཡེ་སྟོང་ཆེན་པོ་འཁོར་འདས་ཡོངས་ཀྱི་དབྱིངས་ཉིད་ཆོས་དབྱིངས་ཡེ་ཤེས༔ ཅིར་ཡང་འཆར་དུ་རུང་བའི་ཡུལ་གོ་མ་འགགས་པ་དྭངས་གསལ་རྙོགས་མ་དང་བྲལ་བའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས༔ འཁོར་འདས་ཐམས་ཅད་ཡུལ་མེད་སྟོང་པ་ཉིད་དུ་མཉམ་པར་བརྡལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས༔ ཡེ་ཤེས་ཡོན་ཏན་གྱི་གསལ་སྒོ་མ་འགགས་པས་སོ་སོར་རྟོག་པའི་ཡེ་ཤེས༔ དག་གྲོལ་མཉམ་རྫོགས་ཀྱི་ལས་དང་བྱ་བ་ཐམས་ཅད་རང་བྱུང་དུ་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ༔ ཡེ་ཤེས་ལྔ་པོ་གཅིག་ཆར་དུ་རྫོགས་པའི་ཆོས་སྐུ་གཞིར་གནས་ཀྱི་རིག་པའི་རང་མདངས་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཞེས་བྱ་བའོ༔ དེ་ཉིད་ཀྱི་ངང་མ་རིག་པ་ནི་འཁྲུལ་པའི་རྒྱུར་གྲུབ་པ་སྟེ༔ དེའི་ཚུལ་ནི་གཞི་བརྡལ་ཁྱབ་ཀྱི་རོལ་པའི་ངང་མ་རིག་པ་ཙམ་གྱིས་རྒྱུ་བྱས༔ དེ་ཅུང་ཟད་བརྟན་པས་ཀུན་གཞི་མཚན་ཉིད་པ་བེམ་སྟོང་ནམ་མཁའ་ལྟ་བུ་ཐོམ་ཡོ་རེ་བ་ཅི་ཡང་མི་སེམས་པའི་སྟོང་ཧད་དེ་བར་གནས་པ་ཡིན༔ དེའི་ཐོག་ཏུ་ཕེབས་པ་ནི་བརྒྱལ་བའི་གནས་སྐབས་དང་༔ སྙོམས་འཇུག་གི་གནས་སྐབས་དང་༔ བསམ་གཏན་གྱིས་བསླང་བའི་ཉམས་ཀྱི་ཐོག་ཏུ་ཕེབས་པ་དང་༔ སྣང་བ་དབྱིངས་སུ་ཐིམ་པ་གཉིད་འཐུག་པོས་ཀུན་གཞིར་འཐུམ་པ་དང་༔ སྣང་བ་གནས་སུ་འགྱུར་བ་འཆི་སྲིད་ཀྱི་ཐོག་ཕེབས་རྣམས་ཏེ་ཀུན་གཞི་མཚན་ཉིད་པ་ཞེས་བློ་ཡིད་ཀྱི་མྱོང་ཞེན་དང་བྲལ་བ་གཞི་བེམ་སྟོང་རང་ལ་འཐུམ་པའོ༔ དེའི་ངང་ནས་སྣང་བ་མཆེད་པའི་གཞིར་ཤེས་པ་དྭངས་ཤིང་གསལ་བ་ཉིད་ལངས་པ་ཀུན་གཞིའི་རྣམ་ཤེས༔ དེ་ཡང་རང་གསལ་བ་ལས་ཡུལ་མ་གྲུབ་ཤིང་ཡུལ་ལ་མ་ཞུགས་པ་ཅིར་ཡང་འཆར་དུ་རུང་བ་དཔེར་ན་ཆུ་དྭངས་གསལ་ལ་གཟའ་སྐར་མཆེད་དུ་རུང་བ་དང་མེ་ལོང་དྭངས་གསལ་ལ་གཟུགས་བརྙན་འཆར་དུ་རུང་བ་དང་༔ ནམ་མཁའ་དྭངས་གསལ་ལ་སྣོད་བཅུད་མཆེད་དུ་རུང་བ་བཞིན་ཀུན་གཞིའི་རྣམ་ཤེས་སྟོང་གསལ་ལ་སྣང་བ་མཆེད་དུ་རུང་བའོ༔ དེའི་ངང་ལས་ང་ཞེས་བདག་ཏུ་སྣང་བ་ཙམ་གྱིས་ཤེས་པ་ལངས་ཏེ་བདག་ཚུར་བཟུང་བས་གཞི་ཕ་རོལ་ཏུ་སྣང་ནས་སྣང་ཡུལ་ནམ་མཁའ་བེམ་སྟོང་གྲུབ་པ་དང་༔ དེ་བརྟན་པར་གྱུར་ཏེ་མངོན་དུ་བྱེད་ཅིང་སྣང་བ་མཆེད་པའི་གཞི་ཡིད་ཅེས་བྱ་བ་ལངས་ནས་གསལ་ཆ་བཏོན༔ དེ་ལས་ཀྱང་སྣང་བའི་ཡུལ་ལྔ་ལངས་ཏེ་ཉེ་བར་བླངས་ནས་ཞེན་ཅིང་འཁྲུལ་པ་ཡིན༔ དེ་ལྟར་སྒྲིབ་བྱེད་མ་རིག་པ་ཉིད་ཀྱིས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཞིའི་རང་མདངས་ཉིད་བསྒྲིབ་པ་ལས་གདངས་ཕྱི་རྩལ་དུ་འཕོས་པའི་ཚུལ་ནི༔ བྱ་བ་གྲུབ་པའི་ཡེ་ཤེས་བསྒྲིབ་པས་གདངས་འཛིན་པ་ཕྲ་མོར་འཕོས་པ་དང་༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྒྲིབ་པས་གདངས་ཀུན་གཞི་མཚན་ཉིད་པ་འཕོས་པ་དང་༔ མེ་ལོང་ཡེ་ཤེས་བསྒྲིབ་པས་གདངས་ཀུན་གཞིའི་རྣམ་ཤེས་སུ་འཕོས་པ་དང་༔ མཉམ་ཉིད་ཡེ་ཤེས་བསྒྲིབ་པས་གདངས་ཉོན་ཡིད་དུ་འཕོས་པ་དང་༔ སོར་རྟོག་ཡེ་ཤེས་བསྒྲིབ་པས་གདངས་ཡིད་ཅེས་བྱ་བར་འཕོས་པའོ༔ དབྱིངས་ལྔ་ལས་གདངས་འབྱུང་ཆེན་ལྔ་དང་འབྱུང་ཕྲན་ལྔ་རུ་འཕོས་པའི་ཚུལ་ནི༔ ཆོས་སྐུ་ཁྱབ་བརྡལ་གྱི་དབྱིངས་སུ་བྱ་གྲུབ་ཡེ་ཤེས་ཀྱི་མདངས་བསྒྲིབ་པས་ལས་རླུང་རྒྱུ་བའི་རྐྱེན་ལས་འབྱུང་ཆེན་ནང་འབྱུང་རླུང་གི་དྭངས་མའི་རང་བཞིན་རྒྱུ་འོད་གདངས་ལྗང་གུར་འཕོས༔ དེ་ལ་དངོས་འཛིན་བདེན་ཞེན་སྐྱེས་པའི་རྐྱེན་གྱིས་འཐས་ཤིང་བརྟས་ཏེ་འབྱུང་ཕྲན་ཕྱི་འབྱུང་སྙིགས་མའི་རང་བཞིན་རླུང་དུ་སྣང་བ་དང་༔ དེ་བཞིན་དུ་ཆོས་དབྱིངས་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་མཐིང་གའི་ཁ་དོག་ཏུ་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ནམ་མཁར་སྣང་བ་དང་༔ མེ་ལོང་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་དཀར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ཆུར་སྣང་བ་དང་༔ མཉམ་ཉིད་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་སེར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ས་རུ་སྣང་བ་དང་༔ སོར་རྟོག་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་དམར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་མེ་ཡི་རང་བཞིན་དུ་སྣང་བའོ༔ དེ་ལྟར་དབྱིངས་ལྔ་ལས་འབྱུང་བ་ཐམས་ཅད་མཆེད་ཅིང་འཐས་པ་ཡིན་པས་ཤེས་པར་གྱིས་ཤིག༔ དབྱིངས་ལྔ་ལས་བསྐལ་པ་ཆགས་པའི་སྣང་བ་ནི་འདི་ལྟ་སྟེ༔ ཀུན་རྫོབ་ཏུ་ནམ་མཁའ་རྟེན་མེད་ཀྱི་དབྱིངས་སུ་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས་པའི་སྟེང་དུ་ཞི་བ་གསལ་དག་གི་རྒྱ་མཚོ་ཆགས་པ་དང་༔ དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི༔ དེ་དག་གི་གཤིས་ན་མེའི་དཀྱིལ་འཁོར་གྲུབ་པར་བཤད་པ་དང་༔ དེ་དག་གི་བཅུད་དང་རླངས་པ་ལྟ་བུར་བཅུད་ཀྱི་སེམས་ཅན་ཐམས་ཅད་ཆགས་པ་ཡིན་པར་སྐད་པ་གདུལ་བྱ་ཁ་དྲང་བའི་དོན་དུ་སྨོས་པ་ཙམ་ལས༔ དོན་དམ་པར་དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་བསྒྲིབ་བྱེད་ཀྱི་འཛིན་པ་ཕྲ་མོ་རླུང་གི་རང་བཞིན་དབྱིངས་སུ་ཞུགས་མ་ཐག་ཏུ་གཞི་སྟོང་པ་རྟེན་མེད་དུ་སྣང་བ་ནམ་མཁའ་སྟེ༔ དེ་ལས་ནམ་མཁར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་ཡིན༔ འཛིན་པ་ཕྲ་མོས་མ་རིག་པའི་གཞི་འཛིན་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་བསྒྲིབ་པས་གདངས་རླུང་དུ་སྣང་བ་རྒྱུན་མི་ཆད་པར་མཆེད་པ་དང་༔ མེ་ལོང་ལྟ་བུའི་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་ཆུ་རུ་སྣང་བ་རྒྱུན་ཆད་མེད་པར་མཆེད་པ་དང་༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དངོས་པོར་བཟུང་བས་སར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་དང་༔ སོ་སོར་རྟོག་པའི་ཡེ་ཤེས་མ་རིག་པས་བསྒྲིབ་པས་མེར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་ཡིན༔ དེ་དག་གིས་ངོ་བོ་བསྒྲིབ་པའི་ཆ་ནས་རྟོག་པ་མཆེད་པ་ནི༔ ཆོས་དབྱིངས་ཡེ་ཤེས་བསྒྲིབ་པའི་ཆ་ནས་གཏི་མུག་གི་རྟོག་པ་མཆེད༔ མེ་ལོང་ཡེ་ཤེས་བསྒྲིབ་པའི་ཆ་ནས་ཞེ་སྡང་གི་རྟོག་པ་མཆེད༔ མཉམ་ཉིད་ཡེ་ཤེས་བསྒྲིབ་པའི་ཆ་ནས་ང་རྒྱལ་གྱི་རྟོག་པ་མཆེད༔ སོར་རྟོག་ཡེ་ཤེས་བསྒྲིབ་པའི་ཆ་ནས་འདོད་ཆགས་ཀྱི་རྟོག་པ་མཆེད༔ བྱ་གྲུབ་ཡེ་ཤེས་བསྒྲིབ་པའི་ཆ་ནས་ཕྲག་དོག་གི་རྟོག་པ་རྒྱུན་ཆད་མེད་པར་བྱུང་བ་ཡིན་ཏེ་ཉོན་མོངས་པ་དང་ཡེ་ཤེས་ཐམས་ཅད་ངོ་བོ་གཅིག་ལ་གདངས་ཐ་དད་པར་སྣང་བ་སྟེ༔ སྣང་ཚད་ཀྱང་གཅིག་ལས་ལྔར་སྣང་བའི་བརྡར་མེ་ལས་ཆུ་འབྱུང་བས་ཆུ་དང་༔ མེ་ལས་རླུང་བསྐྱོད་པའི་ཆ་ནས་རླུང་དང་༔ མེ་ལས་ཚ་བ་མཆེད་པས་མེ་དང་༔ མེ་ལས་རྡུལ་ཕྲ་རབ་དང་ཆ་མེད་འབྱུང་བའི་ཆ་ནས་ས་དང་༔ དེ་བཞིན་དུ་ས་ལས་རླན་ཆུ་འབྱུང་བ་དང་༔ ས་ཡང་རྡུལ་ཆ་མེད་ཀྱི་ཁུང་ནས་རླུང་གི་རང་བཞིན་དང་༔ ས་ལས་དྲོད་འབྱུང་བས་མེ་དང་༔ ས་ལྕི་ཞིང་འཐས་པས་སའི་རང་བཞིན་དང་༔ ཆུ་ཡང་རྡུལ་ཆ་མེད་ཀྱི་ཁུང་ནས་རྡུལ་ཕྲན་དུ་གྲུབ་པས་ས་དང་༔ ཤུགས་དང་རླབས་ཆེན་པོར་འཁྲུག་པས་རླུང་དང་༔ དྲོད་ཀྱིས་ཆུའི་ཞབས་མི་འཁྱག་པ་དང་༔ དྲོད་བསླང་པས་མེ་དྲོད་འབྱུང་བ་དང་༔ རླན་ནི་ཆུ་ཡི་མཚན་ཉིད་དང་༔ དེ་བཞིན་དུ་ཡང་ཞིང་གཡོ་བས་རླུང་དང་༔ རྡུལ་ཆ་མེད་ཀྱི་ཁུང་དུ་གནས་པས་ས་དང་༔ དྲོད་ཀྱིས་ཆུ་རླན་སྐམ་པས་མེ་དང་༔ གྲང་བའི་རེག་བྱ་ཡོད་པས་ཆུ་ཡིན་པ་དང་༔ ཀུན་གྱི་ངོ་བོ་ནམ་མཁའ་ཡིན་པས་འབྱུང་བ་རེ་རེ་ལ་ལྔ་རེ་ཚང་བ༔ ཆོས་ཉིད་གཅིག་ལ་མདངས་ལྔ་ཚང་བ་དང་༔ མདངས་གདངས་སུ་འཕོས་པ་ལྔ་ལའང་རེ་རེ་བཞིན་དུ་ལྔ་ཚན་འདུས་པ་ནི་ཡེ་ཤེས་གཅིག་གི་རང་བཞིན་ལ་རྣམ་པ་ཐ་དད་པར་སྣང་བའི་བརྡ་རྟགས་རང་གིས་སྟོན་པའོ༔ ནམ་མཁའ་སར་སྣང་བ་དང་༔ ནམ་མཁའ་མེར་སྣང་བ་དང་༔ ནམ་མཁའ་ཆུར་སྣང་བ་དང་༔ ནམ་མཁའ་རླུང་དུ་སྣང་བ་དང་༔ ནམ་མཁའ་ནམ་མཁར་སྣང་བ་སྟེ་ཀུན་ཀྱང་ནམ་མཁའ་ལས་འབྱུང་བས་འབྱུང་བ་ཞེས་སུ་གྲགས་པ་ཡིན་ནོ༔ འདི་ལྟར་ཕུང་པོ་ལྔ་ལས་འཁོར་བར་སྣང་བ་ཆོས་དབྱིངས་ཡེ་ཤེས་ཀྱི་ངང་ལ་གཉིས་སྣང་ཞུགས་པས་གཟུགས་ཀྱི་ཕུང་པོར་སྣང་བ་དང་༔ མེ་ལོང་ཡེ་ཤེས་ལ་འཛིན་ཞེན་བརྟན་པས་རྣམ་ཤེས་ཕུང་པོ་དང་༔ མཉམ་ཉིད་ཡེ་ཤེས་ལ་གཉིས་འཛིན་ཞུགས་པས་ཚོར་བའི་ཕུང་པོ་དང་༔ སོར་རྟོག་ཡེ་ཤེས་ལ་དངོས་ཞེན་སྐྱེས་པས་འདུ་ཤེས་ཕུང་པོ་དང་༔ བྱ་གྲུབ་ཡེ་ཤེས་ལ་དངོས་ཞེན་བརྟན་པས་འདུ་བྱེད་ཀྱི་ཕུང་པོར་ཤར་བ་ཡིན༔ དེ་བཞིན་ངོ་བོ་ལྔ་བསྒྲིབ་པའི་ཆ་ནས་ཕུང་པོ་ལྔ༔ མདངས་ལྔ་བསྒྲིབ་པའི་ཆ་ནས་ཁ་དོག་ལྔ༔ དབྱིངས་ལྔ་བསྒྲིབ་པའི་ཆ་ནས་འབྱུང་བ་ལྔ༔ ཡེ་ཤེས་ལྔ་བསྒྲིབ་པའི་ཆ་ནས་ཉོན་མོངས་པ་ལྔ་རྣམས་སྣང་བ་ཡིན་ནོ༔ མདོར་ན་ཀུན་གཞིའི་ཁམས་སུ་འཛིན་པས་དཀྲིས་པས་གཟུགས་མེད་པའི་ཁམས་དང་༔ ཀུན་གཞིའི་རྣམ་ཤེས་ཀྱི་ངང་དུ་འཛིན་པ་བརྟན་པས་གཟུགས་ཀྱི་ཁམས་དང་༔ ཡིད་ཀྱི་ཁམས་སུ་བརྟན་པ་ཐོབ་པས་འདོད་ལྷའི་ཁམས་སུ་འཕོས་པ་དང་༔ ཞེ་སྡང་གི་སྒོར་སྣང་བ་མཆེད་པས་དམྱལ་བ་དང་༔ འདོད་ཆགས་ཀྱི་སྒོར་སྣང་བ་མཆེད་པས་ཡི་དྭགས་དང་༔ གཏི་མུག་གི་སྒོར་སྣང་བ་མཆེད་པས་དུད་འགྲོའི་སྣང་བ་མཆེད་པ་དང་༔ དགེ་བའི་ལས་ཅུང་ཟད་ཙམ་བསགས་པ་ཕྲག་དོག་གི་རྟོག་པ་ཤུགས་དྲག་པ་དང་འདྲེས་ཏེ༔ འཆི་ཁ་དེ་ལྟ་བུའི་སྲེད་ལེན་གྱིས་གསོས་ཐེབས་པས་ལྷ་མ་ཡིན་གྱི་སྣང་བ་མཆེད་པ་ཡིན༔ བསོད་ནམས་བསགས་པའི་དགེ་ལ་འབད་ཀྱང་ཉོན་མོངས་པ་དུག་ལྔའི་རྒྱུས་བསྐྱེད་པའི་དབང་དང་༔ འཆི་ཁ་ཡང་དགེ་བའི་སེམས་ཀྱིས་གསོས་ཐེབས་པའི་སྣང་བ་མཆེད་པས་མིའི་སྣང་བ་མཆེད་པ་དང་༔ ངར་འཛིན་གྱི་གཞི་མ་རིག་པས་བྱས་པའི་ཐོག་ཏུ་ཟག་བཅས་ཀྱི་དགེ་བ་ཆེན་པོ་སེམས་ཀྱི་དགེ་བ་ལ་བརྟན་པ་ཐོབ་པའི་སྟོབས་ཀྱིས་ཁམས་གསུམ་གྱི་ལྷ་རུ་འཕོས་ཤིང་མཆེད་པ་ནི་དཔེར་ན་རྨི་ལམ་གྱི་སྣང་བ་མཆེད་པ་ལྟ་བུ་ཡིན་ནོ༔ དེ་ལྟར་འཁྲུལ་པའི་སྣང་བ་ལ་ཉིན་སྣང་དང་མཚན་སྣང་ཀུན་ཏུ་སྣོད་ཀྱི་འཇིག་རྟེན་སྣང་བའི་དབྱིངས་སུ༔ དེ་དག་གི་བཅུད་དང་རླངས་པ་ལྟ་བུར་བཅུད་ཀྱི་སེམས་ཅན་གཟུགས་དབྱིབས་ཁ་དོག་སྐྱེ་མཆེད་སྐད་རིགས་ལ་སོགས་པ་གཅིག་ཏུ་མ་ངེས་པར་སྣ་ཚོགས་སྣང་བ་དགེ་བའི་སྟོབས་ཆེ་ཆུང་གིས་སྣང་ཚུལ་གསུམ་དུ་སྣང་བ་དང་༔ སྙིགས་མ་ལ་དྭངས་སྙིགས་བར་པ་གསུམ་དུ་སྣང་བ་ཀུན་སློང་གི་བྱེད་ལས་ཀྱིས་མི་དགེ་བའི་ལས་ལྕི་ཡང་བར་གསུམ་གྱི་འབྲས་བུ་སྣོད་བཅུད་སྡུག་བསྔལ་ཐམས་ཅད་དེ་ལྟ་བུར་མཆེད་ཅིང་མྱོང་བ་ཡིན༔ ཡིད་དྭངས་གསལ་རྙོགས་མ་དང་བྲལ་བ་ནམ་མཁའ་ལྟ་བུ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ཀློང་དུ་སྣང་བ་མཆེད་པའི་ཡུལ་དྲུག་རང་ཆས་སུ་གྲུབ་པ་མིང་གིས་སོ་སོར་བཅད་པ་ཙམ་ལས་ཡུལ་རང་མཚན་པའི་བུག་སྒོ་ཐ་དད་དུ་གྲུབ་པ་ཙམ་མ་ཡིན་ཏེ༔ ཡིད་དྭངས་གསལ་གཟུགས་མཆེད་པའི་ཡུལ་གོ་མ་འགག་པ་གཟུགས་དང་བཅས་པ་ལ་མིག་གི་གཟུང་བ་ཡུལ་དང་༔ དེར་བཟང་ངན་བར་མ་གསུམ་ཉེ་བར་བླངས་ཏེ་མིང་བཏགས་དོན་བཟུང་དངོས་པོ་བདེན་པར་ལྟ་བའི་རྣམ་པར་རྟོག་པ་ཕྲ་མོ་ལ་མིག་གི་འཛིན་པ་སེམས་སུ་བརྗོད་ཅིང་༔ དོན་ལ་ཡིད་ཀྱི་རྣམ་ཤེས་ཕྲ་རགས་གཉིས་ལ་མིག་གི་གཟུང་འཛིན་དུ་བརྗོད་པ་ཡིན་ནོ༔ སྣང་བ་དེ་ཡང་ཡུལ་མ་ཡིན་པ་རྒྱ་མཚོའི་གཟའ་སྐར་རྒྱ་མཚོ་མ་ཡིན༔ ཆུ་ལ་སྐར་མ་མེད་པ་ལྟར་སྣང་བ་སེམས་མ་ཡིན༔ རྒྱ་མཚོ་ལས་གཞན་པའི་རྒྱ་མཚོར་སྣང་བའི་སྐར་མ་མེད་པ་བཞིན་དུ་སེམས་ལས་གཞན་པའི་སྣང་བ་ཡང་མེད་པ་རྟེན་ཅིང་འབྲེལ་འབྱུང་ལས་སྣང་དུས་ཉིད་ནས་མ་གྲུབ་པར་ཐག་ཆོད་པ་གནད་ཀྱི་དམ་པ་ཡིན་ནོ༔ དེ་ལྟར་མིག་གི་རྣམ་པར་ཤེས་པ་གཟུགས་ཡིན་པར་སེམས་ན་མིག་གི་རྣམ་པར་ཤེས་པ་ལས་གཟུགས་གཞན་མ་ཡིན་ཅིང་༔ གཟུགས་དང་རྣམ་ཤེས་འབྲལ་བ་མེད་པར་ནམ་ཡང་གཟུགས་གཅིག་མ་གཏོགས་གཞན་མཆེད་དུ་མི་རུང་བས༔ གཟུགས་ནི་བརྟན་གནས་མེད་པར་སྣང་ཙམ་ཉིད་ནས་དབྱིངས་སུ་ཡལ་ཏེ་གཞན་མ་ངེས་པར་སྣང་བ་དང་༔ གནས་འགྱུར་བྱེད་པའི་ཚེ་སྣང་ཡུལ་རྣམ་པར་ཤེས་པ་ལ་སེམས་མེད་པའི་གནས་སྐབས་ཙམ་ལས་འགྱུར་བ་མེད་པའི་ཚུལ་དེས་སྟོན་པར་འགྱུར་རོ༔ དཔེར་ན་རྣམ་པར་རྟོག་པ་རགས་པས་འགྲོ་བར་ཤེས་ཏེ་ཕྲ་བས་གོམ་པ་འདོར་བར་སྣང་ཚེ་གོམ་པ་རེ་རེ་བཞིན་དུ་སྣང་བའི་ས་རྡོ་རི་བྲག་རྩི་ཤིང་སྲོག་ཆགས་ལ་སོགས་པ་སྣང་ཙམ་ནས་སྟོང་པར་ཡལ་ཏེ་ཡང་རིམ་བཞིན་མཆེད་ནས་སྟོང་པར་ཡལ་བ་བཞིན་ཡིད་ཤེས་ཕྲ་བ་དེ་ལ་འཛིན་པ་ཞེས་བྱའོ༔ འཛིན་པ་རླུང་ཡིན་པས་མཆེད་པའི་རླུང་དང་༔ ཕྲ་བས་གནས་སུ་བསྒྱུར་བའི་རླུང་དང་༔ ང་ཞེས་བདག་ཏུ་འཛིན་པས་ལུས་སུ་སྣང་སྟེ་སྣང་ཤེས་གོ་མ་འགག་པའི་ང་རྒྱལ་བརྟན་པ་ཉིད་ཀྱིས་སྣང་སེམས་ཀྱི་གཞི་འཛིན་པས་ན་འཛིན་པའི་རླུང་དང་༔ གཞི་ཁྱབ་བརྡལ་ལ་ཡུལ་ཕ་གི་བ་རྒྱང་རིང་བ་དང་མི་རིང་བ་སོགས་ཆོས་ཐམས་ཅད་སོ་སོར་འབྱེད་པས་ན་འབྱེད་པའི་རླུང་དང་༔ དེ་ལྟར་མཆེད་པའི་སེམས་སྣང་ཐམས་ཅད་ཀུན་གཞི་སྟོང་ཧད་དེ་བའི་དབྱིངས་སུ་བཤིག་པར་བྱེད་པས་ན་འཇིག་པའི་རླུང་ཞེས་བྱ་སྟེ༔ མ་དག་པ་འཁོར་བའི་རླུང་ལྔ་པོ་དེ་སེམས་ཀྱི་ཤེས་པ་དང་རྣམ་པར་རྟོག་པ་ཕྲ་བ་རྣམས་ལས་ཐ་མི་དད་དོ༔ དེ་བཞིན་ཡིད་དྭངས་གསལ་གྱི་དབྱིངས་སུ་སྒྲར་སྣང་བ་མཆེད་པའི་ཡུལ་གང་ཡིན་པ་དེ་ལ་རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བར་བརྗོད་དེ༔ སྒྲར་སྣང་བ་མ་ངེས་པར་མཆེད་པའི་ཡུལ་ཡིད་ཤེས་རགས་པ་ལ་རྣ་བའི་གཟུང་བ་ཡུལ་དང་༔ སྒྲ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ཡིད་ཤེས་ཕྲ་བ་ལ་རྣ་བའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་དུ་ཡིད་དྭངས་གསལ་གྱི་དབྱིངས་སུ་དྲིར་སྣང་བ་མཆེད་པའི་ཡུལ་དེ་ལ་སྣའི་རྣམ་པར་ཤེས་པ་སྟེ༔ དྲིར་སྣང་བ་མ་ངེས་པར་མཆེད་པའི་ཡུལ་ཡིད་ཤེས་རགས་པ་ལ་སྣའི་གཟུང་བ་ཡུལ་དང་༔ དྲི་ཉེ་བར་ལེན་པའི་སེམས་རྟོག་ཡིད་ཤེས་ཕྲ་བ་ལ་སྣའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་ཡིད་ཤེས་རགས་པ་རོའི་ཡུལ་དུ་མཆེད་དེ་དེར་སྣང་བ་དང་རོ་མཆེད་པའི་ཡུལ་ལ་ལྕེའི་རྣམ་པར་ཤེས་པ་གཟུང་བ་ཡུལ་དང་༔ བཟང་ངན་ཉེ་བར་ལེན་པའི་སེམས་རྟོག་ཡིད་ཤེས་ཕྲ་བ་ལ་ལྕེའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་ཡིད་ཤེས་རགས་པ་རེག་བྱ་མཆེད་པའི་ཡུལ་ལ་ལུས་ཀྱི་རྣམ་པར་ཤེས་པ་གཟུང་བ་ཡུལ་དང་༔ རེག་བྱ་བཟང་ངན་བར་མ་ཉེ་བར་ལེན་པའི་རྣམ་རྟོག་ཡིད་ཤེས་ཕྲ་མོ་ལུས་ཀྱི་འཛིན་པ་སེམས་སུ་སྨྲ་བ་ཙམ་དུ་ཟད་དོ༔ ཤེས་པ་དེ་དག་ལས་གཞན་པའི་སྣང་བ་མེད་པ་དང་༔ ཤེས་པ་ཉིད་སྣང་བ་མ་ཡིན་པར་ཤེས་དགོས་པ་ལས༔ ཤེས་པ་སྣང་བ་མ་ཡིན་པར་སེམས་ན་སྣང་བ་སྐྱེ་འཆིའི་དབང་དུ་གྱུར་པ་དང་ཡུལ་མེད་དུ་སོང་ན་སེམས་མེད་དུ་འགྲོ་དགོས་པས་སྣང་བ་སེམས་སུ་མི་འདོད༔ སེམས་ལས་གཞན་པར་འདོད་ན་ཉིན་དུས་དང་རྨི་དུས་བར་མ་དོའི་གནས་སྐབས་རྣམས་སུ་སེམས་ལ་སྣང་བ་རྒྱུན་མི་ཆད་པར་ཅི་ལ་འབྱུང་༔ སྣང་བ་སྔ་མ་ཟད་དུས་ཕྱི་མ་འབྱུང་དགོས་པའི་དོན་མེད་དེ༔ དེའི་ཕྱིར་ན་སྣང་བ་སེམས་མིན་ལ༔ སེམས་ལས་གཞན་པའི་སྣང་བ་ཡང་མེད་པའི་ཚུལ་སྣང་བ་དངོས་ལའང་སྤྲོས་པའི་མཐའ་གང་ཡང་མ་གྲུབ་པར་ངེས་པས་ཁས་ལེན་ཐམས་ཅད་དང་བྲལ་བ་ནི་སེམས་ལས་མི་གཞན་པའི་དོན་ཡིན་ནོ༔ དེ་ལྟར་སྣང་སེམས་ཐམས་ཅད་ལུགས་སུ་འབྱུང་ནས་འཁོར་བ་ཡོངས་སུ་སྣང་བ་དང་༔ ལུགས་སུ་ལྡོག་པས་ཀུན་གཞིའི་ལྷུམས་སུ་ཞུགས་ཏེ་ཅུང་ཟད་མེད་པར་ཧར་སངས་པ་ཡིན༔ སྒོ་ཞེས་མིང་སོ་སོར་བཏགས་པ་ནི་སྒོ་མེད་པ་ལ་ཡོད་པར་སྣང་བས་དེ་ལྟར་བརྗོད་པ་དང་༔ ངས་ལུས་སྣང་བའི་རྐྱེན་ལས་སྣང་ཡུལ་ཡིད་ཤེས་རགས་པ་དྲུག་ཏུ་བརྗོད་ཅིང་སེམས་ཅན་རྣམས་ཀྱི་བུག་སྒོ་སོ་སོ་ནས་མཐོང་ཐོས་ཚོར་མྱོང་གི་སྣང་བས་རང་བསླུས་པ་ཡིན་པས་དེའི་ཚུལ་ཤེས་པ་གནད་དུ་ཟུངས་ཤིག༔ བུག་སྒོ་འདི་དག་མ་ཡིན་པའི་ཚུལ་ནི་རྨི་ལམ་དང་བར་མ་དོའི་སྣང་བས་སྟོན་ཏེ༔ མིག་བཙུམ་པའམ་ལོང་ཡང་གཟུགས་ཡིད་ལ་སྣང་བ་དང་༔ རྣམ་པར་རྟོག་པས་སྣ་དྲངས་པས་སྒྲ་ཡིད་ལ་སྣང་བ་དང་༔ དེ་བཞིན་དུ་དྲི་དང་རོ་དང་རེག་བྱ་ཐམས་ཅད་མངོན་སུམ་དབང་པོའི་སྒོ་རུ་སྣང་ཙམ་ཡིད་ཐོག་ཏུ་མཆེད་པ་ནི་སྒོ་ཡིད་ལས་མི་གཞན་པའི་དོན་རང་གིས་སྟོན་པ་ཡིན་ནོ༔ ལར་ཕྱི་ལྟར་ན་ངར་འཛིན་ལ་འཛིན་པ་གང་ཟག་གི་བདག་དང་༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་ལ་གཟུང་བའི་ཡུལ་ཞེས་བྱ་བར་འདོད་པ་ཡིན༔ ནང་ལྟར་ན་ཉོན་ཡིད་ལ་གཟུང་ཡུལ་དང་༔ ཉེ་བར་ལེན་པ་ཡིད་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན༔ གསང་བ་ལྟར་ན་ཡིད་ཀྱི་རྣམ་ཤེས་ལ་ཤེས་པ་དང་པོ་སྟེ་དེ་རྐྱེན་གྱི་དབང་གིས་ཡུལ་གྱི་རང་བཞིན་དུ་གྱུར་པ་ལ་གཟུང་བའི་ཡུལ་དང་༔ མིང་བཏགས་དོན་འཛིན་དབྱེ་བ་ཕྱེས་ཏེ་བཟང་ངན་བར་གསུམ་ཐམས་ཅད་ཉེ་བར་ལེན་པ་ལ་འཛིན་པ་སེམས་སུ་ཤེས་པར་བྱའོ༔ དོན་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོར་གཏན་ལ་ཕབ་དགོས་པ་ཡིན་པས་བརྟག་ཅིང་དཔྱད་དེ་ཤེས་པས་ཤེས་རབ་ཆེན་པོ་མངོན་དུ་གྱུར་པ་ལ་རྟོགས་པ་ཞེས་བྱའོ༔ ཀྱཻ་སྣང་བའི་དབང་པོ་སྣང་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ ཤེས་རབ་བྱ་བ་གཞན་ན་མེད་དོ༔ འཁོར་འདས་ཐམས་ཅད་སྟོང་ཉིད་ཆེན་པོར་ཤེས་པར་གྱིས་ཤིག༔ ཤེས་པ་ལས་རྟོགས་པ་ལོགས་ན་མེད་དོ༔ སྟོང་ཉིད་མངོན་སུམ་དུ་མཐོང་བ་འདི་ཡིན་ནོ༔ མཐོང་བ་ལས་སྒོམ་པ་ལོགས་ན་མེད་དོ༔ ད་ལྟ་སྣང་བའི་ཡུལ་མངོན་དུ་བྱེད་པའི་གསལ་ཆ་འདི་ཀ་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ཡིན་ནོ༔ དེ་ངོ་འཕྲོད་པ་རང་རིག་པའི་འོད་གསལ་ཞེས་བྱ་བ་ཡིན་པ་ལས་སྔར་མེད་པའི་འོད་གསལ་ལོགས་ན་མེད་དོ༔ འཁོར་འདས་སྟོང་ཉིད་ཆེན་པོའི་ངང་ཚུལ་རྟོགས་པ་ལས་དབུ་མ་བྱ་བ་གཞན་ན་མེད་དོ༔ གཞི་དབྱིངས་མངོན་དུ་གྱུར་པའི་དབུ་མ་ཆེན་པོར་རླུང་སེམས་ཡེ་ཤེས་སུ་དེངས་པ་ཉིད་ལས་རླུང་སེམས་དབུ་མར་ཚུད་པ་ཞེས་གཞན་ན་མེད་དོ༔ སྔོན་འཁོར་འདས་སྣོད་བཅུད་འདོད་ཡོན་ཐམས་ཅད་བདེན་པར་བཟུང་སྟེ་མ་གྲུབ་པའི་ཚུལ་མ་རིག་པ་ལས༔ ད་ཤེས་པས་དོན་གཤིས་ཐོག་ཏུ་ཕེབས་པ་མ་གཏོགས་རིག་པ་ཞེས་བྱ་བ་གཞན་ན་མེད་དོ༔ ཁམས་གསུམ་གྱི་སྣང་ཞེན་བདག་མེད་ཀྱི་དབྱིངས་སུ་གཅོད་པ་ལས་གཅོད་ཅེས་བྱ་བ་ལོགས་ན་མེད་དོ༔ ཁམས་གསུམ་གྱི་གཞི་ལུང་མ་བསྟན་དྭངས་ཤིང་གསལ་བ་འདི་ཀ་དབང་ཕྱུག་མ་ཧཱ་དཱེ་ཝ་ཞེས་བྱ་བ་ཡིན་ཏེ་དེའི་ལུས་འདོད་པའི་ཁམས་དང་༔ ངག་གཟུགས་ཀྱི་ཁམས་དང་༔ ཡིད་གཟུགས་མེད་པའི་ཁམས་སུ་སྣང་བ་ཡིན༔ དེའི་ཚོགས་དྲུག་གི་ངོ་བོ་ལས་དབང་པོ་རྣམ་དྲུག་དང་༔ ཚོགས་བརྒྱད་ཀྱི་གདངས་ལས་ལྷ་མ་སྲིན་སྡེ་བརྒྱད་དང་༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་རགས་པའི་རྟོག་ཚོགས་ལས་སྲིད་པའི་ལྷ་འདྲེ་ཆེ་རྒུ་མཆེད་པ་དང་༔ ཕྲ་བའི་རྟོག་ཚོགས་ལས་བགེགས་གདོན་འདྲེ་སྲིན་འབྱུང་པོ་རྣམས་མཆེད་པ་ཡིན་ནོ༔ ཤ་ས་ཁྲག་ཆུ་དྲོད་མེ་དབུགས་རླུང་སྟེ་འབྱུང་བ་བཞིའི་ལུས་བཟུང་ཞིང་ནམ་མཁའ་སྟོང་པ་སེམས་དང་རྟོག་ཚོགས་ཕྲ་མོའི་རང་གཟུགས་སེམས་ཅན་རྣམ་པ་སྣ་ཚོགས་པའི་རྣམ་པར་འཕྲུལ་པ་ཡིན་ཏེ༔ དེའི་ཕྱིར་ལྷའི་རྒྱུ་སེམས་ཅན་གྱི་ཀུན་གཞིར་གནས་ཏེ་སྟོང་པ་ལ་གཟུགས་སུ་བཟུང་སྟེ་གཟུགས་ཡིད་ལ་བྱས༔ མི་བརྗེད་པར་དྲན་པ་གསོ་ཕྱིར་མིང་ནས་དིར་དིར་བོས༔ འབྱུང་ལྔའི་ཁམས་ནས་གཟུགས་དེ་ལྟ་བུ་མང་པོ་ཐིམ་པར་ཡང་ཡང་བསྒོམ་པས་སྒོམ་དམིགས་ལ་བརྟན་པ་ཅུང་ཟད་ཐོབ་པས་བསྒོམ་པ་ཇི་ལྟ་བ་བཞིན་གྱི་ཡིད་གཟུགས་མངོན་སུམ་དུ་འགྲུབ་པར་འགྱུར་ཏེ༔ ནམ་མཁའ་སྟོང་པ་ལ་བདེན་པར་འཛིན་པའི་རྐྱེན་གྱིས་སྣང་སྲིད་ཐམས་ཅད་མངོན་སུམ་དུ་གྲུབ་པ་འདི་དག་འཛིན་པ་གཅིག་གི་ཆོ་འཕྲུལ་དུ་གདོན་མི་ཟ་བ་ཡིན༔ ལྷ་མ་གྲུབ་པའི་དབྱིངས་ནས་ལྷ་འགྲུབ་པ་ནི་རང་གི་གཞི་རིག་པ་ལྷ་ཁམས་ཐམས་ཅད་ཀྱི་རྒྱུ་རུ་མཆིས་པས་རྒྱུ་དེ་ཉིད་སེམས་ཀྱིས་ལྷ་གཟུགས་སུ་བཀོད་ཅིང་གསལ་བས་ཟླ་བ་གཉིས་གསུམ་ལས་མི་འགྱང་བར་གྲུབ་པ་ཡིན༔ དེ་མ་ཡིན་པའི་ལྷ་རང་རྒྱུད་པར་མཆིས་ན་མི་གཅིག་གིས་བོས་པས་འགྲུབ་པ་ལས་གང་ཟག་སྒྲུབ་པ་པོ་གཞན་ལ་ལྷ་མི་ཐོབ་པར་ཐག་ངེས་པར་ཆོད་སླ་བ་དང་༔ ལྷའི་རྒྱུ་མེད་ན་ལྷ་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་བ་འཇིག་རྟེན་གྱི་བྱ་བ་ལ་བརྟག་པས་ངེས་པར་གོ་བ་ཡིན་ནོ༔ རིགས་ཀྱི་བུ་དབང་ཕྱུག་སྒྱུ་འཕྲུལ་ནག་པོའི་རྒྱུད་ཀྱི་ཡང་སྙིང་འདི་ལས་མེད་དོ༔ འདི་མ་རྟོགས་པས་ལྷ་བསྒྲུབ་ཀྱང་འགྲུབ་པར་དཀའ་བ་མི་ཞིག་གིས་ལུང་སྟོང་དུ་ཀྭི་བཏབ་སྟེ་གྲངས་བསགས་པ་ལྟ་བུས་འབྲས་བུ་གྲུབ་པ་མེད་པའི་ངང་ཚུལ་ཤེས་པར་གྱིས་ཤིག༔ ཁམས་གསུམ་ལ་དབང་བསྒྱུར་བས་ཁམས་གསུམ་གྱི་གཞི་དང་༔ སྲིད་གསུམ་འཕྲུལ་དུ་འགྱེད་པའི་ལོངས་སྤྱོད་ཀྱིས་ཕྱུག་པ༔ དེའི་ངང་གསལ་བའི་ཆ་འཁོར་འདས་ཀྱི་གྱེས་མདོ་ཆེན་པོ་ཡེ་གནས་ཀྱི་ཡེ་ཤེས་རང་ལ་གནས་པའི་རྒྱུ་ལས་འཁྲུལ་པ་མགོན་པོ་ནག་པོ་མ་ཧཱ་ཀཱ་ལ་སྐུའི་ཆ་སྣང་ཞིང་སྲིད་པ༔ གསུང་གི་དབྱིངས་ལྷུན་གྲུབ་ཀྱི་རོལ་པ༔ ཐུགས་ཀྱི་དབྱིངས་སྟོང་ཞིང་གསལ་བ༔ ཡོན་ཏན་གྱི་ཆ་ལས་ལམ་དང་འབྲས་བུའི་ཆོས་ཐམས་ཅད༔ ཕྲིན་ལས་ཀྱི་ཆ་ནས་མགོན་པོ་ཕོ་རྒྱུད་ཐམས་ཅད་སྣང་བར་འཕྲུལ་པ་རྣམས་ནི་ཐབས་ཀྱི་རང་བཞིན་དང་༔ སྟོང་པ་ཤེས་རབ་ཀྱི་ཆ་ལས་ལྷ་མོ་མོ་རྒྱུད་ཐམས་ཅད་འཕྲུལ་པ་ཡིན༔ ནམ་མཁའ་དྭངས་གསལ་དེ་ནི་ནམ་མཁའི་མགོན་པོ༔ སའི་དྭངས་མ་སའི་མགོན་པོ༔ ཆུའི་དྭངས་མ་ཆུའི་མགོན་པོ༔ མེའི་དྭངས་མ་མེའི་མགོན་པོ༔ རླུང་གི་དྭངས་མ་རླུང་གི་མགོན་པོ༔ བཅུད་ཀྱི་དྭངས་མ་བཅུད་ཀྱི་མགོན་པོ༔ དེ་དག་ཐམས་ཅད་དྭངས་ཤིང་གསལ་བའི་ཆ་ལས་འཕྲུལ་པ་ཡིན༔ དེ་ཇི་ལྟར་འཕྲུལ་ན་སྟོང་གསལ་རང་བཞིན་རྒྱུ་རུ་གནས་པ་ཀུན་གཞིའི་རྣམ་ཤེས༔ དེའི་འཕྲུལ་བློ་ཡིད་ཀྱིས་གཟུགས་སུ་བཀོད་དེ་ཤེས་པ་རྒྱུན་ཆགས་པས་བརྟན་པར་བྱས་ནས་རྣམ་པར་རྟོག་པས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་གཟུགས་ཀྱི་སྐུར་བསམ་ནས་བསྒོམ་པས་དེའི་གཟི་བྱིན་དང་ནུས་པ་བསྐྱེད༔ མིང་ནས་བོས་པས་དྲན་པ་ལ་མི་བརྗེད་པའི་གསོས་བཏབ་པས་ཟླ་བ་རེ་རེ་ལས་མི་འགྱང་བར་གྲུབ་པའི་ལྟས་འབྱུང་བ་དང་༔ ལོ་གཅིག་ཙམ་ནས་དབང་པོའི་སྒོར་འཆར་བའི་ཚུལ་དུ་འགྲུབ་པར་གདོན་མི་ཟ་བ་ཡིན༔ ལས་ཅི་བྱེད་ན་ཡེ་ཤེས་པ་ཡིན་ཏེ་མ་རིག་པ་དང་སྣང་བ་དངོས་པོར་འཛིན་པའི་དགྲ་བོ་ཡུལ་མེད་དུ་སྒྲོལ་བའི་ལས་བྱེད་པར་འགྱུར་རོ༔ ངོ་བོ་ཡེ་ཤེས་ཡིན་པས་ཡེ་ཤེས་པ་དང་༔ རྣམ་པ་གཟུགས་ཅན་རྣམ་པར་ཤེས་པའི་ཕུང་པོར་གསལ་བ་འཇིག་རྟེན་པ་ཡིན་ནོ༔ དེས་ན་ཕྱེད་ཀ་ཡེ་ཤེས་པའི་ངོ་བོར་གནས་པ་དང་༔ ཕྱེད་ཀ་འཇིག་རྟེན་པའི་རང་བཞིན་དུ་བློ་ཡིད་ཀྱིས་བསྒྲུབ་པའི་དཔལ་ལྡན་སྔགས་ཀྱི་སྲུང་མར་བཞག་པ་ཡིན་ནོ༔ མགོན་པོ་ནག་པོ་ཕྲིན་ལས་ཀྱི་རྒྱུད་ཅེས་པ་འདི་ལས་གཞན་ན་མ་མཆིས་པའོ༔ མགོན་པོ་ནག་པོའི་སྤྲུལ་པའི་སྒྱུ་འཕྲུལ་ཕྱི་ནང་གི་འབྱུང་བའི་མངའ་བདག་ཆེན་པོ་ཉོན་ཡིད་ཀྱི་རང་གཟུགས་དུག་ལྔ་ཆ་མཉམ་པའི་འབྱུང་བ་དངོས་པོར་འཛིན་པ་གཉིས་མེད་ལ་གཉིས་སུ་འཛིན་ཅིང་བདག་གཞན་གྱི་གོ་སྐབས་འབྱེད་པའི་མཁན་པོ་འདི་ཉིད་ཀྱི་གནས་ཚུལ་ནི༔ དོན་དམ་པར་ནམ་མཁའ་རང་རྒྱུད་པར་སྣང་བའི་དབང་པོ་ང་རྒྱལ་ནམ་མཁའི་གཟའ་རྒོད༔ ས་རང་རྒྱུད་པར་སྣང་བའི་དབང་པོ་གཏི་མུག་སའི་གཟའ་རྒོད༔ ཆུ་རང་རྒྱུད་པར་སྣང་བའི་དབང་པོ་འདོད་ཆགས་ཆུའི་གཟའ་རྒོད༔ མེ་རང་རྒྱུད་པར་སྣང་བའི་དབང་པོ་ཞེ་སྡང་མེའི་གཟའ་རྒོད༔ རླུང་རང་རྒྱུད་པར་སྣང་བའི་དབང་པོ་ཕྲག་དོག་རླུང་གི་གཟའ་རྒོད༔ དེ་དག་གི་དྭངས་བཅུད་འགྲོ་བའི་ཤ་ཁྲག་དྲོད་དབུགས་ལ་རྒྱུ་ཞིང་གནས་པའི་རྒྱུ་དེ་ཉིད་དུག་ལྔའི་རང་གཟུགས་སུ་བློས་བཞག་སྟེ་ཡིད་ཀྱིས་བསམ་པ་ལ་འབྱུང་བ་རང་རང་གི་ཁམས་ནས་དེ་འདྲ་བ་གྲངས་མེད་པ་བྱུང་ནས་ཐིམ་པར་ཡང་ཡང་བསམ་ནས་ནུས་པ་བསྐྱེད་པ་དང་༔ ལྷ་གསལ་བའི་ངང་ལ་བརྗེད་མེད་ཀྱི་ཤེས་པས་འགྲུབ་ཅིང་བརྟན་པར་བྱ་བའི་ཕྱིར་དམིགས་གནད་ཀྱིས་ཤེས་པ་གཞན་དུ་མ་ཡེངས་པར་འབོད་སྔགས་ལ་འབད་པས་རིང་པོར་མི་ཐོགས་པར་མངོན་སུམ་དུ་འགྲུབ་ནས་ལས་བྱེད་པ་རྣམ་རྟོག་གིས་བཟོས་ཤིང་ཤེས་པས་སྲ་བརྟན་དུ་བསྒྲུབ་པས་ལྷར་བཟུང་བའི་ལྷའི་རྣམ་པར་རྟོག་པ་དེའི་ཆོ་འཕྲུལ་ལས་གྲུབ་པའི་གཟའ་རྒོད་ཆེན་པོ་ཉིད་ཀྱིས་རྣམ་རྟོག་གི་ཆོ་འཕྲུལ་ལས་བྱུང་བའི་དགྲ་བོ་རྣམས་རང་མལ་དུ་གསོད་པར་འགྱུར་རོ༔ གཟའ་བདུད་ནག་པོ་རེག་ཕུང་གི་རྒྱུད་ཅེས་བྱ་བ་འདི་ལས་གཞན་ན་མེད་དོ༔ སྣང་བའི་ཡུལ་ལ་བཟའ་བའི་ཤེས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་བདག་པོ་ཤེས་རིག་དྭངས་མའི་བདག་ཉིད་ཅན་སྣང་བ་ཐབས་དང་རྟེན་འབྲེལ་ཟབ་མོའི་མཐུ་ལས་གྲུབ་པ༔ ཞིང་བཅུའི་དགྲ་ལ་གནོད་པ་སྟེར་ཞིང་སྒྲུབ་པའི་དམ་ལྡན་སྐྱེས་བུ་རྣམས་ཀྱི་སྣང་ཡུལ་དུ་ལོངས་སྤྱོད་ཀྱི་དཔལ་སྦྱིན་པ༔ འབྱུང་བ་སྣོད་བཅུད་ཁམས་གསུམ་ཐམས་ཅད་ལ་མངའ་དབང་མཛད་པ་གསང་སྔགས་ཀྱི་བསྟན་དགྲ་རྣམས་ཀྱི་སྲོག་དབུགས་དབྱིངས་སུ་སྡུད་པའི་ཤན་པ༔ དབང་སྡུད་ཀྱི་ནུས་པ་ལྡན་ཕྱིར་ཁ་དོག་དམར་བ༔ དྲག་པོ་མངོན་སྤྱོད་ཀྱི་ལས་ལ་རྒྱུ་བའི་རྟགས་སུ་ནག་པའི་མདངས་ཆགས་པ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་འཛིན་པའི་ཤེས་པ་རང་བྱུང་བ་ལས་ཕྱོགས་སྐྱོང་བཅུ་དང་༔ རྣམ་པར་ཤེས་པའི་དྭངས་མ་ལས་སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དུ་སྣང་བ་སྟེ༔ དྭངས་གསལ་ཡིད་ཀྱི་དབང་པོ་རང་གསལ་བས་ཐམས་ཅད་མངོན་དུ་བྱེད་པ་དེ་ཉིད་ཀྱང་དམིགས་གསལ་འཛིན་ཤེས་བརྟན་པའི་མཐུས་རྒྱུ་ལ་རྐྱེན་བཙན་ཐབས་སུ་བཞག་ནས་རྟེན་འབྲེལ་ཚོགས་པར་བསྒྲུབ་པས་མྱུར་དུ་དེ་ལྟར་འགྲུབ་པར་འགྱུར་བ་ཡིན་ནོ༔ གནོད་སྦྱིན་ཤན་པ་དམར་ལེན་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཐམས་ཅད་ཀྱི་སྤྲུལ་གཞི་ཉོན་མོངས་པའི་ཡིད་ཅན་གཟའ་བདུད་ནག་པོའི་ནང་འབྱུང་ལྔ་ལས་ཕྱི་འབྱུང་ཤུགས་ཀྱིས་བསྐྱེད་པའི་གཤིས་སུ་མེ་ཁམས་དྲོད་དུ་གནས་པ་དམར་པོ་བཙན་གྱི་སྡེ་ཚོགས་ཡིན་ཏེ༔ ཤ་ལ་དྲོད་རྒྱུ་བ་ཤའི་བཙན་རྒོད༔ ཁྲག་ལ་དྲོད་རྒྱུ་བ་ཁྲག་གི་བཙན་རྒོད༔ དབུགས་ལ་དྲོད་རྒྱུ་བ་རླུང་གི་བཙན་རྒོད༔ སྣང་བ་ལ་དྲོད་སྣང་བ་མེའི་བཙན་རྒོད༔ སེམས་ཞེ་སྡང་གི་ཁམས་སེམས་ཀྱི་བཙན་རྒོད༔ དེའི་གདངས་ལས་སྣང་བ་མེའི་ཚ་བ་མེ་བཙན་དམར་པོ༔ ས་ལ་དྲོད་རྒྱུ་བ་ས་བཙན་སེར་པོ༔ ཆུ་ལ་དྲོད་རྒྱུ་བ་ཆུ་བཙན་དཀར་པོ༔ རླུང་ལ་དྲོད་རྒྱུ་བ་རླུང་བཙན་ལྗང་གུ༔ ནམ་མཁའ་ལ་དྲོད་རྒྱུ་བ་གནམ་བཙན་མཐིང་གའོ༔ དེ་དག་ཐམས་ཅད་ཞེ་སྡང་མེ་ལྟར་འབར་བའི་ཆོ་འཕྲུལ་ཡིན་ཏེ༔ ཐམས་ཅད་སེམས་གཞི་སྟོང་ཉིད་ཆེན་པོས་དབང་བསྒྱུར་བའི་ཕྱིར་དབྱིངས་གཟུགས་སུ་བཟུང་སྟེ་འཛིན་ཤེས་རྒྱུན་ཆགས་པས་བསྐྱེད་སྒོམ་ལ་བརྟན་པ་ཐོབ་ཚེ་སྟོང་གཟུགས་མངོན་སུམ་དུ་འགྲུབ་ཅིང་འབྱུང་དང་འབྱུང་ཕྲན་ལས་སྐྱེས་པའི་དགྲ་འདྲེ་རྣམས་འབྱུང་བ་རང་གཤེད་དུ་དབབ་པའི་ཐབས་སུ༔ རྒྱུ་མེ་ཁམས་གྲུབ་པ་དེ་ལ་རྐྱེན་དམིགས་གསལ་ལ་བརྟན་པ་ཐོབ་པའི་རྟེན་འབྲེལ་ལས་བཙན་རྒོད་ཀྱི་སྡེ་འབྱུང་བ་ཡིན་པས༔ ལས་དེ་འགྲུབ་པར་གདོན་མི་ཟ་བ་ཡིན༔ བཙན་རྒོད་མེ་ལྟར་འབར་བའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པའི་ཡིད་ཅན་འཁྲུལ་སྣང་བཀོད་པའི་བདག་པོ་སྣང་སྲིད་ཡོངས་ལ་ཁྱབ་ཅིང་འཇུག་པའི་དྲག་ཤུལ་ཆེན་པོའི་ཆོ་འཕྲུལ་ང་རྒྱལ་གྱི་རང་གཟུགས་གཤིན་རྗེ་ཡ་མ་རཱ་ཛ་ཆེན་པོའི་ཆོ་འཕྲུལ་སྣང་བར་སྟོན་ཅིང་༔ འབྱུང་བ་ཀུན་ཏུ་འཇུག་པའི་ཚུལ་ནི་མེ་རྡུལ་ཆ་མེད་ཀྱི་ཁུང་ན་སར་འདུག་པ་མེའི་གཤིན་རྗེ༔ ས་ནི་རྡུལ་ཚོགས་པའི་རྡུལ་སའི་གཤིན་རྗེ༔ ཆུ་ནི་རྡུལ་ཆ་མེད་ཀྱི་ཁུང་ནས་སའི་རང་བཞིན་ཆུའི་གཤིན་རྗེ༔ རླུང་ནི་རྡུལ་ཆ་མེད་ཀྱི་ཁུང་ནས་ས་རུ་འདུག་པ་རླུང་གི་གཤིན་རྗེ༔ ནམ་མཁའ་སྟོང་དབྱིངས་ལས་སར་སྣང་བས་ནམ་མཁའི་གཤིན་རྗེ་ཞེས་བྱ་སྟེ༔ ནང་འབྱུང་གི་ཁམས་ནའང་རྡུལ་ཕྲ་རབ་དང་ཆ་མེད་ཀྱི་རང་བཞིན་ཚོགས་པ་ལས་ཤ་ཁྲག་དབུགས་ཐམས་ཅད་སྣང་བས་དེ་དག་གཤིན་རྗེ་ཡིན་པས་སྣང་བ་ལ་དངོས་པོར་འཛིན་པ་སེམས་ཀྱི་གཤིན་རྗེ་ཞེས་བྱ་སྟེ༔ སྣང་བ་དབྱིངས་སུ་འཇིག་པའི་རྒྱུ་རྐྱེན་འཚོགས་པའི་འཆི་བདག༔ དེ་ལྟ་བུའི་རྒྱུ་ང་རྒྱལ་ལ་རྐྱེན་སེམས་ཀྱིས་བསྐྱེད་ཅིང་བསྒོམ་སྟེ་ཤེས་པ་རྒྱུན་ཆགས་ཀྱིས་སྔར་མེད་པ་འཕྲལ་དུ་གྲུབ་པར་བྱེད་པའི་རྟེན་འབྲེལ་ཚོགས་པའོ༔ འཆི་བདག་གཤིན་རྗེ་གཏུམ་དྲག་གི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པ་བདག་འཛིན་གྱི་ཆོ་འཕྲུལ་ཁྱབ་འཇུག་ཆེན་པོའི་སྤྲུལ་པ་ཕྲག་དོག་འཚུབ་མ་འཁྱིལ་བའི་རང་གཟུགས་གནོད་སྦྱིན་ཀཱ་ལ་ཡཀྴ་ཞེས་བྱ་བར་སྣང་སྟེ༔ མེའི་གཤིས་ན་བསྐྱེད་པའི་རླུང་རྒྱུ་བ་མེའི་གནོད་སྦྱིན༔ སའི་ཁམས་ན་འཛིན་པ་གཞིའི་རླུང་རྒྱུ་བ་སའི་གནོད་སྦྱིན༔ ཆུའི་ཁམས་ན་ཤུགས་ལྡན་རྔུབ་ཅན་གྱི་རླུང་རྒྱུ་བ་ཆུའི་གནོད་སྦྱིན༔ རླུང་གི་ཁམས་ན་རྒྱུ་ཞིང་འཕྱོ་བའི་རླུང་ཡོད་པ་རླུང་གི་གནོད་སྦྱིན༔ ནམ་མཁའི་དབྱིངས་ན་ཀུན་ཏུ་སྒྲིབ་པའི་རླུང་རྒྱུ་བ་ནམ་མཁའི་གནོད་སྦྱིན་ཏེ༔ གནོད་སྦྱིན་བསྒྲུབ་ནས་གྲུབ་པའི་རྒྱུ་རྐྱེན་དུ་གྲུབ་པ་དེ་ཡིན༔ དེ་བཞིན་དུ་ཕྱི་འབྱུང་སྣང་བའི་གཞི་རྩ་ནང་ནའང་མ་དག་འཁོར་བའི་རླུང་ལྔ་རུ་སྣང་བ་ནང་གི་གནོད་སྦྱིན་ཐམས་ཅད་ནོར་དང་ལོངས་སྤྱོད་ཆེ་བར་འདོད་པ་ནི་ཁམས་གསུམ་གྱི་གྲུབ་གཞི་འཛིན་པ་ཡིན༔ འཛིན་པ་རླུང་ཡིན་པས་རླུང་གནོད་སྦྱིན་དུ་བཟླས་ནས་སྤེལ་ཞིང་བསྐྱེད་ན་རྒྱས་པའི་ལས་བྱེད་པ་ལ་འདི་ཁྱད་དུ་འཕགས་པར་འདོད་པ་ཡིན༔ དེ་ཡང་མ་བསྒྲུབ་ན་མི་འགྲུབ་པ་ཡིན་ཏེ༔ བསྐྱེད་དང་གསལ་བརྟན་གྱིས་བསྒྲུབ་ན་འགྲུབ་པར་འགྱུར་པའོ༔ གནོད་སྦྱིན་ནག་པོ་གཏེར་མཛོད་ཀྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ དེ་བཞིན་དུ་ཀུན་སྣང་བཀོད་པའི་སྤྲུལ་པ་འདོད་ཆགས་ཆུ་ལྟར་འཁྲུགས་པའི་རང་གཟུགས་མ་མོ་འདོད་ཁམས་དབང་ཕྱུག་དེ་ཡང་ཕུང་ཁམས་སྐྱེ་མཆེད་ཀུན་ཏུ་ཁྱབ་པ་ནང་གི་མ་མོ༔ ས་ཁམས་ན་རླན་ཡོན་པ་སའི་མ་ཆེན༔ མེ་ཁམས་ན་ཆུ་ཡོད་པ་མེའི་མ་ཆེན༔ ཆུ་ཁམས་ན་རླན་ཡོད་པ་ཆུའི་མ་ཆེན༔ རླུང་ཁམས་ན་བསིལ་ཡོད་པ་རླུང་གི་ཆུ་སྟེ་རླུང་གི་མ་ཆེན༔ ནམ་མཁའ་ཆུ་རུ་སྣང་བ་ནམ་མཁའི་མ་ཆེན་ཡིན་ཏེ་དབང་པོ་སྐྱེ་མཆེད་ཚང་བའི་སྣང་བ་རང་མཚན་པར་བསྐྱེད་སྒོམ་གྱིས་བསྒྲུབ་པས་མ་མོ་མེད་བཞིན་སྣང་སྟེ༔ རྣམ་པར་རྟོག་པས་བསྐྱེད་ཅིང་བསྒོམ་པས་སྣང་བའི་དགྲ་དང་བགེགས་ཐམས་ཅད་ཡུལ་མེད་དུ་གསོད་པའི་ལས་འགྲུབ་པར་འགྱུར་རོ༔ མ་མོ་ནག་མོ་རོལ་བྱེད་ཁྲག་མཚོའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པའི་ཡིད་ཅན་ཁྱབ་འཇུག་མི་སྲུན་དྲག་པོའི་སྤྲུལ་པ་མ་རིག་གཏི་མུག་མུན་པའི་རང་མདངས་ཀླུ་བདུད་འཆི་བདག་མགོ་དགུ་ཞེས་བྱ་བ་བསྐྱེད་ཅིང་བསྒོམ་པའི་མཐུ་ལས་གྲུབ་པའི་ཆོ་འཕྲུལ་མ་རིག་པ་འབྱུང་བ་ཡོངས་ལ་ཁྱབ་ཅིང་འཇུག་པའི་ཚུལ་ནི་འདི་ལྟ་སྟེ༔ ནང་གི་འབྱུང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་མ་རིག་པ་ལ་ནང་གི་ཀླུ་སྟེ༔ མེ་བདག་མེད་པར་མ་རིག་པ་མེའི་ཀླུ་བདུད༔ ས་སྟོང་པའི་རང་བཞིན་དུ་མ་རིག་པ་སའི་ཀླུ་བདུད༔ ཆུ་སྟོང་པ་ཉིད་ཀྱི་ངང་མ་རིག་པ་ཆུའི་ཀླུ་བདུད༔ རླུང་སྟོང་པ་ཉིད་ཀྱི་ངང་མ་རིག་པ་རླུང་གི་ཀླུ་བདུད༔ ནམ་མཁའ་སྟོང་པའི་ངང་མ་རིག་པ་ནམ་མཁའི་ཀླུ་བདུད་ཅེས་བྱའོ༔ དེ་ཐམས་ཅད་མ་རིག་པའི་རྒྱུ་ལ་རྐྱེན་དམིགས་པ་བསྐྱེད་པའི་མཐུ་ལས་གྲུབ་པ་ལས་གཞན་དུ་ཀླུ་ཞེས་བྱ་བ་སྤུ་ཙམ་ཡང་མ་གྲུབ་པའོ༔ ཀླུ་མུན་པ་ནག་པོའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ངར་འཛིན་གྱི་ཕུང་པོ་ལས་མཆེད་པ་སྣང་བ་ལ་དངོས་པོར་འཛིན་པའི་སེམས་བྱུང་གི་རྟོག་པ་འབྱུང་ལྔ་ཤ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ཁྲག་ཏུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་དྲོད་དུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་དབུགས་སུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ས་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ཆུ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་མེ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་རླུང་དུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ནམ་མཁར་སྡུད་པའི་རྒྱལ་པོ༔ དེ་ལྟར་ཕྱི་ནང་གི་རྒྱལ་པོ་ཐམས་ཅད་འབྱུང་བ་ལྔ་པོ་རེ་ལ་འདུ་ཞིང་༔ དངོས་པོ་གཅིག་ཏུ་སྣང་བར་བྱེད་པ་རྒྱལ་པོའི་སྡེ་ཚོགས་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ༔ རྣམ་པར་རྟོག་པས་རྒྱལ་འགོང་དམིགས་པས་བསྐྱེད་པ་དང་༔ བསྒོམ་པའི་རྐྱེན་གྱིས་རྒྱུ་ལ་རྐྱེན་སྣང་བ་ཡིན་ནོ༔ རྒྱལ་པོ་འབྱུང་སྡུད་ཀྱི་རྒྱུད་ཅེས་པ་འདི་ལས་གཞན་ན་མ་མཆིས་སོ༔ ཉོན་ཡིད་ཁྱབ་འཇུག་ཆེན་པོའི་སྤྲུལ་པ་བདུད་ཆེན་གདུག་པ་ཅན་གྱི་རྒྱུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་བཟང་པོ་མཛེས་པར་སྣང་བའི་ཡུལ་ལ་ཁ་དྲང་བར་བྱེད་པ་ལྷ་བདུད་དཀར་པོ་དགའ་བྲོད་ཀྱི་དབང་པོ་དང་༔ ཉོན་མོངས་པའི་རྟོག་ཚོགས་ཕྲ་རགས་ཀྱིས་འཁོར་བ་དང་ངན་སོང་གི་ཡུལ་དུ་བསླུ་བར་བྱེད་པ་ཉོན་བདུད་ཐོགས་མེད་མཐུ་ལྡན་དང་༔ སྣང་བ་མངོན་དུ་བྱེད་པའི་ཡུལ་བཟང་ངན་བར་གསུམ་དུ་ཁ་དྲང་བར་བྱེད་པ་ཕུང་པོའི་བདུད་ཆེན་ཐོགས་བཅས་དབང་པོ་དང་༔ མ་རིག་པའི་མུན་ཁམས་སུ་འཁྲུལ་པ་སྣ་ཚོགས་ཀྱིས་སྣང་ཞེན་འཕྲུལ་ཞིང་ཐར་པ་དང་རྣམ་མཁྱེན་གྱི་སྲོག་འཕྲོག་པའི་འཆི་བདུད་སྙེམས་བྱེད་ནག་པོ་དང་༔ འབྱུང་བ་ལྔ་ལ་རྒྱུ་ཞིང་ཁྱབ་སྟེ་མི་སྲུན་གདུག་པའི་ཡུལ་ལ་འབྱུང་བ་རང་གཤེད་འབེབས་པའི་བདུད་རྗེ་བརྙབ་པ་ལག་རིང་ཞེས་བྱ་བ་ལ་སོགས་པ་བདུད་ཐམས་ཅད་ཀྱི་རྒྱུ་གནས་པ་དང་༔ མ་གྲུབ་པ་གྲུབ་པར་བྱེད་པའི་ཕྱིར་ཡིད་ཡུལ་དུ་གསལ་ཞིང་བློས་བཞག་སྟེ་ཤེས་པ་རྒྱུན་ཆགས་ཀྱིས་གསལ་བརྟན་བསྒྲུབ་པ་དང་༔ སེམས་གཞན་དུ་མི་ཡེངས་པར་དྲན་པས་རྒྱས་གདབ་པ་དང་༔ མིང་ནས་བོས་པས་དྲན་པ་མི་འགྱུར་བའི་གསོས་ཐེབས་པར་བྱས་པའི་རྟེན་འབྲེལ་ལྷན་ཅིག་འཚོགས་པས་དྲེགས་པ་མངོན་སུམ་དུ་འགྲུབ་པར་འགྱུར་བ་ཡིན༔ བདུད་ནག་མུན་ལྟར་གཏིབས་པའི་རྒྱུད་ཅེས་བྱ་བ་འདི་ལས་གཞན་ན་མེད་དོ༔ ཉོན་ཡིད་འཕྲུལ་གྱི་དབང་པོའི་ཆོ་འཕྲུལ་ལ་སོགས་པས་ལོངས་སྤྱོད་དང་འདོད་རྒུའི་ཡུལ་དུ་ཁ་དྲང་ཞིང་མངོན་པར་སྣང་ཞེན་གྱིས་སེམས་རྟོག་ལ་ལྷ་ཆེན་དགའ་བའི་དབང་པོ་དང་༔ ནང་འབྱུང་གི་ཁམས་ལ་རྒྱུ་ནས་དགའ་བདེའི་རོ་འཕྲུལ་ཞིང་མྱོང་བར་བྱེད་པ་དང་༔ ཕྱི་འབྱུང་ལྔའི་ཁམས་སུ་རྒྱུ་ཞིང་འདོད་པའི་ཡུལ་འཕྲུལ་བར་བྱེད་པ་དེ་དག་ལྷའི་རྒྱུར་གནས་པ་ལ༔ རྐྱེན་བསྐྱེད་དམིགས་ཀྱིས་གཟུགས་སུ་བཀོད་ཅིང་ནན་དུ་བསྒྲུབ་པས་རྟེན་འབྲེལ་མངོན་སུམ་དུ་འགྲུབ་པའོ༔ ལྷ་ཆེན་དགའ་བདེའི་དབང་པོ་ལོངས་སྤྱོད་འཕྲུལ་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ བསྒྲུབ་པའི་བཀའ་སྲུང་དྲེགས་པ་རྒྱུ་རྐྱེན་རྟེན་འབྲེལ་གྱི་མཐུ་ལས་གྲུབ་པའི་ཚུལ་དང་སྐྱེ་རྒྱུད་འདི་མ་ཤེས་ན་དྲེགས་པ་རང་རྒྱུད་པ་བསྒྲུབ་ཀྱང་ལས་ལ་མི་འཁོལ༔ འགྲུབ་ཀྱང་བཀའ་མི་ཉན༔ མཆོད་གསོལ་ཇི་ཙམ་བྱས་ཀྱང་འཁུ་ལྡོག་གི་རྒྱུན་མི་ཆད༔ དགྲ་ལ་རྦད་ཀྱང་རང་སྲོག་ལ་འབབ་སྟེ་ཐར་ལམ་ལའང་བར་དུ་གཅོད༔ ཐོག་མཐའ་བར་གསུམ་མི་སྙོམས་ཤིང་ལེགས་ཉེས་སྣ་ཚོགས་པ་སྟོན་པར་འགྱུར་བས༔ དེའི་ཕྱིར་སྐྱེ་རྒྱུད་ཐམས་ཅད་ཀྱི་དམ་པར་གྱུར་པ་བསྒྲུབ་ཚད་ཡེ་ཤེས་པར་འགྱུར་བའི་གནད་ཟབ་ཁྱད་ཅན་འདི་སྒྲུབ་པ་ཀུན་གྱི་སྙིང་པོ་བླ་ན་མེད་པ་ཡིན་ནོ༔ ཅིའི་ཕྱིར་ན་ཐམས་ཅད་རང་སྣང་ལས་མི་གཞན་པར་ཤེས་པས་འཁོར་འདས་གཉིས་ཀྱི་སྲོག་ལ་དབང་ཆེན་པོ་ཐོབ་པ་ཡིན༔ དཔེར་ན་ནམ་མཁའི་ཟླ་བ་གཅིག་པུ་སྒྲ་གཅན་གྱིས་བསྒྲིབ་ཚེ་ཆུ་སྣོད་ཐམས་ཅད་ཀྱི་ཟླ་གཟུགས་མ་བསྒྲིབ་པ་མེད་པ་བཞིན་དུ༔ རྒྱལ་བ་རྫོགས་པའི་སངས་རྒྱས་མན་ཆད་ནས་བདུད་སྲིན་རཱུ་ཏྲ་ཡན་ཆད་ཀྱི་འཁོར་འདས་ཐམས་ཅད་གདོད་མ་གཞིའི་ཆོས་སྐུ་ཀུན་ཏུ་བཟང་པོའི་དབྱིངས་སུ་རོ་གཅིག་པའི་ངང་ཚུལ་འདི་ཤེས་ཤིང་ཐག་ཆོད་པའི་སྐྱེས་བུ་རྣམས་ཀྱི་རིགས་ལྔའི་རྒྱལ་བ་མན་ཆད་དང་འདྲེ་སྲིན་ཕྲ་མོ་ཡན་ཆད་ཀུན་ཏུ་བཟང་པོའི་རོལ་པ་ལས་མ་འདས་པའི་ཡེ་ཤེས་པ་ཤ་སྟག་ལས་མེད་ངེས་པ་ཡིན་ནོ༔ ལྷ་རང་རྒྱུད་པར་བཟུང་ནས་བསྒྲུབ་པའི་གང་ཟག་རྣམས་ཀྱིས་ཡུལ་རང་མཚན་པར་བཟུང་བའི་རྐྱེན་གྱིས་བསྒྲུབ་ཚད་འཇིག་རྟེན་པ་ཤ་སྟག་ལས་མ་འདས་པས་ཡེ་ཤེས་པ་གཅིག་ཀྱང་མེད་ངེས་པའོ༔ དེའི་ཕྱིར་དྲེགས་པ་སྤྱིའི་སྐྱེ་རྒྱུད་འདི་ཤེས་པས་ལྷ་སྒྲུབ་ཚད་ཡེ་ཤེས་སུ་འགྲུབ་པའི་རྒྱུ་རང་ལ་གནས་པའི་འགྲུབ་ཐག་ཉེ་བ་དང་༔ རང་རྩལ་གྱིས་ལྷ་རང་གཞིའི་དབང་དུ་འགྱུར་བ་དང་༔ རྣམ་པར་རྟོག་པ་སྣང་ཡུལ་ལ་གཏད་པའི་འཕྲུལ་དུ་གྲུབ་པའི་ལྷས་ཕྲིན་ལས་སྐད་ཅིག་ཏུ་བསྒྲུབ་པར་གདོན་མི་ཟའོ༔ རོལ་པ་ལ་རྩལ་གྱིས་འཁུ་ལྡོག་མི་ནུས་པ་དང་༔ ཤེས་པ་མངོན་གྱུར་གསལ་བརྟན་གྱིས་བསྒྲུབ་ཅིང་གྲུབ་པའི་ལྷས་རྣམ་པར་རྟོག་པའི་གདངས་ལས་བྱུང་བའི་དགྲ་འདྲེ་བསད་པ་ལ་ལས་དང་རྣམ་སྨིན་མི་འབྱུང་བའོ༔ དེ་ལྟར་བསྙེན་དང་སྒྲུབ་པའི་ལྷ་དང་སྲུང་མ་ཐམས་ཅད་གདོད་ནས་མ་གྲུབ་ཅིང་ཡོད་མ་མྱོང་བ་བྱུང་གནས་འགྲོ་གསུམ་གཞི་རྩ་ཐམས་ཅད་དང་བྲལ་བ་ཡིན་པ་ལས་མེད་ལ་ཡོད་པར་སྣང་བའི་རྒྱུ་རང་གི་སེམས་རྒྱུད་ན་གནས་པ་དེ་གཟུགས་དང་མཚན་མ་ཅན་དུ་བསྐྱེད་ཅིང་བསྒོམ་པའི་སྟོབས་ཀྱིས་དངོས་སུ་གྲུབ་པར་འགྱུར་བའི་ཚུལ་སྣོད་བཅུད་སྣང་བ་འདོད་ཡོན་ཐམས་ཅད་ཡེ་ནས་གཞི་རྩ་དང་བྲལ་བས་མ་གྲུབ་པ་ལས་སྣང་སྲིད་འདོད་ཡོན་ཐམས་ཅད་དངོས་སུ་སྣང་བར་བྱེད་པ་ཡིད་ཀྱིས་གསལ་ཞིང་བློས་བཞག་པ་རྣམ་པར་རྟོག་པས་དངོས་པོར་ཞེན་ཅིང་བཟུང་བས་བདེན་པར་གྲུབ་པ་བཞིན་དུ་བསྐྱེད་པས་འགྲུབ་པའང་དེ་ལྟ་བུར་ཤེས་པར་གྱིས་ཤིག༔ གདོད་མའི་ཡེ་གཞི་ཆེན་པོ་མ་རིག་པས་བསྒྲིབ་པའི་རྐྱེན་གྱིས་གཞི་སྣང་གི་ཡོན་ཏན་ཐམས་ཅད་ནང་དུ་ནུབ་སྟེ་གདངས་ལས་སྣང་བ་འཕོས་པའི་སྣང་བ་སྣང་ངོས་ན་བདེན་གྲུབ་ཏུ་ཤར་བ་ཐབས་དང་༔ སྟོང་ངོས་ན་ཅི་ཡང་མེད་པ་ཤེས་རབ་ཡིན་ཏེ་ཡབ་ཡུམ་སྙོམས་འཇུག་གི་ཚུལ་དུ་ཡོད་པ་ལ་དོན་དམ་པའི་ལམ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་མ་འདས་པས་ན་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་ཡིན་ནོ༔ དེ་ལྟར་བསྒོམ་པའི་མཐུ་ནུས་བསྐྱེད་པ་སྒྱུ་མའི་རྫས་ལྟ་བུའི་མཆོད་རྫས་འབྱོར་ཚོགས་བཤམ་པ་དང་༔ སྒྱུ་མའི་སྔགས་ལྟ་བུའི་སྤེལ་སྔགས་བརྗོད་ཅིང་༔ འབུལ་ཡུལ་དེ་དག་གི་དབང་པོ་དྲུག་གི་ཡུལ་དུ་སྒྱུ་མའི་འཕྲུལ་ལྟ་བུའི་སྣང་བ་བཀོད་ཅིང་འཆར་བར་བྱས་ནས༔ དེ་དག་གི་དབང་པོའི་ཡུལ་དབྱིངས་སུ་མ་ཞིག་གི་བར་དུ་འདོད་ཡོན་མི་ཟད་པ་ནམ་མཁའི་མཛོད་དུ་གསལ་བ་ཏིང་ངེ་འཛིན་གྱི་སྒྱུ་འཕྲུལ་ཞེས་བྱ་སྟེ་མཆོད་དང་སྦྱིན་པའི་མཆོག་ཆེན་པོ་བླ་ན་མེད་པའོ༔ དེའི་མཚོན་དཔེ་ནི་འཕྲུལ་དགའི་ལོངས་སྤྱོད་ཀྱི་བཀོད་པ་ལྟ་བུ་སྟེ༔ སྐྱེས་བུ་ཞིག་སྣང་བ་གནས་སུ་འགྱུར་བའི་རྨི་ལམ་ན་ལོངས་སྤྱོད་མི་འབྱོར་ཅིང་སྡུག་བསྔལ་འབའ་ཞིག་མྱོང་དུ་ཡོད་པའི་སྐབས་ཞིག་ན་སྐྱེས་བུ་གཞན་ཞིག་གིས་གཉིད་བཙན་ཐབས་སུ་དཀྲོགས་པས་མི་དེའི་སྣང་བ་གནས་སུ་བསྒྱུར་ཏེ་འདོད་རྒུའི་དཔལ་ཡོན་ཐམས་ཅད་མཆེད་དེ་བདེ་སྐྱིད་ལ་འཁོད་པ་བཞིན་དུ༔ མཆོད་དང་སྦྱིན་ཡུལ་གྱི་སྣང་བ་གནས་སུ་བསྒྱུར་ཏེ་འདོད་ཡོན་ནམ་མཁའ་མཛོད་དུ་འཕྲུལ་བར་བྱ་བ་ནི་མཆོད་སྦྱིན་གྱི་ཡུལ་དེ་དག་ཐམས་ཅད་ཀྱི་དབང་པོ་དྲུག་དྭངས་གསལ་རྙོག་མ་བྲལ་བ་ཆུ་ལྟ་བུའི་ཀློང་དུ༔ འདོད་ཡོན་གྱི་རྫས་སྔགས་ཏིང་ངེ་འཛིན་གྱི་རྒྱུ་རྐྱེན་རྟེན་འབྲེལ་གྱི་མཐུས་འཕྲུལ་པ་ནི་གཟའ་སྐར་གྱི་གཟུགས་བརྙན་འཕྲལ་དུ་ཤར་བ་ལྟ་བུར་ཤེས་པར་བྱའོ༔ གནད་འདི་དག་ཆོས་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་གཟིགས་པའི་སྐྱེས་བུ་རྣམས་ཀྱིས་སྤྱོད་ཡུལ་བླ་ན་མེད་པ་ཡིན་ཏེ༔ དེ་མི་ཤེས་པ་རྣམས་ཀྱིས་མཆོད་སྦྱིན་བྱས་པ་ཐམས་ཅད་བྱིས་པའི་རྩེད་མོ་ཙམ་ལས་དོན་འབྲས་མ་གྲུབ་པ་ཡིན་པས༔ བདག་སྒྱུ་མ་མཁན་ལྟ་བུས་མཆོད་སྦྱིན་གྱི་ཡུལ་ལྟད་མོ་མཁན་ལྟ་བུ་ལ༔ འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་ལྟར་འཕྲུལ་ཏེ་མཆོད་སྦྱིན་གྱི་ཡུལ་མཉེས་པར་བྱ་སྟེ་མཐར་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་འཁོར་གསུམ་དམིགས་པ་མེད་པའི་དབྱིངས་སུ་འབྱམས་ཀླས་པར་བཞག་པ་ནི་ཆོས་ཉིད་སྒྱུ་མར་རོལ་པའི་ཏིང་ངེ་འཛིན་ཡིན་ནོ༔ རྒྱུ་བསོད་ནམས་ཀྱི་ཚོགས་ཡིད་ཀྱིས་བསགས་ཤིང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རིག་པར་རྫོགས་པ་མངོན་དུ་གྱུར་པ་ཡིན་པས་ཡིད་སྤྲུལ་མེད་ན་བསོད་ནམས་ཀྱི་ཚོགས་མི་རྫོགས་པས་མཆོད་གནས་མི་མཉེས་པ་དེ་ཡིན༔ འདྲེ་གདོན་ལ་ཡས་གླུད་དང་གཤིན་པོ་ལ་འདོད་ཡོན་བསྔོས་པས་ཀྱང་ལན་ཆགས་བུ་ལོན་མི་སོད༔ སྡུག་བསྔལ་གྱིས་གདུང་བ་སྣ་ཚོགས་ཀྱང་སེལ་མི་སྲིད་དེ༔ འདྲེར་འཛིན་གྱི་རྣམ་པར་རྟོག་པ་ལས་གྲུབ་པའི་འདྲེ་གདོན་དགྲ་རུ་འབབ་པ་རང་གི་མཚོན་གྱིས་རང་གསོད་པ་ལྟ་བུར་འགྱུར་བས་ན་གྲོང་ཆོག་འདྲེ་བརྡུང་གི་སྤྱོད་པ་ཐམས་ཅད་དང་གསོན་སྐྱབས་གཤིན་འདྲེན་གྱི་ནུས་པ་མེད་པའི་ངང་ཚུལ་ལ་ལྟོས་ལ་འདི་ཕྱི་གཉིས་ཕུང་གི་སྤྱོད་པ་སྤང་བར་བྱ་བ་གནད་དུ་ཟུངས་ཤིག༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ཚུལ་རྟོགས་པའི་རྣལ་འབྱོར་པ་དག་གིས་རང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་ཀྱང་ཆོས་ཉིད་སྒྱུ་མར་རོལ་པའི་ཏིང་ངེ་འཛིན་གྱི་རླབས་ཤུགས་ཆེན་པོས་ངེས་པར་ཚེགས་མེད་དུ་འགྲུབ་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདུད་གཅོད་ཟབ་མོ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ཀྱིས་ཤེས་པར་བྱ་བའི་གནད་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་བདག་མེད་རྟོགས་པའི་ཤེས་རབ་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་ཡོད་ཀྱི་དེ་ཉིད་ལ་ཤེས་པར་བྱ་བའི་གནད་ནི་འདི་ལྟ་སྟེ༔ དང་པོ་བདག་ཉིད་གཅིག་པུའི་མ་རིག་པ་ཞེས་བྱ་བས་ཆོས་སྐུའི་རང་ཞལ་བསྒྲིབས་ཏེ་ངར་འཛིན་གྱི་ཤེས་པ་ལངས་ནས་ལུས་མེད་པ་ལ་ལུས་སུ་སྣང་༔ དེར་གཅེས་འཛིན་གྱི་ཤེས་པ་ཤིན་ཏུ་བརྟན་ཅིང་འཐས་པས་ལུས་དེ་བདག་ཏུ་བཟུང་ནས་གཅེས་པར་བསྐྱང་སྟེ་རེ་དོགས་དགའ་སྡུག་སྣ་ཚོགས་ཉེ་བར་ལེན་ཅིང་འཁོར་བར་འཁྲུལ་པའི་ཚུལ་ནི༔ རྨི་ལམ་གྱི་གནས་སྐབས་ཙམ་ལའང་ལུས་འདི་གཅེས་པར་བཟུང་ནས་དེ་འཚོ་བ་དང་བདེ་བ་དང་མཛེས་པའི་ཕྱིར་དུ་ཆགས་སྡང་གི་སེམས་སྣ་ཚོགས་ཀྱིས་དམ་དུ་བཅིང་ཞིང་ཀུན་ཏུ་དཀྲིས་པས་འཁོར་བ་མཐའ་མེད་དུ་འཁྲུལ་ཞིང་བདུད་བགེགས་འདྲེ་གདོན་དུ་གྱུར་པ་ཡིན༔ ལུས་ཀྱི་འཚོ་ཆས་ལ་གནོད་པར་སེམས་ནས་དགྲ་ལ་དོགས་པ་དང་༔ ནོར་རྫས་ལོངས་སྤྱོད་ལ་རྐུ་འཕྲོག་བྱས་པའི་སྣང་བ་ཤར་བའི་རྐྱེན་གྱིས་དེ་དག་ལ་སྡང་སེམས་སྐྱེ་བ་དང་༔ ལུས་ལ་ན་ཚ་མི་བདེ་བ་འབྱུང་སྣང་ཤར་ནས་འདྲེ་ལ་དོགས་སེམས་སྐྱེ་བ་དང་༔ གཞན་ཡང་ལུས་འདི་བདེ་བར་འདོད་ནས་བཟང་པོ་ཐམས་ཅད་ལ་རེ་བའི་རྟོག་པ་འཆར་བ་དང་༔ ལུས་ལ་གནོད་པར་དོགས་ནས་ངན་པ་ཐམས་ཅད་ལ་དོགས་སེམས་སྐྱེ་བ་དང་༔ ལུས་ལ་ན་ཚ་བྱུང་བས་ལུས་ཀྱིས་སེམས་མནར་བ་དང༔ ལུས་ལ་བཀྲེས་སྐོམ་གྱི་སྣང་བ་ཤར་བས་ལུས་ཀྱིས་སེམས་མནར་བ་དང་༔ ལུས་ལ་ཚ་གྲང་ཤར་བས་ལུས་ཀྱིས་སེམས་མནར་བ་དང་༔ བདེ་སྡུག་གི་སྣང་བ་ལུས་ཐོག་ཏུ་མཆེད་པའི་རྐྱེན་གྱིས་སེམས་ཡུལ་ངན་ལ་ཁ་དྲངས་ནས་སྡུག་བསྔལ་གྱིས་གདུང་བ་དང་༔ ཚེ་རབས་ཐམས་ཅད་དུ་སེམས་མེད་པའི་གནས་སྐབས་རེ་ཙམ་མ་གཏོགས་པར་ཟག་བཅས་ཉེར་ལེན་གྱི་ལུས་འདི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པས་སྡུག་བསྔལ་སྣ་ཚོགས་ཀྱི་གཞིར་གྱུར་པ་ཡིན༔ ཡུལ་གང་ལ་རེ་བ་སྐྱེས་ཚད་ཐམས་ཅད་ཡར་བདུད་བཟང་པོར་རེ་བ་ཞེས་བྱ་བ་ཡིན༔ ཡུལ་གང་ལ་དོགས་པ་སྐྱེ་ཚད་ཐམས་ཅད་མར་བདུད་ངན་པར་དོགས་པ་ཡིན་ཏེ༔ དེའི་ཕྱིར་འཁོར་བ་དང་ངན་སོང་གི་གཞི་མ་ནི་ལུས་ལ་གཅེས་འཛིན་བྱ་བ་ཡིན་ཏེ༔ གཅེས་འཛིན་གཅོད་པའི་ཐབས་སུ་ལུས་འདི་རོ་ལྟ་བུར་ཤེས་ཏེ༔ རྣམ་པར་ཤེས་པ་ལ་རོ་ཁུར་མིའི་འདུ་ཤེས་དང་༔ གཅེས་འཛིན་ལ་ཁུར་ཐག་གི་འདུ་ཤེས་དང་༔ གཉན་ས་ལ་དུར་ཁྲོད་ཀྱི་འདུ་ཤེས་དང་༔ ལྷ་འདྲེ་ལ་བྱ་དང་གཅན་གཟན་གྱི་འདུ་ཤེས་ཏེ་རྣམ་པ་ལྔའི་སྒོ་ནས་སྦྱིན་པར་གཏོང་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་ཤེས་པར་བྱ་བ་ནི་ལུས་འདི་ལ་གོས་མཛེས་ཤིང་དྲོ་བས་གཡོགས༔ ཟས་རོ་ལྡན་སྣུམ་ལ་བཅུད་དང་ལྡན་པས་འཚོ་བ་སྦྱར༔ འདིའི་ཕྱིར་དུ་དཀའ་བ་དང་དུ་བླངས༔ ངལ་བ་ཁྱད་དུ་བསད༔ སྡུག་བསྔལ་གྱི་ཁུར་ཆེན་པོ་ཕྲག་ལ་བཀལ༔ གཏན་དུ་བདེ་བའི་རྒྱུ་འབྲས་ཡལ་བར་དོར་ནས་ཆོག་ཤེས་མེད་པར་འབད་རྩོལ་བྱས་པའི་མཐར༔ པགས་པ་དང་རུས་པའི་བར་གྱི་ཤ་ཟད་དེ་པགས་པ་གཉེར་མས་གང་༔ རྐང་ལག་དབྱུག་པ་ལྟ་བུར་སོང་༔ བཀྲག་མདངས་ཉམས་ཏེ་བམ་རོ་ཧམ་པའི་ཁ་དོག་ལྟར་དུ་སོང་༔ བྲང་དང་རྒལ་པ་ལ་རྒྱ་སྐས་ལྟ་བུར་ཐེམ་པ་ནག་བྲང་ངེ་སོང་༔ སྐྲ་ནག་དཀར་པོར་སོང་༔ སོ་དོན་ཏེ་ཁ་རྡིབ༔ མིག་འགྲིབ་སྟེ་ལམ་མི་མཐོང་༔ རོ་ཁུར་བ་ལྟ་བུར་ལངས་དཀའ༔ ཁུར་བུ་ཅན་ལྟ་བུར་སྡོད་དཀའ༔ བཟའ་བའི་ཟས་མི་འཇུ་བར་རྒྱུ་མ་འུར༔ བཏུང་བའི་སྐོམ་མི་ཐུབ་པར་གཅིན་མང་བ་སོགས་རྐྱེན་དང་སྡུག་བསྔལ་ཉེར་འཚེ་ཐམས་ཅད་ཀྱི་ཡོ་ལངས་བུ་ཡུག་ལྟ་བུར་འཚུབས་ནས་བདེ་བའི་གནས་ཏིལ་འབྲུ་ཙམ་ཡང་མི་འབྱུང་བར་འགྱུར་ན༔ ལུས་འདི་གསོས་པས་མི་འཚོ༔ བསྐྱངས་པས་མི་སྐྱོབ༔ དེའི་ཕྱིར་འབད་པ་དོན་མེད་པའི་ངང་ཚུལ་ལ་ཡང་ཡང་བསམ་པ་དང་༔ ལར་རྣམ་མཁྱེན་གྱི་འབྲས་བུ་ཟ་བས་ཟ་འདྲེ༔ འཁོར་བར་སྐྱེ་འཆིའི་སྣང་བ་སྟོན་པས་ཤི་གཤེད༔ ཐར་པའི་སྲོག་རྩ་གཅོད་པས་སྲོག་གཅོད༔ བདེ་བའི་དབུགས་འཕྲོག་པས་དབུགས་ལེན༔ མི་སྲིད་པའི་འཁོར་བར་སྲིད་པར་བྱེད་པས་སྲིད་པའི་འདྲེ་དགུ༔ ཚེ་རབས་དུ་མར་མནར་བས་གདོན་བཅུ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕྲོག་པས་འཕྲོག་མ༔ མ་རིག་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་གཏི་མུག་ཀླུ་གདོན་ས་བདག༔ ཡུལ་གཞན་ལ་སྡང་བའི་ཆོ་འཕྲུལ་ཕོ་གདོན་རྒྱལ་འགོང་༔ འདོད་ཡོན་གྱི་སྣང་བ་ལ་འདོད་ཆགས་པའི་ཆོ་འཕྲུལ་མོ་གདོན་འདྲེ་མོ༔ ཐར་པའི་ལམ་བཀག་པས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ ཕུང་ལྔའི་གྲོང་ཁྱེར་ན་གནས་པས་གྲོང་འདྲེ་གྲོང་རྒྱུག༔ ངོམས་ཤིང་ཚིམ་པ་མེད་པས་བསེ་རག༔ དམ་ཚིག་ལས་འདའ་བར་བྱེད་པས་དམ་སྲི་སྟེ༔ གདོན་བགེགས་ལོག་འདྲེན་འབྱུང་པོ་ཐམས་ཅད་ལུས་འདི་ཉིད་ལ་འདུས་ཤིང་འདི་ལས་གཞན་དུ་མ་གྲུབ་པའི་ངང་ཚུལ་ལ་བརྟག་ནས་གཅེས་འཛིན་གཅོད་ཅིང་མངོན་ཞེན་ལྡོག་པའི་ཕྱིར་དུ་ལུས་མཆོད་སྦྱིན་ལ་བརྩོན་པ་གནད་ཀྱི་དམ་པར་ཟུངས་ཤིག༔ ལུས་ངོས་འཛིན་པ་ལའང་༔ ནང་ཟག་བཅས་ཉེར་ལེན་གྱི་སྒྱུ་ལུས༔ བར་འདོད་ཡོན་འཁྲུལ་སྣང་གི་སྒྱུ་ལུས༔ ཕྱི་འབྱུང་བ་དངོས་སྣང་གི་སྒྱུ་ལུས་ཏེ༔ འདི་དག་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཡིན་ཏེ༔ སྟོང་པ་དངོས་པོར་འཛིན་པའི་ཤེས་རིག་ནི་སེམས་ཡིན་པས་སེམས་དབྱིངས་སུ་སྤར༔ དངོས་པོ་རོ་རུ་བསྒྱུར་ནས༔ གཏོང་མཁན་བདག་སྒྱུ་མ་མཁན་ལྟ་བུར་ཤེས་པ་དང་༔ ལུས་འདོད་རྒུར་བསྒྱུར་བ་སྒྱུ་མའི་དགའ་སྟོན་ལྟ་བུ་དང་༔ གཏོང་ཡུལ་སྒྱུ་མའི་འཕྲུལ་གྱི་ཁྲོམ་ཚོགས་ལྟ་བུར་ཤེས་ནས༔ དཀར་པོར་འགྱེད་པ་དཀར་གསུམ་མངར་གསུམ་གྱི་ཕུང་པོར་བསྒྱུར་ནས་འབུལ་བ་དང་༔ ཁྲ་བོར་འགྱེད་པ་འདོད་རྒུའི་དཔལ་ཡོན་དུ་འཕྲུལ་ནས་འབུལ་བ་དང་༔ དམར་པོར་འགྱེད་པ་ཤ་ཁྲག་རུས་པ་རྐང་ཚིལ་དུ་འཕྲུལ་ཏེ་འབུལ་བ་དང་༔ ནག་པོར་འགྱེད་པ་ནད་གདོན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་ནག་པོར་འཕྲུལ་ཏེ་འབུལ་བ་རྣམས་ནི་དུས་བཞིར་སྦྱར་ཏེ་གཏོང་བར་བྱ་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་སེམས་ཀྱི་དོགས་པ་འཁུ་འཕྲིག་ཐམས་ཅད་ལའང་ཐོག་བརྫིས་བྱ་བ་ཡིན༔ མི་འདོད་པའི་ནད་དང་སྡུག་བསྔལ་ཐམས་ཅད་ལ་རེ་བའི་བསམ་པ་བཙན་ཐབས་སུ་བླངས་ནས་དགའ་བ་བསྒོམ་པར་བྱའོ༔ གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་༔ རང་གི་བདེ་བ་གཞན་ལ་གཏོང་བའི་བསམ་པ་ལ་ནན་ཏན་དུ་སློབ་པ་གནད་དོ༔ ལར་འདྲེ་གནས་སར་འཛིན་པའི་ཡུལ་གནས་ཐམས་ཅད་ལ་འགྲོ་སྟེ་དེར་རྣམ་པར་རྟོག་པ་བཙན་ཐབས་སུ་སློང་བའི་གནད་ཐམས་ཅད་ལ་འབད་དོ༔ ཕྱི་སློང་ལྷ་འདྲེ་གདོད་ནས་མ་གྲུབ་པ་ལ་རྣམ་རྟོག་གིས་བཟོས་པའི་ལྷ་འདྲེར་སྣང་བའམ་ཡང་ན་ཆོ་འཕྲུལ་སྣང་བར་གྱུར་པ་ན་རོ་བཤའ་མཁན་གྱི་མདུན་སར་བྱ་རྒོད་སླེབ་པ་ལྟ་བུའི་དགའ་བ་བསྒོམ་པར་བྱ་བ་དང་༔ ནང་སློང་ལུས་ལ་མི་བདེ་བའི་ཟུག་རྔུ་ན་ཚ་བྱུང་ནའང་དབུལ་པོས་ཟས་ནོར་ཐོབ་པ་ལྟ་བུའི་དགའ་བ་བསྒོམ་སྟེ་ད་དུང་ཡང་འདི་འདྲ་བ་དགུ་འགྱུར་ཤོག་བསམ་ཞིང་བརྗོད༔ གསང་སློང་སེམས་ཀྱི་ཐོག་ཏུ་དགའ་སྣང་དང་སྐྱིད་སྣང་བྱུང་ཡང་ཆགས་པ་དང་ཞེན་པ་ཐད་ཀར་གཅོད་པ་དང་༔ སྡུག་སྣང་དང་མི་བདེ་བ་ཅི་བྱུང་ཡང་རེ་དོགས་ཐད་ཀར་བཅད་ནས་དགའ་བ་བསྒོམ་པ་དང་༔ ལུས་འདི་ཁྱེར་མི་བྱུང་ན་ཅི་མ་རུང་སྙམ་པའི་ཐོག་བརྫིས་བྱ་བ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ༔ དེ་གསུམ་པོ་ཕྱི་ནང་གསང་བའི་སློང་ཚད་རྣམ་གསུམ་ཡིན་ཏེ་ཤེས་པར་མཛོད༔ ལུས་འདི་རོ་རུ་གྱུར་ཚེ་མེ་ལ་བསྲེག༔ ཆུ་ལ་བསྐྱུར༔ ས་འོག་ཏུ་མནན་པ་སོགས་གང་བྱས་ཀྱང་ངའི་འབད་རྩོལ་དཀའ་སྤྱད་ཐམས་ཅད་དོན་མེད་དུ་སོང་བས་ཕངས་རེ་ཆེ་བསམ་པ་དང་༔ འཇིག་རྟེན་འདི་ན་གཅེས་པའི་མཆོག་ལུས་འདི་སྦྱིན་པ་ནི་ཕུལ་ཏུ་ཕྱིན་པ་ཡིན་ན༔ ད་ནི་འཁོར་བ་དང་ངན་སོང་གི་རྡོས་འདི་དང་བྲལ་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འགྲོ་བར་ཅིའི་མི་བྱེད་བསམ་སྟེ་བདུད་གཅོད་ཟབ་མོའི་ཉམས་ལེན་ལ་འབད་པར་བྱའོ༔ གནད་འདི་ཚུལ་བཞིན་དུ་མ་ཤེས་ན་གཅོད་ཅེས་ཁ་རུ་བརྗོད་པ་དང་ཌཱ་དྲིལ་བསྒྲག་པ་ཙམ་ལ་མི་བྱའོ༔ དང་པོ་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བ་ནི་གཅོད་ཀྱི་གཞི་ཡིན་པས་ཤེས་པར་བྱ་བའི་གནས་སོ༔ སྦྱངས་པའི་མཐར་ནི་འཁོར་འདས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འུབ་ཆུབ་པའི་དོན་གཤིས་ཐོག་ཏུ་ཕེབ་པར་བྱ་བ་མཐར་ཐུག་དོན་གྱི་འཇོག་སོ་བླ་ན་མེད་པ་ཡིན་ནོ༔ བདུད་གཅོད་ཟབ་མོ་བརྟུལ་ཞུགས་ཀྱི་རྒྱུད་ཀྱང་འདི་ལས་གཞན་ན་མ་མཆིས་སོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལེགས་སོ༔ ངའི་རང་བཞིན་རིག་སྟོང་རྫོགས་པ་ཆེན་པོ་ཞེས་བྱ་བ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་སྟོང་པའི་ངང་ཚུལ་དང་ལོ་རྒྱུས་ཤེས་པ་ཙམ་གྱིས་ཐེག་པ་འདི་རུ་ངེས་པ་ལགས་སམ་མ་ལགས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་སྟོང་པའི་ཚུལ་ཤེས་པ་ནི་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་ཡིན་པ་ལས་ཐེག་པ་གཅིག་ལ་ངོས་བཟུང་བ་མ་ཡིན་ནོ༔ འདི་མི་ཤེས་པ་དག་གིས་བསྒོམ་ཚད་སེམས་ཀྱི་དགེ་བ་ལས་རྣམ་པར་གྲོལ་བའི་ལམ་ལ་སྤུ་ཙམ་ཡང་ཉེ་བ་མ་ཡིན་ཏེ༔ དེའི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་ཡང་སྙིང་དམ་པ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ལྟ་བ་ཞེས་བྱ་བ་ཡིན༔ ལྟ་བ་ནི་ལམ་ཐམས་ཅད་ཀྱི་གཞི་རྩ་ཆེན་པོ་མེད་དུ་མི་རུང་བ་ཡིན་ནོ༔ ཁམས་དང་དབང་པོའི་བྱེད་ལས་ཀྱིས་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་གྱི་དབང་པོར་བསྟུན་པའི་ལམ་གྱི་བྱེ་བྲག་ལས་ཐེག་པའི་རྣམ་གྲངས་མང་དུ་བསྟན་པ་ཡིན་ལ༔ རྫོགས་པ་ཆེན་པོ་ནི་ཐེག་པ་ཐམས་ཅད་ཀྱི་གཞི་དང་འབྲས་བུར་གྱུར་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཏེ་དོན་གཤིས་ཐོག་ཏུ་ཕེབས་པ་ལ་བྱའོ༔ དེའི་ཡིན་ལུགས་ནི་འདི་ལྟ་སྟེ༔ གཞི་མེད་རྩ་བྲལ་ཆེན་པོ༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག༔ ཡུལ་མེད་ཟང་ཐལ་གྱི་རོལ་པ་ཡིན་སྟེ༔ འདི་ཡེ་ནས་སྐྱོན་དང་དྲི་མ་བག་ཆགས་ཐམས་ཅད་དང་བྲལ་བའི་བདག་ཉིད་ཆེན་པོ་ཡིན༔ ཕྱིའི་ཡུལ་ན་དེ་ལས་གཞན་པའི་སངས་རྒྱས་ཡོད་པ་མ་ཡིན་ལ༔ གལ་ཏེ་ནམ་མཁའི་མཐའ་དང་མཉམ་པའི་སངས་རྒྱས་གྲངས་མང་ཞིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་བྱས་ནས་དེ་དག་གི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་གཞི་འདི་ལ་ཕན་གདག་པར་ཆས་ཏེ་བཟང་པོར་བཅོས་ཀྱང་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་འབྱུང་བ་མེད་དོ༔ དེ་ཅིའི་ཕྱིར་ཞེ་ན་ཕན་གདག་པའི་ཡུལ་མེད་པའི་ཕྱིར་རོ༔ འདས་པའི་དུས་ནས་སངས་རྒྱས་འཁོར་བར་མ་འཁྱམས་པར་ཆོས་སྐུ་ནམ་མཁའ་ཟང་ཐལ་ལ་ལྟོས་ཤིག༔ མེད་ལ་ཡོད་པར་ཤར་བའི་འཁྲུལ་སྣང་མ་གཏོགས་པའི་སེམས་ཅན་གཅིག་ཀྱང་མེད་དེ༔ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྲངས་དང་མཐས་མི་གཏུག་པ་ཡོད་པའི་དབང་དུ་བྱས་ཏེ་དེ་དག་གི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་ཡེ་གཞི་ནམ་མཁའི་ཁོར་ཡུག་ལ་གནོད་པ་བྱེད་པར་ཆས་ཀྱང་གནོད་པ་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་མཐོང་སྟེ་ཡུལ་མ་གྲུབ་པའི་ཕྱིར་རོ༔ འཛིན་ཤེས་ཀྱིས་འཁོར་བ་སྣང་ཙམ་ལས་མ་གྲུབ་ཅིང་གཞི་ཡེ་ནས་ཀ་དག་སྐྱོན་གྱིས་མ་གོས་པས་གཡོ་བ་མེད་པའོ༔ དང་པོ་སྐྱེ་བའི་གནས་དང་བདག་པོ་ལ་བརྟག་པས༔ འདས་པ་ལ་མི་བྱ༔ མ་འོངས་པ་ལ་མི་བྱ༔ ད་ལྟ་བ་ལའང་སྐྱེ་བ་མ་མཆིས་པར་ཐག་ཆོད༔ སྐྱེ་བའི་བདག་པོ་དང་ཡུལ་གང་དུའང་མ་གྲུབ་པས་སྐྱེ་བའི་མཐའ་དང་བྲལ་བ༔ འགག་པའང་དེ་བཞིན་དུ་འདས་པ་དང་མ་འོངས་པར་མི་འཛིན༔ ད་ལྟ་བ་མ་མཆིས་པ་དང་༔ འགག་པའི་བདག་པོ་ཡང་ཡུལ་མེད་དུ་མཐོང་བས་འགག་པའི་མཐའ་དང་བྲལ་བ༔ ཆད་པ་ཅང་མེད་དུ་གྱུར་རམ་བརྟག་ན་མ་དག་པ་འཁོར་བའི་སྣང་བ་དང་༔ དག་པ་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྲུབ་ཅིང་གཞི་མེད་པར་མ་སོང་བས་ཆད་པའི་མཐའ་དང་བྲལ་བ༔ ཡོད་པ་རྟག་པར་དཔྱད་ན་མངོན་སུམ་མིག་གིས་མཐོང་ཡུལ་དུ་གྱུར་པ་དང་༔ དོན་དམ་ལག་པས་འཛིན་རྒྱུ་ཞིག་ཡོད་དགོས་པ་ལ་རྒྱལ་བའི་སྤྱན་གྱིས་ཀྱང་མི་གཟིགས་པས་ན་རྟག་པའི་མཐའ་དང་བྲལ་བ༔ འོང་བའི་ཡུལ་དང་བདག་པོ་ལ་བརྟག་ན་འདས་པ་མ་ཡིན༔ མ་འོངས་པ་མ་ཡིན༔ ད་ལྟ་བ་མངོན་སུམ་ཚད་མར་གྲུབ་དགོས་པ་ལ་འོང་བའི་བདག་པོ་གནས་ཐམས་ཅད་ཡུལ་མེད་དུ་འདུག་པས་འོང་བའི་མཐའ་དང་བྲལ་བ༔ འགྲོ་བའི་ཡུལ་དང་བདག་པོ་ལ་བརྟག་པས་དེ་ཡང་འདས་པ་ལ་མི་དམིགས༔ མ་འོངས་པ་ལ་མི་དམིགས༔ ད་ལྟ་མངོན་སུམ་ཚད་མ་ཅན་ཡུལ་མེད་དུ་མཐོང་བས་འགྲོ་བའི་མཐའ་དང་བྲལ་བ༔ གཞི་ཐ་དད་དུ་བརྟག་ན་ཆོས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་དབྱིངས་སུ་ཐ་མི་དད་པར་རོ་གཅིག་པའི་ཕྱིར་ཐ་དད་པའི་མཐའ་དང་བྲལ་བ༔ གཞི་གཅིག་ཏུ་བརྟག་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པ་མ་འདྲེས་སོ་སོར་སྣང་བས་ན་དོན་གཅིག་པའི་མཐའ་དང་བྲལ་བའོ༔ དེ་གཉིས་ཀའི་མཚོན་དཔེ་ནི་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བསམ་གྱིས་མི་ཁྱབ་པ་ཤར་བ་རྣམས་ཐ་དད་དུ་བརྟག་ན་རྒྱ་མཚོ་ལས་སྐར་འབྲུ་གཅིག་ཀྱང་མེད་པ་དང་༔ གཅིག་ཏུ་བཟུང་ན་མ་འདྲེས་སོ་སོ་རུ་སྣང་བ་ལྟར་ཁས་ལེན་ཐམས་ཅད་དང་བྲལ་བར་ལ་བཟླ་བར་བྱའོ༔ རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་མེད་ཅིང་མ་གྲུབ་པའི་དོན་གྱིས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཁོ་ནའོ༔ མཐར་ལྷུང་བར་འདོད་ན་ཕྱོགས་ལྷུང་ལྟ་བ་ལོག་པ་སངས་རྒྱས་པའི་ས་ལས་དཔག་ཚད་གྲངས་མེད་པར་རྒྱང་རིང་པོར་སོང་བ་དང་༔ རྣམ་པར་གྲོལ་བའི་ལམ་ལས་དབེན་པའི་འབྲོག་དགོན་པ་མུན་པ་ནག་པོའི་ཁྲོད་དུ་མགོ་འཁོར་བའོ༔ ཀ་དག་གདོད་མའི་མགོན་པོ་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་ཀུན་བཟང་བདེ་གཤེགས་སྙིང་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་ནི་འདི་ལྟ་སྟེ༔ ཕྱིའི་སྣང་བ་ཐམས་ཅད་ལ་རྟག་ཅིང་དཔྱད་པས་དངོས་པོ་མ་གྲུབ་པའི་སྟོང་པ་ཉིད་དང་༔ མཚན་མར་མ་གྲུབ་པའི་སྟོང་པ་ཉིད་དང་༔ བདེན་པར་མ་གྲུབ་པའི་སྟོང་པ་ཉིད་ཡིན་ཏེ་ཕྱི་སྟོང་པ་ཉིད་དོ༔ ནང་རང་སེམས་ལ་བརྟག་ཤིང་དཔྱད་པས་གཞི་མ་གྲུབ་པའི་ཡུལ་མེད་ཟང་ཐལ༔ རྩ་བ་མ་གྲུབ་པའི་ཆོས་ཉིད་བརྡལ་ཁྱབ༔ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནང་སྟོང་པ་ཉིད་དང་༔ བར་སྣང་སེམས་གཉིས་ཀའི་ཡིན་ལུགས་ལ་བརྟག་པས་གཉིས་མེད་རོ་གཅིག་ཆེན་པོ་ལས་ཐ་མི་དད་དོ༔ རང་ལས་སྣང་བ་རང་ལ་ཐིམ་པས་སེམས་དང་སྣང་བ་འདུ་འབྲལ་མེད་པས་ན་དོར་བ་མེད་པའི་སྟོང་པ་ཉིད་ཡིན་ཏེ༔ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཅེས་བྱ་བའོ༔ གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཚིག་གིས་མི་མཚོན་པ་བརྗོད་བྱའི་ཡུལ་ལས་འདས་པ༔ དཔེས་མི་མཚོན་པས་དཔེ་མེད་ཕྱོགས་མཐའ་ལས་འདས་པ༔ དོན་གྱིས་མི་མཚོན་པས་བློ་ཡིད་རྟོག་པའི་ཡུལ་ལས་འདས་ཤིང་ཆོས་ཉིད་མྱོང་ཞེན་དང་བྲལ་བའི་ཡེ་བབ་རང་བྱུང་གི་གཤིས་ཐོག་ཏུ་ཕེབས་པ་སྟེ༔ རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ༔ གཞི་སེམས་ཉིད་ཡེ་ནས་སངས་རྒྱས་ཀུན་ཏུ་བཟང་པོ་འཁོར་འདས་ཡོངས་ཀྱི་ཁྱབ་བདག་ཆེན་པོ་རང་ངོ་རང་གིས་ཤེས་ཏེ་རང་ཐོག་ཏུ་རང་གྲོལ་བས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་ཆས་སུ་རྫོགས་པ་ལས་ལུས་ངག་བློ་ཡིད་འབད་རྩོལ་གྱི་སྒོ་ནས་གཞི་འདི་ལ་ཕན་ཐབས་ཀྱི་བྱ་བ་ཅི་བྱས་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་མི་འབྱུང་བ་དང་༔ གཞི་འདི་ཡུལ་འདི་ནས་ཞིང་ཁམས་གཞན་དུ་འགྲོ་བར་འདོད་ཀྱང་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཆེན་པོ་དུས་གསུམ་དུ་འགྲོ་འོང་ཐམས་ཅད་དང་བྲལ་བའི་དོན་མཐོང་ཚེ་ཚུལ་དེ་ལ་ཡིད་སྨོན་ཙམ་ཡང་མེད་པར་ཐག་ཆོད་པ་སྟེ༔ རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ༔ དེ་དག་ནི་གཞི་རང་གི་མཚན་ཉིད་ཡེ་རྫོགས་ཆེན་པོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞི་འདི་གདོད་ནས་ཆོས་སྐུ་ཀུན་ཏུ་བཟང་པོའི་རང་བཞིན་ལས་ཡེ་ཤེས་ཡོན་ཏན་སླད་ནས་འབྱུང་བ་དང་སྐྱེ་བ་དང་འཐོབ་པ་མེད་པ་ཞིག་ཡིན་ན་སེམས་ཅན་ཐམས་ཅད་སངས་རྒྱས་ལས་མེད་པས་སངས་རྒྱས་དང་སེམས་ཅན་ཇི་ལྟར་ཤན་དབྱེ་བར་བྱ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་མ་རིག་པའི་དུས་སུ་ལུང་མ་བསྟན་དུ་སོང་ནས་ཡོན་ཏན་ཕན་མེད་གནོད་མེད་རི་མོའི་མར་མེ་ལྟ་བུ་ཡིན་ཏེ༔ དེས་ན་སེམས་ཅན་རྣམས་འཁྲུལ་པ་ནི་དཔེར་ན་ཕ་བོང་རི་དྭགས་སུ་འཁྲུལ་པ་དང་༔ ཐོ་ཡོར་མིར་འཁྲུལ་པ་དང་༔ ཐག་ཁྲ་སྦྲུལ་དུ་འཁྲུལ་པ་དང་༔ དངུལ་ཏི་ཚར་འཁྲུལ་པ་དང་༔ གསེར་ལྷང་ཚེར་དུ་འཁྲུལ་པ་དང་༔ ནོར་བུ་རྡོ་རུ་འཁྲུལ་པ་ལྟ་བུའི་ཕྱོགས་སུ་ངེས་པ་ཡིན༔ གཞི་ཡོན་ཏན་ཡེ་རྫོགས་ཆེན་པོའི་ངང་ཚུལ་ཤེས་ཚེ་སྣང་བ་བདེན་མེད་དུ་རྟོགས་པ་དཔེར་ན་ཕ་བོང་རི་དྭགས་མ་ཡིན་པར་ཐག་ཆོད་པ་དང་༔ སྨིག་རྒྱུ་ཆུར་འཛིན་པའི་ཤེས་པ་ལས་ལྡོག་པ་དང་༔ ཐོ་ཡོར་མིར་འཛིན་པའི་ཤེས་པ་ལས་ལྡོག་པ་དང་༔ ཐག་ཁྲ་སྦྲུལ་དུ་འཛིན་པའི་ཤེས་པ་ལས་ལྡོག་ནས་དེ་དག་འཁྲུལ་པ་ཡིན་པར་ཐག་ཆོད་པ་ལྟར་འཁྲུལ་པ་དངོས་འཛིན་གྱི་ཞེན་པ་ལས་ལྡོག་ནས་བདག་མེད་དུ་རྟོགས་པའི་ཚེ་གཞི་ཡུལ་མེད་ཟང་ཐལ་ཆེན་པོར་ཐག་ཆོད་པ་སྒོམ་གྱི་ངོ་བོ་ཡིན༔ དེ་སེམས་ཅན་ལས་འཕགས་པ་ནི་གསེར་དངུལ་ངོ་ཤེས་ཏེ་ནོར་དུ་མངོན་པ་དང་༔ ནོར་བུ་རྡོ་རུ་ནོར་བ་ནོར་བུར་ངོ་ཤེས་པ་ལྟར་ངོ་ཤེས་པ་ནི་རྟོགས་པའི་ཤེས་རབ་ཞེས་བྱ་བ་ཡིན་ཏེ༔ སེམས་ལས་རབ་ཏུ་འཕགས་པ་སྲིད་པའི་ས་བོན་རུལ་བ་ལྟ་བུ་ཡིན༔ སྲིད་པ་ཤེས་རབ་ཀྱིས་འཇིག་པའི་མཚོན་དཔེ་ནི་ལན་ཚྭ་ལ་ཆུས་རྒྱས་ཐེབས་པ་དང་༔ ག་བུར་ལ་རླུང་གིས་རྒྱས་ཐེབས་པ་དང་༔ ཆབ་རོམ་ལ་དྲོད་ཀྱིས་རྒྱས་ཐེབས་པ་བཞིན་སྲིད་པ་ཧྲུལ་པོར་བྱེད་པ་ཡིན་པའི་ངང་ཚུལ་ཤེས་པར་མཛོད་ཅིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟ་བུའི་གཞིའི་ཡིན་ལུགས་ཤེས་པར་བྱས་པས་ཆོག་པ་ལས་བསྒོམ་མི་དགོས་པར་སངས་རྒྱས་པར་འགྱུར་རམ་མི་འགྱུར་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞིའི་གནས་ལུགས་མ་ཤེས་ན་འཚང་མི་རྒྱ་བའི་ཕྱིར་ཤེས་པར་བྱ་བའི་གནས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཞེས་བྱ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་དང་༔ མ་ཤེས་པས་གྲོལ་བར་མི་འགྱུར་བའི་ཕྱིར་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་བསྟན་པ་ཡིན༔ ཤེས་མི་དགོས་པར་འཚང་རྒྱ་ན་དེ་གསུངས་པ་ལ་དགོས་དོན་མ་མཆིས་པ་ཡིན་པའི་ངང་ཚུལ་ལ་ལྟོས་ཤིག༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ངང་ཚུལ་མི་ཤེས་ཤིང་རང་སེམས་སྟོང་པ་ཉིད་ཡིན་པའི་ངང་ཚུལ་ཤེས་ཀྱང་གང་ཟག་གི་བདག་མེད་ཙམ་ལས་མ་རྟོགས་པས་ཉན་ཐོས་ཀྱི་ཐེག་པ་ལས་མི་འཕགས་པ་ཡིན༔ སྣོད་བཅུད་ཐམས་ཅད་རང་ས་ནས་སྟོང་པར་ཤེས་ཀྱང་ངོ་བོ་སྟོང་པ་ཉིད་དུ་འགག་བསྡམ་ནས་གཞི་སྟོང་ཉིད་ཡིན་པར་མ་ཤེས་ན་སྟོང་ཉིད་ལུང་མ་བསྟན་དུ་སོང་ནས་ཕན་པ་མི་འབྱུང་བ་ཡིན༔ སྟོང་ཉིད་ཡིན་པར་ཤེས་ཀྱང་སྟོང་ཉིད་ལ་སྐྱོན་ཡོན་མེད་པ་ཡོན་ཏན་དང་ཕྲིན་ལས་གཞན་ནས་འཇུག་དགོས་པར་སེམས་ན་སྟོང་ཉིད་སྣོད་སྟོང་དུ་གོ་ནས་ཡོན་ཏན་ཕྲིན་ལས་བཅུད་དུ་གོ་བ་གཞན་གྱི་ཕྲིན་ལས་དེ་ཉིད་རང་ལ་འཇུག་པར་འདོད་ན༔ ཕྲིན་ལས་ཀྱི་ཕྱུག་པོ་གཞན་གྱིས་སྣོད་སྟོང་འགེངས་པར་བྱེད་པའི་སྦྱིན་བདག་དེ་ཡུལ་གཞན་ན་ཡོད་དགོས་པས་ཡུལ་གྱི་སངས་རྒྱས་དེ་རྟག་བརྟན་ཐེར་ཟུག་ཅན་དུ་ཡོད་སྲིད་ན་དེ་མ་སྟོང་པ་དང་༔ སྟོང་ཉིད་བེམ་སྟོང་སྐྱོན་ཡོན་མེད་པ་ཞིག་ཡིན་ན་འདི་སྣང་དང་ཕྱི་མའི་སྣང་བ་དང་རྨི་ལམ་གྱི་གནས་སྐབས་ཐམས་ཅད་དུ་སྣོད་བཅུད་འདོད་ཡོན་གྱི་སྣང་བ་ཐམས་ཅད་རང་བྱུང་རང་ཆས་སུ་ཡོད་པའི་སྐྱོན་འཁོར་བའི་སྣང་སེམས་གྲུབ་པ་དང་༔ འདིའི་ངང་ཚུལ་ཤེས་ཏེ་གདིང་ཐོབ་པའི་ཚེ་སྣང་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་མངོན་དུ་གྱུར་ནས་གོ་འཕོས་པས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་ཡོན་ཏན་གྱི་ཆ་རང་ཆས་སུ་རྫོགས་པ་ཡིན༔ འགའ་ཞིག་གིས་ནམ་མཁའ་སྐྱོན་ཡོན་མེད་པའི་བེམ་སྟོང་དུ་འཛིན་པ་མང་པོ་ཡོད་སྲིད་ནའང་༔ ནམ་མཁའ་འབྱུང་བ་ལྔ་དང་འདོད་ཡོན་སྣ་ཚོགས་ཀྱི་གཞི་དང་ངོ་བོ་ཡིན་པས་སྐྱོན་དང་ཡོན་ཏན་མེད་པའི་བེམ་སྟོང་དུ་འདོད་དགོས་པའི་རྒྱུ་མཚན་ཅི་ཡོད༔ ནམ་མཁའ་ལས་གཞན་པའི་སྣང་ཡུལ་གཞན་དུ་མཆིས་ཏེ་ནམ་མཁའ་རང་རྒྱུད་པར་འཛིན་ན་འཁོར་འདས་སྟོང་ཉིད་ཆེན་པོར་འདོད་པའི་དོན་ཡང་མ་མཆིས༔ ནམ་མཁའ་གཞན་ཞིག་མཆིས་སྲིད་ན་དབྱིངས་རིག་དབྱེར་མེད་དམ་ཟུང་འཇུག་ཅེས་བརྗོད་པའི་དོན་ཅི་ཞིག་ཡོད༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་མངོན་དུ་གྱུར་པ་ལས་བསྒོམ་རྒྱུ་གཞན་ཞིག་མཆིས་ན་བསྒོམ་མེད་གཏད་མེད་འཛིན་མེད་ཅེས་བརྗོད་པའི་དོན་དེ་གང་ཞིག་ཡིན༔ བསྒོམ་རྒྱུའི་ངོ་བོ་སྟོང་ཉིད་ཡིན་ཏེ་དེ་མ་ཤེས་ན་ལྟ་བ་མེད་པའི་སྒོམ་པ་དེ་ལུང་མ་བསྟན་དུ་སོང་བས་སྒོམ་པ་ཡང་དག་པ་དེ་གང་དུ་ཡོད༔ འཁོར་འདས་རང་སྣང་གི་རོལ་པར་མ་ཤེས་ཤིང་མ་གོ་ན་རིག་པ་ངོ་འཕྲོད་པའི་དོན་ཡང་ཅི་ཡོད༔ དོན་དམ་པར་འཁོར་འདས་སྟོང་ཉིད་ཆེན་པོའི་རང་བཞིན་དུ་གཏན་ལ་ཕབ་ནས་ཐམས་ཅད་ནམ་མཁའ་གཅིག་གི་རང་བཞིན་ཡིན་པར་ཤེས་ཤིང་ཐག་ཆོད་པ་ནི་རྟོགས་པ་ཡིན་ཏེ་ལྟ་བ་ཡང་དེ་ཀ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་དེ་ལྟར་ཤེས་པར་བྱས་ནས་ཐག་གཏིང་དཔོག་པར་ཆོད་ཅིང་ཡིད་ཆེས་པ་ཞིག་བྱུང་ནས་སྒོམ་པ་ཉམས་ལེན་གྱི་གནད་ལ་ནན་ཆེར་བརྩོན་ཏེ་མཐར་རྣམ་པར་གྲོལ་བའི་ས་ལ་སླེབ་པ་ལག་ལེན་གྱི་གནད་དམ་པ་ཡིན་པ་ལས༔ ཤེས་པ་ཙམ་ལས་བསྒོམ་མི་དགོས་ན་སྔོན་གྱི་རྣལ་འབྱོར་རིག་འཛིན་གྲུབ་ཆེན་ཐམས་ཅད་ཀྱིས་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་རྟོགས་པའི་སྟེང་དུ་བསྒོམ་པར་བྱེད་པ་དོན་མེད་དུ་སོང་བར་ངེས་ཏེ༔ དེ་ལྟར་མ་ཡིན་པར་རྟོགས་པའི་སྟེང་དུ་བསྒོམ་པ་ཉམས་ལེན་སྙིང་པོའི་སྒྲུབ་པ་ལ་འབད་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ གཞི་རང་ལ་ཡོད་པ་ལུང་མ་བསྟན་དུ་སོང་བ་ནི་ནམ་མཁའ་ལ་མུན་པ་འཐིབས་པ་ལྟ་བུ་སྟེ༔ གཞི་མངོན་གྱུར་གྱི་རིག་པ་ནི་ནམ་ལངས་ཏེ་ཉི་མ་ཤར་བ་ལྟ་བུའོ༔ གཞི་མ་རིག་པ་ནི་རྒྱལ་པོ་ཆེན་པོའི་ཐོབ་ཐང་རྒྱལ་སྲིད་ཐམས་ཅད་འཛོམ་པ་ལ་བདག་པོ་མེད་པ་ལྟ་བུ་སྟེ༔ མངོན་གྱུར་གྱི་རིག་པ་རང་ཐོག་ངོ་འཕྲོད་པ་ནི་ཐོབ་ཐང་འབྱོར་པ་ཐམས་ཅད་ཀྱིས་དབུལ་ཞིང་ཕོངས་པའི་མི་ཞིག་རྒྱལ་སར་མངའ་གསོལ་ཏེ་ལོངས་སྤྱོད་པ་ལྟ་བུ་ཡིན༔ དཔེར་ན་ལོངས་སྤྱོད་འབྱོར་པ་དང་ལྡན་པའི་མི་ཞིག་རྒྱལ་པོའམ་དགྲ་བོ་ཞིག་གིས་བཙོན་དུ་བཅུག་ནས་བཀྲེས་སྐོམ་བརྡུང་བཙོག་གནས་ངན་སོགས་ཀྱིས་ཡུན་རིང་པོའི་བར་དུ་མནར་བར་བྱས་པ་ལྟ་བུར༔ གཞི་ཡེ་རྫོགས་ཆེན་པོ་མ་རིག་གཟུང་འཛིན་གྱིས་བསྒྲིབས་ནས་འཁོར་བ་མཐའ་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ཏེ༔ མཐར་རིག་པ་ངོ་འཕྲོད་དེ་མངོན་དུ་གྱུར་པ་ནི་དཔེར་ན་མི་དེ་བཙོན་ལས་ཐར་ནས་རང་གི་གནས་སུ་འཁོད་དེ་བདེ་སྐྱིད་ལ་སྤྱོད་པ་ལྟར་རིག་པ་ལུང་མ་བསྟན་གྱི་གཞི་ལས་ཆེས་ཆེར་འཕགས་པ་ཡིན༔ གཞི་ལུང་མ་བསྟན་དུ་ཡོད་པ་ནི་དཔེར་ན་མི་ཞིག་ནད་ཀྱིས་བཏབ་སྟེ་ཡོད་པའི་མལ་འོག་ཏུ་སྨན་ཡན་ལག་བརྒྱད་དང་ལྡན་པ་ཡོད་ཀྱང་ངོ་མ་ཤེས་པའི་དབང་གིས་ཡུན་རིང་པོར་ནད་ཚབ་ཆེན་པོའི་སྡུག་བསྔལ་གྱིས་གདུང་བ་ལ༔ བར་སྐབས་ཤིག་ཏུ་འཚོ་བྱེད་ཀྱི་སྨན་ཡིན་པར་ཤེས་ནས་ཟོས་པས་ནད་དེ་སེལ་ནས་བདེ་བར་འཁོད་པ་བཞིན་དུ༔ གཞིའི་གནས་ལུགས་ཇི་ལྟ་བ་བཞིན་ཏུ་རྟོགས་ནས་མངོན་གྱུར་རིག་པས་རང་ཐོག་ཏུ་རང་ས་བཟུང་བས་འཁོར་བའི་གཅོང་ནད་ཆེན་པོ་ཡུལ་མེད་དུ་སེལ་ཞིང་གཏན་དུ་བདེ་བའི་གནས་སུ་འཁོད་པའོ༔ གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ཀྱང་ཉམས་སུ་མ་བླང་ན་ཕན་པ་མི་འབྱུང་བ་ནི་གསེར་ལག་ཏུ་ཡོད་ཀྱང་ལྟོ་རྒྱབ་ལ་ཕན་པའི་ཚོང་ཁེ་མ་བྱས་པར་གསེར་ལ་སྔས་བྱས་ཏེ་མུ་གེ་དང་ལྷག་པས་ཤི་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ ཡིད་བཞིན་གྱི་ནོར་བུ་ཉིད་དུ་ངོ་ཤེས་ཀྱང་བཀུར་སྟི་མ་བྱས་པའི་རྒྱུས་དངོས་གྲུབ་མི་འབྱུང་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ གོས་མཛེས་ཤིང་དྲོ་བ་ཞིག་ཡོད་ཀྱང་མ་བགོས་པར་བཞག་ནས་གྲང་ལྷག་གིས་ཤི་བ་བཞིན་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ ཟས་སྣ་ཕུན་སུམ་ཚོགས་པ་ཁྱིམ་དུ་ཡོད་ཀྱང་མ་ཟོས་པས་མུ་གེས་ཤི་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པ་ཡིན་ཏེ༔ ཤེས་པ་དང་རྟོགས་པའི་མཐར་ཉམས་སུ་ལེན་པ་ནི་གནད་ཀྱི་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལགས་སོ༔ ངོ་འཕྲོད་པའི་གང་ཟག་འཁྲུལ་པ་དང་༔ ངོ་མ་འཕྲོད་པའི་གང་ཟག་འཁྲུལ་པ་ལ་ཁྱད་པར་ཡོད་དམ་མེད༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་དཔེར་ན་ལམ་རྒྱུས་ཡོད་པའི་མི་ཞིག་གིས་ལམ་འཕྲང་ནོར་བ་དང་༔ ལམ་རྒྱུས་མེད་པའི་མི་ཞིག་ལམ་ལོག་ཏུ་སོང་བ་གཉིས་ལ་ཁྱད་པར་མེད་པ་དང་༔ དགྲ་ངོ་ཤེས་པ་ཞིག་གིས་འཕྲོག་པ་དང་༔ དགྲ་ངོ་མི་ཤེས་པ་ཞིག་གིས་འཕྲོག་པ་གཉིས་ལ་ཁྱད་པར་མེད་པ་དང་༔ གཡང་ས་ཡོད་པར་ཤེས་པའི་མི་ཤིག་གཡང་ལ་ལྷུང་བ་དང་༔ གཡང་ས་ཡོད་པར་མི་ཤེས་པའི་མི་ཞིག་གཡང་ལ་ལྷུང་བ་གཉིས་ལ་ཁྱད་པར་མེད་པ་ཇི་བཞིན་དུ༔ དེ་གཉིས་ལ་ཁྱད་པར་ཏིལ་འབྲུ་ཙམ་ཡང་མ་མཆིས་པ་ཡིན༔ ཅེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེས༔ བཅོམ་ལྡན་འདས་ལགས་སོ༔ དེ་ལྟ་བུའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ངང་ཚུལ་ཤེས་པ་ལ་ཐེག་པ་གང་ཞེས་བྱ་བར་བརྗོད་པ་ཡིན༔ བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་བདེ་གཤེགས་སྙིང་པོས་བཟང་པོར་མ་བཅོས༔ སེམས་ཅན་ངན་པས་ངན་པར་མ་བསྒྱུར༔ སྤྲོས་པའི་མཐའ་བརྒྱད་དང་བྲལ་བ༔ རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་རང་ཆས་སུ་རྫོགས་པའི་ཚུལ་དང་རྒྱུ་མཚན་རྣམས་ཤེས་པ་ནི་རྟོགས་པ་ཡིན་ཏེ་དེ་ཐེག་པ་གཞན་ལས་འཕགས་པའི་ཁྱད་ཆོས་ཡིན༔ ཐེག་པ་གཞན་རྣམས་ཀྱིས་གཞི་སྟོང་པ་ཡིན་པར་ཤེས་པ་ཐུན་མོང་གི་སྤྱོད་ཡུལ་ཡིན་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་སེམས་འདི་ནི་མྱུར་ལམ་འདིའི་ཁྱད་ཆོས་བླ་ན་མ་མཆིས་པ་ཡིན་ནོ༔ དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱའམ་ཟབ་གསང་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེ་ན་རེ༔ སྐུ་དང་ཡེ་ཤེས་ཀྱི་རང་བཞིན་གང་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་སྐུ་ཞེས་བྱ་བ་ནི་འདི་ལྟ་སྟེ༔ སེམས་ཅན་འཁྲུལ་པའི་སྣང་ཆ་ལ་བསོད་ནམས་བསགས་པའི་སྒོ་དུ་མར་ཤར་བ་ནི༔ དཔེར་ན་ཕྱག་འཚལ་བར་བྱ་བ་ལའང་ལངས་པ་དང་སྡོད་པ་ནི་བསོད་ནམས་བསགས་པ་མ་ཡིན་ཏེ༔ ཕྱག་འཚལ་བར་ཤེས་པའི་དད་གུས་དང་ཕྱག་འཚལ་བ་དགེ་བར་སེམས་པའི་རྣམ་རྟོག་དེས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པ་ཡིན་པའི་དོན་ཤེས་པ་དེ་གཞི་བདེ་བར་གཤེགས་པའི་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་དེའི་འཇུག་སྒོ་ཡིན་པ་དང་༔ བསྐོར་བ་བྱེད་པའི་གོམ་པ་འདོར་བ་ནི་བསོད་ནམས་བསགས་པ་མ་ལགས་ཏེ༔ བསྐོར་བ་བྱེད་པའི་ཤེས་པ་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན༔ སཱཙྪ་དང་མཆོད་རྟེན་བཞེངས་པ་ཡང་ས་རྡོ་འབུར་པོ་བྱས་པ་ནི་བསོད་ནམས་བསགས་པ་མ་ལགས་ཏེ༔ དགེ་བ་བྱེད་པའི་འདུ་ཤེས་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན་ནོ༔ མར་མེ་འབུལ་བ་ཡང་མར་མེ་ལ་བསྲེགས་པ་བསོད་ནམས་བསགས་པ་མ་ཡིན་ཀྱང་མཆོད་པ་འབུལ་བའི་འདུ་ཤེས་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན༔ ཡོན་ཆབ་འབུལ་བ་ཡང་ཆུ་ཕོར་བཀང་བ་བསོད་ནམས་མ་ཡིན་ཏེ་ཡོན་ཆབ་འབུལ་བའི་འདུ་ཤེས་དེ་ཉིད་ཀྱིས་བསོད་ནམས་བསྐྱེད་པས་དེའི་འཇུག་སྒོ་ཡིན༔ གཞན་ཡང་མཆོད་པ་གང་བྱས་ཀྱང་དངོས་པོའི་བཅུད་ལེན་མཁན་མེད་པས་དེ་དེར་གནས་པ་མངོན་སུམ་ཚད་མ་ཡིན་ན་བསོད་ནམས་བསགས་པར་མི་འགྱུར་ཡང་དགེ་བའི་བསོད་ནམས་བསྐྱེད་པར་འགྱུར་བའི་འདུ་ཤེས་དེས་མ་འོངས་པ་ནའང་གནས་སྐབས་ཙམ་དུ་སྣང་བ་ལེགས་པ་དང་སེམས་ལ་བདེ་བའི་ཉམས་རེ་འཆར་བའི་རྒྱུར་འགྱུར་བ་ཡིན༔ ངག་གིས་བཟླས་བརྗོད་བྱེད་པ་ཡང་ཚིག་ལབ་པ་ཙམ་གྱིས་བསོད་ནམས་ཀྱི་རྒྱུར་འགྲོ་བ་མ་ཡིན་ཏེ༔ བསམ་པ་དགེ་བའི་ཤེས་པ་དེ་ཉིད་གཞིའི་ཉག་ཕྲན་ཞིག་ཡིན་པས་འབྲས་བུ་ཡང་དེས་བསྐྱེད་པ་ཡིན་ལ་དེ་དག་གི་འཇུག་སྒོ་ནི་ཆོས་ཉིད་རང་གི་ཡེ་ཤེས་ཡིན་ནོ༔ དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ནས་ཆུ་བླངས་ཏེ་འདི་རྒྱ་མཚོ་ཡིན་པར་བརྗོད་ན་དེ་རྒྱ་མཚོ་ཉིད་ཀྱང་མ་ཡིན༔ རྒྱ་མཚོའི་ཉག་ཕྲན་ཡིན་པས་རྒྱ་མཚོ་མ་ཡིན་པའི་ཆུ་ཡང་མ་ཡིན༔ སྦྱིན་པ་བཏང་བ་ཡང་དེ་བཞིན་དུ་གནས་སྐབས་སུ་བདེ་བ་ཅུང་ཟད་རེ་བསྐྱེད་པའི་ཐབས་སུ་སེམས་ཅན་རྣམས་ཀྱི་ལམ་གྱི་འཇུག་སྒོར་ཤར་བ་དེ་དག་ཀྱང་ཆོས་ཉིད་ཀྱི་རྩལ་ཡིན་ནོ༔ དཔེར་ན་རྨི་ལམ་དུ་ལྷ་ཁང་ལེགས་པར་སྐུའི་རྟེན་ཕྱག་རྒྱ་སྣ་ཚོགས༔ གསུང་གི་རྟེན་ཡི་གེ་སྣ་ཚོགས༔ ཐུགས་ཀྱི་རྟེན་མཆོད་རྟེན་དང་རྡོ་རྗེ་ཕུར་པ་ལ་སོགས་པ་བཀོད་པ་མཐོང་ནས་དེ་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་དང་བསྐོར་བ་བྱེད་པ་སོགས་རྨིས་པར་གྱུར་ན་སད་པའི་དུས་སུ་ངེས་པར་དེ་ལྟར་བྱས་སོ་བསམ་ཀྱང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་བསྐྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་བསམ་པའི་བྱེད་ལས་ཀྱིས་ལས་དགེ་བར་འགྱུར་ན་དགེ་བ་ཡིན་པར་ལམ་ཁྱེར་བྱས་ཏེ་མི་དགེ་བ་བཅུ་ལ་སོགས་པའི་ལས་བྱས་ཀྱང་དགེ་བར་འགྱུར་བ་ཡིན་ནམ་མ་ཡིན་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་སེམས་ཅན་ཡིན་པར་ཤེས་པ་དང་༔ བསམ་པ་གསོད་སེམས་སྐྱེས་པ་དང་༔ སྦྱོར་བ་སྲོག་ལ་རྒོལ་བ་དང་༔ མཐར་ཐུག་སྲོག་གི་དབང་པོ་འགག་པར་བྱ་བ་སོགས་མི་དགེ་བའི་ལས་ཐམས་ཅད་ལ་རང་འདོད་ཀྱི་ཤེས་པ་དང་༔ གཞན་སྣང་གི་ཤེས་པ་བག་ཉལ་དུ་ཡོད་པ་ལས་མི་དགེ་བ་བསྐྱེད་པ་སྟེ༔ དེ་མི་དགེ་བ་ཡིན་པ་ལ་རྣམ་རྟོག་གིས་བཟོ་བཅོས་བྱས་པ་ཙམ་གྱིས་དགེ་བར་འགྱུར་བ་མ་ཡིན་ནོ༔ དགེ་སྡིག་ཐམས་ཅད་རྣམ་རྟོག་ཙམ་གྱིས་མ་ཡིན་ཏེ་གཞི་ཤེས་པ་ཡིན་པས་དེའི་བྱེད་ལས་ཁོ་ནས་བདེ་སྡུག་སྐྱེད་པ་ཡིན་པས་ཤེས་པར་མཛོད་ཅིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་པས་བདེ་བ་བསྐྱེད་པ་བསོད་ནམས་ཀྱི་རྒྱུ་ཡང་རྣམ་རྟོག་ཡིན་པ་དང་༔ སྡུག་བསྔལ་བསྐྱེད་པའི་རྒྱུ་ཡང་རྣམ་རྟོག་ཡིན་པར་གོ་བས་དེའི་ཕྱིར་དབྱེ་བ་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཤེས་པ་རྣམ་རྟོག་ཐམས་ཅད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་ཡང་གཞི་ཤེས་པ་བག་ལ་ཉལ་བས་ཀུན་ནས་བསླངས་ཏེ་ལས་བྱེད་པའི་སྣང་བ་ཤར་བ་ལ་འབྲས་བུ་སྨིན་པས་བདེ་སྣང་དང་སྡུག་སྣང་དང་བདེ་སྡུག་ལུང་མ་བསྟན་སོགས་འབྱུང་བ་ནི་ཀུན་སློང་བཟང་ངན་གྱིས་འཕེན་པ་ཁོ་ན་ཡིན་ནོ༔ དོན་ལ་ས་བོན་ཚ་བ་ལས་འབྲས་བུ་ཚ་བ༔ ཁ་བ་ལས་ཁ་བ༔ མངར་བ་ལས་མངར་བ་དུས་སུ་སྨིན་པ་ནི་རྒྱུ་ས་བོན་གྱིས་བསྐྱེད་པའི་ཕྱིར་རོ༔ བདེ་གཤེགས་སྙིང་པོའི་ཉག་ཕྲན་མ་ཡིན་ན་ལས་འབྲས་སུ་སྨིན་པའི་དོན་མ་མཆིས་སོ༔ བདེ་སྣང་སྐྱེ་ཡང་སོ་ཟིན་མེད་པར་གནས་སྐབས་ཙམ་ཡིན་པས་སྙིང་པོ་མ་མཆིས་པ་དང་༔ སྡུག་བསྔལ་མྱོང་ཡང་སོ་ཟིན་མེད་པར་གནས་སྐབས་ཙམ་དུ་མ་མྱོང་བ་ལ་མྱོང་བའི་སྣང་བ་ཤར་བ་རྨི་ལམ་ལྟ་བུ་ཡིན༔ ལས་ངན་པ་བསགས་པ་རྣམས་ལ་དེའི་འཇུག་སྒོ་རྒྱུ་ལས་ངན་པ་བསགས་པས་གནས་སྐབས་སུ་བདེ་བ་ཤར་བའི་མཐར་སྡུག་བསྔལ་འབྱུང་བ་དང་༔ བཟང་པོ་བསགས་པ་ལའང་དེའི་འཇུག་སྒོ་རྒྱུ་ལས་དཀར་པོ་བསགས་པས་གནས་སྐབས་སུ་དཀའ་ཚེགས་ལ་སོགས་པ་སྡུག་བསྔལ་དང་དུ་བླངས་པའི་འབྲས་བུ་མངོན་མཐོའི་བདེ་སྣང་མཆེད་ཅིང་སྤྱོད་པའི་མཐར་ཟད་པའི་ཚེ་འཁོར་བ་ནས་འཁོར་བར་ཁ་བརྒྱུད་དེ་སྡུག་བསྔལ་མྱོང་དགོས་པ་སྟེ༔ གཞིའི་རང་ཞལ་བསྒྲིབས་པའི་མ་རིག་པ་ཉིད་ཀྱིས་བདེ་སྡུག་དང་ལས་བཟང་ངན་ཐམས་ཅད་འཁོར་བའི་རྒྱུར་བསགས་པས་རྣམ་པར་གྲོལ་བའི་ས་ལམ་ལ་བསྒྲིབ་པར་འགྱུར་བ་ཡིན༔ དེས་ན་སྒོམ་པ་ཉམས་སུ་ལེན་པའི་གང་ཟག་རྣམས་ཀྱིས་སེམས་འཛིན་ལ་ནན་ཆེར་འབད་པས་བདེ་སྡུག་གི་ཉམས་སྣ་ཚོགས་མ་ངེས་པར་འཆར་བའང་འཛིན་ཤེས་གཅིག་གིས་གཅུད་པའི་བྱེད་ལས་སོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལས་དཀར་ནག་གི་རྒྱུ་དང་འབྲས་བུ་གཉིས་ཀ་ལ་གཞིའི་རང་ཞལ་བསྒྲིབ་པའི་སྒྲིབ་པར་འགྱུར་བ་ལ་ཁྱད་པར་ཡོད་དམ་མེད༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ལས་དཀར་པོ་བསགས་ཀྱང་འཁོར་བར་བསོད་ནམས་བསགས་པ་ཡིན༔ ལས་ངན་པ་བསགས་ཀྱང་འཁོར་བའི་རྒྱུ་བསགས་པ་ཡིན༔ དེ་གཉིས་ཀ་འཁོར་བའི་གསོས་སུ་འགྱུར་བ་ལས་ཆོས་ཉིད་ཀྱི་རང་ཞལ་བསྒྲིབ་པ་ལ་ཁྱད་པར་མེད་དེ༔ དཔེར་ན་ནམ་མཁར་ཉི་མ་ཤར་བ་ལ་སྤྲིན་དཀར་པོས་བསྒྲིབ་པ་དང་ནག་པོས་བསྒྲིབ་པ་གཉིས་ཀ་ལ་ཁྱད་པར་མེད་དེ་ཉི་མའི་ཞལ་རས་མི་མངོན་པར་སོང་བ་ལྟར༔ གཞིའི་ངང་མདངས་བསྒྲིབ་པ་ལ་ཡང་དགེ་བས་བསྒྲིབ་པ་དང་སྡིག་པས་བསྒྲིབ་པ་ལ་ཁྱད་པར་མེད་པས་རྣམ་མཁྱེན་གྱི་ས་ལམ་ལ་བསྒྲིབ་པར་འགྱུར་བ་ཡིན་ནོ༔ བདེ་སྡུག་གཉིས་ཀ་གང་མྱོང་ཡང་དོན་དམ་པར་གྲུབ་མ་མྱོང་བ་ཡིན་པས་ཕན་གནོད་སྤུ་རྩེ་ཙམ་ཡང་མེད་པར་ངེས་ཀྱང་༔ དེ་ལ་གཞིག་ནས་བདེ་སྡུག་ངེས་པར་མ་གྲུབ་ན་མེད་ལ་ཡོད་སྣང་ཤར་བ་ཙམ་གྱིས་ཅི་གནོད་སྙམ་ན་རྨི་ལམ་གྱི་སྣང་བ་སྡུག་བསྔལ་དུ་ཤར་བ་དེ་ཡང་དོན་གྱིས་གྲུབ་པ་མེད་ཀྱང་མྱོང་བ་ལ་ཁྱད་པར་མེད་པ་ལྟར་བདེ་བས་ངོམས་ཤིང་སྡུག་བསྔལ་ཡང་བཟོད་གླག་མེད་པ་ལ་ཁྱད་པར་མེད་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་ལས་སངས་རྒྱས་དང་སེམས་ཅན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞན་དུ་གང་ཡང་མ་མཆིས་ན༔ སྒྲུབ་དང་དཀྱིལ་འཁོར་ཞིང་དང་སྟོན་འཁོར་ལ་སོགས་པ་དུ་མར་བསྟན་པ་རྣམས་ཀྱི་དགོས་དོན་དང་ངང་ཚུལ་ཇི་ལྟ་བ་བཞིན་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་བདེ་གཤེགས་སྙིང་པོའི་ངང་མངོན་དུ་བྱེད་པ་ལ་བློ་ཡིད་ཀྱིས་བཅོས་བསྒྱུར་འབད་རྩོལ་སྣ་ཚོགས་པས་ཉམས་བདེ་གསལ་མི་རྟོག་འཕྲོ་རྒོད་འཐོར་གསུམ༔ བྱིང་རྨུག་འཐིབ་གསུམ༔ ན་ཚ་བདེ་སྡུག་ཐམས་ཅད་བཙན་ཐབས་སུ་སློང་བར་བྱས་ཏེ་རྣམ་པར་རྟོག་པ་ཐམས་ཅད་གཞིའི་ངང་དུ་ཞི་ནས་ཡེ་གནས་ཀྱི་ཤེས་པ་ངོ་འཕྲོད་དེ་བསྒོམ་པ་ནི་སྤྲུལ་སྐུ་ལམ་བྱེད་རང་བབས་ཀྱི་དྲན་པའི་ངང་སྐྱོང་བ་སྟེ་དེང་སང་གི་དུས་འདིར་ཐམས་ཅད་ཀྱིས་ཐུན་མོང་གི་ཉམས་ལེན་དུ་དོན་གྱི་འཇོག་སོ་བྱེད་པ་ཡིན་ནའང་རྣམ་པར་གྲོལ་བའི་འབྲས་བུ་མི་ཐོབ་པའི་སྐྱོན་ཡོད་དེ༔ དེས་ན་ལྟ་བ་གཏན་ལ་དབབ་ནས་གཞི་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་བྱེད་དགོས་པས༔ དེ་ལ་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་དང་༔ བསྐྱེད་རིམ་ཐབས་ལམ་ལ་བརྟེན་ནས་ངོ་སྤྲོད་པ་དང་གཉིས་ཡོད་དོ༔ ཀྱཻ་རིག་པའི་རྡོ་རྗེ་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པ་ལ༔ དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་སྟེ་ཆོས་ཉིད་ནམ་མཁའི་རོལ་པར་ཐག་བཅད་ནས་ངང་མངོན་གྱུར་ཆེན་པོར་ངོ་སྤྲོད་ས་རང་ཐོག་ཏུ་བཟུང་བས་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་རང་བབས་སུ་འཇོག་པ་ནི་མྱུར་ལམ་རྫོགས་པ་ཆེན་པོའི་ཐེག་པ་ཡིན༔ རྩོལ་མེད་རང་བབས་སུ་བཞག་ནས་ཤི་བའི་མཐར་མ་ཐུག་གི་བར་དུ་ཉམས་སུ་བླངས་ན་སངས་རྒྱས་པར་གདོན་མི་ཟ་བ་ཡིན་ཏེ༔ དེ་ལྟར་མི་ལྡན་པར་སྔོན་གྱི་ལས་ངན་པའི་དབང་གིས་རྣམ་གཡེང་དང་ལེ་ལོའི་དབང་དུ་སོང་ན་འཆི་ཁ་ཐ་མལ་དུ་ལུས་པའང་༔ ལ་ལ་ནི་བདུད་ཀྱིས་བསླུས་པའི་དབང་གིས་གཏམ་དང་མི་ཚིག་གི་རོ་ལ་མྱོང་བ་ཡོད་པར་སྣང་ནས་དེར་ཞེན་ཅིང་ཆགས་ཏེ་འདུ་འཛི་ལ་ཞེན་ནས་དོན་འབྲས་གྲུབ་པ་མེད་པའི་ལབ་མོ་རུ་མི་ཚེ་སྟོང་ཟད་དུ་བཏང་ནས་བསྒོམ་མི་ནུས་ཤིང་འཆི་ཁ་ཐ་མལ་དུ་ལུས་པར་འགྱུར་བ་དང་༔ ལ་ལ་ནི་ཚེ་འདིའི་ཆེ་འདོད་དང་གྲགས་འདོད་རང་རྩིས་རང་མཐོང་རང་བསྟོད་ཀྱིས་རྒྱུད་གང་ནས་མི་ཚེ་གཏོ་ཡས་ལ་ཟད་ཅིང་འཆི་ཁ་ཐ་མལ་དུ་ལུས་པ་དང་༔ ལ་ལ་ནི་ལུས་ཀྱི་འབྱུང་བ་རྒུད༔ འདུ་བའི་ནད་ཀྱིས་བཏབ༔ ན་ཚོད་འཆི་བ་ལ་ཉེ་ཡང་ད་དུང་ཆེ་འདོད་དང་གྲགས་འདོད་ལ་སོགས་པ་ཡིད་ལ་བཏགས་ནས་སྒོམ་སྒྲུབ་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་འཆི་ཁ་ཐ་མལ་པ་ལས་ཞན་པར་སྡུག་བསྔལ་སེམས་ལ་མྱོང་བཞིན་དུ་འཆི་དགོས་པ་དང་༔ ཡང་ལ་ལ་ནི་མྱོང་ཞེན་བློ་ཡིད་ཀྱི་སྤྱོད་ཡུལ་ཅན་མ་གཏོགས་རྩོལ་མེད་བྱ་བཏང་གི་ལྟ་སྒོམ་གྱིས་ཡིད་མི་ཚིམ་ཞིང་བློ་མི་གཏོད་པའི་དབང་གིས་ཉམས་སུ་མི་ལོན་པ་དང་༔ ལ་ལས་ངོ་འཕྲོད་ཀྱང་ཡིད་མི་ཆེས་པའི་དབང་གིས་ཉམས་སུ་མི་ལེན་པ་དང་༔ ལ་ལས་ངོ་འཕྲོད་པ་ཙམ་གྱིས་ཆོག་པར་གོ་ནས་དེའི་ཐོག་ཏུ་ལུས་པ་དང་༔ ལ་ལས་དོན་གོ་ལོག་ཏུ་བཟུང་ནས་བག་མེད་ཀྱི་དབང་དུ་འཁྲུལ་པ་སོགས་སེམས་ཅན་ལས་སྐལ་མེད་པ་རྣམས་དོན་དམ་རྩོལ་མེད་ཀྱི་ལམ་དུ་འདྲོངས་པ་ཤིན་ཏུ་དཀའ་བས༔ དེའི་ཕྱིར་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་དོན་དམ་རྩོལ་མེད་དབྱིངས་སུ་ཁ་དྲང་བའི་ཐབས་སུ་དགོངས་ནས་གཞི་བདེ་གཤེགས་སྙིང་པོའི་སྐུ་དང་ཡེ་ཤེས་མཚན་མར་བཅོས་ཏེ་བསྒྲུབ་བྱའི་ལྷ་དང་ཞིང་ཁམས་གཞལ་ཡས་སྟོན་འཁོར་མིང་དོན་ཡིན་ལུགས་རྣམ་ཐར་མང་པོ་འཁོར་བའི་སྒོ་དང་བསྟུན་ནས་དམིགས་སྒོམ་བཟླས་པ་ལ་སོགས་པའི་སྒྲུབ་ཐབས་མང་པོ་བསྟན་ཏེ་བསྒོམ་བསྒྲུབ་ལ་འབད་པས་ཡུལ་ཕ་གི་བ་ཞིག་ན་ཞིང་ཁམས་ཞེས་བྱ་བའི་ཡངས་པ་ཅན་ཞིག་ཡོད་པ་དེར་བགྲོད་སླེབ་ཡོད་པར་འཆད་པ་ཐམས་ཅད་ཐབས་ཀྱི་ལམ་ཞེས་བྱའོ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔ་དང་རིགས་ལྔ་དང་ཡེ་ཤེས་ལྔའི་རོལ་པར་འགག་བསྡམ་ནས་བསྟན་པ་ཡིན་ཏེ༔ དེ་ཡང་ཡུལ་རང་མཚན་ཅན་དུ་མ་གྲུབ་པར་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་གཞིར་བཞག་སྟེ་གདུལ་བྱའི་དོན་དུ་བསྟན་པ་ནི་ཆོས་སྐུ་མཚན་མ་མེད་པ་དོན་དམ་མམ་ངེས་དོན་དང་༔ མཚན་མའི་གཟེབ་ཀྱིས་བཅིངས་ཏེ་མིང་དང་ཡུལ་རང་མཚན་པར་འཆད་པ་ནི་ཀུན་རྫོབ་བམ་དྲང་དོན་ཡིན༔ དང་པོ་སྐུ་ལྔ་ཞེས་བྱ་བར་འཆད་པ་ནི་འདི་ལྟ་སྟེ༔ ཆོས་ཅན་སྣ་ཚོགས་སྣང་བའི་ཆོས་སོ་ཅོག་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་རོ་གཅིག་པས་ན་ཆོས་ཞེས་བྱའོ༔ ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས༔ ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་དང་༔ ཉམས་ཀྱི་མྱོང་བ་བསམ་གྱིས་མི་ཁྱབ་པ་དང་༔ འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་བསགས་ཏེ་སྤུངས་པ་ལྟ་བུས་ན་སྐུ་ཞེས་བྱའོ༔ སེམས་ཅན་མ་རིག་ལས་ཉོན་གྱིས་བསྒྲིབས་པ་རྣམས་ལའང་ངར་འཛིན་གྱི་ཤེས་པ་སྐྱེས་ཙམ་ནས་རྨི་སྣང་དང་འདི་སྣང་ཕྱི་མའི་སྣང་བ་ཐམས་ཅད་དང་སྣོད་བཅུད་འདོད་ཡོན་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ལོངས་སྤྱོད་དུ་རང་རྫོགས་པ་ལྟར༔ སངས་རྒྱས་པའི་ཚེ་ནའང་དག་པ་གྲོལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་བྱ་བས་མ་བྱས༔ རྩོལ་བས་མ་བསྒྲུབ་པར་ལོངས་སྤྱོད་དུ་རང་ཆས་སུ་རྫོགས་པས་ན་ལོངས་སྤྱོད་རྫོགས་པ་ཞེས་བྱའོ༔ གཞི་བདེ་གཤེགས་སྙིང་པོའི་ངང་ལས་སྤྲུལ་པ་འགྱེད་སྙམ་གྱི་བློ་ཡིད་གཡོ་མ་མྱོང་ཞིང་མི་གཡོ་བ༔ བསམ་བཞིན་དུ་སྤྲུལ་པ་འགྱེད་མ་མྱོང་བས་ན་མ་སྤྲུལ་པ༔ རྒྱ་མཚོའི་གཟའ་སྐར་རྒྱ་མཚོ་ལས་མི་གཞན་བཞིན་དུ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་བདེ་གཤེགས་སྙིང་པོ་ཉིད་ལས་མི་གཞན་པའི་སྤྲུལ་པ་སྣ་ཚོགས་རང་ཆས་སུ་ཤར་བས་ན་སྤྲུལ་སྐུ་སྟེ༔ དེ་ལ་ངར་འཛིན་གྱི་ཤེས་པ་ཙམ་ནས་བདག་གི་ལུས་མི་སྣང་བའི་ཐབས་མ་མཆིས་པས་རྨི་སྣང་དང་ཉིན་སྣང་ཕྱི་མའི་སྣང་བ་ཐམས་ཅད་དུ་ངར་འཛིན་གྱི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདག་ལ་གྲོགས་སུ་ལོངས་སྤྱོད་པའི་ཡུལ་སྲོག་ཆགས་རྣམ་པ་སྣ་ཚོགས་སྐྱེ་འཆི་འགྲོ་འོང་གི་རྣམ་འགྱུར་ལྟར་རྒྱུན་མི་ཆད་པར་སྣང་བ་ཐམས་ཅད་སྐྱེ་བ་སྤྲུལ་སྐུ་ཞེས་བྱའོ༔ གདུལ་བྱ་སྣོད་དང་ལྡན་པའི་ལས་ཅན་རྣམས་ལ་རང་རང་གི་ཁམས་དབང་དང་མཐུན་པའི་བསོད་ནམས་བསགས་པའི་སྒོ་སྣ་ཚོགས་དང་༔ ལམ་གྱི་རིམ་པ་སྣ་ཚོགས་པ་རང་གི་གཟུགས་དང་སྐད་དང་སྤྱོད་པ་དང་མཐུན་པའི་གཟུགས་སྐུ་སྣ་ཚོགས་པ་གདུལ་བྱ་འདུལ་བའི་བླ་མ་དང་སློབ་དཔོན་དང་ཡི་གེ་ལ་སོགས་པ་རང་གི་བདེ་གཤེགས་སྙིང་པོའི་སྤྲུལ་པས་རང་ལ་རང་ལམ་སྟོན་པ་ལ་སྟོན་པ་སྤྲུལ་སྐུ་ཞེས་བྱའོ༔ ཡང་ལྷ་བཟོ་ཆེ་གེ་མོས་བཟོས་པ་དང་༔ སྦྱིན་བདག་ཆེ་གེ་མོས་བཞེངས་པའི་བྲིས་སྐུ་དང་འབུར་སྐུ་དང་རྡུལ་ཚོན་ལས་གྲུབ་པའི་སྐུ་རང་བྱོན་ལ་སོགས་སྐུའི་རྟེན་དང་༔ གསུང་གི་རྟེན་ཡི་གེ་པོ་ཏི་གླེགས་བམ་སྣ་ཚོགས་པ་དང་༔ ཐུགས་ཀྱི་རྟེན་མཆོད་རྟེན་དང་ཕུར་པ་དང་གནམ་ལྕགས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་ཏེ༔ ཕྱག་མཆོད་བསྐོར་བ་ལ་སོགས་བཀུར་སྟི་བྱ་བའི་གནས༔ བསོད་ནམས་བསགས་པའི་ཞིང་སར་སྣང་བ་རྣམས་ནི་སྦྱིན་བདག་བཟོ་བོ་རྣམས་ཀྱིས་མ་ཡིན་ཏེ༔ རང་གི་བདེ་གཤེགས་སྙིང་པོའི་སྤྲུལ་པ་རང་ལ་ཤར་བ་བཟོ་སྤྲུལ་སྐུ་ཞེས་པ་ཡིན་ནོ༔ བདག་ཏུ་སྣང་ཙམ་བདག་གིས་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ་གོས་དང་རྒྱན་དང་ཀ་ཅ་དང་མལ་ཆ་དང་ཟས་སྐོམ་དང་ས་དང་ཆུ་དང་མེ་དང་རླུང་དང་གནས་ཁང་དང་རྩྭ་དང་ཤིང་དང་རྡོ་དང་ལྕགས་དང་ཟངས་དང་དངུལ་དང་གསེར་དང་ར་གན་ལ་སོགས་པའི་མཁོ་བའི་ཡོ་བྱད་དང་མི་མཁོ་བའི་རྫས་དང་སོ་སོ་བསམ་གྱིས་མི་ཁྱབ་པ་སེམས་རྣམ་པར་ཤེས་པ་མེད་པའི་རིགས་འདི་ལྟར་སྣང་བའི་ཆོས་རྣམས་ནི་བེམ་པོ་སྤྲུལ་སྐུ་ཞེས་བྱ་སྟེ༔ སྤྲུལ་སྐུ་རྣམ་པ་བཞི་པོ་དེ་དག་ནི་ངར་འཛིན་གྱི་ཤེས་པ་ཡུལ་དུ་གྱུར་པའི་ཀློང་དུ་བདེ་གཤེགས་སྙིང་པོའི་སྤྲུལ་པ་རང་ཤར་བ་ནི་དཔེར་ན་ཆུ་སྣོད་དུ་ནམ་མཁའི་གཟའ་སྐར་ཤར་བ་རྒྱུ་རྐྱེན་ལྷན་ཅིག་འཚོགས་པ་ལ་རྟེན་འབྲེལ་ཆུའི་གཟའ་སྐར་ལྟ་བུར་སྣང་བ་ཡིན་པས་གདུལ་བྱའི་བདག་འཛིན་དབྱིངས་སུ་མ་ཞིག་གི་བར་དུ་སྤྲུལ་པའི་སྐུ་ཡང་རྒྱུན་མི་ཆད་པར་སྣང་བ་དང་༔ བདག་འཛིན་དབྱིངས་སུ་ཞིག་ཚེ་སྤྲུལ་སྐུའི་འགྲོ་དོན་རྫོགས་པ་ཡང་ཆུ་སྐམ་པས་གཟའ་སྐར་ནམ་མཁའི་གཟའ་སྐར་དུ་ཡལ་བ་ལྟ་བུའོ༔ བདག་འཛིན་དབྱིངས་སུ་མ་ཞིག་གི་བར་དུ་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་འཆར་བ་ནི་ཆུ་དྭངས་གསལ་ལའང་ཆུ་དེ་མ་སྐམ་གྱི་བར་དུ་གཟུགས་བརྙན་རྒྱུན་མི་ཆད་པ་ལྟ་བུའོ༔ སྤྲུལ་པ་རྣམ་པ་སྣ་ཚོགས་པ་བསགས་ཏེ་སྤུངས་པ་ལྟ་བུ་ལ་སྐུ་ཞེས་བྱའོ༔ ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བའི་བདག་ཉིད་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རོ་གཅིག་པའི་དབྱིངས་ཉིད་ངོ་བོ་ཉིད་དང་༔ ཡེ་ཤེས་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུའི་སྐུ་ཞེས་བྱའོ༔ གཞི་དུས་གསུམ་གཡོ་བ་མེད་ཅིང་བཟང་ངན་གང་དུའང་མི་འགྱུར་བས་མི་འགྱུར་བ་དང་༔ མི་ཤིགས་པ་རྡོ་རྗེ་ཆོས་བདུན་དང་ལྡན་པས་རྡོ་རྗེ་ཞེས་བྱ་སྟེ༔ ཆོས་བདུན་ནི་ལས་ཉོན་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ༔ ཡུལ་རྐྱེན་ཐམས་ཅད་ཀྱིས་ནམ་ཡང་མི་ཤིགས་པ༔ འཁོར་འདས་ཐམས་ཅད་ཀྱི་ཡེ་གཞི་ཆེན་པོ་རང་ངོ་ཀ་དག་ཏུ་གནས་པས་བདེན་པ༔ སྐྱོན་དང་ཡོན་ཏན་ཐམས་ཅད་ཀྱིས་བསླད་མི་འཇུག་པས་སྲ་བ༔ དུས་གསུམ་དུ་མི་འཕོ་བར་གཡོ་འགུལ་དང་བྲལ་བས་བརྟན་པ༔ ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་འབིག་ནུས་པས་ཐམས་ཅད་དུ་ཐོགས་པ་མེད་པ༔ འཁོར་འདས་ཀྱིས་བསྒྱུར་དུ་མི་བཏུབ་པས་ཐམས་ཅད་དུ་མ་ཕམ་པའོ༔ དེ་ལྟར་གཞི་གནས་ཀྱི་ཆོས་སྐུ་བདེ་གཤེགས་སྙིང་པོའི་གནས་ལུགས་དང་ཡིན་ལུགས་ཐམས་ཅད་ལས་སྐལ་མེད་པའི་སེམས་ཅན་རྣམས་ཀྱིས་རྟོགས་མི་སྲིད་པས་འཁོར་བ་མཐའ་མེད་པར་འཁྲུལ་པ་དང་༔ རྟོགས་ཚད་ལ་གདིང་མི་ཐོབ་མི་སྲིད་པ་དང་༔ གདིང་ཐོབ་ན་མི་གྲོལ་མི་སྲིད་པ་དང་༔ གྲོལ་ན་འཚང་མི་རྒྱ་མི་སྲིད་པས་ན་རྡོ་རྗེའི་དམ་བཅའ་བཞི་དང་ལྡན་པ་ཡིན་ཏེ༔ དོན་དམ་མི་ཤིགས་པའི་རྡོ་རྗེ་ཞེས་བྱ་བ་ཡིན༔ དོན་གྱི་རྡོ་རྗེ་དེ་ལ་ལམ་དང་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་བསགས་པའམ་སྤུངས་པ་ལྟ་བུར་ཡོངས་སུ་འདུས་ཤིང་རྫོགས་པས་ན་སྐུ་ཞེས་བྱའོ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔའི་ཆིངས་སུ་འདུ་བར་བྱས་ཏེ་བསྟན་པ་དེ་དག་ཐམས་ཅད་ཀྱང་གཞི་རང་ལ་རང་ཆས་སུ་རྫོགས་པ་དོན་དམ་པ་གཞིའི་མཚན་ཉིད་ཡིན་ཏེ༔ དོན་ཐ་དད་དུ་མ་གྲུབ་པ༔ དངོས་མཚན་སོ་སོར་མ་གྲུབ་པ༔ ཚིག་གིས་བརྗོད་གཞི་མེད་པའོ༔ དེ་མིང་དང་དངོས་མཚན་སོ་སོར་བསྟན་པ་ཐམས་ཅད་ཀུན་རྫོབ་ཞེས་བྱ་བ་ཡིན་ནོ༔ ཡང་ལྷ་ཐམས་ཅད་འབྱུང་བའི་གཞི་ཀུན་ཏུ་བཟང་པོར་བསྟན་པ་དེའི་རྩལ་ཡེ་ཤེས་ལྔ་ལས་རིགས་ལྔའི་སངས་རྒྱས་གྲུབ་པར་འཆད་ལ༔ ཆོས་དབྱིངས་ཡེ་ཤེས་ལས་དབུས་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ མེ་ལོང་ཡེ་ཤེས་ལས་ཤར་ཕྱོགས་ཀྱི་སངས་རྒྱས་དང་འཇིག་རྟེན་གྲུབ་པ་དང་༔ མཉམ་ཉིད་ཡེ་ཤེས་ལས་ལྷོ་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ སོར་རྟོག་ཡེ་ཤེས་ལས་ནུབ་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ བྱ་གྲུབ་ཡེ་ཤེས་ལས་བྱང་ཕྱོགས་ཀྱི་སངས་རྒྱས་དང་དེའི་སྣོད་བཅུད་གྲུབ་པར་སྐད་པ་དེ་དག་ངེས་པའི་དོན་མ་ཡིན་ཏེ༔ དོན་དམ་པར་གཞིའི་ངོ་བོ་སྟོང་པ་ཉིད་འཁོར་འདས་ཐམས་ཅད་ཀྱི་སྤྱི་གཞིར་ཆོས་དབྱིངས་དང་༔ ཡེ་ནས་རང་བྱུང་བས་ཡེ་ཤེས་ཞེས་བྱ་བ་སྟེ༔ དེ་དབུས་སུ་མི་གནས་པ་ལས་དབུས་སུ་བཞག་པ་ཐ་སྙད་ཙམ་མོ༔ གཞི་དྭངས་གསལ་རྙོགས་མ་དང་བྲལ་བ་འཁོར་འདས་ཀྱི་སྣང་བ་ཅིར་ཡང་འཆར་དུ་རུང་བས་མེ་ལོང་དང་༔ རང་བྱུང་ཡེ་གནས་ཀྱི་ཤེས་པ་ཉིད་ལ་ཡེ་ཤེས་ཞེས་བྱ་སྟེ༔ ཤར་དུ་བརྗོད་པ་ཐ་སྙད་ཙམ་མོ༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་ཉིད་བདེ་གཤེགས་སྙིང་པོའི་དབྱིངས་སུ་དག་མཉམ་དུ་ཡོད་པས་མཉམ་ཉིད་དང་༔ ཤེས་དང་ཤེས་བྱའི་ཡུལ་ལས་འདས་ཏེ་དེ་ཉིད་ཀྱི་ངང་ལྐོག་ཏུ་མ་གྱུར་པར་མངོན་དུ་བྱེད་པ་ལ་ཡེ་ཤེས་ཞེས་བྱ་སྟེ༔ ལྷོར་བཞག་པ་ཐ་སྙད་ཙམ་མོ༔ ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་མ་འདྲེས་སོ་སོར་འཆར་བའི་སྒོ་གོ་མ་འགག་པས་སོར་རྟོག་དང་༔ དེའི་ངང་ཚུལ་ཇི་བཞིན་པར་མངོན་དུ་གྱུར་པས་ཡེ་ཤེས་ཏེ༔ དེ་ནུབ་ཏུ་བཞག་པ་ཐ་སྙད་ཙམ་མོ༔ དག་པ་དང་གྲོལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ལྷུན་གྱིས་གྲུབ་པས་བྱ་གྲུབ་དང་༔ དེ་ལྟ་བུའི་གནས་ལུགས་མངོན་དུ་གྱུར་པ་ལ་ཡེ་ཤེས་ཞེས་བྱ་སྟེ༔ དེ་བྱང་དུ་བཞག་པ་ཐ་སྙད་ཙམ་མོ༔ དེ་ལྟར་ཡེ་ཤེས་ལྔ་པོའང་སོ་སོ་མ་ཡིན་ཐ་མི་དད་དེ་གཞི་བདེ་གཤེགས་སྙིང་པོའི་ངོ་བོའི་ངང་ཚུལ་ལ་མིང་སོ་སོར་བཏགས་པ་ཀུན་རྫོབ་དྲང་དོན་དང་༔ དོན་དམ་པར་མིང་དང་དངོས་པོ་མཚན་མར་མ་གྲུབ་ཅིང་ཕྱོགས་ངོས་བཟུང་དང་བྲལ་བའི་ཆོས་སྐུ་མཚན་མ་དང་བྲལ་བ་ཡིན་པར་ཤེས་པར་བྱའོ༔ ཡུལ་ལ་མངོན་པར་ཞེན་པའི་གང་ཟག་རྣམས་ལ་རང་གི་རྒྱུད་དང་བསྟུན་པའི་ཡུལ་ཞིང་ཁམས་སུ་བསྟན་པ་ནི༔ ཀུན་རྫོབ་དྲང་དོན་དུ་དབུས་ཕྱོགས་ན་སྟུག་པོ་བཀོད་པའི་ཞིང་ཁམས་ཡོད་པར་འཆད་པ་ཡང་༔ དོན་དམ་པར་ཡེ་གཞི་བདེ་གཤེགས་སྙིང་པོའི་ཡེ་ཤེས་དང་ཡོན་ཏན་ལྷུན་སྟུག་པོར་བཀོད་པ་གྲངས་དང་མཐས་མི་གཏུག་པའི་ཆ་ལ་སྟུག་པོ་བཀོད་པ་དང་༔ འཁོར་འདས་ཐམས་ཅད་ཀྱི་སྣང་བ་མཆེད་པའི་དབྱིངས་ཆེན་པོར་གྱུར་པའི་ཞིང་ས་ལྟ་བུ་ལ་ཞིང་༔ འཁོར་འདས་ཀྱི་རྣམ་པ་ཇི་ལྟར་ཤར་ཡང་ཁམས་བདེ་གཤེགས་སྙིང་པོ་ཉིད་དུ་རོ་གཅིག་པས་ན་ཁམས་ཞེས་བྱའོ༔ མངོན་པར་དགའ་བའི་ཞིང་ཁམས་སུ་བརྗོད་པ་ཡང་གཞི་དབྱིངས་དྭངས་གསལ་རྙོགས་མ་དང་བྲལ་བའི་ངང་དུ་ཡུལ་རྐྱེན་བདག་པོས་མ་བསྐྱེད་པའི་དགའ་བ་ཆེན་པོ་དང་ལྡན་པའི་ཆ་ལ་མངོན་པར་དགའ་བའི་ཞིང་ཁམས༔ ཡེ་ཤེས་དང་ཡོན་ཏན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞི་རང་ཆས་སུ་རྫོགས་པས་ན་དཔལ་དང་ལྡན་པའི་ཞིང་ཁམས༔ གཞི་དབྱིངས་ཆོས་ཉིད་བདེ་བ་ཆེན་པོའི་རང་བཞིན་ལ་བདེ་བ་ཅན་གྱི་ཞིང་ཁམས༔ གཞི་ཉིད་ལ་དག་པ་དང་གྲོལ་བའི་ཡེ་ཤེས་དང་ཡོན་ཏན་གྱི་ལས་ཐམས་ཅད་བྱ་རྩོལ་མེད་པར་རང་བྱུང་དུ་རྫོགས་པས་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བར་བརྗོད་པ་ཡིན༔ ཤར་ལྷོ་ནུབ་བྱང་དུ་ཡོད་པར་བསྟན་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་ཏེ་གདུལ་བྱ་ཕྱོགས་འཛིན་ཅན་རྣམས་ཁ་དྲང་བའི་ཆེད་དུ་བསྟན་པའོ༔ དེ་ལྟར་ཞིང་ཁམས་མེད་པ་ལ་ཞིང་ཁམས་ཞེས་བྱ་བ་བློ་ཡིད་ཀྱིས་བཀོད་པའི་ཡུལ་དུ་གཞི་བདེ་གཤེགས་སྙིང་པོའི་ཡོན་ཏན་ཡེ་རྫོགས་ཆེན་པོར་བློ་ཡིད་རྟོག་པས་གཞལ་དུ་མེད་ཅིང་མཐར་མི་ཐུག་པས་ན་གཞལ་ཡས་ཞེས་བྱ་བ་དང་༔ འཁོར་འདས་ཐམས་ཅད་ཡོངས་སུ་ཁེངས་པ་དཔེར་ན་རྒྱ་མཚོའི་གཟའ་སྐར་དང་གཟུགས་བརྙན་གྱི་ཁྱིམ་རྒྱ་མཚོ་ཆེན་པོར་ངེས་པ་དང་༔ སྣོད་བཅུད་ཐམས་ཅད་ཀྱི་ཁང་ཁྱིམ་ནམ་མཁའ་ལྟ་བུར་འཁོར་འདས་མཁའ་ཀློང་དུ་འཆར་བའི་ཁྱིམ་ལྟ་བུ་དེ་ཁང་ཁྱིམ་གྱི་གཟུགས་སུ་བཀོད་ནས་བསྟན་པ་ཡིན༔ དེ་དག་ཐམས་ཅད་ཀྱང་དབྱིངས་ཀྱི་ངང་མདངས་སུ་རྫོགས་པ་དོན་དམ་པ༔ གཟུགས་དབྱིབས་ཁ་དོག་ཏུ་འཆད་པ་ཀུན་རྫོབ་བོ༔ རིགས་རུས་སུ་ཞེན་པ་འགྲོ་བ་མི་རྣམས་གྲོང་ཁྱེར་སྟོང་ཕྲག་གཉིས་གསུམ་ཡན་ཆད་ཀྱི་གཙོ་བོ་ལ་རྒྱལ་པོ་དང་༔ དེའི་རིགས་སུ་གཏོགས་པ་ལ་རྒྱལ་རིགས༔ གྲོང་ཁྱེར་བརྒྱ་ཕྲག་མན་ཆད་ཀྱི་གཙོ་བོ་ལ་རྗེ་རིགས་དང་༔ དེའི་རིགས་སུ་གཏོགས་པ་ལའང་རྗེ་རིགས་སུ་འཛིན་པ་དང་༔ འབངས་ཀྱི་རིགས་སུ་གཏོགས་པ་ལ་དམངས་རིགས༔ སྤྱོད་པ་དང་ཁ་ཟས་གཙང་མར་སྤྱོད་ཅིང་དད་བློ་དཀར་པོའི་ཕྱོགས་སུ་ངེས་པ་རྣམས་ལ་བྲམ་ཟེའི་རིགས་དང་༔ གཙང་དམེ་དང་བྲལ་བར་ཟས་སུ་ཤ་ཁྲག་སོགས་ལ་སྤྱོད་ཅིང་བསམ་སྤྱོད་ནག་པོའི་ཕྱོགས་ལ་རྟག་ཏུ་དགའ་བ་གདོལ་པའི་རིགས་སུ་འཛིན་པ་དེ་དག་གི་ཚུལ་དང་བསྟུན་ནས་རིགས་བསྟན་པའི་དོན་ནི་འདི་ལྟ་སྟེ༔ གཞིའི་ངོ་བོ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་གཉིས་སུ་མེད་པར་རོ་གཅིག་པའི་དབྱིངས་ཆེན་པོ་མ་རིག་ལས་ཉོན་གྱི་དྲི་མ་དབྱིངས་སུ་སངས་པས་སངས༔ ཡེ་ཤེས་དང་ཡོན་ཏན་གྱི་ངང་རྒྱས་པས་རྒྱས༔ ངོ་བོའི་ཆ་ལས་འཕྲུལ་པར་བཀོད་པ་ལ་སངས་རྒྱས་ཀྱི་རིགས་ཞེས་དང་༔ གཞི་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ༔ མི་ཤིགས་པ་རྡོ་རྗེ་ལྟ་བུའི་གཞི་ལས་བཀོད་པའི་འཕྲུལ་རྣམས་ལ་རྡོ་རྗེའི་རིགས༔ དཔེ་ཡིད་བཞིན་ནོར་བུ་ཉིད་ཀྱི་བདག་པོ་ཡིད་ལ་ཅི་འདོད་པ་ཐམས་ཅད་སྦྱིན་པ་བཞིན་དུ་གཞི་བདེ་གཤེགས་སྙིང་པོ་ལས་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་གདུལ་བྱ་རང་རང་གི་བློ་རྒྱུད་དང་བསྟུན་པར་ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་དང་༔ ཉམས་ཀྱི་མྱོང་བ་བསམ་གྱིས་མི་ཁྱབ་པ་དང་༔ འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་རྣམས་རང་བྱུང་བས་རིན་པོ་ཆེའི་རིགས་དང་༔ མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་དང་བྲལ་བ་བཞིན་དུ་གཞི་བདེ་གཤེགས་སྙིང་པོ་ཉིད་སྲིད་པ་གསུམ་གྱི་དྲི་མས་མ་གོས་པས་པདྨའི་རིགས་དང་༔ གཞི་བདེ་གཤེགས་སྙིང་པོའི་ངང་དུ་ལས་ཐམས་ཅད་བྱ་བ་དང་རྩོལ་བས་མ་ཡིན་པར་རང་བྱུང་དུ་རྫོགས་པས་ལས་ཀྱི་རིགས་ཞེས་བྱ་བར་ཚིག་ཏུ་བརྗོད་པ་ཙམ་མོ༔ དེ་ལྟར་རིགས་ཐ་མི་དད་པར་རང་ཆས་སུ་རྫོགས་པ་དོན་དམ་པ་དང་༔ རིགས་ཐ་དད་དུ་བཅོས་པ་ནི་ཀུན་རྫོབ་དྲང་དོན་དུ་བསྟན་པ་ཡིན་ནོ༔ སངས་རྒྱས་ཀྱི་རིགས་སུ་གཏོགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྤྲུལ་གཞི་དབུས་ཀྱི་ཡུལ་ལ་དབང་བའི་བདག་པོ་རྣམ་པར་སྣང་མཛད་ཅེས་བྱ་བར་ཡོད་པར་འཆད་པ་ཡང་དོན་དམ་པར་མ་གྲུབ་སྟེ༔ གཞི་དབྱིངས་སྟོང་པའི་རང་མདངས་དྭངས་གསལ་གྱི་ཆ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་མངོན་དུ་གྱུར་པ་ཙམ་གྱིས་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད༔ དེ་མངོན་དུ་མ་གྱུར་པས་འཚང་མི་རྒྱ་བ་དང་མངོན་དུ་གྱུར་པས་སངས་རྒྱས་པར་འགྱུར་བ་ལ་ཚེགས་མེད་པས་སངས་རྒྱས་ཀྱི་རིགས་སོ༔ མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་བདག་ཉིད་ཆེན་པོ་གཞི་དབྱིངས་ཁྱབ་བདག་རྡོ་རྗེ༔ དུས་གསུམ་དུ་གཡོ་འགུལ་མེད་པས་མི་བསྐྱོད་པ་ཆེན་པོ༔ གཞི་དབྱིངས་ལྷུན་གྲུབ་རིན་པོ་ཆེ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་ལས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་ཞིང་ཡང་དག་པའི་དོན་ཐམས་ཅད་དང་ལྡན་པའི་དབྱིངས་ལ་རིན་ཆེན་འབྱུང་ལྡན༔ གཞི་ལས་གཞི་སྣང་གི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་ཞིང་མཐའ་ཡས་པས་སྣང་བ་མཐའ་ཡས༔ གཞི་དབྱིངས་ཉིད་ལ་དམ་པའི་ཆོས་ཐམས་ཅད་ཀྱི་དོན་རང་ཆས་སུ་ཡོད་པས་དོན་ཡོད༔ ཕྲིན་ལས་ཐམས་ཅད་ཡོངས་སུ་གྲུབ་པས་གྲུབ་ཅེས་བྱའོ༔ སྟོང་ཉིད་ནམ་མཁའི་རྡོ་རྗེ་འཁོར་འདས་ཡོངས་ཀྱི་དབྱིངས་ཆེན་མོ་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་ཕྱུག་པ་འཁོར་འདས་ཀྱི་བྱེད་པོ་ཡིན་པས་སྤྱི་དཔལ་དབྱིངས་ཕྱུག༔ འཁོར་འདས་ཡོངས་ཀྱི་མ་ཆེན་མོ་དུས་གསུམ་འཕོ་འགྱུར་བྲལ་བས་བཙུན་མོ་ཞེས་བྱའོ༔ སྟོང་ཆེན་ཁྱབ་བདག་ཆེན་མོ་མི་ཤིགས་པའི་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ༔ སྟོང་ཉིད་རྡོ་རྗེ་བརྡལ་ཁྱབ་ཆེན་པོའི་མཁའ་དབྱིངས་སུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་པར་འཆར་བའི་ཡུལ་དུ་གྱུར་པས་ན་མཁའ་འགྲོ་ཞེས་བྱའོ༔ ཡེ་གཞི་ཀ་དག་ལྷུན་གྱིས་གྲུབ་པའི་དབྱིངས་ལས་འདོད་རྒུ་འབྱུང་བས་རིན་པོ་ཆེ་དང་༔ ཆོས་ཉིད་མི་འགྱུར་བའི་མཁའ་ལ་ཐུགས་རྗེའི་རྩལ་ལས་ལམ་སྣང་དང་འབྲས་བུའི་ཆོས་ཐམས་ཅད་འབྱུང་བས་ན་འགྲོ་ཞེས་བྱའོ༔ ཇི་ལྟར་མེ་ཏོག་པདྨ་ལ་འདམ་གྱིས་མ་གོས་པ་བཞིན་དུ་བདེ་གཤེགས་སྙིང་པོར་ཆགས་པའི་སྐྱོན་གྱིས་མ་གོས་པས་པདྨ༔ ཆོས་ཉིད་ཀྱི་མཁའ་ལ་ཐུགས་རྗེའི་རྩལ་ལས་ཐབས་ཀྱི་འཇུག་སྒོ་དུ་མར་འཆར་བ་ལ་འགྲོ་ཞེས་བྱའོ༔ གཞི་ཡོན་ཏན་ཡེ་རྫོགས་ཆེན་པོའི་ངང་དུ་ལས་ཐམས་ཅད་བྱར་མེད་དུ་གྲུབ་པས་ལས་དང་༔ སྟོང་ཉིད་ལས་ཀྱི་མཁའ་འགྲོའི་མཁའ་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་པར་སྣང་བ་ལ་འགྲོ་ཞེས་བྱ་བར་ཚིག་ཏུ་བརྗོད་པ་ཙམ་མོ༔ ནམ་མཁའ་ནམ་མཁའི་རང་བཞིན་དུ་སྣང་བ་ཐབས་དང་ཀུན་རྫོབ༔ ནམ་མཁའ་རང་བཞིན་གྱིས་མ་གྲུབ་པའི་ངང་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་ཉིད་བཤད་པ་དྲང་དོན་ནོ༔ ས་ས་རུ་སྣང་བ་ཐབས་དང་ཀུན་རྫོབ༔ ས་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ རིན་ཆེན་མཁའ་འགྲོར་མིང་བཏགས་པ་དྲང་དོན་ནོ༔ ཆུ་ཆུ་རུ་སྣང་བའི་རང་བཞིན་ཐབས་དང་ཀུན་རྫོབ༔ ཆུ་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ རྡོ་རྗེ་མཁའ་འགྲོ་མར་བཤད་པ་དྲང་དོན་ཡིན་ནོ༔ མེ་མེ་རུ་སྣང་བ་ཐབས་དང་ཀུན་རྫོབ༔ མེ་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དོན་དམ་པ་སྟེ༔ པདྨ་མཁའ་འགྲོར་བཏགས་པ་དྲང་དོན་ནོ༔ རླུང་རླུང་དུ་སྣང་བ་ཐབས་དང་ཀུན་རྫོབ༔ རླུང་རང་བཞིན་གྱིས་མ་གྲུབ་པའི་ངང་མངོན་དུ་གྱུར་པ་དོན་དམ་དང་ཤེས་རབ་ཅེས་བྱ་སྟེ༔ ལས་ཀྱི་མཁའ་འགྲོ་ཞེས་བྱ་བར་བརྗོད་པ་ནི་དྲང་དོན་ཡིན་ནོ༔ གདུལ་བྱ་ཁ་དྲང་བའི་ཆེད་དུ་བསྟན་པའི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་སོགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔའི་ངང་ལས་མི་གཞན་པའི་དོན་གྱིས་ཐམས་ཅད་དེ་དག་གི་རོལ་པར་ཆུབ་ཅིང་འདུ་བ་ལས་གཞན་དུ་གཅིག་ཀྱང་མ་གྲུབ་པའོ༔ འཁོར་བའི་མི་རྣམས་ལ་རིགས་རུས་ཡུལ་དང་གནས་ཁང་ཕོ་མོ་སོགས་སུ་སྣང་ཞིང་ཞེན་ནས་འཁྲུལ་པ་ཡིན་པས་དེ་ལྟར་མ་བསྟན་ན་དེ་དག་ལ་མངོན་པར་ཞེན་པའི་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་བློ་ཡིད་མི་ཚིམ་ཞིང་རྣམ་པར་གྲོལ་བའི་ལམ་ཉམས་སུ་མི་ལེན་པའི་ཚུལ་དགོངས་ནས་འཁོར་བའི་སྒོ་དང་བསྟུན་ཏེ་ཆོས་སྐུ་མཚན་མ་མེད་པའི་སྐུ་དང་ཡེ་ཤེས་ལ་གཞི་བྱས་ཏེ་དངོས་པོ་མཚན་མ་ཅན་དུ་བསྟན་པ་ལས་ལྷ་དང་ཞིང་ཁམས་ཐམས་ཅད་དོན་ལ་གཅིག་ཀྱང་མ་གྲུབ་ངེས་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཆོས་སྐུ་མཚན་མ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་ལ་དགོངས་གཞི་བྱས་ནས་གདུལ་བྱ་རྟག་འཛིན་ཅན་ལ་དགོངས་ནས་ལམ་མཚན་མ་དམིགས་གཏད་ཅན་དུ་བསྟན་པ་དེ་ཉམས་སུ་ལེན་པའི་ཚུལ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་བསྐྱེད་རིམ་དམིགས་བཅས་ཀྱི་ལམ་ལ་རྣམ་གྲངས་མང་དུ་མཆིས་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པའི་རང་ལམ་ལ་ལམ་ངེས་རྫོགས་ཞེས་བྱ་བ་དང་༔ ལྟ་བ་གྱད་ཀྱི་ལམ་ཞེས་བྱ་བ་གཉིས་ཡོད་པ་ལས༔ སྔ་མ་ནི་ལྷ་དང་ཞིང་ཁམས་ངེས་པར་གྲུབ་པའི་ཡུལ་རང་མཚན་པར་བསྟན་ནས་ཀུན་རྫོབ་ཐབས་ཀྱི་སྒོ་ཁོ་ན་གཙོ་བོར་བསྟན་པ་ལས་དོན་དམ་པའི་ལྟ་བ་ཤུགས་བསྟན་ཙམ་ལས་རྩལ་དུ་མི་འདོན་པ་ཡིན༔ འདིར་ལྟ་བ་གྱད་ཀྱི་རང་ལམ་ལ་དང་པོ་ལྟ་བ་གཏན་ལ་ཕབ་སྟེ་ཡེ་གཞི་གདོད་མའི་སྒྱུ་འཕྲུལ་ཁོ་ན་ལས་གཞན་དུ་ལྷ་དང་དཀྱིལ་འཁོར་མ་གྲུབ་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་དུ་འཕོ་ཞིང་འཇུག་པའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གཞི་བྱས་ཏེ་སྒྱུ་འཕྲུལ་ལྟ་བུའི་ལྷར་སྣང་བཞེངས་པའི་ཚུལ་ཤེས་པས་བསྐྱེད་རིམ་གསལ་སྣང་ལ་གོམས་པར་བྱས་པས་རིག་པ་རང་ཐོག་ཏུ་བརྟན་པ་ཐོབ་པ་དང་༔ ཐ་མལ་གྱི་སྣང་ཞེན་ཞིང་ཁམས་ཀྱི་རང་བཞིན་དུ་འཕོ་བ་དང་༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་དུ་འཇུག་པས་འཕོ་བ་གྲོང་འཇུག་ཅེས་བྱ་བ་ཡིན་ནོ༔ དང་པོ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་རང་བཞིན་དུ་གཏན་ལ་ཕབ་སྟེ་མཐར་རང་རིག་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལས་ནམ་ཡང་མི་འདའ་བར་རང་ཐོག་ཏུ་རང་དམ་བཅའ་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་ཞེས་བྱ་བ་ཡིན་ཏེ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདོ་གཅིག་ཏུ་བསྡུས་ཤིང་སྙིང་པོ་བཅུད་དུ་དྲིལ་བའི་ངང་ལས་མི་འདའ་བར་གནས་པ་ནི་སྐྱབས་འགྲོའི་ངོ་བོ་ཡིན༔ འབྲས་བུ་དེ་ལ་རློམ་ནས་དེའི་རྒྱུ་ལ་སྤྱོད་པ་ནི་འཁོར་བའི་སྒོ་དང་བསྟུན་པའི་ཚུལ་དཔེར་ན་མི་ཞིག་རྒྱལ་ཁབ་གཞན་ཞིག་ཏུ་ཕྱིན་ནས་རང་ཀར་ས་བཟུང་སྟེ་སོ་ནམ་གྱི་ལས་ལ་བརྩོན་ན་ཡུལ་བདག་རྒྱལ་པོས་ཆད་པས་མནར་བ་ལས་འོས་མེད་པ་དང་༔ རྒྱལ་པོ་ལ་སྐྱབས་བྱས་ནས་གནང་བ་ཞུས་ཏེ་རྒྱལ་ཁབ་དེར་སོ་ནམ་དང་ཡུལ་ས་འཛིན་པའི་ལས་ཀ་ཅི་བྱས་ཀྱང་དབང་འབྱོར་བ་བཞིན་དུ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པའི་རང་གདངས་ཕྱི་ནང་གསང་བའི་སྐྱབས་ཡུལ་དུ་བློ་ཡིད་ཀྱིས་བཀོད་དེ་དེ་ལ་སྐྱབས་སུ་མ་སོང་ན་དཀོན་མཆོག་གསུམ་གྱི་བྱ་བ་བྱེད་པ་ལ་དབང་མི་འབྱོར་བས་འབྲས་བུ་མི་འབྱིན་ཅིང་བར་ཆད་ཀྱི་དབང་དུ་འཆོར་བ་དང་དབང་དང་གདམས་པའི་སྣོད་དུ་མི་རུང་བའི་སྐྱོན་དུ་འགྱུར་བས་ན༔ དཀོན་མཆོག་གསུམ་ལ་རྣམ་གསུམ་དད་པའི་སྒོ་ནས་སྐྱབས་སུ་འགྲོ་ཞིང་ལུས་ངག་ཡིད་གསུམ་ལོངས་སྤྱོད་འབྱོར་པ་ཐམས་ཅད་ཆགས་ཞེན་འཛིན་པ་དང་བྲལ་བའི་སྒོ་ནས་འབུལ་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་སྐྱབས་ཡུལ་དམ་པ་བློས་སྐད་ཅིག་ཙམ་ཡང་མི་གཏོང་བ་ནི་དམ་ཚིག་དང་སྡོམ་པ་ཐམས་ཅད་ཀྱི་རྟེན་དབང་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སྲོག་གི་གཏའ་རུ་བཟུང་བར་བྱའོ༔ མཐོ་རུ་གཏོང་ཡང་དམའ་རུ་འཕེན་ཀྱང་སྐྱིད་དུ་འཇུག་གམ་སྡུག་ཏུ་མནར་རམ་ལས་ཅི་བྱུང་ཡང་དཀོན་མཆོག་གསུམ་གྱིས་མཁྱེན་སྙམ་པ་ནི་ཉམས་ལེན་ཐམས་ཅད་ཀྱི་གཞི་རྩ་དམ་པ་ཡིན་ནོ༔ ཁྱད་པར་དུ་གདུལ་བྱ་རང་སྣང་གི་སྟོན་མཆོག་བླ་མ་དམ་པ་ནི་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས་སོགས་ཕྱིའི་སྐྱབས་ཡུལ་དམ་པ་ཀུན་འདུས་སུ་ཤེས་པར་བྱ་བ་དང་༔ སྐུ་གསང་འགྲོ་བའི་བླ་མར་ཤར་བ་བྱིན་རླབས་ཀུན་གྱི་རྩ་བ༔ ཐུགས་གསང་ཡེ་ཤེས་ཀྱི་གཏེར་མཛོད་ཡི་དམ་ཡོངས་འདུས་ཀྱི་རོལ་པ་དངོས་གྲུབ་ཀུན་གྱི་རྩ་བ༔ ཐུགས་རྗེའི་སྒྱུ་འཕྲུལ་བཀའ་སྲུང་ཆོས་སྐྱོང་རྒྱ་མཚོར་ཤར་བ་ཕྲིན་ལས་ཀུན་གྱི་རྩ་བ་རུ་ཤེས་པར་བྱ་བ་དང་༔ ངོ་བོ་ཆོས་སྐུ་མཚན་མ་དང་བྲལ་བ༔ རང་བཞིན་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་རྫོགས་སྐུ༔ ཐུགས་རྗེའི་རང་རྩལ་ས་ལམ་འབྲས་བུའི་འཇུག་སྒོ་སྤྲུལ་པའི་སྐུ་མཆོག༔ དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོ་རུ་ངོ་ཤེས་ཏེ་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་སྐྱབས་སུ་བསྟེན༔ སྐྱབས་འོག་ཏུ་སྡོད༔ བློ་སྙིང་བྲང་གསུམ་ལིང་གིས་བཀལ༔ སྲོག་ལ་བབས་ཀྱང་མི་སྤང་བར་སྒྲུབ་པ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་རུ་བརྟེན་ཏེ་མི་མཉེས་པ་ཏིལ་འབྲུ་ཙམ་ཡང་མི་བྱ༔ རྨི་ལམ་ཙམ་དུ་ལོག་ལྟ་དང་མི་མཉེས་པ་ཤོར་ན་ཡང་འགྱོད་བཤགས་བྱ་བ་གནད་དུ་བཟུང་བར་བྱའོ༔ རྡོ་རྗེའི་བླ་མ་སྤངས་ན་ནི་དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་སྤངས་པ་ཡིན་ཏེ༔ དེའི་རྒྱུད་ལ་ཡེ་ཤེས་དང་ཡོན་ཏན་ས་ལམ་དང་ཉམས་རྟོགས་ཐམས་ཅད་སྨིན་པར་མི་འགྱུར་བ་དང་༔ སྒོ་གསུམ་གྱི་འབད་རྩོལ་ཇི་ལྟར་བྱས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མི་འགྱུར་ཞིང་འབྲས་བུ་སྨིན་པར་མི་འགྱུར༔ བླ་མ་གཞན་ལ་བསྟེན་ཀྱང་བྱིན་རླབས་དང་དངོས་གྲུབ་མི་འབྱུང་༔ དམ་ཚིག་ཉམས་པའི་སྲི་ཞུགས་པས་འགལ་བར་ཡང་འགྱུར་རོ༔ དཔེར་ན་ས་བོན་རུལ་བ་ལ་མྱུ་གུ་དང་འབྲས་བུ་མི་སྨིན་པ་དང་༔ རྩ་བ་རུལ་བའི་སྡོང་པོ་ལ་ཡལ་ག་དང་ལོ་འདབ་མི་སྐྱེ་བ་བཞིན་དུ༔ གསང་སྔགས་ཀྱི་སྡོང་པོའི་རྩ་བ་ལྟ་བུ་རྡོ་རྗེའི་བླ་མ་དང་༔ རྣམ་མཁྱེན་གྱི་འབྲས་བུའི་ས་བོན་ཞིང་ས་ལྟ་བུ་རྡོ་རྗེའི་བླ་མ་ཡིན་པས་འདིའི་ཡིན་ལུགས་ཤེས་ནས་སྐད་ཅིག་ཙམ་དུ་ཡང་མི་སྤང་བར་བསྟེན་པར་བྱའོ༔ དེ་ལྟར་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཤེས་ནས་མདུན་གྱི་ནམ་མཁར་བླ་མ་བསྒོམ་པ་ཡི་དམ་གང་ཡིན་གྱི་ངོ་བོར་བསྒོམ་སྟེ་སྐྱབས་སུ་སོང་ན་སྐྱབས་ཡུལ་གཞན་ནས་འཚོལ་མི་དགོས་ངེས་པ་ཡིན་པས་ཤེས་པར་གྱིས་ཤིག༔ སེམས་བསྐྱེད་པ་ལ་དོན་དམ་པའི་སེམས་བསྐྱེད་ནི༔ སེམས་ཞེས་བྱ་བ་བདག་གཅིག་པུར་དམིགས་པའི་འཛིན་པ་རྒྱ་ཆུང་ལ་གུ་དོགས་པ་རྐྱེན་བདེ་སྡུག་བར་གསུམ་ཉེ་བར་ལེན་ཅིང་ཡུལ་ཐམས་ཅད་རང་མཚན་པར་བཟུང་ནས་དེ་ལ་འདོད་ཞེན་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཏེ༔ དེ་ལྟར་སྣང་བ་དངོས་པོར་འཛིན་པའི་སེམས་སྣང་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ཅིང་༔ བདག་རྟོག་གཉིས་སྣང་གི་དངོས་ཞེན་ཡུལ་མེད་དུ་བསྒྲལ་ནས་བདག་མེད་འཁོར་འདས་འུབ་ཆུབ་ཀྱི་རོལ་པར་བྱར་མེད་སྤྲོས་པ་དང་བྲལ་བའི་ངང་མངོན་དུ་བྱེད་པ་ནི་གནས་ལུགས་ལྷུམས་ཞུགས་ཀྱི་སེམས་བསྐྱེད་ཅེས་སེམས་བསྐྱེད་ཐམས་ཅད་ཀྱི་འབྲས་བུ་ཆོས་ཐམས་ཅད་ཀྱི་དམ་པ་ཡིན༔ དང་པོ་བྱང་ཆུབ་ཀྱི་སེམས་རྟོགས་པར་བྱ་བའི་ཕྱིར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཁོར་འདས་ཐམས་ཅད་ཀྱི་ཡིན་ལུགས་གཏན་ལ་དབབ་པ་སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དང་༔ མཐར་འཁོར་འདས་འུབ་ཆུབ་ཀྱི་རོལ་པ་མངོན་དུ་བྱེད་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའོ༔ གནད་འདི་མ་རྟོགས་པ་རྣམས་ཀྱིས་སེམས་བསྐྱེད་བསྐྱེད་ཅེས་འབྲས་བུ་བྱང་ཆུབ་ཀྱི་སེམས་ལ་སྨོན་ཏེ་རྒྱུ་བསྒྲུབ་པ་དང་༔ དམིགས་བྱའི་ཡུལ་དུ་གྱུར་པའི་རྣམ་རྟོག་གི་སྤྱོད་ཡུལ་བྱང་ཆུབ་ཀྱི་སེམས་མ་ཡིན་པའི་སྨོན་པ་ཙམ་ལ་འཇུག་པ་ཡིན་སྐད་པ་ནི་སྦྲུམ་མའི་ལྷུམས་ན་ཡོད་པའི་ཕྲུ་གུ་ལ་བུའི་མིང་བཏགས་པ་ཙམ་ལས་བྱང་ཆུབ་འཇུག་པའི་སེམས་ནི་དྲི་མ་ཙམ་ཡང་མ་རྟོགས་སོ༔ དེ་ལྟར་ཡང་དག་པའི་བྱང་ཆུབ་ཀྱི་སེམས་མངོན་སུམ་བྱར་མེད་དུ་སྐྱོང་བའི་ལས་སྐལ་མེད་པ་རྣམས་ཀྱིས་ཆེད་དུ་བསམ་པ་བཟང་པོ་ལ་བསླབ་པ་མིང་ཚིག་ཙམ་དུ་སྨོན་འཇུག་སྟོན་པ་ནི༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གསལ་བའི་མདུན་དུ་བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་ཅིང་ཐར་པ་རྣམ་མཁྱེན་གྱི་ས་ལ་འགོད་པར་བྱའོ་སྙམ་དུ༔ སྙིང་རྗེ་དང་༔ བྱམས་པ་དང་༔ དགའ་བ་དང་༔ བཏང་སྙོམས་ཏེ་ཚད་མེད་པ་རྣམ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་དམ་བཅའ་བཟུང་བ་དང་༔ ཁྱད་པར་དུ་ཡི་དམ་གྱི་ལྷ་མཆོག་དེའི་སྒོམ་བཟླས་ཉམས་སུ་བླང་བར་བྱའོ་སྙམ་པ་ནི་སྨོན་སེམས་ཞེས་བྱ་བ་དང་༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གཅིག་ཆར་དུ་རྫོགས་པའི་ཐབས་ཟབ་མོ་ལྷའི་སྒོམ་བཟླས་ལྷུར་ལེན་པ་ལ་འཇུག་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱའོ༔ ཆོས་གང་བསྒྲུབ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོའི་རྒྱུར་འགྲོ་བའི་ཐབས་ཡིན་པར་ཤེས་པར་བྱའོ༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་ཞལ་བསྒྲིབ་པར་བྱེད་པའི་གདོན་བགེགས་འབྱུང་པོ་ཁམས་གསུམ་འཁོར་བའི་བྱེད་པོ་སྲིད་པའི་འདྲེ་བོ་ཆེ་ནི་ངར་འཛིན་ཡིན་ཏེ༔ དེ་ལས་མཆེད་པའི་རྣམ་པར་རྟོག་པ་བཟང་པོ་དཀར་ཕྱོགས་སྲིད་པའི་ལྷ་སྲིན་དང་༔ རྣམ་པར་རྟོག་པ་ངན་པ་ཐམས་ཅད་ནག་ཕྱོགས་གདུག་པའི་འདྲེ་ཆེན་དང་༔ ཞེན་ཅིང་ཆགས་པའི་རྟོག་ཚོགས་ཕྲ་མོ་བགེགས་རིགས་ལན་ཆགས་ཀྱི་བདག་པོ་བདག་མོ་སྟེ༔ དེ་བས་འདྲེ་གདོན་གཞན་དུ་རྡུལ་ཙམ་མ་གྲུབ་པས་དེ་དག་བསྐྲད་པ་དང་བསྒྲལ་བའི་ལས་བྱས་ཀྱང་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་མི་འགྱུར་བས༔ བདག་རྟོག་འཁོར་བའི་སྲོག་རྩ་གཅོད་པར་བྱེད་པའི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་རིག་སྟོང་ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་ཕོ་ཉ་དང་ལས་མཁན་གྱི་ཚུལ་དུ་སྣང་བས་བདག་ལྟའི་རཱུ་དྲ་དབྱིངས་སུ་བསྒྲལ་ནས་སྲིད་པའི་རྩ་བ་དྲུང་ནས་ཕྱུང་སྟེ་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་སྲིད་ཞིའི་སྤྱི་དཔལ་དུ་ལངས་པས་སྣང་བ་རིག་པའི་རྒྱན་དུ་ཤར་བ་གདོད་མ་གཞིའི་ལྷ་སྐུ་མངོན་དུ་གྱུར་པ་ལས་གཞན་དུ་བགེགས་བསྐྲད་མེད་པ་ལས༔ དེའི་ངང་ཚུལ་ལ་གཞི་བྱས་ཏེ་འཁོར་བའི་སྒོ་དང་བསྟུན་པ་ལ༔ དང་པོ་ཡུལ་ཞིག་ཏུ་གནས་བཅའ་བའི་སྔ་ཐོག་ཏུ་དགྲ་རྐུན་དང་གཅན་གཟན་ལ་སོགས་པའི་འཚེ་བ་རྣམས་ཕྱིར་བསྐྲད་ནས་གནོད་པ་མེད་པར་བྱས་ཏེ་མཐར་ཡུལ་ས་འཛིན་པ་ལྟར༔ བདག་སྒྱུ་མ་མཁན་ལྟ་བུས་སྒྱུ་འཕྲུལ་ལྟ་བུའི་སྦྱིན་ཡུལ་རྣམ་པར་རྟོག་པའི་རང་གཟུགས་ལྟད་མོ་མཁན་ལྟ་བུར་བསྐྱེད་དེ༔ སྒྱུ་མའི་རྫས་ལྟ་བུའི་དཀར་མཆོད་དང་དམར་མཆོད་དང་གླུད་གཏོར་རྣམས་ལ་སྒྱུ་མའི་རྫས་སྔགས་ལྟ་བུའི་སྦྱང་སྔགས་དང་སྤེལ་སྔགས་རྣམས་བརྗོད་པས་དེ་དག་གི་དབང་པོ་དྲུག་ཆུ་སྣོད་ལྟ་བུའི་ཀློང་དུ་འདོད་ཡོན་གྱི་སྣང་བ་གཟའ་སྐར་གྱི་གཟུགས་བརྙན་ལྟ་བུར་འཕྲུལ་བར་བྱ་བ་ཏིང་ངེ་འཛིན་སྒྱུ་མ་ལྟ་བུས་བསྔོས་པས༔ ལན་ཆགས་ཐམས་ཅད་འཁོར༔ བུ་ལོན་ཐམས་ཅད་སོད༔ ཤ་མཁོན་ཐམས་ཅད་འདུམ་པར་གྱུར་པའི་དམིགས་པ་བྱེད་པ་རྐྱེན་ངན་དང་བར་ཆད་ཐམས་ཅད་སེལ་བ་ལ་མཆོག་ཏུ་བསྔགས་པ་ཡིན༔ དེ་ནས་རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་ཁྲོ་བོ་རྔམས་བརྗིད་འཇིགས་སུ་རུང་བ་ཞིག་ཏུ་གསལ་ཞིང་དེའི་སྐུ་གསུང་ཐུགས་ལས་སྤྲུལ་པའི་མེ་དཔུང་དང་དྲི་ངན་ཚོགས་དང་ལྕགས་སྡིག་མཚོན་ཆ་དང་ཐུན་རྫས་སྣ་ཚོགས་སེར་རླུང་བཞིན་དུ་འཕྲོས་པས༔ གནོད་བྱེད་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཤོག་སྐྱ་རླུང་གིས་དེད་པ་ལྟ་བུར་རང་དབང་མེད་པར་མཐའི་ལྕགས་རི་ནག་པོའི་རྒྱབ་གླིང་བར་མུན་པའི་སྨག་རུམ་དུ་བསྐྲད་ནས་མགོ་འཁོར་ཞིང་འཐུམ་པར་བསམ་པ་ནི་བགེགས་བསྐྲད་པའི་དམིགས་པ་ཞེས་བྱ་བ་སྟེ༔ སྒྲུབ་པའི་ལྷ་དང་དཀྱིལ་འཁོར་བསྒོམ་པ་ལ་བར་དུ་གཅོད་པའི་རྐྱེན་མི་འབྱུང་བའི་ཐབས་སུ་བསྟན་པ་ཡིན་ལ༔ རྣམ་པར་རྟོག་པ་འདྲེ་རུ་བཟུང་བས་དངོས་གྲུབ་འབུར་འཇོམས་བྱེད་པའི་གེགས་སེལ་བའི་ཐབས་ཟབ་མོའོ༔ སྲུང་འཁོར་ལ་དོན་གྱི་སྲུང་འཁོར་ནི་འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རོལ་པར་ཤེས་པས་གནོད་བྱེད་དང་གནོད་ཡུལ་ཐམས་ཅད་གདོད་ནས་མ་གྲུབ་པར་ཐག་ཆོད་པས་བགེགས་བྱེད་དང་གནོད་བྱེད་ཐམས་ཅད་རང་སར་གྲོལ་ནས་ཡུལ་མེད་དུ་གཏོང་བ་ཡིན་ལ༔ དེ་ནི་དོན་དམ་པའི་སྲུང་འཁོར་རམ་རང་བྱུང་རྣམ་དག་གི་སྲུང་འཁོར་ཞེས་ཀྱང་བྱའོ༔ དེ་ལྟར་ཤེས་ཀྱང་དབང་པོའི་བྱེད་ལས་ཀྱིས་བློ་གདིང་མེད་པ་རྣམས་ལ་དེའི་ཚུལ་བསྟན་པ་ནི༔ ཕར་སྤྲོས་པའི་སྤྲུལ་པ་ཕྲིན་ལས་ཀྱི་ཆོ་འཕྲུལ་མཚམས་གཅོད་ཀྱི་ཁྲོ་ཆུང་མཚོན་ཐུན་རྣམས་ཚུར་འདུས་པ་ལས་སྟེང་འོག་བར་གསུམ་ཐམས་ཅད་སྲུབ་དང་གོ་མཚམས་མེད་པར་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་འཁོར་ལོ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རྡོ་རྗེ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རིན་ཆེན་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་པདྨ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རལ་གྲི་རྒྱ་གྲམ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་གི་ར་བ་དང་༔ དེའི་ཕྱི་རིམ་དུ་རྡོ་རྗེའི་རླུང་ནག་སྤུ་གྲི་རེག་གཅོད་ཀྱི་གུར་ཁང་ཆེན་པོ༔ དེའི་ཕྱི་རིམ་དུ་རྡོ་རྗེའི་ཆུ་བོ་རྦ་རླབས་རབ་ཏུ་འཕྱོ་བའི་ར་བ་རྣམས་བསྒོམ་པས་རྣམ་པར་རྟོག་པའི་ཆོ་འཕྲུལ་ལས་སྐྱེས་པའི་གདོན་བགེགས་ཐམས་ཅད་མཚམས་ཆོད་པར་ངེས་ཏེ༔ དཔེར་ན་དགྲ་སྲུང་བའི་ཕྱིར་ར་བ་བྱས་པ་ལྟ་བུའོ༔ མ་དག་འཁྲུལ་པའི་སེམས་སྣང་ཐམས་ཅད་གཏན་ལ་ཕབ་ནས་གཞིའི་གནས་ལུགས་སམ་ཡིན་ལུགས་ཀྱི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་གོལ་ཤོར་གྱི་འཛོལ་བཀག་པ་ཡིན་ཏེ༔ མ་རྟོགས་ལོག་རྟོག་ཐམས་ཅད་སྒོམ་པ་ཉམས་ལེན་གྱི་སྐྱོན་ཆེན་པོ་ཡིན་པས་དེའི་ཕྱིར་དང་པོ་ཤེས་ཤིང་རྟོགས་པར་བྱ་བ་དོན་གྱི་བྱིན་འབེབས་ཡིན༔ དེའི་དོད་དུ་འཁོར་བའི་སྒོ་དང་བསྟུན་པ་ལ༔ དཔེར་ན་དང་པོ་མི་ཞིག་གིས་གནས་ཁང་གསར་པ་ཞིག་ཏུ་ས་འཛིན་པའི་སྔ་ཐོག་ཏུ་སྐྱོན་ཅི་ཡོད་ཐམས་ཅད་བསལ་ནས་བདེ་བ་དང་མཛེས་པ་དང་བཀོད་ལེགས་པ་ཡིད་དུ་འོང་བར་བྱི་དོར་བྱེད་པ་ཇི་བཞིན་དུ༔ རང་གི་དད་པ་དང་མོས་གུས་ཆེན་པོའི་ཤུགས་ཀྱིས་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་བས་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་འཐིབ་པ་ལྟ་བུའི་རྣམ་པ་དང་༔ སྐུ་ཕྱག་རྒྱ་ཕྲ་མོ༔ གསུང་ཡིག་འབྲུ་སྣ་ཚོགས༔ ཐུགས་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་རང་དང་གནས་དང་སྒྲུབ་ཁང་དང་སྒྲུབ་རྫས་རྣམས་ལ་ཐིམ་པས༔ གནས་རང་སྣང་དོན་གྱི་འོག་མིན་དང་༔ གནས་ཁང་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་དང་༔ སྒྲུབ་རྫས་ཡེ་ཤེས་ཀྱི་བདུད་རྩི་དང་༔ སྒྲུབ་པ་པོའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་ཡང་ཡང་བསམ་སྟེ༔ སྒྲུབ་པའི་གནས་དང་ཁང་ཁྱིམ་སྒྲུབ་རྫས་སྒྲུབ་པ་པོ་རྣམས་ལྷ་དང་དཀྱིལ་འཁོར་དུ་སྒྲུབ་པའི་འོས་སུ་བྱ་བའོ༔ ཆོས་སྐུ་སྤྲོས་མཐའ་དང་བྲལ་བའི་དབྱིངས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་བྱུང་བའི་ངང་ཚུལ་མངོན་དུ་བྱེད་པ་དོན་དམ་པའི་མཆོད་པ་བྱིན་བརླབ་དང་༔ ཀུན་རྫོབ་སེམས་ཅན་འཁྲུལ་པའི་དབང་ཡུལ་དུ་འདོད་ཡོན་གྱི་བཀོད་པ་རང་སྣང་བ་རྣམས་སྐུ་དང་ཡེ་ཤེས་ཆེན་པོས་རྒྱས་བཏབ་པས༔ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཕྱི་ཉེར་སྤྱོད་བདུན་ནང་འདོད་ཡོན་ལྔ་སོགས་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར་པར་བསམ་པ་དང་༔ ཁྱད་པར་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་ཞུ་བ་སྨན་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་དང་༔ སྣང་སྲིད་བཅུད་དུ་དྲིལ་བའི་བ་ལིང་དམར་གྱི་གཏོར་མ་འདོད་རྒུའི་དཔལ་ཡོན་ཐམས་ཅད་འབྱུང་བའི་གནས་སུ་གསལ་བ་དང་༔ ཁམས་གསུམ་འཁོར་བའི་འདོད་ཆགས་ཆགས་མེད་བདེ་བའི་ངོ་བོར་ཞུ་བ་དམར་ཆེན་རཀྟའི་རྒྱ་མཚོ་ཁོལ་བ་ལ་སོགས་པ་ལྷ་སོ་སོའི་སྤྱོད་ཡུལ་དུ་འདོད་རྒུ་ཡིད་བཞིན་འཇོ་བའི་རང་བཞིན་རྡོ་རྗེ་གསུམ་གྱི་སྙིང་པོས་བྱིན་གྱིས་བརླབས་པ་དང་༔ སྒྱུ་མའི་རྫས་ལྟར་བཤམས་པའི་དངོས་པོ་རྣམས་སྒྱུ་མའི་སྔགས་ལྟར་རང་རང་གི་སྔགས་བརྗོད་པས་དེ་དེར་སྣང་བའི་རང་བཞིན་ཅན་དུ་བསྒོམ་པར་བྱ་བའོ༔ མཆོད་རྫས་རྣམ་པར་འཕྲུལ་པའང་ཏིང་འཛིན་ནམ་མཁའ་མཛོད་ཅེས་བྱ་བ་ངར་འཛིན་གྱི་ཤེས་པ་མ་ཟད་ཀྱི་བར་དུ་འདོད་ཡོན་གྱི་སྣང་བ་རྒྱུན་མི་འཆད་པར་མཆེད་པ་འདི་དག་མཆོད་པའི་སྤྲིན་དུ་བསྒྱུར་བ་དཔེར་ན་ནམ་མཁའ་དྭངས་གསལ་གྱི་དབྱིངས་ལ་སྒྱུ་མའི་རྫས་སྔགས་བཏབ་པས་ལྟད་མོ་མཁན་གྱི་སྣང་བ་ལ་འདོད་ཡོན་གྱི་སྣང་ཆ་སྣ་ཚོགས་པ་འཆར་བ་བཞིན་དུ༔ མཆོད་སྦྱིན་གྱི་ཡུལ་དུ་གྱུར་པ་རྣམས་ཀྱི་དབང་པོ་ནམ་མཁའ་དྭངས་གསལ་ལྟ་བུར༔ བཤམས་པའི་རྫས་རྣམས་སྒྱུ་མའི་རྫས་ལྟ་བུ་དང་༔ བསམ་པ་སྒྱུ་མའི་བསམ་པ་ལྟ་བུ༔ མཆོད་སྦྱིན་གྱི་ཡུལ་རྣམས་ལྟད་མོའི་ཁྲོམ་ལྟ་བུར་འདོད་རྒུ་མ་ལུས་སྒྱུ་འཕྲུལ་གྱི་སྣང་བ་ལྟར་འཇོ་བར་གསལ་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ༔ དེ་ལྟར་གསལ་ཤེས་པ་ཙམ་གྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་འབྱུང་སྟེ༔ འཁོར་འདས་རང་སྣང་དུ་ཐག་ཆོད་པའི་སྐྱེས་བུ་རྣམས་ཀྱིས་སྤྱོད་ཡུལ་ཡིན་ལ༔ དེ་ལྟར་མི་ཤེས་པ་རྣམས་ཀྱིས་རྣམ་པར་རྟོག་པས་ཡིད་ཡུལ་དུ་གསལ་བར་བྱ་བ་ཡིན་པས་ཤེས་པར་མཛོད་ཅིག༔ དེ་ཐམས་ཅད་དོན་དམ་པར་གཞིར་གནས་ཀྱི་རིག་པ་མངོན་དུ་བྱེད་པའི་ཚུལ་ལ་གཞིར་བཞག་སྟེ༔ ཀུན་རྫོབ་ཏུ་འཁོར་བའི་སྒོ་དང་བསྟུན་ནས་བསྐྱེད་རིམ་ཐབས་ཀྱི་སྔོན་འགྲོའི་བྱ་བར་བསྟན་པ་ཡིན༔ དེ་ཡང་གཞི་རང་གི་མཚན་ཉིད་ལ་ལམ་བྱེད་པའི་ཐབས་སུ་བསྟན་པ་ལས་ཡུལ་གཞན་དུ་མ་ཡིན་པར་ཤེས་པར་བྱའོ༔ ད་ནི་དངོས་གཞི་རྟེན་ཞིང་ཁམས་དང་གཞལ་ཡས་ཁང་༔ བརྟེན་པ་ལྷ་རྣམས་བསྒོམ་པའི་སྔ་ཐོག་ཏུ་མ་དག་པ་ལས་ཀྱི་བསྐལ་པ་དབྱིངས་སུ་བཤིག་སྟེ་དག་པ་ཡེ་ཤེས་ཀྱི་ལྷར་སྣང་བཀོད་དགོས་པ་ལས༔ དཔེར་ན་རྨི་ལམ་གྱི་སྣང་བ་དང་ཉིན་མོའི་སྣང་བ་གཉིས་ཀ་དུས་གཅིག་ལ་འཆར་བ་མ་ཡིན་པ་དང་༔ མིའི་ཡུལ་དང་དམྱལ་བའི་ཡུལ་དུས་གཅིག་ཏུ་མཆེད་མི་སྲིད་པ་བཞིན་དུ་མ་དག་འཁོར་བའི་སྣང་བ་དང་ཡེ་ཤེས་ལྷའི་ཞིང་ཁམས་རྣམས་དུས་གཅིག་ཏུ་གྲུབ་མི་སྲིད་པའི་ཕྱིར༔ དང་པོ་སྣང་བ་སྣོད་ཀྱི་འཇིག་རྟེན་གཡོ་བ་བཅུད་ཀྱི་སེམས་ཅན་འདོད་ཡོན་ལྔའི་ཡུལ་སྣང་དང་བཅས་པ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞིག་པར་བསམ་ལ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ༔ དེ་ཡང་སྟོང་པའི་ངང་ཚུལ་དང་ཡིན་ལུགས་མི་ཤེས་པ་རྣམས་ཀྱིས་མི་སྟོང་པ་ལ་སྟོང་ཚུལ་དུ་རྒྱས་འདེབས་པ་ཙམ་ལས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་སུ་ནི་མངོན་དུ་འགྱུར་བ་མ་ཡིན་ཏེ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་ལྟ་བ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ༔ སླར་ཡང་བརྡལ་ཁྱབ་ཀྱི་ཡེ་ཤེས་ཆེན་པོ་གཞིའི་ཡིན་ལུགས་མངོན་དུ་གྱུར་པ་ལས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ལྟར་ལྷུན་གྲུབ་ཆེན་པོའི་རོལ་པ་མངོན་དུ་གྱུར་ཏེ་ཀུན་ཏུ་སྣང་བར་བྱ་བ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཞེས་བྱ་སྟེ༔ འདི་ནི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པའི་རྣལ་འབྱོར་པ་ཁོ་ནའི་ཡུལ་ལས་གཞན་དག་བློ་ཡིད་ཀྱིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྒོམ་པ་ནི་དམིགས་བསམ་ཅན་ཏེ་ཀུན་ཏུ་སྣང་བ་དངོས་མངོན་དུ་མི་འགྱུར་བས་དེའི་དོད་དུ་བཞག་པ་ཙམ་ཡིན་པས་ཤེས་པར་མཛོད༔ དེ་ནས་སྐད་ཅིག་ཉིད་ལ་ནམ་མཁར་འཇའ་ཚོན་མེད་པ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་དང་༔ ཆུ་ལ་གཟའ་སྐར་མེད་པ་ལ་གཟའ་སྐར་འཕྲལ་དུ་ཤར་བ་བཞིན༔ ཆོས་ཉིད་བརྡལ་ཁྱབ་སྤྲོས་པ་དང་བྲལ་བའི་དབྱིངས་ནས་རིག་པ་རྒྱུའི་ཡི་གེ་ཨོཾ་དཀར་པོ་འོད་དང་འོད་ཟེར་འབར་བར་གསལ་བ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་འབྱུང་བའི་རྒྱུ་ཡིན་ཏེ༔ སྔ་མ་གཉིས་ནི་བློ་ཡིད་རྣམ་པར་རྟོག་པའི་ཡུལ་ལས་འདས་པ་སྟོང་པ་ཉིད་རིག་པའི་ཡེ་ཤེས་དང་༔ ཕྱི་མ་ནི་དམིགས་གསལ་གཉིས་ལྡན་གྱི་སྒྱུ་འཕྲུལ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་བསྐལ་པ་རླུང་གིས་ཆགས་པ་འབྱུང་བ་རིམ་བརྩེགས་སུ་བཤད་པ་ལྟར་ཨོཾ་ལས་ཨེ་ཡིག་ཆད་དེ་ཡོངས་སུ་གྱུར་པ་ལས་ནམ་མཁའ་སྟོང་གསལ་བརྡལ་ཁྱབ་ཀྱི་རང་བཞིན་དུ་བསྒོམ༔ ཡྃ་ཆད་དེ་གནས་སུ་གྱུར་པ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ཅན་དུ་གྱུར༔ བྃ་ཆད་པ་ལས་རྒྱ་མཚོ་ཆུའི་རང་བཞིན་དྭངས་གསལ་རྙོགས་མ་དང་བྲལ་བ་ཟླུམ་པོར་འཁྱིལ་བ༔ ལྃ་འཕྲོས་པ་ལས་གསེར་གྱི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པ་གྲུ་བཞིའི་རྣམ་པ༔ རྃ་ཆད་པ་ལས་དེ་ཐམས་ཅད་ཀྱི་གཤིས་སུ་མེའི་རང་བཞིན་དྲོད་ཀྱི་རྣམ་པ་ཟླ་གམ་པར་གནས་པའོ༔ དེ་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུར་སྣང་ཙམ་ནས་སྟོང་པ་དངོས་མེད་མཁའ་ཀློང་ལྟ་བུར་ཤེས་པར་བྱའོ༔ ཡང་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་སུྃ་འཕྲོས་པས་ས་གཞི་ཐམས་ཅད་བཻ་ཌཱུཪྻ་ལྟར་སྣང་ཞིང་དྭངས་གསལ་འོད་དུ་འབར་བ༔ རི་འབར་འབུར་དང་རྡོ་གསེག་མ་ཅན་དང་ཤིང་ཚེར་མ་ཅན་ལ་སོགས་པའི་རྩུབ་རེག་ཐམས་ཅད་བྲལ་བ༔ ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་བྱད་ལྟ་བུ་རྒྱ་ཆེ་ཞིང་ཁྱོན་ཡངས་པ༔ མནན་ན་སོར་བཞི་ནེམ་ཞིང་བཏེགས་ན་སོར་བཞི་སྤར་བ༔ སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ མཐིང་ག་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་ཁ་དོག་འབར་ཞིང་གསལ་འཚེར་སྣུམ་ལ་དྭངས་པ་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་པདྨ་སྣ་ཚོགས་པས་ས་གཞི་ཡོངས་སུ་གང་བ༔ ནམ་མཁའ་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་ཤིང་ཕྱོགས་མཚམས་ཀྱི་ཁོར་ཡུག་ཏུ་འཇའ་ཡི་སྤྲིན་ཕུང་འཁྲིགས་པའི་ཀློང་དུ་ཡེ་ཤེས་སྒྱུ་འཕྲུལ་གྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་མཛེས་པའི་གར་བསྒྱུར་ཞིང་སྙན་པའི་གླུ་དང་རོལ་མོ་སྣ་ཚོགས་འཁྲོལ་བ༔ བར་སྣང་ལ་མཆོད་པའི་ལྷ་མོ་སྣ་ཚོགས་པས་མཆོད་སྤྲིན་རྒྱ་མཚོས་མཆོད་པ་འབུལ་ཞིང་བཀུར་སྟི་བྱེད་པ༔ ས་གཞིའི་ཕྱོགས་མཚམས་བརྒྱད་ན་རྒྱ་མཚོ་ཆེན་པོ་བརྒྱད་ཡོད་པ༔ དེ་དག་གི་འགྲམ་ན་ནོར་བུའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སིང་འཁྲུངས་པ༔ དེ་དག་གི་བར་མཚམས་སུ་དཔག་བསམ་གྱི་ལྗོན་ཤིང་ལས་འདོད་རྒུའི་ལོངས་སྤྱོད་ཆར་དུ་འབེབས་པ༔ མཚོ་དེ་དག་ལ་བྱ་རིགས་ཅང་ཤེས་པ་མང་པོས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པ༔ དེ་ཡང་སྐད་སྙན་པའི་བྱ་ནི༔ བྱ་ཡི་རྒྱལ་པོ་ངང་པ་གསེར་ལྡན་དང་༔ མཐིང་རིལ་དང་༔ བྱ་ཀ་ཏི་ཀ་དང་༔ ནེ་ཙོ་མི་སྐད་ཤེས་པ་དང་༔ ཁུ་བྱུག་དང་༔ ཤང་ཤང་ཏེའུ་དང་༔ རི་སྐེག་དང་༔ བྱ་ཀ་ལ་པིང་ཀ་ལ་སོགས་པའི་བྱ་རིགས་སྐད་སྙན་པ་བསམ་གྱིས་མི་ཁྱབ་གྲངས་ཀྱིས་མི་ལང་བ༔ ཡིད་དུ་འོང་བའི་བྱ་ནི༔ ཀཾ་ཀ་རི་དང་༔ རྦབ་དང་༔ ཟེར་མོ་དང་༔ ལྷའི་བྱ་དྲིལ་བུའི་སྐད་ཅན་དང་༔ བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ཅན་ལ་སོགས་པ་དུང་དང་དངུལ་གྱི་མདོག་ལྟར་དཀར་བ་དང་༔ གསེར་དང་སྦུར་ལེན་གྱི་མདོག་ལྟར་སེར་བ༔ བྱེ་རུ་དང་པདྨ་རཱ་གའི་མདོག་ལྟར་དམར་བ༔ གཡུ་དང་མརྒད་ཀྱི་མདོག་ལྟར་ལྗང་བ༔ བཻ་ཌཱུཪྻ་དང་ཨིནྡྲ་ནཱི་ལའི་མདོག་ལྟར་མཐིང་བ༔ མུ་མེན་གྱི་མདོག་ལྟར་སྔོ་བ༔ དེ་ལ་སོགས་པའི་བྱ་རྣམས་ཁ་དོག་ལེགས་ཤིང་གཟུགས་མཛེས་པ་སྙན་པའི་གླུ་ལེན་ཅིང་མཛེས་པའི་རྩེ་འཇོ་རོལ་པ་དཔག་བསམ་གྱི་ཤིང་ལ་འབབས་ཤིང་རྒྱ་མཚོ་ལ་འཁོར་བ༔ གཞན་ཡང་སྤྲུལ་པའི་རི་དྭགས་སྣ་ཚོགས་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཡིད་དུ་འོང་བའི་རྩེ་འཇོ་རོལ་པ་ཅང་ཤེས་ཤིང་ཆོས་ཉན་པ༔ དེའི་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ལྕགས་རིས་བསྐོར་བའི་ནང་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་ཆུ་རྫིང་བུར་འཁྱིལ་བའི་འོབས་ཀྱིས་བསྐོར་བ༔ བཏུང་བས་སྐོམ་གདུང་དང་བཀྲེས་པ་སེལ་བ༔ ནད་སྣ་ཚོགས་པའི་ཟུག་རྔུ་ཐམས་ཅད་ཆུའི་དྲི་ཚོར་བ་ཙམ་གྱིས་བྱང་ནས་ཟག་མེད་ཀྱི་བདེ་བ་སྐྱེད་པར་བྱེད་པ༔ དེའི་ལྟེ་བ་སྐྱེད་མོས་ཚལ་གྱི་གནས་མཆོག་མཐོང་ན་མི་མཐུན་པ་མེད་པའི་དབུས་སུ་བྷྲཱུྃ་ལས་གཞལ་ཡས་ཁང་ཆེན་པོ་ནི༔ མེ་ལོང་ཡེ་ཤེས་ཀྱི་མཚོན་བྱེད་ཤར་དཀར་བ་ཤེལ་ལྟར་གསལ་བ༔ མཉམ་ཉིད་ཡེ་ཤེས་ཀྱི་མཚོན་བྱེད་ལྷོ་སེར་པོ་གསེར་གྱི་རྣམ་པ༔ སོར་རྟོག་ཡེ་ཤེས་ཀྱི་མཚོན་བྱེད་ནུབ་དམར་པོ་པདྨ་རཱ་གའི་རྣམ་པ༔ བྱ་གྲུབ་ཡེ་ཤེས་ཀྱི་མཚོན་བྱེད་བྱང་ལྗང་གུ་ཨིནྡྲ་ནཱི་ལའི་རྣམ་པ༔ ཆོས་དབྱིངས་ཡེ་ཤེས་ཀྱི་མཚོན་བྱེད་དབུས་མཐིང་ག་བཻ་ཌཱུཪྻའི་རྣམ་པ་ཅན༔ ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ཤར་ཕྱོགས་སྙིང་རྗེ་ཆེན་པོའི་སྒོ་ཟླུམ་ལ་འཁྱིལ་བ༔ རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ལྷོ་ཕྱོགས་བྱམས་པ་ཆེན་པོའི་སྒོ་གྲུ་བཞིར་ཡོད་པ༔ དབང་གི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ནུབ་ཕྱོགས་དགའ་བ་ཆེན་པོའི་སྒོ་ཟླ་གམ་དུ་ཡོད་པ༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་བྱང་ཕྱོགས་བཏང་སྙོམས་ཆེན་པོའི་སྒོ་གྲུ་གསུམ་དུ་ཡོད་པ༔ སྐུ་བཞི་མཚོན་བྱེད་ཟུར་བཞི་དང་ལྡན་པ༔ ཕྱི་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྲུང་བའི་གུར་ཁང་གིས་བསྐོར་བ༔ གཞལ་ཡས་ཁང་དེའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་གདན་བུམ་པ་བྲེ་དང་ཆོས་འཁོར་གདུགས་བཟང་ཉི་ཟླ་ནོར་བུའི་ཏོག་དང་དྲྭ་བ་དྲྭ་ཕྱེད་དྲིལ་བུ་དང་གཡེར་ཁ་ལས་ཆོས་ཀྱི་སྒྲ་འབྱུང་བ༔ རིན་པོ་ཆེའི་སྒོ་གྲུ་རྟ་བབས་ཐེམ་སྐས་ལ་སོགས་པ་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པ༔ ཕྱོགས་བཞིར་ཉི་ཟླའི་སྐར་ཁུང་ཡོད་པའི་འོད་འཇའ་ཤེལ་གྱི་སྤང་ལེབ་ལ་ཕོག་པས་ཉིན་མོ་འཇའ་ཐིག་འཁྲིགས་ཤིང་མཚན་མོ་འོད་གསལ་བ༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་༔ ནང་དུ་སླེབས་པ་ཙམ་གྱིས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་དུ་བྱེད་པ༔ གཞལ་ཡས་ཁང་དེའི་དབུས་སུ་སྲིད་པ་ལས་རབ་ཏུ་འཕགས་པ་མཚོན་བྱེད་རིན་པོ་ཆེའི་ཁྲི་དཔངས་མཐོ་ཞིང་མཛེས་པ་ཉིད༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་མཚོན་པའི་སེངྒེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ༔ རྒྱུའི་ས་བོན་ཨོཾ་དཀར་པོ་བབས་པ་ལས་འོད་ཟེར་ཡར་འཕྲོས༔ རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་འཇའ་སྤྲིན་འཐིབས་པ་ལྟ་བུའི་རྣམ་པར་ཚུར་འདུས་ཏེ་ཨོཾ་ལ་ཐིམ༔ མར་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ཏེ་གཉིད་བཙན་ཐབས་སུ་དཀྲོག་པ་བཞིན་འཁྲུལ་མི་ཤེས་པའི་ས་ལ་བཀོད༔ འོད་ཟེར་ཚུར་འདུས་པ་དང་དུས་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་དང་སྣོད་བཅུད་འབྱུང་བའི་དཔལ་ཡོན་དྭངས་བཅུད་ཐམས་ཅད་ཚུར་འདུས་ཏེ་ཨོཾ་ལ་ཐིམ༔ ཨོཾ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་བག་ཆགས་ཀྱི་དྲི་མ་བྲལ་བ་མཚོན་ཕྱིར་སྐུ་མདོག་གངས་རི་ལྟར་དཀར་བ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་མཚོན་བྱེད་སྤྱན་གཡས་པ་དང་༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་མཚོན་བྱེད་སྤྱན་གཡོན་པ༔ དོན་དམ་བདེན་པ་མཚོན་བྱེད་སྙན་གཡས་པ་དང་༔ ཀུན་རྫོབ་བདེན་པ་མཚོན་བྱེད་སྙན་གཡོན་པ༔ རང་དོན་ཆོས་སྐུ་མཚོན་པའི་ཤངས་བུག་གཡས་པ་དང་༔ གཞན་དོན་གཟུགས་སྐུ་མཚོན་པའི་ཤངས་བུག་གཡོན་པ༔ མཉམ་ཉིད་བདེ་བ་ཆེན་པོ་མཚོན་པའི་ཞལ་དང་༔ ཞི་བའི་དཀྱིལ་འཁོར་རྫོགས་པ་མཚོན་པའི་ཚེམས་དང་༔ འཁོར་འདས་མཉམ་པར་སྦྱོར་བ་མཚོན་པའི་ལྗགས་དང་༔ ཐབས་བདེ་བ་ཆེན་པོ་མཚོན་པའི་ཕྱག་གཡས་པ༔ ཤེས་རབ་སྟོང་ཉིད་ཆེན་པོ་མཚོན་པའི་ཕྱག་གཡོན་པ༔ སྐུ་ལྔ་དང་ཡེ་ཤེས་ལྔ་མཚོན་པའི་ཕྱག་སོར་བཅུ༔ སྲིད་པའི་མཐའ་ལ་མི་གནས་པ་མཚོན་པའི་ཞབས་གཡས་པ་དང་༔ ཞི་བའི་མཐའ་ལ་མི་གནས་པ་མཚོན་པའི་ཞབས་གཡོན་པ༔ རིགས་ལྔ་དང་ཡུམ་ལྔ་རྫོགས་པ་མཚོན་པའི་ཞབས་སོར་བཅུ༔ རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པ་མཚོན་པའི་ལྷུ་ཚིགས་བཅུ་གཉིས་སཱ་ལའི་ལྕུག་མ་ལྟ་བུར་མཉེན་ཅིང་ལྕུག་པ༔ ཡོན་ཏན་ལྷུན་གྱིས་གྲུབ་པ་མཚོན་པའི་སྐུ་ཡོངས་སུ་རྫོགས་པ༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མཚོན་པའི་བ་སྤུ་ཡེ་ཤེས་ཀྱི་འོད་འབར་བ༔ གདོད་ནས་འཁྲུལ་མི་ཤེས་པ་མཚོན་པའི་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ༔ འགྲོ་བ་རྣམས་རྗེས་སུ་འཛིན་པ་མཚོན་པའི་ཟར་བུས་སྐུ་རྒྱབ་ཁེབས་པ༔ དུས་གསུམ་འཕོ་འགྱུར་བྲལ་བ་མཚོན་པའི་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ འཁོར་འདས་བྱང་ཆུབ་ཆེན་པོར་རོལ་པ་མཚོན་པའི་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཐུགས་ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པ་མཚོན་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས༔ འགྲོ་ལ་རྗེས་སུ་ཆགས་པ་མཚོན་པའི་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པ་མཚོན་པའི་འོད་དང་འཇའ་ཚོན་འཁྲིགས་པའོ༔ ཤར་ཕྱོགས་ནའང་མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་རིན་པོ་ཆེ་ཤེལ་ལྟར་སྣང་བ་དང་༔ ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་གསེར་གྱི་རྣམ་པར་སྣང་བ༔ ནུབ་ཕྱོགས་ན་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་པདྨ་རཱ་གའི་རྣམ་པར་སྣང་བ༔ བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་ཨིནྡྲ་ནཱི་ལའི་རྣམ་པར་སྣང་ཞིང་འོད་འབར་བའོ༔ ཤར་གྱི་ཕྱོགས་དེ་ན་ཧཱུྃ་ལས་སྐྱེས་པའི་དེ་བཞིན་གཤེགས་པ་མི་བསྐྱོད་རྡོ་རྗེ་ཆོས་དབྱིངས་སྐྱེ་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག༔ ཁམས་གསུམ་གྱི་སྒོ་འཕར་གནོན་པའི་ས་གནོན་དང་༔ དོན་དམ་མི་ཤིགས་པ་མཚོན་པའི་རྡོ་རྗེ་བསྣམས་པ༔ ལྷོ་ཕྱོགས་ན་ཏྲཱྃ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་ཡོན་ཏན་ལོངས་སྤྱོད་རྫོགས་པ་མཚོན་པའི་སྐུ་མདོག་སེར་པོ༔ འགྲོ་བ་ཐམས་ཅད་གཏན་དུ་བདེ་བའི་མཆོག་སྟེར་བ་མཚོན་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་དང་༔ ཉམ་ཐག་པའི་འགྲོ་བ་རྣམས་ལ་ཕན་བདེའི་དཔལ་སྟེར་བ་མཚོན་པའི་ནོར་བུ་རིན་པོ་ཆེ་བསྣམས་པ༔ ནུབ་ཕྱོགས་ན་ཧྲཱིཿལས་སྐྱེས་པའི་སྣང་བ་མཐའ་ཡས་འཁོར་འདས་ཡོངས་ལ་དབང་བསྒྱུར་བ་མཚོན་པའི་སྐུ་མདོག་དམར་པོ༔ འཁོར་འདས་དག་མཉམ་ཆེན་པོར་རོལ་པ་མཚོན་པའི་ཕྱག་གཉིས་མཉམ་བཞག་གི་སྟེང་ན༔ ཐུགས་གསང་བ་བདེ་བ་ཆེན་པོའི་ངང་ཡོངས་སུ་རྒྱས་པ་མཚོན་པའི་པདྨ་བསྣམས་པ༔ བྱང་ཕྱོགས་ན་ཨཱཿལས་སྐྱེས་པའི་དོན་ཡོད་གྲུབ་པ་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་འདུས་ཤིང་རྫོགས་པ་མཚོན་པའི་སྐུ་མདོག་ལྗང་གུ༔ འགྲོ་བ་རྣམས་ལ་མི་འཇིགས་པའི་སྐྱབས་ཆེན་པོ་སྦྱིན་པའི་ཕྱག་རྒྱ་དང་༔ ཕྲིན་ལས་རྣམ་བཞིས་གདུལ་བྱ་འདུལ་བ་མཚོན་པའི་སྣ་ཚོགས་རྡོ་རྗེ་བསྣམས་པའོ༔ ལྷ་དེ་དག་གང་བསྒྲུབ་བྱའི་གཙོ་བོར་བཟུང་ཡང་རེ་རེ་ལའང་ལྔ་ཚན་དུ་བསྒོམ་ཞིང་བསྒྲུབ་པ་ནི་ཆོས་སྐུ་བདེ་གཤེགས་སྙིང་པོ་ལ་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པ་གཅིག་ཆར་དུ་རྫོགས་པ་མཚོན་པའི་དོན་གྱིས་ཡིན་པ་ཤེས་པར་བྱའོ༔ དེ་ལྟར་ལྷ་བསྒོམ་པ་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་ནམ་མཁའི་འཇའ་ཚོན་ལྟ་བུ་དང་༔ ཆུའི་ཟླ་གཟུགས་ལྟ་བུ་དང་༔ མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ༔ དྭངས་ཤིང་གསལ་བ་རྙོགས་མ་དྭངས་པའི་ཆུ་ལྟ་བུའི་སྐུ་དབྱིངས་སུ་རྒྱལ་བ་ཐམས་ཅད་ཀྱི་སྐུ་དང་ཞིང་ཁམས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་རང་ཤར་བ་འོད་ཀྱི་ཕུང་པོར་འཁྲིགས་པའི་རྣམ་པར་གསལ་བ་ཡིན༔ དེ་བཞིན་དུ་ཁྲོ་བོའི་དཀྱིལ་འཁོར་ལའང་སྣོད་བཅུད་བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་རྨི་ལམ་དབྱིངས་སུ་སད་པ་ལྟར་ཆོས་ཉིད་སྟོང་ཆེན་ནམ་མཁའི་དབྱིངས་སུ་ཡལ་ནས་སྟོང་པའི་ཡེ་ཤེས་ལ་དབང་བསྒྱུར་ཏེ་བཞག༔ སླར་ཡང་གསལ་བའི་ཡེ་ཤེས་མངོན་དུ་བྱེད་པའི་ངང་དུ་མཉམ་པར་བཞག༔ མཐར་ཐུགས་རྗེ་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རིག་པ་རྒྱུའི་ཡི་གེ་ཧཱུྃ་ཡིག་མཐིང་ནག་མེ་འབར་བར་གསལ་བ་ནི་སྦྱང་བྱ་འཆི་བའི་སྲིད་པ་ལ་ཐུག་ཚེ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་སྟོང་པ་ཧར་སང་ངེ་བའི་ངང་དུ་ཞིག་ནས་ཡུན་ཅིག་དེར་འབྱམས་ཀླས་པ་ནི་སྲིད་པ་ཀུན་གཞི་རུ་ཞིག་པའི་སྐབས་ཡིན་ཏེ༔ སྦྱོང་བྱེད་གཞི་སྟོང་ཉིད་ཀྱི་དབྱིངས་ཆེན་པོ་ལམ་དུ་བྱས་པས་འབྲས་དུས་སུ་ངོ་ཤེས་ཏེ་ཆོས་ཉིད་དེ་བཞིན་ཉིད་ལ་དབང་འབྱོར་བར་འགྱུར་བས་འདི་ལ་གོམས་པར་བྱ་བ་གནད་ཀྱི་དམ་པ་ཡིན་ནོ༔ ཡང་སྦྱང་བྱ་འཆི་བ་འོད་གསལ་དུ་འཕོས་ཚེ་སྟོན་ཀའི་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་ཉི་མས་དཀར་པོར་མ་བསྒྲིབ༔ མུན་པས་ནག་པོར་མ་བསྒྲིབ༔ སྤྲིན་དང་ན་བུན་རླུང་གསུམ་གྱིས་མ་བསླད་པའི་གནས་སྐབས་ལྟ་བུར་རང་རིག་དྭངས་གསལ་རྙོག་མ་དང་བྲལ་བ་རྒྱ་གར་ཡང་མ་ཆད༔ ཕྱོགས་གང་དུའང་མ་ལྷུང་བར་ཁྱབ་བརྡལ་སྤྲོས་མཐའ་དང་བྲལ་བའི་ཐོག་ཏུ་ཕེབས་པར་གྱུར་པ་དེའི་ཚེ༔ སྦྱོང་བྱེད་ལམ་དུས་ཀྱི་འོད་གསལ་རིག་པའི་ཡེ་ཤེས་ངོ་རང་ཐོག་ཏུ་འཕྲོད་དེ་གོམས་པར་བྱས་པའི་སྟོབས་ཀྱིས༔ འབྲས་དུས་སུ་གདིང་རང་ཐོག་ཏུ་ཐོབ་པས་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན༔ དེར་གྲོལ་བའི་ནུས་པ་མ་མཆིས་ན་སྦྱང་གཞི་འོད་གསལ་གྱི་སྣང་བ་མྱོང་ཞེན་ཅན་གྱི་ལུས་འཛིན་པ་དེ་ཉིད༔ སྦྱོང་བྱེད་རིག་པ་རྒྱུའི་ཡི་གེར་ལྡང་ནས་ཞིང་ཁམས་ཀྱི་སྣང་བ་རིམ་བཞིན་དུ་བཀོད་པས༔ འབྲས་བུ་མངོན་གྱུར་གྱི་བཀོད་པ་རང་ཐོག་ཏུ་ཕེབས་པར་འགྱུར་བའི་ཕྱིར༔ ཏིང་ངེ་འཛིན་རྣམ་གསུམ་ལ་ད་ལྟའི་དུས་ནས་གོམས་པར་བྱ་བ་གནད་མཆོག་ཏུ་ཤེས་པར་བྱའོ༔ དེ་ཡང་བསམ་པ་དང་དམིགས་པ་ཙམ་གྱིས་ནི་གཞིར་གནས་ཀྱི་སྟོང་ཉིད་འོད་གསལ་མངོན་དུ་འགྱུར་བ་མ་ཡིན་པས་འབྲས་བུ་ཡང་དེ་ཙམ་ལས་མེད་པ་ཤེས་པར་གྱིས་ཤིག༔ སླར་ཡང་རྒྱུའི་ཡི་གེ་ཡེ་གཞི་སྟོང་ཉིད་རྟེན་མེད་ཀྱི་དབྱིངས་ལ་ཤར་བ་ལས་འོད་མཐིང་ཨེ་ཡི་རྣམ་པར་འཕྲོས་པས་ནམ་མཁའ་དྭངས་གསལ་གྱི་རང་བཞིན་དུ་གྱུར་པ་དང་༔ འོད་ལྗང་ཡཾ་གི་རྣམ་པར་འཕྲོས་པས་རླུང་གི་དཀྱིལ་འཁོར་དུ་སྣང་བར་བྱས༔ འོད་དམར་ར་ཡི་རྣམ་པ་ཅན་དུ་འཕྲོས་པས་རཀྟའི་རྒྱ་མཚོ་རྦ་རླབས་རབ་ཏུ་འཁྲིགས་པར་སྣང་བར་བྱས༔ ཀེཾ་འཕྲོས་པས་རུས་པའི་རི་རབ་གྲུ་གསུམ་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པར་བྱས༔ རྃ་འཕྲོས་པས་བསྐལ་པའི་མེ་རི་མེ་ཕུང་དམར་ནག་རབ་ཏུ་འབར་བའི་རང་བཞིན་ཅན་དུ་བྱས༔ སུྃ་འཕྲོས་པས་འོད་མཐིང་ལས་བྱུང་བའི་ས་གཞི་བཻ་ཌཱུཪྻའི་ཁ་དོག་ཤེལ་ལྟར་གསལ་བའི་འོག་ཏུ་རུས་པའི་རི་རབ་མི་བསྒྲིབ་པར་སྣང་བ༔ ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འུར་འུར་ཆེམ་ཆེམ་དུ་འབར་བའི་ཀློང་དུ་བྷྲཱུྃ་ཆད་པ་ཡོངས་སུ་གྱུར་པ་ལས་བྱུང་བའི་དྲག་པོའི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་༔ ནང་ཐོད་པ་ར་རི་གསུམ་ལས་གྲུབ་པ་སྟེ་ཐོད་པ་སྐམ་པོས་འབྲས་བུ་བྱས་པ༔ ཐོད་པ་རྙིང་པ་ཤ་ལྤགས་སྐམ་པས་ཁ་བད་བྱས་པ༔ ཐོད་རློན་ཁྲག་འཛག་པས་རྩིག་པ་བྱས་པ༔ དེ་ཐམས་ཅད་ལ་གནམ་ལྕགས་ཀྱིས་གཟེར་བཏབ་པའོ༔ དེ་ཡང་འབྲས་བུ་ཆོས་སྐུའི་མཚོན་བྱེད༔ ཁ་བད་ལོངས་སྐུའི་མཚོན་བྱེད༔ རྩིག་པ་སྤྲུལ་སྐུའི་མཚོན་བྱེད༔ གནམ་ལྕགས་ཀྱི་གཟེར་བུ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་མཚོན་བྱེད་དོ༔ མི་ལྤགས་ཀྱིས་ཡ་ཕུབ་བྱས་ཤིང་མི་རོའི་རྒྱལ་མཚན་ཕྱར་བ༔ ཀླུ་ཆེན་པོ་བརྒྱད་ཀྱི་ཀྭ་གདན༔ ལྷ་ཆེན་པོ་བརྒྱད་ཀྱི་ཀྭ་བ༔ གཟའ་ཆེན་པོ་བརྒྱད་ཀྱི་ཀྭ་ཞུ༔ ཕྱོགས་སྐྱོང་དང་འཇིགས་བྱེད་རྣམས་གདུང་དུ་བྲེས་པ༔ རྒྱུ་སྐར་རྣམས་ཀྱི་དྲལ་ཕྱམ་བཀོད་པ༔ སྟེང་འོག་ཕྱོགས་མཚམས་ན་རཱུ་ཏྲ་ཆེ་ཆུང་གི་མགོ་བོའི་ཕྲེང་བ་རྒྱན་དུ་བྱས་པ་ལས་རཀྟའི་ཞམ་ཆུ་འབབས་པ༔ ཁོར་ཡུག་ཐམས་ཅད་དུ་ཁྲག་གི་རྒྱ་མཚོ་འཁྱིིལ་བའི་ལྦུ་བ་ལས་མི་རོ་དང་རྟ་རོ་འཁྲིགས་པ༔ ཕྱི་རོལ་གྱི་ཁོར་ཡུག་ཐམས་ཅད་དུ་མེ་རླུང་འཚུབས་ཤིང་ཐུན་མཚོན་ཕོ་ཉ་ལས་མཁན་དཔག་ཏུ་མེད་པ་སེར་རླུང་ལྟར་འཕྱོ་བ་ཧཱུྃ་ཧཱུྃ་ཕཊ་ཕཊ་སོགས་དྲག་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྟར་ལྡིར་བ༔ དེའི་ཕྱི་རོལ་ཐམས་ཅད་དུ་དུར་ཁྲོད་ཆེན་པོ་བརྒྱད་དང་༔ ཧེ་རུ་ཀའི་གནས་བཅུ༔ གནས་ཉི་ཤུ་རྩ་བཞི༔ ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པ་ཁྲོ་བོ་ཁྲོ་མོ་འཆོལ་བའི་དཀྱིལ་འཁོར་མང་པོ་ལྷུན་གྱིས་གྲུབ་ཅིང་༔ དེར་བཀའ་སྲུང་ཆོས་སྐྱོང་གནས་སྲུང་གཏེར་བདག་ཐམས་ཅད་ཀྱིས༔ ཟས་སུ་བསྟན་དགྲ་གདུག་པ་ཅན་གྱི་ཤ་ཁྲག་དྲོན་མོ་ལ་ལོངས་སྤྱོད་པ༔ ལས་སུ་ཞིང་བཅུའི་སྲོག་དབུགས་སྡུད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་བ༔ རབ་ཏུ་འཇིགས་པའི་གཟུགས་ངོམས་ཤིང་སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ༔ མཚོན་ཆ་རྣོ་ཞིང་རྩུབ་པའི་འཁྲུལ་འགྱེད་པ༔ མ་ངེས་པའི་ཆོ་འཕྲུལ་སྟོན་ཅིང་གསོད་གཅོད་ཀྱི་ལས་ལ་རྔམས་པ༔ ཐུགས་ཞི་བ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་ཐུགས་རྗེས་གང་འདུལ་གྱིས་འགྲོ་དོན་མཛད་པ༔ ཀུན་ཀྱང་སྤྱི་དཔལ་ཆེན་པོའི་སྤྲུལ་པ་ལས་མི་གཞན་པ་སྟེ༔ མདོར་ན་དྲེགས་པ་འཇིགས་བྱེད་རྒྱ་མཚོ་ཐམས་ཅད་རྒྱལ་པོ་དང་བློན་པོ་དང་འབངས་ཀྱི་ཚུལ་དུ་གོ་མཚམས་མེད་པར་འཁོར་བ༔ དེ་དག་གི་ཕྱི་རིམ་དུ་སྲུང་བའི་འཁོར་ལོ་རིམ་པ་དགུས་བསྐོར་བར་བསྒོམ༔ རབ་འཇིགས་དྲག་པོའི་གཞལ་ཡས་ཁང་དེའི་དབུས་སུ་ཡུལ་བརྒྱད་གནས་སུ་དག་པ་མཚོན་པའི་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར༔ ཚོགས་བརྒྱད་གནས་སུ་དག་པ་མཚོན་པའི་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་བཏེགས་པ༔ སྲིད་པ་ལས་རབ་ཏུ་འཕགས་པ་མཚོན་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ༔ སྟོང་ཉིད་དབུ་མ་ཆེན་པོ་དང་༔ འཁོར་བར་མ་ཆགས་པ་མཚོན་པའི་པདྨ༔ ཐབས་བདེ་བ་ཆེན་པོ་དང་ཐིག་ལེ་དཀར་པོའི་ཆ༔ འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན་པའི་ཟླ་བ༔ ཤེས་རབ་སྟོང་ཉིད་ཆེན་པོ་དང་རཀྟ་དམར་པོའི་ཆ༔ ཡོན་ཏན་ཐམས་ཅད་རྫོགས་པ་མཚོན་པའི་ཉི་མ༔ བདག་རྟོག་དབྱིངས་སུ་གསོད་ཅིང་རྟོག་མེད་མཉམ་པ་ཉིད་མཚོན་པའི་བམ་རོ་ཕོ་མོའི་གདན་རྣམས་ཀྱི་སྟེང་དུ༔ དབྱིངས་ནས་ཡི་གེ་ཧཱུྃ་མཐིང་ནག་གདན་ལ་བབས་པ་ལས༔ འོད་ཟེར་ཡར་འཕྲོས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་ཐམས་ཅད་འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པར་འདུས་ཏེ་ཧཱུྃ་ལ་ཐིམ༔ ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་སྡུག་བསྔལ་དང་བཅས་པ་ཐམས་ཅད་ཡུལ་མེད་དུ་སྦྱངས༔ དེ་དག་ཐམས་ཅད་གཉིད་བཙན་ཐབས་སུ་དཀྲོག་པ་བཞིན་དུ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ༔ འོད་ཟེར་ཚུར་འདུས་པ་དང་དུས་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་བཀྲག་གཟི་མདངས་ཐམས་ཅད་དང་༔ འབྱུང་བ་བཞིའི་དྭངས་བཅུད་དཔལ་ཡོན་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་འདུས་ཏེ་ཧཱུྃ་ལ་ཐིམ་པར་བསམ༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རིག་པ་རྒྱུའི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་གཡོན་དུང་ཁྲག་འཛིན་པ༔ སྐུ་གཅེར་བུ་གོས་རྒྱན་མེད་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་ཞབས་གཉིས་གྱད་ཀྱི་དོར་སྟབས་སུ་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ་བདག་གི་གནས་གསུམ་དུ་ཐིམ་པས་ནུས་སྟོབས་རབ་ཏུ་བསྐྱེད་པར་བསམ༔ དེ་ཉིད་གནས་སུ་གྱུར་པ་ལས་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཁྲོ་བོ་ཡོངས་ཀྱི་སྤྲུལ་གཞི་ཆེ་མཆོག་ཧེ་རུ་ཀ་ཆོས་དབྱིངས་སྤྲོས་བྲལ་འགྱུར་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག༔ ཆོས་སྐུ་ངོ་བོ་ཀ་དག་སྟོང་པ་མཚོན་པའི་དབུས་ཞལ་མཐིང་ནག༔ ལོངས་སྐུ་རང་བཞིན་ལྷུན་གྲུབ་གསལ་བ་མཚོན་པའི་གཡས་ཞལ་དཀར་བ༔ སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་མཚོན་པའི་གཡོན་ཞལ་དམར་ནག་ཏུ་འབར་བ༔ སྟོང་པའི་ཡེ་ཤེས་མཚོན་བྱེད་སྤྱན་དབུས་མ༔ གསལ་བའི་ཡེ་ཤེས་མཚོན་བྱེད་སྤྱན་གཡས་པ༔ ཀུན་ཁྱབ་ཡེ་ཤེས་ཀྱི་མཚོན་བྱེད་སྤྱན་གཡོན་པ་དང་༔ བདེན་གཉིས་མཚོན་པའི་སྙན་གཉིས༔ དོན་གཉིས་མཚོན་པའི་ཤངས༔ ལམ་དང་འབྲས་བུ་ཐམས་ཅད་མཚོན་པའི་ཁྲོ་གཉེར༔ མཉམ་ཉིད་བདེ་བ་ཆེན་པོ་མཚོན་པའི་ཞལ༔ འཁོར་འདས་མཉམ་པར་གྲོལ་བ་མཚོན་པའི་ལྗགས༔ ཁྲག་འཐུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས་པ་མཚོན་པའི་ཚེམས་ཕྲེང་གངས་རི་ལྟར་དཀར་བ༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ་བ་མཚོན་པའི་མཆེ་བ་བཞི་གཙིགས་པ༔ གདོད་ནས་འཁྲུལ་མི་ཤེས་པ་མཚོན་པའི་དབུ་སྐྲ་དམར་སེར་གྱེན་དུ་འབར་བ༔ མ་རིག་པའི་མུན་ཁམས་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱེད་པ་མཚོན་པའི་སྨིན་མར་གློག་སྟོང་འཁྱུག་པ༔ བདེ་སྟོང་ཡེ་ཤེས་ཀྱི་རྩལ་ཆེན་པོ་རབ་ཏུ་འབར་བ་མཚོན་པའི་སྨ་ར་དང་ཨག་ཚོམ་ལས་མེ་ཆེན་འབར་ཞིང་མེའི་ཚྭ་ཚྭ་འཕྲོ་བ༔ ཡེ་ཤེས་དྲུག་མཚོན་པའི་ཕྱག་དྲུག་གི་གཡས་ཀྱི་དང་པོ་ན་ཐེག་པ་རིམ་དགུ་དང་ས་དགུ་མཚོན་པའི་རྡོ་རྗེ་རྩེ་དགུ༔ བར་པ་ན་སྐུ་ལྔ་དང་ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ༔ ཐ་མ་ན་སྐུ་གསུམ་དང་ཡེ་ཤེས་གསུམ་མཚོན་པའི་རྡོ་རྗེ་རྩེ་གསུམ་བསྣམས་པ༔ གཡོན་གྱི་དང་པོ་ན་གཟུགས་མེད་པའི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་སྐམ་པོ་ཁྲག་གིས་བཀང་བ༔ བར་པ་ན་གཟུགས་ཁམས་ཀྱི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་ཤ་ར་རི་ཡོད་པ་ཁྲག་གིས་བཀང་བ༔ ཐ་མ་ན་འདོད་ཁམས་ཀྱི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་ལྕང་ལོ་ཅན་ཁྲག་གིས་བཀང་བ་བསྣམས་པ༔ རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་མཚོན་པའི་ཞབས་བཞི་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་༔ ཆོས་ཉིད་ཀྱི་དབྱིངས་སུ་ཐོགས་པ་མེད་པར་བགྲོད་པ་མཚོན་པའི་གཡས་གཡོན་དུ་རྡོ་རྗེ་རིན་ཆེན་འབར་བའི་ཁྱུང་གཤོག་བརྐྱང་བ༔ ཚོགས་ཡུལ་རྒྱན་དུ་ཤར་བ་མཚོན་པའི་དུར་ཁྲོད་དང་དཔལ་ཆས་རྫོགས་པ༔ མ་རིག་པའི་ལོག་རྟོག་ཡེ་ཤེས་ཆེན་པོས་བསྲེག་པ་མཚོན་པའི་མེ་དཔུང་བསྐལ་པ་འཇིག་པར་བྱེད་པའི་མེ་ལྟར་དུ་འབར་བའི་ཀློང་དུ་བཞེངས་པ༔ གཏི་མུག་ཤེས་རབ་ཏུ་རོལ་པ་མཚོན་པའི་བྱ་ཁྱུང་ནག་པོ་ཀླད་ན་ལྡིང་བ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་པ་མཚོན་པའི་ཀུན་བཟང་ཡབ་ཡུམ་རིགས་བདག་ཏུ་བཞུགས་པ༔ ཐབས་བདེ་བ་ཆེན་པོ་མཚོན་པའི་ཡབ་སྤྱི་དཔལ་ཧེ་རུ་ཀའི་རྣམ་རོལ་དུ་ཤར་བ་ལ༔ ཤེས་རབ་སྟོང་ཉིད་ཆེན་པོ་མཚོན་པའི་ཡུམ་གནམ་ཞལ་མ་མཐིང་སྐྱ་སྐུ་ལ་འཁྱུད་པ༔ གཡས་པས་དུག་གསུམ་གཅོད་བྱེད་ཀྱི་ཁ་ཊྭཱྃ་དང་༔ གཡོན་པས་ཁམས་གསུམ་ཁྲག་ཏུ་སྟོབ་པའི་ཐོད་ཁྲག་བསྣམས་པ༔ བདེ་སྟོང་ཟུང་དུ་འཇུག་པ་མཚོན་པའི་ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་༔ ཁམས་གསུམ་འཁོར་བའི་སྒོ་འཕར་གནོན་པ་མཚོན་པའི་གཡས་པ་རོའི་སྙིང་གར་མནན་པ༔ འདོད་ཆགས་རྒྱན་དུ་ཤར་བའི་རྟགས་སུ་མི་ལྤགས་ཀྱི་གཡང་གཞིས་སྟོད་གཡོགས་བྱས་ཤིང་༔ ཞེ་སྡང་རྒྱན་དུ་ཤར་བའི་རྟགས་སུ་སྦྲུལ་དང་མི་མགོའི་ཕྲེང་བས་སྤྲས་པ༔ གཏི་མུག་རྒྱན་དུ་ཤར་བའི་རྟགས་སུ་གཟིག་ཤམ་རློན་པ་སྨད་དུ་དཀྲིས་པ༔ སྲིད་གསུམ་ཐུགས་རྗེས་འཛིན་པའི་རྟགས་སུ་རལ་པ་ཁམ་ནག་སྐུ་རྒྱབ་ཏུ་གྲོལ་བ༔ བདེ་སྟོང་ཟུང་དུ་འཇུག་པ་མཚོན་པའི་རྡོ་རྗེ་པདྨོའི་ལྷུམས་སུ་ཞུགས་པའོ༔ དེ་ལ་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཤར་དུ་ཞེ་སྡང་རྡོ་རྗེ་དཀར་པོ༔ མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་ལྷོ་རུ་ང་རྒྱལ་རྡོ་རྗེ་སེར་པོ༔ སོར་རྟོག་ཡེ་ཤེས་ཀྱི་རང་གདངས་ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར་པོ༔ བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་བྱང་དུ་ཕྲག་དོག་རྡོ་རྗེ་ལྗང་ནག་ཏུ་ཤར་བའོ༔ དེ་ལྟར་ཡི་དམ་དཔལ་ཆེན་པོའི་སྤྱི་བོར་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་གི་ལྟེ་བར་ཨོཾ་དཀར་པོ་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་འོད་འབར་བ༔ མགྲིན་པར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿཡིག་དམར་པོ་ཉི་མ་འབུམ་ལས་ལྷག་པའི་འོད་འབར་བ༔ སྙིང་གར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་ལངས་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་རི་བོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་འོད་འབར་བ་རྣམས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུ་བདེ་བར་གཤེགས་པ་རིགས་ལྔའི་རྣམ་པར་བཞེངས་ཏེ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བུམ་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང་༔ ཉོན་ཤེས་ཀྱི་དྲི་མ་ཐམས་ཅད་སངས་ཀྱིས་དག་ཅིང་རྡོ་རྗེའི་སྙིང་པོ་གནས་གསུམ་དུ་ཞུགས་པས་རྡོ་རྗེ་གསུམ་གྱིས་རྒྱས་བཏབ༔ རྒྱལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ༔ ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བར་དབང་བསྐུར༔ ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་གཙོ་བོར་བཞུགས་པའི་རིགས་ལྔས་དབུ་བརྒྱན་པར་བསམ༔ སླར་ཡང་ལྷ་རྣམས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་འོད་ཕུང་དཀར་དམར་གྱི་རྣམ་པས་རང་ལ་ཐིམ་པས་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར་བའི་སྟོབས་ནུས་བསྐྱེད་པར་བསམ༔ རང་གི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་དབྱིངས་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རོལ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་བདག་དང་སྒྲུབ་རྫས་རྣམས་ལ་མཚོ་ཆེན་པོ་ལ་ཁ་བ་བབ་པ་ལྟར་གཉིས་སུ་མེད་པར་ཐིམ་པར་ཡང་ཡང་བསམ་པ་ནི་སྤྱན་འདྲེན༔ དེ་ནས་བདག་དང་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་བྱོན་ནས་བཞུགས་པའི་རྒྱལ་བ་ཐམས་ཅད་ལ་རང་རང་གི་ཐུགས་དང་མཐུན་པའི་གདན་ཕུལ་ཏེ་ཕུལ་མ་ཐག་ལྷ་རྣམས་བདག་མདུན་རྣམས་ལ་ཐིམ་ནས་རང་རང་གི་གདན་ལ་འཁོད་པར་བསམ་པ་བཞུགས་གསོལ༔ བདག་ཡི་དམ་ལྷར་གསལ་བའི་གནས་ཐམས་ཅད་ནས་ཞིང་གི་རྡུལ་སྙེད་དང་མཉམ་པའི་ཐ་མལ་གྱི་ལུས་ཅན་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་འཚལ་བའི་ལག་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་ལས་མཆོད་པའི་སྤྲིན་རྒྱ་མཚོ་སྤྲོས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ་བས་རྒྱུད་མཉེས་ཤིང་ཚིམ༔ དེ་དག་གི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་ཡི་དམ་ལྷའི་རོལ་པར་གྱུར་ཏེ་བདག་བསྐྱེད་ཀྱི་ཐུགས་ཀར་ཐིམ་པས་གཟི་བྱིན་ནུས་པ་བསྐྱེད་པར་བསམ་པ་ཕྱག་འཚལ༔ མཆོད་ཡོན་གྱིས་སྐུ་བསིལ་བ་དང་༔ ཞབས་བསིལ་གྱིས་ཞབས་བསིལ་བ༔ མེ་ཏོག་གདན་དུ་འབུལ་བ༔ བདུག་སྤོས་ཀྱིས་གནས་དྲི་བཟང་གིས་ཁྱབ་པར་བྱས༔ སྣང་གསལ་གྱིས་ཡིད་ཡུལ་དྭངས་གསལ་སྒྲིབ་གཡོགས་མེད་པར་བྱས༔ དྲི་ཆབ་ཀྱི་དྲི་བཟང་གིས་ཡོ་བྱད་ཐམས་ཅད་དང་སྐུ་ལ་ཁྱབ་པར་བྱས༔ ཞལ་ཟས་སྣ་ཚོགས་པས་ལྗགས་ཀྱི་དབང་པོ་ཚིམ་པར་བྱས༔ སྙན་པའི་རོལ་མོ་སྣ་ཚོགས་པའི་སྒྲས་ཐུགས་བདེ་སྟོང་གི་རོས་ཚིམ་པར་འབུལ་བ་དང་༔ གཟུགས་ཀྱི་ལྷ་མོས་གཟུགས་མཛེས་པ་ངོམས་པས་སྤྱན་ལ་མཉེས་པའི་མཆོད་པ་ཕུལ་ནས་སྤྱན་གྱི་དབང་པོ་ལ་ཐིམ༔ སྒྲའི་ལྷ་མོས་སྒྲ་སྙན་ཐོགས་པས་སྙན་ལ་མཉེས་པའི་མཆོད་པ་ཕུལ་ནས་སྙན་གྱི་དབང་པོ་ལ་ཐིམ༔ དྲིའི་ལྷ་མོས་དྲི་ཞིམ་ཐོགས་པས་ཤངས་ལ་མཉེས་པའི་མཆོད་པ་ཕུལ་ནས་ཤངས་ཀྱི་དབང་པོ་ལ་ཐིམ༔ རོའི་ལྷ་མོས་ཞལ་ཟས་སྣ་ཚོགས་ཐོགས་པས་ལྗགས་ལ་མཉེས་པའི་མཆོད་པ་ཕུལ་ནས་ལྗགས་ཀྱི་དབང་པོ་ལ་ཐིམ༔ རེག་བྱའི་ལྷ་མོས་ན་བཟའ་ཐོགས་པས་ལྷ་རྣམས་ཀྱི་སྐུ་ལ་མཉེས་པའི་མཆོད་པ་ཕུལ༔ སྐུའི་དབང་པོ་ལ་ཐིམ་པས་ཐུགས་བདེ་སྟོང་གི་རོས་ཚིམ་པར་བསམ་པ་རྣམས་ནི་ཕྱི་ནང་གི་མཆོད་པའོ༔ དུག་ལྔ་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཏེ་འབུལ་བ་དང་༔ སྣོད་བཅུད་གཏོར་མའི་རོལ་པར་བསྒྱུར་ཏེ་འབུལ་བ་དང་༔ འཁོར་བ་ཁྲག་གི་རྒྱ་མཚོར་བསྒྱུར་ཏེ་འབུལ་བ་དང་༔ སྣང་སྟོང་ཡབ་ཡུམ་སྦྱོར་བ་ཟག་མེད་བདེ་ཆེན་སྦྱོར་བའི་མཆོད་པ་དང་༔ ཡེ་ཡིན་ཆོས་ཉིད་ཐབས་ཀྱི་རྡོ་རྗེས་ཁམས་གསུམ་བདག་ལྟའི་རཱུ་ཏྲ་བདག་མེད་ཤེས་རབ་ཀྱི་དབྱིངས་སུ་བསྒྲལ་བའི་ཐ་མལ་གྱི་ཡུལ་སྣང་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་དུ་བསྒྱུར་ཏེ་ཕུལ་བས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་བློ་འདས་ཆེན་པོར་བཅོམ་པ་བསྒྲལ་བའི་མཆོད་པའོ༔ སླར་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ཐམས་ཅད་ཡིད་ལ་གསལ་ཏེ་ཆེ་བའི་ཡོན་ཏན་དྲན་པའི་སྒོ་ནས་རང་ལས་སྤྲུལ་པའི་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་ནམ་མཁའ་ལ་མཛེས་པའི་གར་བྱེད་ཅིང་ཕྱག་མཚན་རོལ་མོ་སྣ་ཚོགས་སྒྲོག་པ་དང་༔ ངག་ནས་སྙན་པའི་དབྱངས་ཀྱིས་བསྟོད་པ་གླུའི་མཆོད་པ་འབུལ་བར་བསམ་པ་བསྟོད་པའི་དམིགས་པ་སྟེ༔ མོས་བསྒོམ་ཙམ་དུའང་དེ་ཙམ་གྱི་དམིགས་པ་ནི་མེད་ཐབས་མེད་པ་ཡིན་ལ༔ འདི་ཙམ་ཡང་མེད་པས་སྒྲུབ་པ་བྱེད་པ་ནི་བྱ་དང་བྱིའུ་འུར་བ་ལྟ་བུ་ལས་དོན་མ་མཆིས་ཤིང་དངོས་གྲུབ་མི་འབྱུང་བ་ནི་དཔེར་ན་ཆུ་བསྲུབ་པ་ལས་མར་མི་འབྱུང་བ་ལྟ་བུའོ༔ དོན་དམ་པར་སྟོང་པ་ཉིད་ཀྱི་དོན་གཏན་ལ་དབབ་པས་སྟོང་པའི་རང་བཞིན་གཞིར་གནས་ཀྱི་ལྷ་མཆོག་ཀུན་ཏུ་བཟང་པོའི་རང་ངོ་འཕྲོད་པར་བྱེད་པའི་ཐབས་མཆོག་བླ་ན་མ་མཆིས་པ་ཉིད་དུ་འཁོར་བའི་སྣང་སེམས་ཐམས་ཅད་འཕོ་བར་བྱེད་པ་ཡིན་ཏེ༔ ཀུན་རྫོབ་ཏུ་དེའི་ཚུལ་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒོམ་ཞིང་གསལ་བར་བྱ་བ་ཡིན༔ སྔོན་ཆད་ལས་ཉོན་བག་ཆགས་ཀྱིས་བསྒྲིབ་ནས་གཞིར་གནས་ཀྱི་ལྷ་མངོན་དུ་མ་གྱུར་པ་བེམ་སྟོང་ལུང་མ་བསྟན་དུ་སོང་བ་ལ༔ ད་བདག་མེད་རྟོགས་པའི་ཤེས་རབ་ཀྱི་དབང་པོ་མངོན་དུ་བྱེད་པས་གསལ་སྟོང་འཛིན་པ་དང་བྲལ་བའི་ཡེ་ཤེས་མངོན་དུ་གྱུར་པ་དོན་དམ་པ༔ དམ་ཚིག་པ་བེམ་པོ་ལྟ་བུར་གསལ་བ་ལ་ཡེ་ཤེས་ཀྱི་ལྷ་དབྱིངས་ནས་སྤྱན་དྲངས་ཏེ་དབྱེར་མེད་དུ་བཞག་པ་ནི་ཀུན་རྫོབ་སྟེ༔ ཡུལ་ནས་ཡུལ་དུ་སྤྱན་འདྲེན་པ་དོན་ལ་མ་གྲུབ་ཀྱང་བློ་ཡིད་ཀྱིས་ཡོད་པར་བཞག་པ་ཙམ་མོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དེ་རྒྱུད་ལ་བརྟན་པར་བྱ་བ་དོན་དམ་པ༔ བཤམས་པའི་གདན་ལ་བཞུགས་པར་གསོལ་བས་ལྷ་རྣམས་འཁོད་པར་མོས་པ་ཀུན་རྫོབ༔ རང་སྣང་ཡེ་ཤེས་ཀྱི་རོལ་པ་མངོན་དུ་གྱུར་པ་ལ་ཡིད་ཆེས་པས་དགའ་བ་བསྐྱེད་པ་ནི་ལྟ་བ་མཇལ་བའི་ཕྱག་འཚལ་ཞེས་ཕྱག་འཚལ་མཁན་དང་ཕྱག་འཚལ་བའི་ཡུལ་ཐམས་ཅད་དུ་མ་རོ་གཅིག་ལས་ཐ་དད་མ་གྲུབ་པ་དོན་དམ་པ༔ ཀུན་རྫོབ་ཏུ་འཁོར་བའི་སྒོ་དང་བསྟུན་ཏེ་མི་རྗེ་རྒྱལ་པོ་སོགས་ལ་གུས་པས་འདུད་པར་བྱ་བའི་ཚུལ་དང་མཐུན་པར་གུས་ཕྱག་འཚལ་བ་ཀུན་རྫོབ༔ ཆོས་ཉིད་རྫོགས་པ་ཆེན་པོའི་གནས་ལུགས་མཐོང་ཚེ་སྣང་ཞིང་སྲིད་པའི་འདོད་ཡོན་ཐམས་ཅད་མ་བཤམ་རང་བྱུང་གི་མཆོད་པར་ཤེས་པ་དོན་དམ་པ༔ བཤམས་པའི་རྫས་སྒྱུ་མའི་རྫས་ལྟ་བུ་དང་༔ སྒྱུ་མའི་སྔགས་ལྟ་བུའི་སྤེལ་སྔགས་དང་༔ སྒྱུ་མའི་དམིགས་པ་ལྟ་བུའི་ཡིད་སྤྲུལ་དང་༔ ལྟད་མོ་མཁན་ལྟ་བུའི་ལྷར་སྣང་བཀོད་པའི་དབང་ཡུལ་དུ་སྒྱུ་འཕྲུལ་ལྟ་བུ་འདོད་རྒུར་འཕྲུལ་ཏེ་འབུལ་བ་ཀུན་རྫོབ༔ ཆོས་སྐུ་གཞིར་གནས་ཀྱི་ངང་ཚུལ་དང་ཡོན་ཏན་མཐོང་བ་ལ་ཤིན་ཏུ་ངོ་མཚར་བ་ནི་དོན་དམ་པ༔ མི་ཆེན་དང་རྒྱལ་པོ་སོགས་ལ་མངོན་པར་བསྟོད་ཅིང་བསྔགས་པ་བརྗོད་པའི་ཚུལ་བཞིན་ལྷའི་ཆེ་བའི་ཡོན་ཏན་ལ་བསྟོད་པ་ཀུན་རྫོབ་བོ༔ དོན་ལ་གཞིའི་ཆོས་སྐུ་རང་ལ་རྫོགས་པའི་ངང་ཚུལ་ཤེས་པ་རྫོགས་པ་ཆེན་པོའི་ལྟ་བའི་ངོ་བོ་ཡིན་ཏེ་རིག་པ་མངོན་བྱེད་ཀྱི་ངང་ལ་རྩེ་གཅིག་ཏུ་འཇོག་པ་གནད་ཀྱི་དམ་པར་བཟུང་བར་བྱའོ༔ དེ་ལྟར་ལྷ་གསལ་བ་ན་བདག་ལྷ་རུ་ཤེས་པས་ང་རྒྱལ་བརྟན་པར་བྱ་བ་ནི༔ སྔོན་ཆད་འཁོར་བར་འཁྱམས་ཚེ་སེམས་ཅན་གྱི་ལུས་སུ་སྣང་བ་ལ་བདག་ཏུ་འཛིན་པའི་ཤེས་པ་བག་ལ་ཉལ་བ་ང་རྒྱལ་ཡིན་ཏེ་སྣང་སེམས་ཐམས་ཅད་ཀྱི་བྱེད་པོ་དེའི་ཚུལ་དུ་བདག་ལུས་ལྷར་གསལ་བ་དང་༔ སེམས་ཅན་གྱི་ལུས་སྣང་ང་རུ་འཛིན་པའི་ཤེས་པ་གོ་མ་འགག་པ་དེ་ཀ་ལྷ་ཡིན་གྱི་ཤེས་པ་དང་གོ་བརྗེས་ཏེ་བདག་ལྷ་ཡིན་གྱི་ཤེས་པ་གོ་མ་འགག་པར་བསླབ་པ་ནི་ལྷའི་ང་རྒྱལ་བརྟན་པ་དང་ལྷའི་ཏིང་ངེ་འཛིན་ཞེས་བྱ་སྟེ༔ ལྷ་འགྲུབ་པར་བྱེད་པ་བདག་སྣང་ལྷ་རུ་འཕོ་བའི་གནད་འདི་དང་བྲལ་ན་ལྷ་ཇི་ལྟར་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ༔ འདི་ལྟར་ལྷའི་ང་རྒྱལ་ལ་བརྟན་པ་ཐོབ་ན་མཐར་རིག་པ་ངོ་འཕྲོད་པའི་དུས་སུ་རིག་པ་རང་ཐོག་ཏུ་བརྟན་པ་ཐོབ་ཟིན་པས་རྣམ་པར་གྲོལ་བའི་ས་ལ་འཕེན་པར་འགྱུར་བ་ཡིན༔ ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་ཡིད་ཡུལ་དུ་བཀྲ་ལམ་མེར་གསལ་ཏེ་གསལ་སྣང་ཐོན་པར་བྱ་བ་ལ་བསླབ་པ་ནི་མངོན་དུ་བྱེད་པ་ཡིན༔ རང་གི་ཕུང་ཁམས་སྐྱེ་མཆེད་ཕྱིའི་ཡུལ་སྣང་དང་བཅས་པ་ཡིད་རྣམ་པར་རྟོག་པའི་ཆོ་འཕྲུལ་གྱིས་གསལ་ཞིང་བརྟན་པར་སྣང་བ་བཞིན༔ ལྷའི་ཞིང་ཁམས་དང་ལྷ་ཉིད་གསལ་ཡང་ཡང་བཏབ་པས་གསོས་ཐེབས་ཏེ་ང་རྒྱལ་བརྟན་པོའི་གཞི་བཟུང་བ་ནི་ལྷ་འགྲུབ་པའི་གནད་ཀྱི་མཆོག་ཏུ་ཤེས་པར་བྱའོ༔ ཡ་ཀི་ཆོས་སྐུ་གདོད་མའི་མགོན་པོ་མན་ཆད་ནས༔ མ་ཀི་བདུད་དང་རཱུ་ཏྲ་ཡན་ཆད་ཐམས་ཅད་རང་སྣང་ལས་གཞན་དུ་གྲུབ་པ་གཅིག་ཀྱང་མེད་ངེས་པའི་ཐག་གཏིང་དཔོག་པར་ཆོད་པ་ནི་བསྐྱེད་རིམ་རང་རྒྱུད་པར་མི་གོལ་ཞིང་ལྷ་ཡེ་ཤེས་སུ་གྲུབ་པའི་གནད་ཟབ་ཁྱད་ཅན་ཡིན་ནོ༔ འཁོར་འདས་རང་སྣང་ལས་མི་གཞན་པའི་ངང་ཚུལ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་འདྲེ་སྲིན་ཐེའུ་རང་བསྒྲུབ་ཀྱང་ཀུན་ཏུ་བཟང་པོའི་སྤྲུལ་པ་ལས་མ་འདས་པས་ཡེ་ཤེས་པ་མ་གཏོགས་འཇིག་རྟེན་པ་གཅིག་ཀྱང་མེད་དེ་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་སངས་རྒྱས་པ་ཡིན་ནོ༔ དེ་ལྟར་མ་རྟོགས་པར་བདག་ལ་བདག་ཏུ་བཟུང་༔ གཞན་གཞན་དུ་བཟུང་༔ ལྷ་ལྷ་རུ་བཟུང་༔ འདྲེ་འདྲེ་རུ་བཟུང་བའི་གང་ཟག་རྣམས་ཀྱིས་ལྷ་ཞི་བ་བསྒྲུབ་ཀྱང་གཟུགས་ཁམས་ཀྱི་ལྷར་གོལ་བ་དང་༔ ཁྲོ་བོ་བསྒོམ་ཀྱང་བདུད་དང་སྲིན་པོར་གོལ་ཞིང་༔ ཡེ་ཤེས་པ་བསྒྲུབ་ཀྱང་འཇིག་རྟེན་པར་གོལ་བར་འགྱུར་ངེས་པའོ༔ ཅིའི་ཕྱིར་ན་མ་རིག་པའི་དབང་གིས་གཉིས་འཛིན་དུ་འཁྲུལ་པ་ཡིན་ཏེ༔ མ་རིག་པ་ནི་གཞིའི་ཡིན་ལུགས་མ་རིག་པ་ལ་བྱའོ༔ རིག་པ་ནི་གཞིའི་ཡིན་ལུགས་རིག་པ་ལ་བྱ་སྟེ༔ མ་རིག་པའི་དབང་གིས་ལྷ་བསྒྲུབ་ཚད་སེམས་ཅན་དུ་འགྲུབ་པས་འཇིག་རྟེན་པ་ཤ་སྟག་དང་༔ རིག་པའི་དབང་གིས་ལྷ་བསྒྲུབ་ཚད་ཐམས་ཅད་ཡེ་ཤེས་སུ་འགྲུབ་པ་ནི༔ འཁོར་འདས་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པ་ལས་མ་འདས་པར་རྟོགས་པས་ཐམས་ཅད་ཡེ་ཤེས་པ་ལས་འཇིག་རྟེན་པའི་དྲི་མ་ཙམ་ཡང་མི་འབྱུང་ངེས་པ་ཡིན་ནོ༔ དེ་ལྟར་ལྷར་གསལ་བའི་ཐུགས་ཀར་པདྨ་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་ཁ་དོག་ལྟ་བུའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ་སྟེ་ཧཱུྃ་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཧཱུྃ་གི་ཐིག་ལེ་དང་ནཱ་ད་ལ་ཤེས་པ་གཏད་དེ་བཟླ་བ་ནི་ལྷ་བསྙེན་པ་ཞེས་བྱ་བའོ༔ སྔགས་རྣམས་གདན་ལས་འཕགས་ཏེ་འཁོར་བར་དམིགས་ཏེ་བཟླ་བ་ལ་ཉེ་བསྙེན་ཅེས་བྱའོ༔ དེའི་དུས་སུ་འོད་ཟེར་རབ་ཏུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་ཐིམ་པར་ཡང་ཡང་བསམ་སྟེ་བཟླ་བ་དང་༔ ལྷ་ཧྲིལ་པོ་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཐུགས་ཀའི་སྔགས་འཁོར་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཧཱུྃ་ལ་ཤེས་པ་གཏད་པ་དང་༔ ཟླ་ཚེས་དང་ཐིག་ལེ་ནཱ་ད་ལ་ཤེས་པ་གཏད་པ་རྣམས་རེས་མོས་སུ་བྱའོ༔ རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུར་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་ཡང་ཡང་བསྟིམ་པ་ནི་ལྷ་ལ་གསོས་འདེབས་པ་སྟེ་བསྙེན་པའི་གནད་ཡིན་ནོ༔ གཞན་ཡང་བདག་མདུན་རྣམས་ཡབ་ཡུམ་ཞལ་གསང་བརྒྱུད་དེ་གྱི་ལི་ལི་འཁོར་བའི་འོད་ཟེར་གྱིས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པར་ཡང་ཡང་བསམ་པ་བསྒྲུབ་པའི་གནད་དེ་དཔེར་ན་ལོངས་སྤྱོད་དང་འབྱོར་པ་སྒྲུབ་ཅིང་བསགས་པ་ལྟ་བུར་མཚོན་པ་ཡིན༔ ཡང་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟ་བུར་སངས་ཀྱིས་དག་པར་བྱས་ནས༔ སྣང་བ་ཐམས་ཅད་ཞིང་ཁམས་དང་གཞལ་ཡས་ཁང་༔ སྲིད་པ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་བསྒྱུར་ཏེ་ཀུན་གྱི་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་འུར་དིར་དིར་དུ་སྒྲོགས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་གཡོ་ཞིང་འཕར་ལྷག་ལྷག་ཏུ་འགུལ་བར་བསམ་པ་ནི་སྒྲུབ་པ་ཆེན་པོའོ༔ དེ་ནས་ལས་སྦྱོར་ལ་རྣམ་གྲངས་མང་དུ་ཡོད་ཀྱང་ལས་བཞིའི་དམིགས་པ་ནི་འདི་ལྟ་སྟེ༔ སྔ་དྲོ་ཞི་བའི་དུས་སུ་བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་ཏེ་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ༔ དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་ཚུར་འདུས་ཏེ་བདག་དང་མདུན་བསྐྱེད་ལ་ཐིམ་པས་ཞི་བའི་དབང་དང་དངོས་གྲུབ་ནུས་མཐུ་ཐམས་ཅད་ཐོབ་པར་བསམ༔ སླར་ཡང་འོད་ཕུང་དཀར་པོ་དཔག་ཏུ་མེད་པ་འགྲོ་བ་རིགས་དྲུག་གི་གནས་སུ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་སྡུག་བསྔལ་ཐམས་ཅད་སངས་ཀྱིས་དག་ནས་ཡེ་ཤེས་ལྷའི་སྐུ་ཤ་སྟག་ཏུ་གྱུར་པར་བསྒོམ་པ་ཞི་བའི་དམིགས་པའོ༔ ཉིན་གུང་རྒྱས་པའི་དུས་སུ་འོད་ཟེར་གསེར་མདོག་དཔག་ཏུ་མེད་པ་འཕྲོས་པས་འབྱུང་བཞིའི་བཅུད་དང་དྭངས་མ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་དང་༔ ལྷ་དང་རིག་འཛིན་དྲང་སྲོང་གྲུབ་ཐོབ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་མཐུ་དང་ནུས་པ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་འདུས་ནས་རང་ལ་ཐིམ་པར་བསམ་པ་རྒྱས་པའི་དམིགས་པའོ༔ དགོང་མོ་དབང་གི་དུས་སུ་འོད་ཟེར་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འོད་དམར་གྱི་རྣམ་པར་བསྡུས་ཏེ་རང་ལ་བསྟིམ་པ་དང་༔ ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་སྐྱེ་འགྲོ་ཕོ་མོ་མི་དང་མི་མ་ཡིན་པ་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་དབང་དུ་བསྡུས་ཏེ་བདག་གི་མདུན་སར་འཁོད་པས་རང་ཉིད་དྲག་པོའི་གཟི་མདངས་མ་བཟོད་པར་ཐམས་ཅད་ཀྱི་དཔའ་ཟིལ་ནུས་པ་ཐམས་ཅད་ཆོམ་ནས་བྲན་དང་འབངས་སུ་ཁས་བླངས་དམ་བཅས་མནའ་བོར་སྲོག་སྙིང་ཁ་ནས་སྐྱུག་ཅིང་བདག་གི་རྐང་མཐིལ་དུ་ཐིམ་པར་བསམ༔ སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དམར་ནག་འཕྲོས་པས་དྲེགས་པ་ཅན་ཐམས་ཅད་ཀྱི་མགོ་གཙུག་ཏུ་དམ་ཚིག་གི་བཀའ་རྟགས་འདའ་མི་རུང་བའི་རྡོ་རྗེ་ཕྱེད་པ་རེ་རེ་བཞག་སྟེ་དམ་ལ་གནས་ཤིང་ཕྲིན་ལས་བསྒྲུབ་ན་འཇིགས་པའི་སྐྱབས་དང་དགོས་འདོད་འབྱུང་བའི་གཙུག་རྒྱན་དུ་འགྱུར་ཞིང་བཀའ་དང་དམ་ལས་འདས་པར་གྱུར་ན་གནམ་ལྕགས་ཀྱི་ཐོག་མདའ་རུ་གྱུར་ནས་མགོ་བོ་ཚལ་པར་འགེམ་ཞིང་ལྕགས་ཀྱི་སྡིག་པ་ནག་པོར་གྱུར་ཏེ་སྙིང་ཁྲག་རོལ་ཞིང་མནར་བར་བྱེད་པའི་རང་བཞིན་དུ་གྱུར་ནས་དམ་ཚིག་ལས་འདའ་བའི་གནས་མེད་པར་བདག་གི་ཕྲིན་ལས་བསྒྲུབ་པར་བསྒོམ་པ་དབང་གི་དམིགས་པའོ༔ སྲོད་དྲག་པོའི་དུས་སུ་རང་ཉིད་ལྷར་གསལ་བའི་སྐུ་ལས་སྤྲུལ་པའི་མཚོན་ཆ་ཐུན་རྫས་སྣ་ཚོགས་སེར་རླུང་འཚུབས་པ་ལྟར་འཕྲོས་པས་གཟུགས་ཅན་གཟུགས་མེད་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་དུ་བཏང་ནས་ཚལ་པ་དུམ་བུར་གཏུབ་སྟེ་ཁྲོ་ཆུང་དང་ལྕགས་སྡིག་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོས་པས་ཤ་ཁྲག་རུས་པའི་ཕུང་པོ་ལྷག་མེད་དུ་ཟོས༔ མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་གཏོར་ནས་རྗེས་ལྷག་ཙམ་ཡང་མེད་པར་བྱས༔ དེ་དག་གི་རྣམ་པར་ཤེས་པ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ་བར་བསམ་པ་དྲག་པོའི་དམིགས་པའོ༔ ཡང་བར་སྐབས་སུ་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་འཇའི་སྤྲིན་ཕུང་ལྟ་བུའི་རྣམ་པར་འདུས་ཏེ་རང་དང་སྒྲུབ་རྫས་ལ་ཐིམ་པར་ཡང་ཡང་བསམ་པ་དང་༔ བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀར་ཟུག་སྟེ་རང་དང་རྒྱལ་བ་ཐམས་ཅད་འོད་ཀྱི་ཟེར་ཐག་གིས་འབྲེལ་ཏེ་དེ་དག་གི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐམས་ཅད་བདག་གི་རྒྱུད་ལ་འཕོ་བར་བསྒོམ་ལ༔ ཤེས་པ་གཞན་དུ་མ་ཡེངས་ཤིང་མི་ཚིག་གིས་བར་མ་ཆོད་པར་སྔགས་བཟླ་བ་དང་༔ སྟན་གྱི་དྲོད་མ་ཡལ་བར་བསྒྲུབ་པ་ལ་བརྩོན་པར་བྱའོ༔ གཞན་ཡང་སྣང་བ་ཐམས་ཅད་ཡི་དམ་ལྷའི་རོལ་པ༔ སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་བཞིན༔ དྲན་རྟོག་ཐམས་ཅད་ཐུགས་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་བ་ནི་ཁྱེར་སོ་རྣམ་པ་གསུམ་སྟེ་མ་ཧཱ་ཡོ་གའི་ལམ་དུ་མེད་ཐབས་མེད་པའོ༔ དེ་དག་དོན་དམ་པར་རིག་པའི་ངང་བརྟན་པ་བསྙེན་པ་དང་༔ སྤྱོད་པས་བོགས་འདོན་པ་སྒྲུབ་པ་དང་ལས་སྦྱོར་གྱི་ངོ་བོ་ཡིན་ཏེ༔ དེའི་ཚུལ་དུ་བློ་ཡིད་ཀྱིས་དམིགས་པ་བསླབ་པ་ཀུན་རྫོབ་དང་དྲང་དོན་ཞེས་བྱ་བ་ཡིན་ནོ༔ འོད་ཟེར་སྤྲོ་བསྡུའི་བསྒྱུར་ཁ་ལ་མཁས་པ་ནི་སྒྲུབ་པའི་གནད་ཀྱི་ཡང་ཏིག་དམ་པ་ཡིན་པས་ཤེས་པར་བྱ་བའི་མཆོག་ཏུ་ཟུངས་ཤིག༔ འཁོར་འདས་སྟོང་ཉིད་ཆེན་པོར་གཏན་ལ་དབབ་པ་བུམ་དབང་༔ ལྷུན་གྲུབ་རིན་པོ་ཆེ་སྐུ་དང་ཡེ་ཤེས་རང་བྱུང་བའི་ངང་ཚུལ་ཤེས་པ་གསང་དབང་༔ རིག་པ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པ་ཤེར་དབང་༔ འབྲས་བུ་རང་ཐོག་ཏུ་དབང་བསྒྱུར་བ་ཚིག་དབང་ཞེས་བསྐུར་ཐོབ་བྲལ་བ་དོན་གྱི་དབང་བཞི་ནི་དེ་དག་ལ་བྱའོ༔ ཡང་ལུས་ལྷ་རུ་གསལ་བ་སྐུ་བུམ་པའི་དབང་དང་༔ ངག་སྔགས་སུ་བཟླས་པ་གསུང་གསང་བའི་དབང་དང་༔ ཡིད་ཡེ་ཤེས་ཀྱི་གདིང་དང་མི་འབྲལ་བ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་༔ ལྷ་དང་རང་སྣང་གཉིས་སུ་མེད་པར་རྟོགས་པ་ཚིག་དབང་སྟེ༔ དབང་བཞི་གཅིག་ཆར་དུ་རྫོགས་པ་དེ་ཀའོ༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཐམས་ཅད་ལ་བདེན་པར་ཞེན་ནས་སེམས་ཅན་འཁྲུལ་པ་ཡུལ་རང་རྒྱུད་པར་འཛིན་པའི་གཞན་སྣང་དེ་དག་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་གཏན་ལ་དབབ་པ་ནི་ཁམས་གསུམ་སྐུ་གསུང་ཐུགས་སུ་རོལ་པའི་ཚོགས་ཞེས་བྱའོ༔ བཤགས་པ་ལའང་དོན་དམ་མ་རིག་པ་ནི་སྡིག་པའམ་བག་ཆགས་ཞེས་བྱ་བ་དང་༔ གཞིའི་རང་ཞལ་བསྒྲིབ་པས་སྒྲིབ་པ་ཞེས་བྱ་སྟེ༔ དོན་ལ་སྡིག་སྒྲིབ་བག་ཆགས་ཞེས་བྱ་བ་རྡུལ་ཕྲན་ཙམ་ཡང་མ་མཆིས་པ་ཡིན་ནོ༔ དེ་བཤགས་པའི་ཐབས་གང་ཞེ་ན༔ བདག་མེད་རྣམ་པ་གཉིས་ཀྱི་དོན་གཏན་ལ་དབབ་ནས་གཞིའི་གནས་ལུགས་རྟོགས་པ་ནི་བཤགས་པ་དང་དག་པ་ཞེས་བྱ་སྟེ༔ དེའི་དོད་དུ་བློ་ཡིད་ཀྱིས་བཤགས་པ་དང་༔ རྒྱུ་ཟང་ཟིང་གིས་བཤགས་པ་དང་༔ ངག་སྒྲ་ཚིག་གིས་བཤགས་པ་ཞེས་ཆོས་བསྒྲུབ་པའི་གེགས་སུ་མི་འགྱུར་བའི་ཐབས་སུ་བར་པ་བཤགས་པ་ཞེས་སུ་བསྟན་པ་ཡིན༔ དེ་ལ་རང་ལུས་རྒྱལ་བའི་དཀྱིལ་འཁོར༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོ༔ ལག་སོར་རྣམས་མཆོད་ལྷར་དམིགས་ཏེ་བཟའ་བཏུང་ལམ་ཁྱེར་གྱི་ཚོགས་འཁོར་ལ་ཞུགས་པས་ཚོགས་རྫོགས་པ་དེ་ལས་ལྷག་པ་མེད་དོ༔ བསྒྲུབ་དུས་དང་ཉམས་རྟོག་སྐོང་བའི་ཚོགས་ཀྱི་མཆོད་པ་ལ་སྣང་སྲིད་འདོད་ཡོན་ཐམས་ཅད་མ་བཤམས་རང་བྱུང་གི་ཚོགས་སུ་ཤེས་ཏེ་འབུལ་བ་ནི༔ རང་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་རྃ་གཅིག་འཕྲོས་པ་ལས་མེ་འབར་ཏེ་དངོས་འཛིན་རྣམ་རྟོག་གི་བག་ཆགས་དྲི་མ་ཐམས་ཅད་བསྲེག༔ ཡྃ་འཕྲོས་པ་ལས་རླུང་གཡོས་ཏེ་མ་དག་པའི་འབག་རྩོག་དང་དྲི་མ་ཐམས་ཅད་གཏོར༔ ཁྃ་འཕྲོས་པ་ལས་ཆུ་བྱུང་བས་དངོས་པོ་སྟོང་ཉིད་དུ་བཤིགས་ནས་སྣོད་བཅུད་ཀྱི་དབྱིངས་དང་བསྲེས་ཏེ་བརྡལ་བར་བྱས༔ སླར་ཡང་དབྱིངས་ལས་ཨ་ཡིག་ཆད་པ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཕྱི་དཀར་ལ་ནང་དམར་བ་ཞིག་རླུང་མེ་ཐོད་སྒྱེད་ཀྱི་ཁར་གནས་པར་བསྒོམ༔ དེའི་ནང་གི་དབུས་དང་ཕྱོགས་བཞིར་ཁམས་གསུམ་སྣོད་བཅུད་ཐམས་ཅད་གནས་སུ་གྱུར་པ་ལས་དབུས་སུ་མི་ཤའི་རི་བོ༔ ཤར་དུ་གླང་པོ་ཆེའི་ཤའི་རི་བོ༔ ལྷོར་རྟ་ཤའི་རི་བོ༔ ནུབ་ཏུ་རྨ་བྱའི་ཤའི་རི་བོ༔ བྱང་དུ་ཤང་ཤང་གི་ཤའི་རི་བོ་རྣམས་རྒྱ་ཆེ་ལ་དཔངས་མཐོ་བ་སྣུམ་ལ་བརྗིད་པ་བཀྲག་མདངས་ནུས་བཅུད་དང་ལྡན་པར་གསལ༔ ཡང་དབུས་སུ་དྲི་ཆེན་གྱི་རི་བོ༔ ཤར་ལྷོར་དྲི་ཆུའི་རྒྱ་མཚོ༔ ལྷོ་ནུབ་ཏུ་གོ་རོ་ཙ་ན༔ ནུབ་བྱང་དུ་བྱང་སེམས་དཀར་དམར༔ བྱང་ཤར་དུ་ཁྲག་སྣའི་རྒྱ་མཚོ་རྣམས་འཁྱིལ་བར་བསྒོམ༔ ཨོཾ་དཀར་པོ་མི་ཤ་ལ་ཐིམ་པས་སྐུའི་བདུད་རྩི༔ ཧཱུྃ་མཐིང་ནག་ཤར་གྱི་ཤ་ཆེན་ལ་ཐིམ་པས་ཐུགས་ཀྱི་བདུད་རྩི༔ ཏྲཱྃ་སེར་པོ་ལྷོའི་ཤ་ཆེན་ལ་ཐིམ་པས་ཡོན་ཏན་གྱི་བདུད་རྩི༔ ཧྲཱིཿདམར་པོ་ནུབ་ཀྱི་ཤ་ཆེན་ལ་ཐིམ་པས་གསུང་གི་བདུད་རྩི༔ ཨ་ལྗང་གུ་བྱང་གི་ཤ་ཆེན་ལ་ཐིམ་པས་ཕྲིན་ལས་ཀྱི་བདུད་རྩིར་ཞུ་བའི་ཁ་དོག་དཀར་སྔོ་སེར་དམར་ལྗང་གུ་རྣམས་སུ་གྱུར༔ མཱུྃ་སྔོན་པོ་དྲི་ཆེན་ལ་ཐིམ༔ མཱྃ་དཀར་པོ་དྲི་ཆུ་ལ་ཐིམ༔ ལཱྃ་སེར་པོ་གོ་རོ་ཙ་ན་ལ་ཐིམ༔ པཱྃ་དམར་པོ་བྱང་སེམས་ལ་ཐིམ༔ ཏཱྃ་ལྗང་གུ་རཀྟ་ལ་ཐིམ་པས་ཡེ་ཤེས་ལྔའི་ནུས་བཅུད་དང་ལྡན་པ༔ འོག་ནས་ཡྃ་ལས་རླུང་གཡོས༔ རྃ་ལས་མེ་འབར་བས་ཐོད་པའི་བདུད་རྩི་རྣམས་མར་ཁུ་བཞིན་དུ་ཞུ་བ་ལས་རབ་ཏུ་ཁོལ་ཞིང་ལུད་པ་སྐུ་གསུམ་རྒྱལ་བའི་དབྱིངས་ཐམས་ཅད་ལ་ཁྱབ་པས་འོད་ཟེར་འཇའི་ཁ་དོག་ལྟ་བུ་དང་༔ རླངས་པ་ཡང་འཇའ་སྤྲིན་ལྟ་བུར་འཐིབས་པའི་ཀློང་ནས་འདོད་རྒུའི་དཔལ་ཡོན་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་མི་ཟད་པ་རྒྱན་གྱི་འཁོར་ལོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མ་ཆད་པར་འབྱུང་ཞིང་སྤེལ་བའི་ནུས་པ་དང་ལྡན་པར་བསྒོམ༔ བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་སྲུང་མར་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་སྦུབས་ནས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་དག་ནས་མཆོག་གི་དངོས་གྲུབ་འབད་མེད་དུ་ཐོབ་པར་བསམ༔ མཆོད་པ་གཞན་ཐམས་ཅད་ལའང་ངད་རླངས་འོད་ཀྱི་སྤྲིན་ཕུང་གི་ཀློང་ནས་མཆོད་རྫས་རྣམ་པ་སྣ་ཚོགས༔ རྟེན་རྫས་རྣམ་པ་སྣ་ཚོགས༔ སྒྲུབ་རྫས་རྣམ་པ་སྣ་ཚོགས༔ བསྐང་རྫས་རྣམ་པ་སྣ་ཚོགས་དང་༔ བཀའ་སྲུང་དང་གཞི་བདག་གི་རིགས་རྣམས་ལ་མཐུན་རྫས་རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་འདབ་ཆགས་སྡེར་ཆགས་རྨིག་ཆགས་ཀ་ཅ་དཀོར་ཆ་མཚོན་ཆ་རྒྱན་ཆ་བཟའ་བ་བཅའ་བ་བཏུང་བ་ལྡག་པ་གཞིབ་པ་འདོད་རྒུའི་དཔལ་ཡོན་ཐམས་ཅད་སའི་རྡུལ་བཞིན་དུ་འཕྱོ་ཞིང་བར་སྣང་གི་ན་བུན་ལྟར་འཐིབ་པ༔ ནམ་མཁར་སྤྲིན་ལྟར་གཏིབས་ཤིང་ས་གཞིར་སྦྲང་ཆར་བཞིན་དུ་འབབས་པའི་རང་བཞིན་ཅན་དུ་གསལ་ནས་འབུལ་བར་བྱའོ༔ བསྒྲལ་ལས་ལ་སྣང་སྲིད་འཁོར་འདས་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ལྟ་བའི་རྫོང་ཆེན་ཞེས་བྱ་བ་དང་༔ གཞིའི་ངང་མངོན་དུ་བྱེད་པ་ལས་མི་གཡོ་བ་ནི་བསྒོམ་པའི་འཕྲང་ཆེན་ཞེས་བྱ་བ་དང་༔ དམིགས་པའི་སྲོག་ཅེས་བྱ་བ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་དགྲ་བགེགས་ཀྱི་བླ་ཚེ་སྲོག་གི་རང་བཞིན་གང་ལ་བབ་པ་ཙམ་གྱིས་དགྲ་བོ་མི་འཆི་མི་སྲིད་པའི་རང་བཞིན་དུ་དམིགས་པ་ནི་གཞན་དུ་མི་འབྱམས་པའི་གནད་དང་༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པར་གསལ་བ་རྣམས་ཀྱིས་དགྲ་བོ་སྒྲོལ་བའི་ལས་ལ་བརྩོན་པར་དམིགས་པ་ནི་མི་ལྡོག་པའི་གནད་དང་༔ རང་ཉིད་དཔལ་ཆེན་པོར་གསལ་བ་ཡི་དམ་ལྷའི་ང་རྒྱལ་དང་མ་བྲལ་བ་དང་༔ ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ནི་མི་རྡུག་པའི་གནད་ཟབ་ཁྱད་ཅན་ཡིན༔ ཁྱད་པར་བྲུབ་ཁུང་ལས་ཀྱི་གཤིན་རྗེའི་བཤའ་ཁང་ནག་པོ་དུག་ལྔའི་ཡོ་ལངས་གཡོ་བ་ནང་དུ་ཚུད་པ་ཙམ་གྱིས་སྲིན་བུ་མེ་ནང་དུ་ལྷུང་བ་ལྟར་བྲོས་ཐར་མེད་པའི་ནང་དུ་ལིང་ག་དགྲ་བོ་དངོས་སུ་གསལ་བ་ནི༔ དཔེར་ན་ཚེ་འདས་གནས་ནས་འདྲེན་པའི་ཆོ་ག་དང་དགྲ་བོ་ཚེ་ལུང་ཁྲུས་ལུང་གནས་ལུང་གི་སྒོ་ནས་བསྒྲལ་བའི་ལས་གཉིས་ཀ་ཚུལ་མི་འདྲ་ཡང་དོན་མཚུངས་པ་ཡིན་ཏེ༔ བྲུབ་ཁུང་དུ་འཆིང་ཚུལ་རང་གི་མདུན་སར་འོད་ཀྱི་གུར་ཁང་སྒོ་དང་སྲུབ་མེད་པར་ཡར་གྱི་ཟང་ཐལ་ལས་ཡུལ་གནས་གཞན་དུ་འཆུག་ལམ་དང་འགྲོ་ས་མེད་པ་ཞིག་བསྒོམ་པའི་ནང་དུ་ལིང་གའི་དོད་དུ་མཚན་བྱང་གི་གཟུགས་བཞག་པ་ཚེ་འདས་དངོས་སུ་གསལ་བ་དེ་གཉིས་འདྲ་མཚུངས་པ་དང་༔ དགྲ་བོ་འགུགས་པར་བྱ་བ་ལ་རང་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པ་བསྐལ་པ་འཇིག་པའི་རླུང་ནག་འཚུབས་པ་ལྟར་འཕྲོས་པས༔ དགྲ་བགེགས་ཀྱི་ཚེ་བླ་སྲོག་གསུམ་རང་དབང་མེད་པར་བཀུག་ནས་ལིང་ག་དེ་ལ་ཆུ་ལ་ཆུ་ཐིམ་པ་ལྟ་བུར་གཉིས་མེད་དུ་གྱུར་པར་བསམ་པ་དང་༔ ཚེ་འདས་ཀྱི་རྣམ་པར་ཤེས་པ་ཡང་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཉ་མོ་ལྕགས་ཀྱུས་འཐེན་པ་ལྟར་བཀུག་ནས་མཚན་བྱང་ལ་ཡང་ཡང་བསྟིམ་པ་གཉིས་འདྲ་མཚུངས་པ་དང་༔ དགྲ་བོའི་བླ་ཚེ་སྲོག་གསུམ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་རྔུབ་པ་བཞིན་དུ་ཕུར་པའི་རྩེ་མོར་ནྲྀཿཡིག་གི་རྣམ་པར་འདུས་པ་རང་ཡི་དམ་གྱི་གདན་ཉི་ཟླའི་གོ་མཚམས་སུ་ཐིམ་པར་ཡང་ཡང་བསམ་པ་དང་༔ ཡང་ཕུར་པའི་ཁོང་གསེང་ནས་ཡར་དྲངས་ཏེ་ཆངས་བཟུང་ནང་དུ་ཧེ་རུ་ཀ་ཡབ་ཡུམ་བཞུགས་པའི་ཐུགས་ཀར་ཐིམ་པའི་ནུས་སྟོབས་སྐྱེད་པར་བསམ་པ་ཚེ་ལུང་སྟེ༔ དེ་དང་མཐུན་པར་ཚེ་འདས་ཀྱི་གནས་དྲུག་ཏུ་འགྲོ་བ་རིགས་དྲུག་གི་ས་བོན་ཡིག་འབྲུ་དྲུག་གི་རྣམ་པར་གནས་པ་ལ་གནས་དྲུག་གི་སྣང་བ་མཆེད་པར་བྱས་ཏེ་རང་ཉིད་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་མེའི་རྣམ་པར་འཕྲོས་པས་རིམ་པ་བཞིན་དུ་བསྲེགས་ཤིང་སྣང་བ་གནས་སུ་བསྒྱུར་བ་ནི་རིགས་དྲུག་གི་ཚེ་ལུང་ཞེས་བྱའོ༔ དོན་དམ་པར་རིག་པའི་ཡེ་ཤེས་མངོན་དུ་བྱེད་པ་བདག་གསོ་བ་སྟེ༔ དེའི་དོད་དུ་རང་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས་ཏེ་འཁོར་འདས་ཀྱི་དབྱིངས་ཐམས་ཅད་ལྟེམ་གྱིས་གང་ནས་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཁམས་ཁམས་གསུམ་སྣོད་བཅུད་དང་བཅས་པ་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བའམ་ག་བུར་རླུང་ལ་དེངས་པ་བཞིན་དུ་ཧཱུྃ་ཡིག་རྣམས་ལ་ཐིམ་ནས་ཐམས་ཅད་ཚུར་འདུས་ཏེ་རང་ལ་ཐིམ་པས་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོར་གྱུར་པར་བསྒོམ་པ་ནི་བདག་གསོ་བའོ༔ ཕུར་བུ་གསོ་བ་ལའང་དོན་དམ་པར་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་མངོན་དུ་བྱས་ཏེ་གདིང་རང་ཐོག་ཏུ་འཛིན་པ་ལ་བྱ་སྟེ༔ དེའི་དོད་དུ་ཀུན་རྫོབ་ལའང་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ལས་ཕུར་པའི་ཚྭ་ཚྭ་མེ་ལས་མེ་སྟག་མཆེད་པ་ལྟར་འཕྲོས་ཏེ་འཁོར་འདས་ཐམས་ཅད་ཡོངས་སུ་ཁེངས་ནས་གོང་བཞིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལན་ཚྭ་ཆུར་ཞུ་བ་བཞིན་དུ་ཚུར་འདུས་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ལ་ཐིམ་པས་འཁོར་འདས་ཐམས་ཅད་ཀྱི་མཐུ་དང་ནུས་སྟོབས་རྩལ་ཤུགས་ཐམས་ཅད་འདུས་ཤིང་རྫོགས་པར་དམིགས་པ་ནི་ཀུན་རྫོབ་ཀྱི་ལམ་མོ༔ རཱུ་ཏྲ་གསོ་བ་ནི་དོན་དམ་པར་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཕྱི་ནང་གསང་གསུམ་གྱི་རཱུ་ཏྲ་ཉིད་ལས་མ་འདས་པ་ལ་དེ་ལྐོག་གྱུར་མ་རིག་པའི་དབང་དུ་གྱུར་པ་ཉིད་དཔྱོད་བྱེད་ཀྱི་ཤེས་རབ་ཆེན་པོས་གཏན་ལ་ཕབ་སྟེ་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བ་སྟེ༔ དེའི་དོད་དུ་ལིང་ག་དགྲ་བགེགས་དངོས་སུ་གསལ་བ་ལས་འོད་ནག་པོ་འཕྲོས་ཏེ་དགྲ་བགེགས་ཐམས་ཅད་ཀྱི་བླ་ཚེ་སྲོག་གསུམ་བསོད་ནམས་ལོངས་སྤྱོད་དང་བཅས་པ་ཆུའི་ཐིག་པ་ལ་ལྕགས་སྲེགས་ཀྱི་དབལ་བཏབ་པ་བཞིན་དུ་འོད་དང་འདྲེས་པར་བསྡུས་ཏེ་ལིང་ག་ལ་ཐིམ་པར་བསམ་པ་སྟེ་གསོ་བ་རྣམ་གསུམ་མེད་ཐབས་མེད་པའོ༔ དེ་ནས་བསྒྲལ་བ་དངོས་ལ་ཕུར་བུའི་དབལ་གྱི་རྩེ་མོས་དགྲ་བོའི་ཕུང་ཁམས་སྐྱེ་མཆེད་དཀྲུག་པ་ཙམ་གྱིས་འོ་མ་ལས་མར་ཐོན་པ་བཞིན་དུ་དགྲ་བོའི་བླའི་ངོ་བོ་ནྲྀ་ཡིག་དཀར་པོ་འོད་དང་བཅས་པ་ཞིག་ཏུ་གྱུར་ཏེ་ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན་དུ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་རྐྱལ་པ་ཞོས་གང་བ་ལྟར་ཕུར་པ་ངང་མེར་གྱིས་གང་བར་བསམ༔ སླར་ཡང་ཕུང་ཁམས་སྐྱེ་མཆེད་དཀྲུག་པ་ཙམ་གྱིས་ཚེ་བསོད་ནམས་ཀྱི་ངོ་བོ་ནྲྀ་ལྗང་གུ་འོད་དང་ལྡན་པ་ཞིག་ཏུ་གྱུར་ཏེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་དྲི་མ་དང་ཉེས་སྐྱོན་ཐམས་ཅད་ཁོང་གསེང་ནས་སྦྱངས་ཏེ་སྤྱི་བོ་ནས་བྱུང་རང་ལ་ཐིམ་པར་བསམ་པ་དང༔ སླར་ཡང་ཕུར་པའི་རྩེ་མོ་ནས་འོད་ཟེར་དཀར་པོ་འཕྲོས་པས་དགྲ་བགེགས་ཀྱི་རྒྱུད་ཀྱི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་སངས་ཀྱིས་དག་པར་དམིགས་པ་ནི་ཁྲུས་ལུང་ཞེས་བྱ་སྟེ༔ དེ་དང་མཚུངས་པར་བུམ་པའི་ཆུ་དཀྱིལ་འཁོར་ལྷའི་བྱིན་རླབས་ཀྱི་བདུད་རྩིས་རིམ་པ་བཞིན་དུ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ས་བོན་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པར་བྱ་བའང་ཁྲུས་ལུང་ཞེས་བྱ་བ་ཡིན༔ ཡང་བསྒྲལ་བ་དངོས་ཀྱི་དུས་སུ་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་བཏབ་པའི་དུས་སུ་དགྲ་བགེགས་ཀྱི་རྣམ་པར་ཤེས་པ་སྦུབས་ཆུས་འདྲེན་པ་བཞིན་དུ་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་ཅན་ཞིག་ཏུ་གྱུར་པ་ཕུར་པའི་ཁོང་གསེང་ནས་ཡར་དྲངས་པའི་ཚེ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཤེལ་དཀར་གྱི་དྲི་མ་ཕྱིས་པ་ལྟར་སངས་ཀྱིས་དག་པར་བྱས་ཏེ་རྒྱ་མདུད་འོག་མ་ནས་སྤྲུལ་པའི་སྐུའི་དགོངས་པ་རྒྱུད་ལ་འཕོས༔ ཆངས་བཟུང་ནས་ལོངས་སྐུའི་དགོངས་པ་རྒྱུད་ལ་འཕོས༔ རྒྱ་མདུད་གོང་མ་ནས་ཆོས་སྐུའི་དགོངས་པ་རྒྱུད་ལ་འཕོས༔ མདུན་བསྐྱེད་ལྷའི་ཐུགས་ཀར་ཐིམ་པས་སྐུ་བཞི་ཡེ་ཤེས་ལྔའི་དགོངས་ཀློང་དུ་སངས་རྒྱས་པར་བསམ་པ་གནས་ནས་སྤར་བ་གནས་ལུང་གི་ཆོ་ག་ཡིན་ནོ༔ དེ་དང་མཚུངས་པར་ཚེ་འདས་གནས་ནས་འདྲེན་པ་ལའང་རིགས་དྲུག་གི་སྣང་བ་སྐད་ཅིག་ཙམ་དུ་ཤར་བའི་གནས་ངན་འཁོར་བའི་བག་ཆགས་ལས་ཉོན་ཐམས་ཅད་གཉིད་བཙན་ཐབས་ཀྱིས་དཀྲོག་པ་ལྟར་སངས་ཀྱིས་དག་ནས་སྤྲུལ་སྐུའི་ཞིང་སྣང་མཆེད་དེ་ཕཊ་དང་པོས་སྤྲུལ་སྐུའི་དགོངས་པར་འཕོས༔ གཉིས་པས་ལོངས་སྐུའི་དགོངས་པར་འཕོས༔ གསུམ་པས་ཆོས་སྐུའི་དགོངས་པར་འཕོས་པས་རྣམ་པར་དག་པའི་ཞིང་ཁམས་ཀྱི་སྣང་བ་ཚད་དུ་ཕེབས༔ ངོ་ཤེས་གདིང་ཐོབ་རྩལ་རྫོགས་བརྟན་པ་ཐོབ་པར་དམིགས་པ་ནི་གནས་ལུང་གི་ཆོ་ག་ཞེས་བྱའོ༔ མཐར་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཤ་ཁྲག་གི་རྣམ་པར་གྱུར་པ་ཡི་དམ་ལྷའི་ཞལ་དུ་བསྟབས་པས་འཁོར་བའི་ལྷག་མ་དབྱིངས་སུ་སྡུད་པ་དང་༔ ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་མིང་བྱང་གི་རྣམ་པར་གནས་པ་ལ་ཡེ་ཤེས་ཀྱི་མེ་སྤར་བས་འཁོར་བའི་ལྷག་མ་ཡེ་ཤེས་ལྔ་རུ་སྡུད་པ་ཡིན་པས་འདྲ་མཚུངས་པ་ཡིན༔ དེ་ལྟར་དམིགས་པའི་སྲོག་དང་ལྡན་ན་བསྒྲལ་ནས་འདྲེན་པའི་ལས་ཐམས་ཅད་ངེས་པར་འགྲུབ་པ་ཡིན༔ རྫོང་འཕྲང་སྲོག་གསུམ་གྱི་གནད་དང་མི་ལྡན་ན་དྲག་པོའི་ལས་གང་བྱས་ཀྱང་བྱིས་པའི་རྩེད་མོ་ལྟ་བུའི་ཕྱོགས་སུ་ངེས་པ་ལས་དོན་རྣམས་འགྲུབ་པར་འགྱུར་བ་མ་ཡིན་ནོ༔ དོན་དམ་པར་སྟོང་པ་ཉིད་ཀྱི་བྲུབ་ཁུང་ཆེན་པོར་སྣོད་བཅུད་གཉིས་འཛིན་གྱི་རཱུ་ཏྲ་གནས་པ་བདག་མེད་རྟོགས་པའི་ཤེས་རབ་རྣོ་མཚོན་ལྟ་བུས་བདག་མེད་ཡུལ་མེད་དུ་བསྒྲལ་ནས་རིག་པའི་ཡེ་ཤེས་མངོན་དུ་གྱུར་པ་སྐུ་གསུམ་གྱི་དགོངས་པར་སད་ནས་རྣམ་པར་གྲོལ་བའི་ས་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་གཤེགས་ཏེ་འཁོར་བའི་ལྷག་མ་དབྱིངས་སུ་སྡུད་པའོ༔ མ་དག་པ་འཁོར་བ་ངན་སོང་གི་རྒྱུ་དང་བླ་ཚེ་བདག་འཛིན་ཡིན་པས་བདག་མེད་རྟོགས་པ་འཁོར་བའི་ཚེ་ལུང་དང་༔ ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉོན་ཤེས་ཀྱི་དྲི་མ་དབྱིངས་སུ་སྦྱང་བ་སྒྲིབ་གཉིས་བག་ཆགས་བཀྲུ་བའི་ཁྲུས་ལུང་སྟེ༔ ཀུན་རྫོབ་ཏུ་བསྒྲལ་ལས་བསྟན་པས་བསྒྲལ་ནུས་པའང་དགྲ་བགེགས་ཐམས་ཅད་རང་སྣང་འཁྲུལ་པ་རྣམ་པར་རྟོག་པའི་ཆོ་འཕྲུལ་ཡིན་ལ༔ བསྒྲལ་བ་ཡང་རྣམ་རྟོག་གི་སྣང་བ་ཡིན་པས་བསྒྲལ་ནུས་པ་དེའི་དོན་ཡིན་ཏེ༔ བསྒྲལ་བ་ཡང་སྒྲོལ་བར་སྣང་བ་ཙམ་མོ༔ འགུགས་པ་ཡང་སྣང་བ་རང་དབང་བསྒྱུར་བའི་ཚུལ་དུ་བསྟན་པ་ཡིན༔ བཅིངས་པ་ནི་དོན་དམ་པར་རིག་པའི་ཆིངས་ཀྱིས་བཅིངས་པ་ཡིན༔ ཀུན་རྫོབ་ཏུ་བདག་མདུན་གྱི་ཐུགས་ཀའི་འོད་དམར་བྱད་ཐག་གི་རྣམ་པར་འཕྲོས་ནས་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ལུས་ངག་ཡིད་གསུམ་ཀུན་ནས་དཀྲིས་ཤིང་དམ་དུ་བཅིངས་ཏེ་འཕར་ལྡང་འགུལ་བསྐྱོད་ཀྱི་རྩལ་ཤུགས་མཐུ་ནུས་ཐམས་ཅད་བསྡམ་ཞིང་གཅུན་ཏེ་རོ་ཐང་ལ་འཕང་བ་ལྟར་སོང་བར་དམིགས་པ་ཡིན་ནོ༔ ལྷ་དབྱེ་བ་ལ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མ་རིག་པའི་བག་ཆགས་གཉིས་འདྲེས་པ་སོ་སོར་དབྱེ་བ་ཡེ་ཤེས་མངོན་དུ་བྱེད་པའི་ཚུལ་ནི་དོན་དམ་པ་དང་༔ ཀུན་རྫོབ་ཏུ་བྲུབ་ཁུང་གི་སྟེང་དུ་སྒྲོ་གཉིས་ཀ་ལ་ཕྲ་མེན་འུག་པའི་གདོང་ཅན་དང་༔ བྱ་རོག་གི་གདོང་པ་ཅན་བུད་མེད་ཀྱི་ལུས་ལ་གཤོག་པ་དང་བྱ་སྤུ་སྐྱེས་པ༔ དགྲ་བགེགས་ཀྱི་ལྷ་རྣམས་མྱོས་ཤིང་བརྒྱལ་བར་བྱེད་པའི་དྲི་ངན་འཕྲོ་ཞིང་སྐྲོད་པར་བྱེད་པ་དེ་གཉིས་ཀྱིས་རང་སྐད་སྒྲོགས་བཞིན་བྲུབ་ཁུང་གི་ཁར་འཛིང་འཐབ་ཀྱི་གཤོག་རླབས་གཡོབ་པའི་རྐྱེན་གྱིས་དགྲ་བོ་མགོན་སྐྱོབ་བྱེད་པའི་ལྷ་སྲུང་ཐམས་ཅད་སྨྱོ་འབོག་བརྒྱལ་ནས་དགྲ་རྣམས་ཤུལ་དུ་བོར་ཏེ་འབྲོས་སུ་ཡོད་པའི་ཕྱི་ནས་ཕྲ་མེན་མ་གཉིས་ལས་རང་འདྲ་བའི་ཕྲ་མེན་མ་འཇིགས་སུ་རུང་བ་དཔག་ཏུ་མེད་པ་འཕྲོས་ཏེ་སྡེར་མོས་བྲད༔ གཤོགས་པས་གཡབ༔ མཆུས་བཅད་ཅིང་ཟ་བཞིན་དུ་མཐའི་རྒྱ་མཚོའི་ཕ་མཐའ་གླིང་བར་མུན་པའི་སྨག་རུམ་དང་རི་རབ་ཀྱི་ཟོམ་དུ་བསྐྲད་དེ་ཕྱིར་མི་ལྡོག་པར་མགོ་རྨོངས་པར་བསམ་ལ་སྔགས་བཟླ་བཞིན་སྒྲོས་གཡབ་ཅིང་རྫས་ཀྱིས་བདུག་པར་བྱ་བ་རྣམས་ནི་རྫས་སྔགས་ཏིང་ངེ་འཛིན་གྱིས་བསྐྲད་པ་ཡིན་ནོ༔ དོན་དམ་པར་སྨྱོར་གཞུག་པ་ནི་ལས་ཉོན་བག་ཆགས་སངས་པའི་སྔ་ཐོག་ཏུ་བདེ་རྩུབ་ཀྱི་ཉམས་སློང་བའི་ཚུལ་དུ་བསྟན་པ་ཡིན༔ ཀུན་རྫོབ་ཏུ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་རླུང་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཁ་དོག་ནག་པོའི་རྣམ་པར་དགྲ་བགེགས་ཀྱི་སྲིན་ལག་རྩེ་ནས་ཞུགས་ཏེ་སྲོག་རྩའི་ནང་དུ་སོང་ཞིང་གཡོ་བའི་སྟོབས་ཀྱིས་རབ་ཏུ་སྨྱོ་ཞིང་འབོག་པར་བསམ་པ་ནི་དམིགས་པ་ཏིང་ངེ་འཛིན་གྱི་གནད་ཡིན༔ ཛྭ་ལ་པ་ཡ་ཞེས་སོགས་དྲག་པོའི་སྔགས་ཀྱི་གནད་དང་སྨྱོ་བྲུན་གྱིས་བདུག་པ་རྫས་ཀྱི་གནད་ཡིན་ནོ༔ གཏུན་དུ་བརྡུང་བའང་དོན་དམ་པར་ཐབས་ཤེས་གཉིས་སུ་མེད་པའི་སྟོབས་ཤུགས་ཆེན་པོས་བདག་ལྟའི་རཱུ་ཏྲ་ཡུལ་མེད་དུ་སྒྲོལ་བའི་ཚུལ་དུ་བསྟན་པ་ཡིན༔ ཀུན་རྫོབ་ཏུ་གཏུན་ཁྲོ་མོ་རོལ་བྱེད་ནག་མོའི་མཁའ་གསང་དུ་དགྲ་བགེགས་ཀྱི་གཟུགས་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྡུས་ཏེ་ཐབས་མཆོག་ཁྲོ་བོ་འཐག་བྱེད་འབར་བའི་རྡོ་རྗེའི་གཏུན་བུས་བརྡུངས་པས་རྡུལ་ཕྲན་ཕྱེ་མར་འཐག་པར་བསམ་པ་དམིགས་པ་ཏིང་ངེ་འཛིན་དང་༔ གཏུན་དང་གཏུན་བུ་རྫས་དང་༔ ཏ་ཐ་ཡ་སོགས་སྔགས་ཀྱི་གནད་དུ་ཤེས་སོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་རང་ཐོག་ཏུ་རང་ས་བཟུང་བས་སྐུ་བཞི་ཡེ་ཤེས་ལྔའི་དངོས་གྲུབ་འབད་མེད་དུ་ཐོབ་པ་དོན་དམ་པ་དང་༔ རྫས་ལ་བརྟེན་ནས་དངོས་གྲུབ་ལམ་ཁྱེར་བྱེད་པ་ནི་ཐབས་དང་རྟེན་འབྲེལ་དུ་བསྟན་པ་ཡིན༔ དོན་ལ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ལ་རང་དབང་བསྒྱུར་ཡང་ད་དུང་འཁོར་བའི་སྣང་སེམས་ལྷག་མར་གནས་པ་དེ་གདིང་ཐོབ་དང་རྩལ་རྫོགས་ཀྱིས་ཆོས་ཉིད་དུ་དེངས་པར་བྱ་བ་དང་༔ ཀུན་རྫོབ་ཏུ་ཚོགས་ཀྱི་ལྷག་མ་ལྷག་སྐྱོང་སྒྱུ་འཕྲུལ་གྱི་མགྲོན་ལ་ཕུལ་བ་ནི་ཐབས་དང་རྟེན་འབྲེལ་ཙམ་དུ་བསྟན་པའོ༔ དུག་གསུམ་ལས་ཉོན་གྱི་ཕུང་པོ་རྟོག་ཚོགས་རང་གྲོལ་གྱི་སྟོབས་ཤུགས་ཀྱིས་གཞོམ་པ་ལྟར་དགྲ་བགེགས་གཏོར་མ་ལ་བཀུག་ནས་དམིགས་པའི་འཕྲུལ་འཁོར་གྱིས་བཤིག་པས་ཚེ་བསོད་ནམས་རང་ལ་བསྟིམ་པ་དང་༔ རྣམ་པར་ཤེས་པ་ཡི་དམ་གཙོ་བོའི་ཐུགས་ཀར་བསྟིམ་པ་དང་༔ ཤ་ཁྲག་རུས་གསུམ་བདུད་རྩིར་བསྒྱུར་ཏེ་བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་ཧབ་ཐོབ་ཏུ་རོལ་ནས་ལས་ལ་ཉན་པར་དམིགས་པ་ཀུན་རྫོབ་ཏུ་བསྟན་པ་ཡིན༔ རྟེན་འབྲེལ་ལུགས་སུ་འབྱུང་བའི་སྲིད་པ་རིག་སྟོང་ཆོས་ཉིད་ཀྱི་རོལ་པར་ལུགས་སུ་ལྡོག་པའི་རྟེན་འབྲེལ་བཅུ་གཉིས་སྟོང་པའི་ཆ་བཅུ་གཉིས་རྟོགས་པའི་ཡུམ་ཆེན་ཆོས་སྐུའི་དབྱིངས་མངོན་དུ་གྱུར་པ་ནི་དོན་དམ་པ་དང་༔ གཏོར་མ་ཟག་མེད་བདུད་རྩི་འདོད་རྒུ་འཆར་བའི་གནས་སུ་གསལ་བ་མ་མོ་བརྟན་མའི་ཚོགས་ལ་འབུལ་ཞིང་བསྟན་པ་སྲུང་བའི་ཕྲིན་ལས་བཅོལ་བར་བྱ་བ་ཀུན་རྫོབ་བོ༔ བསྟན་པ་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཀྱི་ཁུང་དུ་གྱུར་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཡིན་ནོ༔ འཁོར་འདས་སྟོང་ཉིད་མཉམ་པ་ཉིད་ཀྱི་བྲུབ་ཁུང་དུ་ལོག་རྟོག་མི་སྲུན་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་བྲུབ་ནས་ཡེ་ཤེས་རོལ་པའི་སྟོབས་ཤུགས་ཀྱིས་ཟིལ་གྱིས་གནོན་པ་དོན་དམ་པ་དང་༔ འོག་གཞི་ལས་རླུང་ནག་པོའི་མཁའ་རུ་འཆི་བདག་ལས་ཀྱི་གཤིན་རྗེའི་ལྟོ་བའི་གྲུ་གསུམ་ལྕགས་ཁང་འབར་བའི་ཁ་ཧར་གྱིས་ཕྱེས་པར་བསམ་ལ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་སྤྲུལ་པ་དཔག་ཏུ་མེད་པས་དམ་སྲི་སྒབ་འདྲེ་ཐམས་ཅད་སྤུ་ཤད་རླུང་གིས་དེད་པ་ལྟར་སྐད་ཅིག་རང་དབང་མེད་པར་བཀུག་སྟེ་བྲུབ་ཁུང་གི་ནང་དུ་འཕང་མ་ཐག་ཏུ་ཁ་ཐག་གིས་རུབ་ནས་བྲོས་ཤིང་ཤོར་བའི་ཡུལ་མེད་པར་གྱུར་ཏེ་བདེ་བའི་ངང་དུ་བརྒྱལ་ནས་བསྐལ་པ་བརྒྱ་རུ་རྣམ་པར་རྟོག་པ་རྒྱུད་ལ་མི་སྐྱེ་བར་གནས་པ་ལ༔ རྒྱལ་བ་རྣམས་ཀྱི་སྤྲུལ་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས་བྲོ་བརྡུང་པས་ཉོན་མོངས་པའི་རྩུབ་རགས་ཐམས་ཅད་བཅོམ་ནས་འཕར་ལྡང་མེད་པར་བསམ་པ་ཀུན་རྫོབ་བོ༔ དོན་དམ་པར་དགེ་བ་བྱེད་མ་མྱོང་བ་དང་༔ བསྔོ་བའི་ཡུལ་མ་གྲུབ་པ་དང་༔ བསྔོ་བའི་མཁན་པོ་བདག་ཀྱང་མ་གྲུབ་པ་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་རོལ་པར་རོ་གཅིག་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་རང་བྱུང་ལྷུན་གྲུབ་ཏུ་རྫོགས་པའི་ངང་ལ་ཡན་པར་བཞག་པ་ལས་བསྔོ་བ་མ་གྲུབ་པའོ༔ ཀུན་རྫོབ་ཏུ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཏེ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་ཇི་ལྟར་བསྔོས་པ་དང་བསྔོ་བར་འགྱུར་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཕྱོགས་རིས་དང་སྔ་ཕྱི་མེད་པར་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་བསྔོ་བར་བྱའོ༔ སྨོན་ལམ་ཡང་དོན་ལ་རང་བྱུང་གདོད་མའི་མགོན་པོའི་གོ་འཕང་ལ་རང་དབང་བསྒྱུར་བ་ལས་སྨོན་པའི་ཡུལ་མ་གྲུབ་པ་ལ༔ ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་ལམ་གདབ་པར་བྱ་བའོ༔ དོན་དམ་པར་ཆོས་ཉིད་ཀ་དག་མཉམ་ཉིད་ཆེན་པོ་ཞི་བ་བསིལ་བ་དྭངས་པ་རྙོག་པ་དང་བྲལ་བ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ནི་བཀྲ་ཤིས་ཀྱི་ངོ་བོ་ཡིན་ཏེ༔ དེ་དང་མཐུན་པར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་མཛེས་པའི་ཆ་ལུགས་སུ་བཞེངས་ཏེ༔ ནམ་མཁའ་ལ་བཀྲ་ཤིས་པའི་གར་བྱེད་ཅིང་གསུང་ཚངས་པའི་དབྱངས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་༔ ཐུགས་སེམས་ཅན་ཐམས་ཅད་ལ་བརྩེ་བས་ཕན་བདེའི་དཔལ་སྟེར་བར་དགོངས་ཏེ༔ ཕྱག་ནས་བཀྲ་ཤིས་མཛེས་པའི་མེ་ཏོག་སྣ་ཚོགས་པའི་ཆར་འབེབས་པར་བསྒོམ་པ་ནི་ཀུན་རྫོབ་ཐབས་ཀྱི་རང་བཞིན་དུ་བསྟན་པ་ཡིན༔ དོན་དམ་པར་འཁོར་འདས་འུབ་ཆུབ་ཏུ་རོལ་པར་ཆོས་སྐུ་མཚན་མ་དང་བྲལ་བ་ལ་སྤྲོ་བསྡུ་མ་གྲུབ་པ་ལས༔ ཀུན་རྫོབ་ཏུ་བསྐྱེད་རིམ་རང་རྒྱུད་དུ་མི་གོལ་བ་དང་༔ རྟག་པར་ལྟ་བའི་མཐའ་བསལ་བ་དང་༔ དམིགས་བྱ་མཚན་མའི་བསྐྱེད་རིམ་གྱིས་དམིགས་མེད་ཀ་དག་སྤྲོས་བྲལ་གྱི་དགོངས་པ་མངོན་དུ་གྱུར་བའི་ཐབས་དང་༔ ཁམས་གསུམ་གྱི་འཁོར་བ་སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པའི་ཐབས་སུ་བསྟན་པ་ཡིན་ཏེ༔ སྔར་རྒྱུའི་ཡི་གེ་ལས་དག་པ་ཡེ་ཤེས་ཀྱི་ལྷར་སྣང་ལུགས་སུ་འབྱུང་བ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ལུགས་སུ་ལྡོག་པར་བྱ་བའམ༔ ཡང་ན་ཞིང་ཁམས་ཀྱི་བཀོད་པ་ཐམས་ཅད་གཞལ་ཡས་ཁང་ལ་བསྡུ༔ གཞལ་ཡས་ཁང་ལྷ་ཚོགས་ལ་བསྡུ༔ ལྷ་ཚོགས་ཐམས་ཅད་གཙོ་བོའི་དབྱིངས་སུ་བསྡུ༔ གཙོ་བོ་སྔགས་འཁོར་ལ་བསྡུ༔ སྔགས་འཁོར་ཧཱུྃ་ལ་བསྡུ༔ ཧཱུྃ་ཟླ་ཚེས་ལ༔ ཟླ་ཚེས་ཐིག་ལེ༔ ཐིག་ལེ་ནཱ་ད་ལ་ཐིམ་ནས་ནཱ་ད་ཆོས་དབྱིངས་སུ་བསྡུས་ཏེ་ཁྱབ་གདལ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པས་མཉམ་བཞག་གི་ལྷ་དབྱིངས་སུ་བསྡུ་བའོ༔ དོན་དམ་པར་རང་རིག་གདོད་ནས་ཡེ་ཤེས་ལྷའི་རོལ་པ་ལས་བསྐྱེད་དང་བསྒོམ་དུ་མེད་པ་ཡིན་ཏེ༔ དེའི་ཚུལ་དུ་རང་ཉིད་སྐད་ཅིག་གིས་ཆོས་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ནས་དཔེར་ན་ནམ་མཁར་འཇའ་ཚོན་མེད་པ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་དང་༔ ཆུ་ལ་ཆུ་ལྦུར་མེད་པ་ལ་ཆུ་ལྦུར་འཕྲལ་དུ་ཤར་བ་ལྟར་སྟོང་པ་ཉིད་ཀྱི་དབྱིངས་ལས་སྐད་ཅིག་དེ་ཉིད་ལ་རང་ཉིད་ཡེ་ཤེས་ལྷ་ཚོགས་གང་ཡིན་པ་དེའི་སྐུར་ལམ་གྱིས་གསལ་བའི་གནས་གསུམ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཡི་གེ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྣམ་པར་ཚུར་འདུས་པ་ལས་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གསོལ་བས་ཅིས་ཀྱང་མི་ཆོད་མི་ཤིགས་པའི་རང་བཞིན་ཅན་དུ་གྱུར་པར་བསྒོམ་སྟེ་ལྷའི་ང་རྒྱལ་དང་མི་འབྲལ་བ་ནི་ཀུན་རྫོབ་ཐབས་ཀྱི་ལམ་ཞེས་བྱའོ༔ དོན་དམ་པར་ལྷ་ལ་བསྐུལ་བ་དང་འགྲོ་འོང་མེད་པར་གཞི་དབྱིངས་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པར་རང་བྱུང་བའི་རང་ཞལ་མངོན་དུ་བྱས་ཏེ་མ་རིག་པའི་རྣམ་པར་རྟོག་པ་ཡུལ་མེད་དུ་གཏོང་བ་སྟེ༔ ལར་དགྲ་བགེགས་ཐམས་ཅད་རང་སེམས་རྣམ་པར་རྟོག་པའི་ཆོ་འཕྲུལ་ལས་གཞན་དུ་མ་གྲུབ་པ་ལ་རྣམ་རྟོག་གིས་བཟོས་པའི་ལྷ་ཞིག་གིས་སྒྲོལ་བའི་སྣང་བ་འཆར་བ་ཡིན༔ དཔེར་ན་ནད་ཀྱི་གཉེན་པོར་སེམས་པའི་རྩྭ་དང་ཤིང་ཏོག་ས་རྡོ་ཤ་ཁྲག་སྣ་ཚོགས་ཀྱི་ཕྱེ་མ་བསྡུས་ཏེ་སྟེར་མཁན་གྱིས་ཀྱང་ཕན་པར་སེམས་པ་དང་༔ ཟ་མཁན་ནད་ཀྱིས་གདུང་བ་དེས་ཀྱང་ཕན་ངེས་སུ་ཐེ་མི་ཚོམ་པར་སེམས་པ་དང་༔ གཉིས་ཀས་ཐག་ཆོད་པས་ངེས་པར་ཕན་པའི་སྣང་བ་འཆར་བ་ལྟ་བུའོ༔ ཀུན་རྫོབ་ཏུ་དགྲ་དང་བགེགས་ཀྱིས་འཚེ་བ་ལ་དོགས་པ་སྐྱེས་པའི་རྐྱེན་གྱིས་སྣང་བ་དགྲ་རུ་ལངས་པའི་དགྲ་བགེགས་ཤར་བ་ལ་བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཆོས་ཀྱི་དབྱིངས་ནས་གཟུགས་སྐུ་འཇིགས་པའི་ཆ་ལུགས་སུ་བཞེངས་ནས་མཚོན་ཆ་ཐུན་རྫས་རྣམས་ཀྱིས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་འགུག་ཅིང་སྒྲོལ་བའི་ལས་ལ་བརྩོན་པ་ནི་དཔེར་ན་མི་ཤ་དགྲ་ལ་འབེབས་པའི་དམག་དཔུང་འགྱེད་ནས་ཆས་པ་ལྟར་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་དགྲ་བགེགས་རང་དབང་མེད་པར་རི་དྭགས་གོ་རར་བཙུད་པ་ལྟར་མཐའ་ནས་བསྐོར་ཏེ་བསད་བཅད་ཀྱི་ལས་ལ་བརྩོན་པར་བསམ་པ་དཔེར་ན་རྒྱལ་པོས་དམག་འདྲེན་པ་ལྟར་བསྐུལ་བ་དང་༔ ཕོག་གཏད་པ་ལྟར་གཏོར་མ་ཤ་ཁྲག་གི་རི་དང་རྒྱ་མཚོ་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་པ་བསྔོ་བའོ༔ བཟློག་པ་ལའང་དོན་དམ་པར་ཉོན་མོངས་པའི་དགྲ་བགེགས་ཐམས་ཅད་ཆོས་ཉིད་ཡུལ་མེད་ཟང་ཐལ་གྱི་རོལ་པར་བཟློག་པ་ནི་རིག་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ་བྱ་སྟེ༔ དེའི་ཚུལ་དང་མཐུན་པར་བདག་མདུན་གྱི་ཐུགས་ཀ་དང་གནས་ཐམས་ཅད་ནས་མེ་དཔུང་དྲི་ངན་ཁྲོ་ཚོགས་ལྕགས་སྡིག་མཚོན་ཆ་ཐུན་རྫས་སྣ་ཚོགས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ལ་གོ་མཚམས་མེད་པར་འཕྲོས་པས་དགྲ་བགེགས་ཐམས་ཅད་ཁྲོ་ཚོགས་དང་ལས་མཁན་རྣམས་ཀྱིས་བསྒྲལ༔ མཚོན་ཆ་སྣ་ཚོགས་ཀྱིས་གཏུབ༔ བྱ་ཁྱུང་དང་ལྕགས་སྡིག་མང་པོས་ཟོས་པའི་ལྷག་མ་མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་གཏོར་ནས་རྣམ་པར་ཤེས་པ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་པ་ཀུན་རྫོབ་ཐབས་ཀྱི་ལམ་དུ་བསྟན་པའོ༔ དོན་དམ་པར་ཇི་ལྟ་ཇི་སྙེད་ཀྱི་ཤེས་རབ་དང་༔ ཡེ་ཤེས་ཆེན་པོ་བསྐལ་པ་དུས་མཐའི་མེ་ལྟ་བུས་སེམས་དང་སེམས་བྱུང་དང་བཅས་པ་ཐམས་ཅད་བུད་ཤིང་མེ་ལ་བསྲེག་པ་བཞིན་དུ་གློ་བུར་གྱི་དྲི་མ་མཐའ་དག་རིག་པ་རྒྱུ་འབྲས་ལས་འདས་པའི་ངང་དུ་བསྲེགས་པ་ལ་དཔེ་བྱས་ཏེ་དེའི་ཚུལ་བསྟན་པ་ལ༔ དང་པོ་བྷྲཱུྃ་ཡོངས་སུ་གྱུར་པ་ལས་དབུས་སུ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་མཐིང་ནག༔ ཤར་དུ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་དཀར་པོ༔ ལྷོར་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་སེར་པོ༔ ནུབ་ཏུ་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་དམར་པོ༔ བྱང་དུ་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་ལྗང་ནག་རབ་ཏུ་འབར་བ༔ དེ་ཡང་ཞི་བ་ལ་ཟླུམ་པོ༔ རྒྱས་པ་ལ་གྲུ་བཞི༔ དབང་ལ་ཟླ་གམ༔ དྲག་པོ་ལ་གྲུ་གསུམ༔ ལྷུན་གྲུབ་ལ་ཟུར་བརྒྱད་དུ་བསྒོམ་པའོ༔ ཞི་བ་ལ་མེའི་གཞལ་ཡས་ཁང་དཀར་པོ༔ རྒྱས་པ་ལ་སེར་པོ༔ དབང་ལ་དམར་པོ༔ དྲག་པོ་ལ་ལྗང་གུའམ་སྔོ་ལྗང་༔ ལྷུན་གྲུབ་ལ་མཐིང་ནག་གམ་ཁྲ་བོར་བསྒོམ་པ་དང་༔ དེ་དག་གང་ལའང་ངོ་བོ་ཡེ་ཤེས༔ རྣམ་པ་གཞལ་ཡས་ཁང་༔ རང་བཞིན་མེ་ལྕེ་རུ་ཤེས་པར་བྱའོ༔ དེའི་དབུས་སུ་ཞི་བའི་དུས་སྔ་དྲོར་ལྷ་ཚོགས་དཀར་པོ༔ རྒྱས་པའི་དུས་ཉིན་གུང་དུ་ལྷ་ཚོགས་སེར་པོ༔ དབང་གི་དུས་སུ་དགོང་མོར་ལྷ་ཚོགས་དམར་པོ༔ དྲག་པོའི་དུས་སྲོད་ལ་ལྷ་ཚོགས་ལྗང་གུའི་རང་བཞིན་དུ་བསྒོམ་པར་བྱ་བ་ཡིན༔ ཞི་བ་ལ་བསྲེག་རྫས་ཐམས་ཅད་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་རྫས་ཀྱི་ཚུལ་དུ་བསྒོམ་ལ་ཞལ་དུ་བསྟབས་པས༔ ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམ་ནས་སྐུ་ལས་འོད་ཟེར་ཁ་དོག་དཀར་པོའི་རྣམ་པར་འཕྲོས་པས་རང་དང་དམིགས་བྱའི་རྒྱུད་ཀྱི་ནད་གདོན་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་མ་ཕོག་པ་ལྟར་སངས་ཀྱིས་དག་ནས་ལྷག་མ་ཙམ་ཡང་མེད་པར་ཡང་ཡང་བསྒོམ་པ་ནི་ཞི་བའི་དམིགས་པའོ༔ རྒྱས་པ་ལ་ལྷ་ཚོགས་ཐམས་ཅད་བཀྲ་ལམ་མེར་གསལ་བ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལྷག་པའི་ལྷ་དེའི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པར་བསམ༔ བསྲེག་རྫས་ཐམས་ཅད་ངོ་བོ་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དཔག་མེད་རྣམ་པ་བསྲེག་རྫས་སོ་སོའི་རང་བཞིན་དུ་བསྒོམ་སྟེ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པས་ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་གཟི་བརྗིད་མཐུ་སྟོབས་ནུས་པ་ཐམས་ཅད་རབ་ཏུ་རྒྱས་ཤིང་འབར་བའི་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་བྱང་སེམས་བླ་མ་ཡི་དམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པའི་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཐུགས་རྗེ་བྱིན་རླབས་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་དང་༔ སྣང་སྲིད་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཁམས་གསུམ་སེམས་ཅན་ཐམས་ཅད་དང་བཅས་པའི་ཚེ་བསོད་བཀྲག་མདངས་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ཏེ་རང་དང་དམིགས་བྱ་ལ་ཐིམ་པས་ཚེ་བསོད་དཔལ་ཡོན་དབང་བྱིན་དངོས་གྲུབ་མཐུ་སྟོབས་ནུས་པ་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་ཡང་ཡང་བསམ་པ་དང་༔ མདུན་བསྐྱེད་ལྷའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཀྱང་འོད་ཕུང་སེར་པོའི་རྣམ་པར་རང་ལ་ཐིམ་པས་ཚེ་བསོད་དཔལ་ཡོན་མཐུ་སྟོབས་ནུས་རྩལ་རབ་ཏུ་རྒྱས་ཤིང་བརྟན་པར་བསམ་པའོ༔ དབང་ལའང་བསྲེག་རྫས་ཐམས་ཅད་རྣམ་པ་རྫས་སོ་སོའི་རོལ་པ་ལ་ངོ་བོ་བདེ་སྟོང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་དུ་འཁྱིལ་བ་མཐོང་བ་ཙམ་གྱིས་ངོམས་པ་དང་༔ རེག་པ་ཙམ་གྱིས་ཚིམ་པ་དང་༔ མྱོང་བ་ཙམ་གྱིས་གྲོལ་བའི་ནུས་པ་དང་ལྡན་པ་དེ་ཉིད་ཡེ་ཤེས་ལྷའི་ཞལ་དུ་བསྟབས་པ་ཙམ་གྱིས་ཐུགས་བདེ་སྟོང་ཡེ་ཤེས་ཀྱིས་རོས་མྱོས་ཏེ་སྐུའི་བཀྲག་མདངས་གཟི་བརྗིད་མཐུ་ནུས་སྟོབས་རྩལ་ཆེན་པོ་རབ་ཏུ་འབར་བས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་༔ བཀའ་སྲུང་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཐམས་ཅད་ཀྱི་མཐུ་ནུས་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་འཁོར་འདས་གཉིས་ལ་དབང་བསྒྱུར་བའི་ནུས་སྟོབས་དང་ལྡན་པར་བསམ་པ་དང་༔ གཞན་ཡང་མདུན་བསྐྱེད་ལྷའི་ཐུགས་རྗེ་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པས་རང་ལ་ཐིམ་པ་དང་༔ བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་དང་ཞགས་པའི་དབྱིབས་ལྟར་དཔག་ཏུ་མེད་པ་འཕྲོས་པས༔ ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་གནོད་སྦྱིན་ནོར་ལྷ་གཏེར་བདག་རྣམས་ཀྱི་ལོངས་སྤྱོད་བང་མཛོད་གནས་མལ་དང་བཅས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ་མདུན་སར་འཁོད་པ་ལས༔ རང་དང་མདུན་བསྐྱེད་ཀྱི་ལྷའི་སྐུའི་གཟི་མདངས་དཔའ་ཟིལ་མི་བཟོད་པར་བྲན་དུ་ཁས་བླངས༔ ལས་ཀྱི་གཉེར་བླངས༔ གཏན་གྱི་འབངས་སུ་མཆི་བར་དམ་བཅས་མནའ་བོར་བཀའ་རྟགས་རྡོ་རྗེ་གཙུག་ཏུ་ཤར༔ དམ་ཚིག་གཉན་པོའི་སྲོག་ཐོབ་ནས་འདོད་རྒུ་ལོངས་སྤྱོད་ཀྱི་ཆར་ཆེན་པོ་རྒྱུན་མི་ཆད་པར་ཕབ་ནས་རང་གནས་སུ་སོང་བར་བསམ་པ་སོགས་དབང་གི་དམིགས་པའི་བསྒྱུར་ཁ་ལ་མཁས་པར་བྱའོ༔ དྲག་པོའི་དུས་སུ་བསྲེག་རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་བླ་ཚེ་སྲོག་གསུམ་འདུས་པའི་ངོ་བོར་དམིགས་ཏེ་འགུགས་གཞུག་ནན་དུ་བྱེད་ཅིང་མཐར་དགང་གཟར་གྱིས་བཅུས་ཚེ་དགྲ་བོ་དེའི་བླ་ཚེ་གཟུགས་ཕུང་སྲོག་དབུགས་དང་བཅས་པ་ཐམས་ཅད་འབྲས་བུ་ཕུལ་གྱིས་བཅུས་པ་ལྟར་དགང་གཟར་གྱིས་བླངས་ཏེ་མེ་དཀྱིལ་དུ་བསྒོམ་པའི་ལྷ་རྣམས་ཀྱི་ཞལ་དུ་རྐང་མཐིལ་སྐྱ་ལྷག་གེར་རྡེའུ་དོང་དུ་འཕང་པ་ལྟར་ཐིམ་པར་ཡང་ཡང་བསམ་པ་དང་༔ གཤིན་པོ་སྲོག་གཅོད་ངན་པའི་དབང་དུ་གྱུར་པའང་རཱུ་པ་དང་རྣམ་ཤེས་དབྱེར་མེད་པ་ཡི་དམ་ལྷའི་ཞལ་དུ་ཐིམ་པར་བསམ་སྟེ་སྲེག་བླུགས་གྲངས་བསྐྱར་ཏེ་དམིགས་པ་གནད་དང་ལྡན་པས་ཕུལ་ན་འདྲེ་གདོན་གྱི་རིགས་སུ་མི་སྐྱེ་བའི་གནད་ཡོད་ཅིང་༔ གཞན་པ་རྣམས་ལ་ཞི་བའི་དམིགས་པ་བྱས་ཏེ་ཚེ་འདས་ཀྱི་བླ་ཡིད་ཡི་དམ་ལྷའི་དབྱིངས་སུ་བསྡུ་བ་གནད་དུ་ཤེས་པར་བྱའོ༔ དེ་ལྟར་ཡང་ཡང་སྲེག་བླུགས་བྱས་པས་ཕྲིན་ལས་རྣམ་བཞི་འགྲུབ་པའི་དགོས་པ་ཡོད་དེ་ཀུན་རྫོབ་ཏུ་བསྟན་པ་ཡིན་ནོ༔ རང་ལུས་ལྷའི་གཞལ་ཡས་སུ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཏིལ་གྱི་གོང་བུ་ཕྱུར་བ་ལྟར་གང་བར་བསམ་སྟེ་ལག་པ་དགང་གཟར་བླུགས་ཀྱིས་བཟའ་བཏུང་ཐམས་ཅད་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རོལ་པར་ཕུལ་བ་བཟའ་བཏུང་ལམ་ཁྱེར་གྱི་སྲེག་བླུགས་བླ་ན་མེད་པ་ཡིན༔ དོན་དམ་པར་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཡེ་ཤེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་རྟོགས་ཏེ་མངོན་དུ་བྱེད་པ་སྐུ་བུམ་པའི་དབང་༔ ལྷུན་གྲུབ་རིན་པོ་ཆེའི་དབྱིངས་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་མངོན་དུ་བྱེད་པ་གསུང་གསང་བའི་དབང་༔ ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་མངོན་དུ་བྱེད་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང༔ སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་རྫོགས་པ་མངོན་དུ་བྱེད་པ་བཞི་པ་ཚིག་གི་དབང་ངམ་མཆོག་གི་དངོས་གྲུབ་བླ་ན་མེད་པ་ཡིན་ནོ༔ དེའི་ཚུལ་དུ་མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཀྱི་སྐུའི་དབྱིངས་ནས་འོད་ཕུང་དཀར་པོ་ཨོཾ་གྱིས་མཚན་པ་ཅན་འཕྲོས་པ་རང་གི་སྤྱི་བོ་ནས་ལུས་ལ་ཞུགས་པས་ལུས་སྐུ་རྡོ་རྗེ་འགྱུར་བ་མེད་པའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་རྣམ་པར་སྨིན་པའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ གསུང་གསང་བའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོ་ཨཱཿཡིས་མཚན་པ་ཅན་མགྲིན་པ་ནས་ངག་ལ་ཐིམ་པས་ངག་གསུང་རྡོ་རྗེ་འགགས་པ་མེད་པར་བྱིན་གྱིས་བརླབས་ཏེ་ཚེ་ལ་དབང་བའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་མཐིང་ནག་ཧཱུྃ་གིས་མཚན་པ་ཅན་སྙིང་གར་ཐིམ་པས་ཡིད་ཐུགས་རྡོ་རྗེ་འཁྲུལ་པ་མེད་པར་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ སླར་ཡང་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་སྤྲིན་འཁྲིགས་པ་ལྟ་བུའི་རྣམ་པར་རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་ཏེ་ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ མདོར་ན་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཡོངས་སུ་རྫོགས་པ་ཐོབ་པར་བསྒོམ་པ་ནི་ཀུན་རྫོབ་ཏུ་བསྟན་པའོ༔ དེ་ལྟར་བསྐྱེད་རིམ་ཐབས་ཀྱི་ལམ་བསྟན་པ་དེ་དག་ཐམས་ཅད་དོན་དམ་པར་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཉིད་ལ་རང་བྱུང་རང་ཆས་སུ་རྫོགས་པ་ཡིན་ནོ༔ བསྐྱེད་རིམ་ཐབས་ལམ་ལུས་ངག་གི་སྤྱོད་ཡུལ་ཐམས་ཅད་ཆོས་སྐུ་གཞིར་གནས་ཀྱི་རིག་པའི་ཉག་ཕྲན་རེ་ལ་དཔེ་བླངས་ནས་དེའི་ཚུལ་བྱ་བྱེད་བློ་ཡིད་ཀྱིས་སྤྱོད་ཡུལ་དུ་བསྟན་པ་ཙམ་མ་གཏོགས་ཡང་དག་པ་མ་ཡིན་པའི་ཚུལ་ཤེས་པར་བྱའོ༔ སྔོན་ཆད་མ་ཤེས་པའི་དབང་གིས་གཞིའི་ཡོན་ཏན་ཕན་མེད་གནོད་མེད་ལུང་མ་བསྟན་དུ་སོང་བ་ཡིན༔ འདི་ལྟར་རྫོགས་པའི་ངང་ཚུལ་ཤེས་ན་རྫོགས་པ་མངོན་དུ་བྱས་པ་ཡིན་པས་རྫོགས་པ་ཆེན་པོའི་ཐེག་པར་ངེས་པའི་ཁྱད་ཆོས་བླ་ན་མེད་པ་ཉིད་ཡིན་ནོ༔ བསྐྱེད་རིམ་ཐབས་ཀྱི་ཆ་ཤེས་རབ་ཀྱི་དབྱིངས་སུ་རིག་པས་ཐབས་ཤེས་འབྲེལ་བ་ལྟོ་སྦྱོར་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མ་མཆིས་པའོ༔ གཞན་ཡང་མ་དག་པའི་སྒོ་གསུམ་དག་པ་ཡེ་ཤེས་རྡོ་རྗེ་གསུམ་གྱི་གྲོང་དུ་འཕོ་བའི་ཐབས་ནི༔ དོན་དམ་པར་ལུས་མེད་ནམ་མཁའ་རྣམ་པར་དག་པ་རྒྱལ་བ་ཐམས་ཅད་ཀྱི་གསང་བ་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབྱིངས་གང་ཟག་བློ་ཆུང་བ་དག་གིས་མི་འཆུན་པས་དེའི་ཚུལ་དང་མཐུན་པར་ཉམས་སུ་བླངས་པས་མཐར་ངོ་བོའི་དབྱིངས་སུ་གྲོལ་བར་བྱེད་པ་སྟེ༔ རང་གི་ལུས་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཡས་གྲི་གུག་འབར་བས་ཁམས་གསུམ་ཐམས་ཅད་དབང་དུ་སྡུད་ཅིང་༔ གཡོན་པས་ཐོད་པ་མཚན་ལྡན་བསྣམས་པས་ཁམས་གསུམ་སྐུ་གསུང་ཐུགས་ཀྱི་བདུད་རྩིར་རོལ་པར་བྱེད་པ༔ ཞབས་གཉིས་འདོར་སྟབས་སུ་བཞེངས་པ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་སྐུ་མཚན་དང་དཔེ་བྱད་ཀྱིས་མཛེས་པ༔ རལ་པའི་ཐོར་ཚུགས་ལ་རིན་ཆེན་སྣ་ལྔས་སྤྲས་ཤིང་རྩེ་བྲན་གྱིས་མཛེས་པ་དབུ་ལ་མེ་ཏོག་སྣ་ཚོགས་པས་ཐོད་གདེངས་བྱས་པ༔ ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་འཇའ་འོད་མེ་དཔུང་འབར་བའི་དབྱིངས་སུ་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བའི་ལུས་འདིའི་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་ཡེ་ནས་ཡིན་པ་ལས་གདོས་བཅས་ཀྱི་ཕུང་པོ་ལ་མངོན་པར་ཞེན་པའི་འཁྲུལ་པ་བཙན་ཐབས་སུ་ལྡོག་པའི་ཕྱིར་སྟོང་པ་ནང་དུ་མེད་ཀྱང་སྟོང་པ་ལུས་ཀྱི་དྭངས་མ་རུ་བཞག༔ དྭངས་མ་ནང་དབུས་སུ་བཞག་ནས་རླུང་སེམས་སྟོང་པ་ཉིད་དུ་བཅུན་པའི་ཐབས་སུ༔ ལུས་སྟོང་ར་འོད་ཀྱི་གུར་ཁྱིམ་དུ་བསྒོམ་པའི་དབུས་སུ་རྩ་སྟོང་པ་འོད་ཀྱི་སྦུ་གུ་ཅན་བདེ་བ་མཚོན་ཕྱིར་ཕྱི་དཀར་བ༔ གསལ་བ་མཚོན་ཕྱིར་ནང་དམར་བ༔ སྟོང་པ་མཚོན་ཕྱིར་བར་མཐིང་ཞུན་ལྟར་སྔོ་བ༔ བྱང་ཆུབ་ཀྱི་སེམས་མཚོན་པའི་ཕྱིར་ནང་སྟོང་པ་ཟང་ཐལ་བ༔ མདའ་སྨྱུག་འབྲིང་པོའི་ཚད་ཙམ་སྦུབས་ཡངས་དོག་མེད་པ༔ ཡར་སྣེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཧར་གྱིས་ཕྱེས་པ༔ མར་སྣེ་ལྟེ་འོག་གཉེར་པོ་ཆེར་སྨྱུག་ཚིགས་ལྟར་འགག་པ༔ དེའི་མཚན་ཉིད་ནི་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ པདྨའི་འདབ་མ་ལྟར་སྲབ་པ༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ༔ སྟོང་སང་ངེ་བ་ཆོས་སྐུའི་ངོ་བོར་གནས་པ༔ གཡས་སུ་རོ་མ་དམར་མོ་ཕྱི་དམར་ལ་ནང་དཀར་བ༔ གཡོན་དུ་རྐྱང་མ་དཀར་མོ་ཕྱི་དཀར་ལ་ནང་དམར་བ༔ གཉིས་ཀའི་མར་སྣེ་ལྟེ་འོག་དབུ་མའི་ནང་དུ་ཚུད་པ༔ ཡར་སྣེ་རྣ་ལྟག་གཉིས་ནས་གུག་ཅིང་སྣ་བུག་གཉིས་སུ་ཧ་རེ་ཟུག་པར་བསྒོམ༔ དེ་གསུམ་སྐུ་གསུམ་གྱི་མཚོན་བྱེད་དུ་ཤེས་པར་བྱའོ༔ རྩ་དབུ་མ་དེ་ལ་འཁོར་ལོ་ལྔ་བརྩེགས་ཞེས་བྱ་བའི་རྩ་འདབ་ཡོད་དེ༔ འཁོར་ལོ་དང་པོ་ན་རྩ་འདབ་སུམ་ཅུ་རྩ་གཉིས༔ གཉིས་པ་ན་རྩ་འདབ་བཅུ་དྲུག༔ གསུམ་པ་ན་རྩ་འདབ་བརྒྱད༔ བཞི་པ་ན་དྲུག་ཅུ་རྩ་བཞི༔ ལྔ་པ་ན་འདབ་མ་ཉེར་བརྒྱད་དུ་གྱེས་པར་གསལ་བ་ཡང་༔ དོན་དམ་པར་འཁོར་འདས་ཐམས་ཅད་སྟོང་ཉིད་དབུ་མས་ཁྱབ་པ་དང་༔ དེའི་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་དོད་དུ་རོ་མ་དང་༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོའི་ཚུལ་དུ་རྐྱང་མར་བཞག་པ་ཡིན་ཏེ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་མ་གྲུབ་ཅིང་མི་གནས་པའི་སྟོང་པ་ཉིད་ཡིན་ཏེ་སྟོང་པ་དབུས་སུ་བཞག་པ་སྦྱོང་བའི་གཞི་རུ་བསྟན་པ་ལས་ངེས་པར་གྲུབ་པ་མེད་པའོ༔ སྐུ་གསུམ་སྟོང་ཉིད་ཆེན་པོར་ཡེ་ནས་རང་བྱུང་བའི་ཚུལ་དུ་རྩ་གསུམ་དུ་བསྟན་པ་ཡིན༔ མ་རིག་ལས་ཉོན་གྱི་སྒྲིབ་པ་དབྱིངས་སུ་སྦྱོང་བའི་གཉེན་པོར་ཐེག་པ་རིམ་དགུར་བསྟན་པ་དེའི་ཚུལ་དུ་ལས་རླུང་ལས་ཉོན་བག་ཆགས་ཀྱི་རང་བཞིན་དུ་ཤེས་པས་རླུང་རོ་དགུ་ཕྲུགས་སུ་བསལ་བ་སྟེ༔ ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་ཁམ་ནག་གི་རྣམ་པས་ཐོན་ཏེ་ནམ་མཁར་ཡལ་བར་བསྒོམ་སྟེ་སྣ་བུག་གཡས་ནས་ལན་གསུམ་བསལ་བ་དང་༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་དམར་ནག་གི་རྣམ་པས་ཐོན་པར་བསམ་ལ་སྣ་བུག་གཡོན་ནས་ལན་གསུམ་བསལ་བ་དང་༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་སྔོ་ནག་གི་རྣམ་པས་ཕྱིར་ཐོན་ཏེ་ནམ་མཁར་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་སྣ་བུག་གཉིས་མཉམ་ནས་རླུང་རོ་ལན་གསུམ་དུ་བསལ་ཞིང་༔ ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ཐམས་ཅད་གོས་རྡུལ་སྤྲུགས་པ་ལྟར་རྡུལ་ཕྲ་རབ་ཀྱི་རྣམ་པར་ནམ་མཁའ་ལ་ཡལ་བར་བསམ་པ་དང་༔ རྩ་རླུང་ཐིག་ལེའི་ཁམས་གསུམ་འཁོར་བ་མཐའ་རུ་འཁྲུལ་པར་བྱེད་པའི་རྒྱུ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ནག་བུན་བུན་ཐོན་ནས་ནམ་མཁའ་ལ་ཡལ་བར་བསམ་ཞིང་ལུས་སྤྲུགས་བྱ་བ་ནི་ཉེས་གེགས་བསལ་བ་གནད་ཀྱི་ཡང་གཅེས་དམ་པ་རུ་ཤེས་པར་བྱའོ༔ དེ་ནས་མཉམ་བཞག་གི་རླུང་དང་༔ རྗེས་ཐོབ་ཀྱི་རླུང་གཉིས་སུ་ཡོད་པ་ལས༔ དོན་དམ་པར་ཤེས་རབ་ཀྱི་དབྱིངས་ནི་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་རིག་པ་འོད་གསལ་ཆེན་པོའི་ངང་དུ་རང་ས་བཟུང་སྟེ་སྒོ་གསུམ་བྱར་མེད་དུ་བཞག་པ་རླུང་སེམས་དབུ་མར་ཚུད་པའི་གནད་མཆོག་བླ་ན་མེད་པ་སྟེ༔ དེའི་ཚུལ་དུ་ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་ངང་ནས་རང་གི་སྣ་རྩེའི་ཐད་ཀྱི་ནམ་མཁར་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འདུས་པའི་ངོ་བོ་རླུང་མཐིང་སྐྱ་ན་བུན་འཐིབས་པ་ལྟ་བུའི་རྣམ་པར་གནས་པར་བསམ་ལ༔ རང་གི་སྣ་བུག་ནས་བྱིན་རླབས་ཡེ་ཤེས་ཀྱི་རླུང་དར་སྐུད་སྔོན་པོ་ལྟ་བུའམ༔ སྤོས་རེངས་ཀྱི་དུ་བ་ལྟ་བུར་དྲངས་ཏེ་རོ་རྐྱང་གི་ལམ་བརྒྱུད་ནས་དབུ་མའི་མར་སྣེར་ལྟེམ་གྱིས་འཁྱིལ་བའི་དབུ་མ་ཉིད་ཕྲུ་མ་ཕུས་བརྒྱང་པ་ལྟར་རྩ་མདུད་ཐམས་ཅད་ཤག་གིས་ཞིག་པར་བསམ༔ རླུང་གི་དྭངས་མ་རྩ་འདབ་ལྔ་ལ་ཐིམ་པའི་ལྷག་མ་རྣམས་དབུ་མའི་མར་སྣེ་རུ་འཁྱིལ་བར་བསམ་ལ་ཕོ་སྐོར་དང་མནན་སྟབས་ལན་གསུམ་བྱས་ཏེ་འཇམ་རླུང་ལུ་གུ་རྒྱུད་དུ་འདྲེན་པ་བར་མ་ཆད་པར་ཐུན་རེ་ལ་ཅི་ནུས་སུ་འཛིན་པ་མཉམ་བཞག་གི་རླུང་ཡིན་ནོ༔ ཡང་ན་སྙིང་གའི་ཐད་ཀྱི་རྩ་དབུ་མའི་ནང་དུ་འོད་ལྔའི་ཐིག་ལེ་ཟླུམ་པོ་གྲྭ་ཟུར་མེད་པའི་དབུས་ན་ཡི་གེ་ཨ་དཀར་པོ་གསལ་ལ་འཚེར་བ་བཅོ་ལྔའི་དུང་ཟླ་ལྟར་དཀར་བ་ཞིག་བསྒོམ༔ དབུ་མའི་མར་སྣེར་ཡེ་ཤེས་ལྔའི་རླུང་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་ཞིག་བསྒོམ་ལ་རླུང་སྔར་ལྟར་དྲངས་པའི་དྭངས་མ་ཨ་ཡིག་དང་ཐིག་ལེ་ལ་ཐིམ༔ ལྷག་མ་རླུང་གི་གཞི་སྣ་ཚོགས་རྡོ་རྗེ་ལ་ཐིམ་པར་བསམ་པ་བསྐྱང་བས་ལས་རླུང་དབུ་མར་ཚུད་ཅིང་ཡེ་ཤེས་ཀྱི་རླུང་རང་མལ་དུ་འཁོད་པར་འགྱུར་རོ༔ རྗེས་ཐོབ་ཀྱང་དོན་དམ་པར་སྣང་བ་སེམས་སུ་མི་འཁྲུལ་བར་རིག་པ་རང་གི་ཁོར་ཡུག་ལས་མི་འདའ་བ་སྟེ༔ གནད་དེ་ལྟ་བུ་དང་མི་ལྡན་པ་རྣམས་ཀྱིས་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་ཀུན་གྱི་དུས་སུ་རླུང་ཡིད་ཀྱིས་མི་བརྗེད་པར་ལྟེ་འོག་ཏུ་ཏིགས་སེ་མནན་ནས་སྡོད་པ་ནི་རྗེས་ཐོབ་ཀྱི་རླུང་སྟེ་བརྟན་པ་ཐོབ་པའི་གནད་ཟབ་ཁྱད་ཅན་ཡིན་ནོ༔ དོན་དམ་པར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཞིར་གནས་ཀྱི་དབུ་མ་མངོན་དུ་བྱེད་ཅིང་༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱིས་ལས་རླུང་རང་མལ་དུ་གསོད་ཅིང་ཡེ་ཤེས་ཀྱི་རླུང་རང་མལ་དུ་འཁོད༔ རིག་སྟོང་བྱར་མེད་ཆེན་པོ་གཏུམ་མོ་ཡེ་ཤེས་ཀྱི་མེ་བདེ་སྟོང་མཉམ་པར་སྦྱོར་བ་ཡེ་ཤེས་ལྔའི་སྟོབས་ཤུགས་རྩལ་དུ་འབར་བས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉེས་པར་བྱས་ཏེ་མ་རིག་འཁྲུལ་པའི་ལས་ཉོན་བག་ཆགས་ཐམས་ཅད་རང་སར་དག་ནས་ཆོས་སྐུ་ཀ་དག་གི་གདིང་ཆེན་པོ་རང་ཐོག་ཏུ་ཐོབ་པ་ནི་དོན་དམ་པའི་གཏུམ་མོ༔ ཀུན་རྫོབ་ཏུ་རྩ་དབུ་མ་སྟོང་ཉིད་ཀྱི་ཡར་སྣེར་བདེ་ཆེན་ཐབས་ཀྱི་རྡོ་རྗེའི་ངོ་བོ་ཧཾ་ཡིག་གི་རྣམ་པར་གསལ་བ་དང་༔ མར་སྣེར་སྟོང་ཆེན་ཤེས་རབ་ཀྱི་ངོ་བོ་ཨ་ཐུང་གི་རྣམ་པར་གསལ་བ་དང་༔ རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པ་བྱིན་རླབས་ཡེ་ཤེས་ཀྱི་རླུང་གིས་རེག་པས༔ གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་ཁ་དོག་དམར་བ༔ ངོ་བོ་བདེ་བ༔ རང་བཞིན་གསལ་བ༔ རེག་བྱ་ཚ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ༔ རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པར་གསལ་ལ་ཁུག་གྲངས་མང་པོ་དལ་གྱིས་རྔུབ་པ་དང་༔ ལྟེ་བར་དགང་བ་དང་༔ ཕོ་བར་གཞིལ་བ་དང་༔ ལྷག་མ་མདའ་ལྟར་འཕེན་པ་སྟེ༔ སྦྱོར་བ་བཞི་དང་ལྡན་པའི་གནད་ཀྱིས་མེ་ལྕེ་ལྟེ་བའི་རྩ་འཁོར་དུ་འབར་ཞིང་ཁྱབ་པས་ལས་ཉོན་བག་ཆགས་ཐམས་ཅད་ལྷག་མེད་དུ་བསྲེགས་ནས་མེ་ལྕེ་ཆེར་མཆེད་དེ་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་ཡོངས་སུ་ཁྱབ་ནས་ལས་ཉོན་བག་ཆགས་ཐམས་ཅད་ལྷག་མེད་དུ་བསྲེག༔ ཡར་མཆེད་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་ཁྱབ་ནས་ལས་ཉོན་བག་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག༔ ཡང་ཆེར་མཆེད་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་གང་ཞིང་ཁྱབ་སྟེ་ལས་ཉོན་བག་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག༔ ཡང་འབར་བ་སྤྱི་བོའི་ཧཾ་ཡིག་ལ་ཕོག་པས་ཐབས་ཤེས་འཕྲད་པའི་བདེ་སྟོང་ཡེ་ཤེས་ཀྱི་ཉམས་རྒྱས་ཏེ༔ ཐིག་ལེ་ལས་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་ངང་ན་ར་ར་བབས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་ཐམས་ཅད་གང་ཞིང་ཁྱབ་ནས་སངས་རྒྱས་བདེ་གཤེགས་སྐུའི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་གཉིས་རྫོགས༔ སྒྲིབ་གཉིས་སྦྱངས་ནས་སྐུ་བུམ་པའི་དབང་ཐོབ་སྟེ་དགའ་བའི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེས་པར་བསམ༔ ཡང་བདུད་རྩིའི་ལྷག་མ་མར་བབས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་ཐམས་ཅད་ལ་ཁྱབ་ནས་བདེ་གཤེགས་གསུང་གི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་ཚོགས་རྫོགས་སྒྲིབ་པ་དག་གསུང་གསང་བའི་དབང་ཐོབ༔ མཆོག་ཏུ་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ༔ ཡང་སྙིང་གར་བབས་པས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཐམས་ཅད་ལ་ཁྱབ་ཅིང་བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་རྫོགས༔ སྒྲིབ་པ་དག༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཁྱད་པར་གྱི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་ཉམས་སུ་མྱོང་བར་བསམ༔ ཡང་ལྟེ་བར་བབས་པས་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་ཐམས་ཅད་གང་ཞིང་ཁྱབ་ནས་བདེ་གཤེགས་ཡོན་ཏན་རིགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་རྫོགས་སྒྲིབ་པ་སྦྱངས༔ ཚིག་དབང་རིན་པོ་ཆེ་ཐོབ༔ ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་ཉམས་སུ་མྱོང་བར་བསམ༔ ཡང་གསང་གནས་སུ་བབས་པས་བདེ་སྐྱོང་གི་འཁོར་ལོའི་རྩ་འཁོར་ཐམས་ཅད་ལ་ཁྱབ་པས་བདེ་གཤེགས་ཕྲིན་ལས་རིགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་འབུལ༔ བདེ་སྟོང་བདུད་རྩི་ཟག་པ་མེད་པའི་བདེ་བ་སྐྱེད༔ གཏུམ་མོ་ཡེ་ཤེས་ཀྱི་མེས་དྲོད་ཆེན་པོར་སྦྱར༔ བྱིན་རླབས་ཡེ་ཤེས་ཀྱི་རླུང་གིས་ནུས་སྟོབས་བསྐྱེད༔ ཚོགས་རྫོགས་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་ཐོབ༔ བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་ཉམས་སུ་མྱོང་བར་བསམ༔ སླར་ཡང་བདེ་ཆེན་གྱི་བདུད་རྩི་ཨ་ཐུང་གི་མེ་ལྕེའི་རྩ་བར་བབས་པས་བདེ་སྟོང་གི་ཡེ་ཤེས་ཆེན་པོ་ཉམས་སུ་མྱོང་༔ ཡང་བྱིན་རླབས་ཡེ་ཤེས་ཀྱི་རླུང་དང་༔ གཏུམ་མོ་ཡེ་ཤེས་ཀྱི་མེ་དང་༔ བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་གསུམ་གྱི་རང་བཞིན་ཆེར་མཆེད་ཅིང་རབ་ཏུ་འབར་བས་ལུས་ཀྱི་རྩ་ཁམས་ཐམས་ཅད་ཡོངས་སུ་གང་ནས་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ཐམས་ཅད་རྩྭ་སྦུར་ཕྲ་མོ་ལ་དུས་མཐའི་མེ་མཆེད་པ་བཞིན་དུ་བསྲེག་པར་བསམ་པ་དང་༔ ཡང་དབུ་མ་མེ་དང་བཅས་པ་ཇེ་ཆེར་སོང་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་དབུ་མའི་ནང་དུ་ཚུད་དེ་སྣོད་བཅུད་དུ་འཛིན་པའི་རྣམ་རྟོག་ལས་ཉོན་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག་ནས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམ་པ་དང་༔ ཡང་དབུ་མ་དང་བཅས་པ་ཐམས་ཅད་སྔར་བཞིན་དུ་གནས་པ་ལ་ཤེས་པ་གཏད་པའི་ངང་ནས་རླུང་གི་ཁུག་པ་གྲངས་མང་པོར་བསྐྱུར་རོ༔ ཡང་ན་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལྟེ་བར་ཨ་ཐུང་དམར་པོ་ཐིག་ལེ་ནཱ་ད་དང་བཅས་པ་དང་༔ སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་བསྒོམ་པའི་སྣ་རྩེའི་ཐད་ཀྱི་ནམ་མཁར་བྱིན་རླབས་ཡེ་ཤེས་ཀྱི་རླུང་མཐིང་ག་ན་བུན་ལྟར་འཐིབས་པ་ཉིད་དར་སྐུད་ལྟ་བུར་སྣ་བུག་གཉིས་ནས་དྲངས་པ་རོ་རྐྱང་གི་ལམ་བརྒྱུད་དབུ་མའི་མར་སྣེར་གཅིག་ཏུ་འདྲེས་ཏེ་ཨ་ཐུང་གི་ཐིག་ལེ་བསྐྱེད་པས་ཤེས་རབ་ཡེ་ཤེས་ཀྱི་མེ་ལྕེ་རབ་ཏུ་འབར་བས་ལས་ཉོན་བག་ཆགས་ཐམས་ཅད་བསྲེག༔ རྩ་མདུད་ཐམས་ཅད་རླུང་གིས་བརྒྱངས་པས་ཁྲལ་མ་ཁྲོལ་མར་ཞིག༔ མེས་རྩ་འཁོར་གང་ཞིང་དྲོད་ཆེན་པོས་ལུས་ཐམས་ཅད་ཁྱབ་པར་བསམ༔ རྩ་ཆེན་དང་རྩ་འབྲིང་དང་རྩ་ཕྲན་ཐམས་ཅད་མེ་རླུང་གིས་གང་ནས་ལུས་རྩའི་དྲྭ་བ་ཐམས་ཅད་ལ་མདུད་པ་རེ་ཡོད་པའི་སྟེང་དུ་ཐིག་ལེ་དཀར་ཆ་དང་༔ འོག་ཏུ་རཀྟ་དམར་ཆའི་ཐིག་ལེ་སོ་སོར་གནས་པ་རྣམས་དབྱེར་མེད་དུ་འདྲེས༔ ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་དུ་རྒྱས་པར་བྱས༔ དབུ་མའི་ནང་ཐམས་ཅད་མེ་ལྕེས་ཁྱབ་ནས་ཧཾ་ཡིག་གི་ཐིག་ལེ་ཞུ་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱུན་མི་ཆད་པར་ངང་ན་ར་ར་བབས་པ་ཨ་ཐུང་ལ་ཕོག་པས་མེ་དང་བདུད་རྩི་གཉིས་མེད་དུ་འབར་བས་བདེ་སྟོང་དགའ་བཞིའི་ཡེ་ཤེས་གློ་བུར་དུ་རྒྱུད་ལ་སྐྱེས་ཤིང་འགྱུར་བ་མེད་པར་བརྟན་པར་བསམ་སྟེ༔ རླུང་ཁུག་གྲངས་མང་པོ་ཐུན་ཚད་དང་བསྟུན་ནས་འཛིན༔ དུས་རྣམ་ཐམས་ཅད་དུ་དབུ་མ་དང་རྩ་འཁོར་ཀུན་ཏུ་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་མཆེད་པ་མི་བརྗེད་པར་ལྟེ་འོག་ཏུ་ཏིགས་སེ་མནན་པ་ལ་ཤེས་པ་རྒྱུན་ཆགས་སུ་གཏད་པ་ནི་རྗེས་ཐོབ་ཀྱི་གནད་ཡིན་ཏེ་དེས་ཀྱང་བདེ་དྲོད་རབ་ཏུ་འབར་བར་འགྱུར་རོ༔ འགའ་ཞིག་འདི་ལ་གཞི་བྱས་ཏེ་ནམ་མཁའི་རྣལ་འབྱོར་པ་བསླབ་པ་ནི༔ ཧུབ་སྒྲ་གསུམ་རེས་ནམ་མཁའ་ལྷག་མ་ཙམ་ཡང་མ་ལུས་པར་རང་གི་ཁ་ནས་ཞུགས་པས་ཁོག་པ་ཐམས་ཅད་སྔོ་སང་ངེ་བས་ཁེངས་པར་བསམ་ལ་ནམ་མཁས་གར་ཁྱབ་ཁོག་པས་ཁྱབ་པས་ཁོག་པའི་ནང་དུ་ནམ་མཁའ་ཐམས་ཅད་ཆུབ་པར་བསྒོམ་ལ་ནམ་མཁའ་དང་རླུང་སེམས་དབྱེར་མེད་ཧར་སང་ངེ་བར་ཆམ་གྱིས་ཀློད་ལ་ཅི་གནས་སུ་མཉམ་པར་བཞག༔ ཡང་རླུང་ཐམས་ཅད་ཁ་དོག་ལྗང་གུའི་རྣམ་པར་ཧུབ་ཀྱིས་བཏབ་པས་ནམ་མཁར་རྒྱུ་ཚད་ཀྱི་རླུང་དྭངས་མ་བཅུད་དང་ལྡན་པས་རང་གི་ཁོག་པ་མེར་གྱིས་གང་བར་བསྒོམ་པ་དང་༔ ཡང་ཧུབ་ཀྱི་སྒྲས་ཆུ་རྣམས་ཐམས་ཅད་ཁ་དོག་དཀར་པོའི་རྣམ་པར་རང་གི་ཁོང་དུ་རྔུབས་པས་ཆུ་བཅུད་ནུས་པ་དང་ལྡན་པས་རང་གི་ལྟོ་བ་མེར་གྱིས་གང་བར་བསམ་པ་དང་༔ ཡང་ཁམས་གསུམ་གྱི་ས་ཐམས་ཅད་ཁ་དོག་སེར་པོའི་རྣམ་པར་ལྷག་མ་རྡུལ་ཙམ་མ་ལུས་པར་ཧུབ་སྒྲས་རྔུབས་ནས་ཁོག་པ་ལྟེམ་གྱིས་གང་བར་བསམ་པ་དང་༔ ཡང་མེ་རྣམས་ཐམས་ཅད་འོད་དམར་པོའི་རྣམ་པར་ཧུབ་ཀྱིས་བཏབ་སྟེ་སྣང་སྲིད་ཁམས་ཀྱི་མེའི་དྭངས་བཅུད་བདེ་དྲོད་དང་བཅས་པས་བདག་གི་ལྟོ་བ་ཡོངས་སུ་ཁེངས་པར་བསམ་སྟེ་མེ་དང་སེམས་ཉིད་གཉིས་མེད་བརྡལ་ཁྱབ་ཀྱི་ངང་དུ་བཞག་པ་འབྱུང་བ་བཅུད་དུ་རོལ་པའི་རྣལ་འབྱོར་གྱི་ལམ་དམ་པ་ཡིན་ནོ༔ དོན་ལ་དབུ་མ་སྟོང་ཉིད་དང་༔ མེ་རླུང་ཇི་ལྟ་ཇི་སྙེད་པ་དང་༔ ཧཾ་ཡིག་ཐབས་བདེ་བ་ཆེན་པོ་དང་༔ ཨ་ཐུང་ཤེས་རབ་སྟོང་ཉིད་ཀྱི་ངོ་བོ་དང་༔ རྩ་འཁོར་ཡེ་ཤེས་རྣམ་པ་ལྔ་དང་༔ ཕུང་པོ་བདེ་གཤེགས་ལྔ་དང་༔ ཁམས་ལྔ་ཡུམ་ལྔ་དང་༔ དབང་པོ་བརྒྱད་སེམས་དཔའ་བརྒྱད་དང་༔ ཡུལ་བརྒྱད་སེམས་མ་བརྒྱད་དང་༔ རྟག་ཆད་མུ་བཞི་སྒོ་སྐྱོང་བཞི་དང་༔ རྟོག་ཚོགས་ཐམས་ཅད་སྟོང་པར་དེངས་པའི་དབྱིངས་ཉིད་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་སུ་ལྷུན་གྱིས་གྲུབ་པ་ཡིན་ཏེ༔ དེས་ན་བརྟན་པ་རྩ༔ གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་པའི་ངོ་བོ་ནི་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་རྩལ་དུ་རྫོགས་པས་གནས་ལུགས་གཞིའི་རྫོགས་ཆེན་ཞེས་བྱ་བ་ཡིན༔ རྫོགས་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཆོས་ཉིད་ལམ་གྱི་རྫོགས་ཆེན་ཞེས་བྱ་བ་ཡིན༔ གཞིར་གནས་ཀྱི་རྫོགས་ཆེན་ལུང་མ་བསྟན་དུ་ཡོད་པ་དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་པས་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པས་ས་ལམ་ཆིག་ཆོད་དུ་བགྲོད་པ་ནི་ལམ་ངེས་རྫོགས་ཀྱི་རྫོགས་ཆེན་ཡང་དག་པ་དེ་ཀའོ༔ དེ་ལྟར་རྩ་ཐིག་རླུང་གསུམ་སྦྱངས་པའི་ཡོན་ཏན་གྱིས་མཆོག་གི་དངོས་གྲུབ་འབྲས་བུ་རྫོགས་པ་ཆེན་པོ་མངོན་དུ་འགྱུར་བ་དང་༔ ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ལ་རང་དབང་ཐོབ་པར་འགྱུར་བ་ཡིན་ནོ༔ རྩ་རླུང་ཐིག་ལེ་དག་སྦྱོར་གྱི་རྒྱུད་ཀྱང་འདི་ལས་གཞན་དུ་མ་གྲུབ་བོ༔ ཞེས་གསུངས་སོ༔ དེར་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས་འདི་སྐད་དུ༔ ཀྱཻ༔ ལེགས་སོ་ལེགས་སོ་བཅོམ་ལྡན་འདས༔ རྡོ་རྗེ་སྟོང་པས་རིན་ཆེན་འབིག༔ སྒྲ་གཅན་སྟོང་པས་ཉི་ཟླ་ཕམ༔ མེ་ལྕེ་སྟོང་པས་བུད་ཤིང་བསྲེགས༔ རླུང་གཡོ་སྟོང་པས་དངོས་པོ་གཏོར༔ ནམ་མཁའ་སྟོང་པས་སྣོད་བཅུད་ཕམ༔ ཆོས་ཉིད་སྟོང་པས་ཆོས་ཅན་ཕམ༔ སངས་རྒྱས་རྣམས་ཀྱིས་བདུད་རྣམས་ཕམ༔ དགེ་འདུན་གྱིས་ནི་ལྟ་ལོག་ཕམ༔ སྟོང་ཉིད་བདེན་པ་རིན་པོ་ཆེས༔ སྟོང་ཉིད་ལྟ་བ་རྟོགས་པར་ཤོག༔ སྟོང་ཉིད་ལྟ་བ་རིན་པོ་ཆེས༔ རྫོགས་པ་ཆེན་པོའི་དོན་རྟོགས་ཤོག༔ རྫོགས་པ་ཆེན་པོའི་སྟོབས་ཤུགས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་གྱུར་ཅིག༔ ཅེས་སྨོན་ལམ་རྒྱ་ཆེར་བཏབ་སྟེ་ཡང་འདི་སྐད་དོ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་འཁོར་འདས་རྫོགས་པ་ཆེན་པོ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་འདུས་པའི་ཀློང་ཆེན་པོ་མ་དང་མཁའ་འགྲོ་ཡོངས་ཀྱི་སྙིང་གི་ཡང་ཏིག་ཆེན་པོ་འདིའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་༔ མདོ་གང་དུ་བསྡུ༔ འགག་གང་དུ་བསྡམ༔ མིང་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས་བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་དང་པོ་གོང་བཞིན་དུ་གཞིའི་གནས་ལུགས་གཏན་ལ་དབབ་ནས་སྟོང་པ་ཉིད་དུ་ཐག་བཅད་པ་ནི་གཞི་སྟོང་ཉིད་དབུ་མ་ཆེན་པོ་དེ་ཀ་ཡིན༔ དེས་ན་སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་ཐམས་ཅད་དང་༔ འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་གཞི་རང་གི་ངང་ལས་མི་གཞན་པར་ཤེས་པ་ནི་འཁོར་འདས་རྫོགས་པ་ཆེན་པོ་ཞེས་བྱ་བའོ༔ གཞི་རང་ཐོག་ཏུ་གྲོལ་བ་མ་ཐོབ་པའི་སེམས་ཅན་ལ་འཁོར་བའི་རང་བཞིན་དུ་སྣང་ཞིང་མངོན་པར་ཞེན་ནས་འཁྲུལ་པ་ཡིན་ཏེ༔ བདག་རྟོག་མཚན་མ་ཡིད་བྱེད་ཀྱི་འཁྲུལ་པ་ལས་ལྡོག་ཅིང་དཔྱོད་བྱེད་ཀྱི་ཤེས་རབ་ཆེན་པོས་གཏན་ལ་དབབ་པས་གཞིའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་ཏེ་ལམ་དང་འབྲས་བུ་ཐབས་དང་ཤེས་རབ་ཀྱི་སྒོ་ཐམས་ཅད་གཞི་རང་གི་ངང་དུ་ཐག་གཏིང་དཔོག་པར་ཆོད་པ་ནི་གཞི་ནམ་མཁའ་རྣམ་པར་དག་པ་རུ་མདོ་བསྡུ་བ་ཡིན༔ འགག་གང་དུ་བསྡམ་ན་རྒྱ་མཚོའི་ནང་དུ་གཟའ་སྐར་གྱི་གཟུགས་བརྙན་སྣ་ཚོགས་པ་ཇི་ལྟར་ཤར་ཡང་རྒྱ་མཚོ་ཉིད་ལས་མི་གཞན་པས་འགག་རྒྱ་མཚོར་བསྡམ་པ་དང་༔ སྣོད་བཅུད་འདོད་ཡོན་གྱི་སྣང་བ་ཐམས་ཅད་ནམ་མཁའ་ཉིད་ལས་མི་གཞན་པས་འགག་ནམ་མཁར་བསྡམ་པ་ལྟར༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་དབྱིངས་ནམ་མཁའི་ངང་ལས་མི་གཞན་པའི་ཚུལ་ཤེས་ཏེ་འགག་ཆོས་དབྱིངས་ནམ་མཁའ་རྣམ་དག་ཏུ་བསྡམ་པ་ཡིན༔ མིང་ཇི་ལྟར་འཇུག་ན་འཁོར་འདས་ཀྱི་ཁམས་སུ་མིང་གི་རྣམ་གྲངས་ཇི་སྙེད་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་མིང་དུ་ངེས་པ་དང་༔ ཁྱད་པར་ལམ་མངོན་དུ་བྱེད་པའི་ཆོས་ཐམས་ཅད་ཀྱི་མིང་འདི་ལ་གདགས་ཏེ༔ འབྲས་བུ་མངོན་དུ་བྱེད་པ་རིན་ཆེན་བྱང་ཆུབ་སེམས་ཀྱི་གྲོང་དུ་འཕོ་ཞིང་འཇུག་པ་བླ་ན་མེད་པ་ཡིན་པས་བྱང་ཆུབ་སེམས་ཞེས་བྱ་བར་བཏགས་པ་ཡིན༔ དེའང་ཡང་དག་པའི་དོན་ཐམས་ཅད་རིན་ཆེན་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན་དོན༔ ཆུ་བོ་ཆུ་ཕྲན་ཐམས་ཅད་ཀྱི་འབྱུང་གནས་རྒྱ་མཚོར་ངེས་པ་ལྟར་ཆོས་ཐམས་ཅད་ཀྱི་འབྱུང་ཁུང་དམ་པར་ངེས་པས་དམ༔ དེ་ཉིད་སྐྱོན་དང་དྲི་མ་ཐམས་ཅད་བྲལ་བས་བྱང་༔ འཁོར་འདས་ལམ་འབྲས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ཆུབ་པས་ན་ཆུབ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་སྟེ་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས༔ ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་གནས་ལུགས་མངོན་དུ་གྱུར་ཏེ་གདིང་རང་ཐོག་ཏུ་ཐོབ་ཅིང་༔ ས་རང་མལ་དུ་བཟུང་བས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པ་ནི་དཔེར་ན་རྨི་ལམ་གྱི་སྣང་བ་དབྱིངས་སུ་སད་པའམ༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟ་བུར་མི་སེམས་པའི་སེམས་པ་ཆེན་པོའི་ཤུགས་ཀྱིས་ཁམས་གསུམ་འཁོར་བ་སྐུ་གསུམ་གྱི་རོལ་པར་སྒྲོལ་བས་ན་སེམས་ཞེས་བྱའོ༔ བཀའ་གསང་བ་བས་ཀྱང་ཆེས་གསང་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་འདུས་པའི་བདག་ཉིད་ཅན་གྱི་ཕྱིར་གསང་ཞེས་བྱ་སྟེ༔ གཞི་བདེ་གཤེགས་སྙིང་པོ་འདི་ཉིད་ཀྱི་གནས་ལུགས་ལམ་ཉམས་སུ་ལེན་པའི་ཚུལ་རྣམས་ནི༔ སྣོད་མ་ཡིན་པ་ཐེག་པ་ཆེན་པོའི་ཆོས་ལ་མི་མོས་ཤིང་ཐེག་པ་དམན་པ་ལ་དགའ་བའི་རིགས་རྣམས་དང་༔ སྤྱིར་སེམས་ལས་སུ་མི་རུང་ཞིང་ཤེས་རྒྱུད་ལེ་ལོ་རྣམ་གཡེང་གི་དབང་དུ་གྱུར་ཏེ་མི་ཚེ་མདོ་མེད་ལ་འདའ་བ་དང་༔ གཏམ་དང་གྲོགས་ལ་དགའ་ཞིང་མི་ཚེ་དེར་འདའ་བ་བྱ་ཁྱིས་གཟན་འཚོལ་བ་བཞིན་དུ་འདུ་ལོང་ལ་འགྲིམ་པའི་རིགས་རྣམས་དང་༔ བློ་མང་ཞིང་རྒྱུད་རྩིང་བ་བྲོད་ཆུང་བ་སེམས་ན་ཅི་ཡོད་ཁ་ནས་འདོན་པ་རྣམས་དང་༔ ཚེ་འདིའི་ཁེ་དྲག་ལོ་འདོད་ཚོང་ཁེ་གཡོ་སྒྱུའི་ལས་ལ་མོས་ཤིང་བརྩོན་པ་ལས་འཆི་བ་རྣ་ལམ་དུ་བཤད་ཀྱང་སེམས་ཀྱིས་མི་མོས་པ་དག་དང་༔ ཚེ་གཅིག་ཏུ་ཆོས་དང་གང་ཟག་དཀོན་མཆོག་གསུམ་གྱི་བྱ་བ་ལ་སྐྱུག་ལོག་ཅིང་ཆོས་བཤད་པས་གོ་ལོ་ཐོས་ལོ་ཙམ་ཁ་བཤད་དུ་སྒྲོགས་ཤིང་དཀོན་མཆོག་གསུམ་ལ་ལོག་པར་ལྟ་བ་དང་༔ ཆོས་ཚིག་བཤད་ཀྱང་མི་བདེན་པའི་རྫུན་དུ་ལྟ་བ་དང་༔ བླ་མའི་དྲུང་དུ་ཆོས་ཉན་ཅིང་བླ་མའི་མདུན་སར་དད་གུས་ཆེན་པོའི་ཚུལ་བྱེད་ཀྱང་བླ་མས་མི་མཐོང་བའི་སར་དཀོར་ནོར་རྐུ་བ་དང་༔ བླ་མ་དང་ཉེ་འཁོར་གྲོགས་མཆེད་ཐམས་ཅད་ལ་གཤེ་སྐུར་ལོག་ལྟ་ངན་སྒྲོགས་བྱེད་པའི་དམ་ཉམས་དང་༔ བླ་མ་ལས་ཆོས་ཉན་ཀྱང་བླ་མ་དང་མཆེད་ལྕམ་གྱི་དབུ་འཕང་དམན་དུ་འབེབ་ཅིང་བསྟན་ལ་གནོད་པའི་ལས་ལ་སྤྱོད་པའི་བསྟན་དགྲ་སྡིག་པོ་ཆེ་རྣམས་དང་༔ བློ་གང་ལའང་མི་ཁེལ་ཞིང་ཤེས་པ་འགྱུར་སླ་བ་བསམ་པ་འགྱུར་ལྡོག་ཅན་རྣམས་ནི་ལས་ངན་ཡིན་ཏེ་གསང་སྔགས་ཀྱི་སྣོད་མ་ཡིན༔ དེ་ཐམས་ཅད་ཚེ་རབས་ཀུན་ཏུ་གསང་སྔགས་ཟབ་མོའི་ཆོས་ལ་ལས་འབྲེལ་མེད་པ་དང་༔ བདུད་དང་དམ་སྲི་ངན་པས་ཤེས་རྒྱུད་བརླབས་པའི་ལས་ངན་པ་ཡིན་ཏེ༔ དེ་དག་ལ་གསང་སྔགས་ཀྱི་ཆོས་བསྟན་ཀྱང་རྡོ་རྗེ་དམྱལ་བར་ལྟུང་བའི་རྒྱུར་གྱུར་བ་ལས་ཕན་པ་མེད་པས་རབ་ཏུ་གསང་བ་དང་༔ དུས་ནི་ཆོས་འཆད་ཉན་གྱི་དུས་མ་ཡིན་པ་ཁྲོམ་ཚོགས་འདུ་ལོང་དང་འགྲོ་བའི་དུས་ལས་ཀ་བྱེད་པའི་དུས་དྲི་གཤང་འདོར་བའི་དུས་ཁ་རྒྱལ་རྩོད་པའི་དུས་དང་༔ ཆེ་ཐབས་སུ་གདུགས་དང་མཁར་བ་དང་མཚོན་ཆ་ཐོགས་པ༔ ཉན་པ་ལས་ལྷག་པའི་ཆོས་གཞན་ཁ་ཏོན་བྱེད་པ་དང་༔ ཕྲེང་བ་འདྲེན་པ་འཁོར་ལོ་བསྐོར་བ་ཞྭ་དང་ལྷྭམ་གྱོན་པ་ལས་ཀ་བྱེད་པ་གཏམ་ལབ་པ་རྣམས་ལ་ཆོས་བཤད་དུ་མི་རུང་བ་དང་༔ མི་དད་བཞིན་དུ་འདུ་བར་འོངས་ན་ཁོ་ཡང་དམྱལ་བར་ལྟུང་བས༔ དེ་ལྟར་དུས་མ་ཡིན་པ་དང་སྣོད་མ་ཡིན་པ་རྣམས་ལ་རླུང་ཕྱོགས་ཙམ་ཡང་འཆད་སྒྲོག་བྱེད་མི་རུང་བས་རྐུས་ནོར་བཞིན་དུ་སྦ་དགོས་པ་ཡིན་པས་ན་སྦས་པའི་གསང་བ་གཉན་པོ་དང་སྤྱིར་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡེ་སངས་རྒྱས་པ་མ་འཁྲུལ་མི་གཡོ་བའི་རང་བཞིན་གྱིས་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་ལས་མི་གཞན་པར་རྒྱ་མཚོས་ཁྱབ་པ་བཞིན་དུ་འཁོར་བའི་ཆོས་ཐམས་ཅད་ཀྱིས་ཁྱབ་ཀྱང་མ་རིག་དབང་གིས་རང་བཞིན་གྱིས་གབ་པར་གནས་པས་ན་གབ་པའི་གསང་བ་སྟེ༔ གསང་ཆེན་གཉིས་དང་ལྡན་པས་གསང་ཞེས་བྱ་བ་ཡིན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པའི་སེམས་སྣང་ཐམས་ཅད་རིག་པ་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་གཞོམ་པས་སྔགས་དང་༔ ཐེག་བརྒྱད་བློའི་གྲུབ་མཐའ་ཐམས་ཅད་ཆོས་སྐུ་མཚན་མ་དང་བྲལ་བའི་ངང་དུ་གཞོམ་པར་བྱེད་པ་ནི་མཐའ་གྲོལ་རིག་པའི་ཡེ་ཤེས་ཆེན་པོ་ཡིན་པས་ན་སྔགས་ཞེས་བྱ་བ་ཡིན་ནོ༔ དེ་ལྟ་བུའི་འོད་གསལ་རྫོགས་པ་ཆེན་པོ་གསང་སྔགས་བླ་ན་མེད་པ་གཞིར་གནས་ཀྱི་རིག་པ་འདི་ཀའི་མཚན་ཉིད་ནི་མི་ཆོད་པ༔ མི་ཤིགས་པ༔ བདེན་པ༔ སྲ་བ༔ བརྟན་པ༔ ཐམས་ཅད་དུ་ཐོགས་པ་མེད་པ༔ ཐམས་ཅད་དུ་མ་ཕམ་པ༔ སེམས་ཅན་བསྒྲལ་བར་བྱེད་པ༔ སྐྲག་པར་བྱེད་པ༔ འཇིགས་པར་བྱེད་པ༔ རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ༔ རིག་སྔགས་ཐམས་ཅད་གཞོམ་པར་བྱེད་པ༔ རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ༔ མ་གྲུབ་པ་རྣམས་གྲུབ་པར་བྱེད་པ༔ གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ༔ འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ༔ སེམས་ཅན་ཐམས་ཅད་སྲུང་བ༔ ཞི་བ༔ རྒྱས་པ༔ སེམས་ཅན་ཐམས་ཅད་རེངས་པར་བྱེད་པ༔ རྨུགས་པར་བྱེད་པ༔ ལས་ཐམས་ཅད་འགྲུབ་པར་བྱེད་པ༔ གཞན་གྱི་ལས་ཐམས་ཅད་འཇིགས་པར་བྱེད་པ༔ གདོན་ཐམས་ཅད་བརླག་པར་བྱེད་པ༔ གདོན་ཐམས་ཅད་ལས་ཐར་བར་བྱེད་པ༔ འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ༔ འབྱུང་པོ་ཐམས་ཅད་སྒྲོལ་བར་བྱེད་པའི་ཡོན་ཏན་དང་ལྡན་པས་ན་རྡོ་རྗེ་ཞེས་བྱའོ༔ ཐེག་པ་ཞེས་བྱ་བ་ནི་འཁྲུལ་པའི་ཚེ་ནའང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཀྱིས་ངན་པར་མ་བསྒྱུར་བས་རང་ཐེག་པ་དང་༔ སངས་རྒྱས་པའི་དུས་སུའང་སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་བཟང་པོར་བཅོས་སུ་མེད་ཅིང་མ་བསྒྱུར་བས་བཟང་ངན་ཐམས་ཅད་རང་ཐེག་པས་ན་ཐེག་པ་ཞེས་བྱའོ༔ བདག་རྟོག་འཁྲུལ་པའི་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པའི་རང་བཞིན་དུ་གཏན་ལ་ཕབ་ནས་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས་ཏེ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ཚུལ་རྟོགས་པ་ནི་ཤེས་པ་ཐམས་ཅད་ཀྱི་དམ་པར་གྱུར་པས་ཤེས་རབ༔ ཤེས་དང་ཤེས་བྱའི་ཡུལ་ལས་འདས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ༔ སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་མངོན་དུ་མ་གྱུར་པ་དེ་ཉིད་ད་ངོ་འཕྲོད་དེ་འཁོར་འདས་འོད་གསལ་གྱི་རོལ་པར་ཐག་ཆོད་པས་འོད་གསལ་ཞེས་བྱའོ༔ དོན་དམ་མི་ཤིགས་པའི་རྡོ་རྗེ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྙིང་པོ་གཅིག་ཏུ་དྲིལ་བའི་བདག་ཉིད་ཅན་གྱི་ཕྱིར་སྙིང་པོ་ཞེས་བྱ་བའོ༔ ལས་ཉོན་འཁོར་བའི་བག་ཆགས་ཐམས་ཅད་ལས་འདས་པས་འཁོར་འདས་ཞེས་བྱ་བ་དང་༔ དེ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་འུབ་ཀྱིས་འདུས་པས་འུབ་ཅེས་བྱ་བ་དང་༔ འཁོར་འདས་ལམ་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་ཀློང་དུ་ཡོངས་སུ་ཆུབ་པས་ན་ཆུབ་ཅེས་བྱ་བའོ༔ སྐྱེ་བའི་མཐའ་རུ་མ་ལྷུང་བས་སྐྱེ་བ་དང་བྲལ་བ༔ རྒ་བའི་མཐའ་རུ་མ་ལྷུང་བས་རྒ་བ་དང་བྲལ་བ༔ རྒུད་པའི་མཐའ་རུ་མ་ལྷུང་བས་རྒུད་པ་དང་བྲལ་བ༔ འཆི་བའི་མཐའ་རུ་མ་ལྷུང་བས་འཆི་བ་དང་བྲལ་བ་རྣམས་ལ་གཞོན་ནུའི་སྒྲ་ཞུགས་པ་ཙམ་མོ༔ གཞི་ཉིད་ནང་གསལ་ཆེན་པོ་ལྷུན་གྲུབ་ཀྱི་རོལ་པ་ཕྱི་རྒྱ་མ་རལ་བས་བུམ་པའི་མིང་གདགས་པ་ནི་དཔེར་ན་གཟའ་སྐར་ཐམས་ཅད་རྒྱ་མཚོའི་ཀློང་ལས་ཕྱི་རྒྱ་མ་རལ་བ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁའི་ཀློང་ལས་ཕྱི་རྒྱ་མ་རལ་བ་ལྟ་བུའོ༔ ལམ་གྱི་ཆོས་ཐམས་ཅད་དང་༔ ཉམས་བདེ་སྡུག་གི་མྱོང་བ་སྣ་ཚོགས་པ་དང་༔ འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་དང་༔ རྒྱུ་བསོད་ནམས་བསགས་པའི་དགེ་བ་ཐམས་ཅད་དང་༔ དེ་དག་གི་འབྲས་བུ་བདེ་སྣང་ཤར་བ་ཐམས་ཅད་མཐའ་གཅིག་ཏུ་མ་ངེས་པར་གཞི་བདེ་གཤེགས་སྙིང་པོ་ཉིད་ལ་རང་ཆས་སུ་རྫོགས་པས་ན་སྐུ་ཞེས་བྱའོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པའི་གནས་ལུགས་བློས་མི་དཔོག་པ༔ ཡིད་ཀྱིས་མི་དཔྱོད་པ༔ བརྗོད་བྱའི་ཡུལ་ལས་འདས་པ༔ ཕྱོགས་ཀུན་ནས་ཟླུམ་པས་ཐིག་ལེ་ཞེས་སུ་གྲགས་པ་དང་༔ འཁོར་འདས་ཀྱི་རྣམ་པ་ཇི་ལྟར་སྣང་ཡང་དོན་ལ་གདོད་མའི་ཡེ་གཞི་ཆེན་པོར་རོ་གཅིག་པས་ཉག་གཅིག་ཅེས་བྱའོ༔ འཁོར་འདས་ཡོངས་ཀྱི་ཆོས་ཉིད་ཁྱབ་བརྡལ་མཐའ་དབུས་དང་བྲལ་བའི་ཀློང་ཆེན་པོ་ནང་གསང་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཆེན་པོའི་ངང་རང་གསལ་བས་འོད་གསལ༔ དོན་དམ་མི་ཤིགས་པའི་བདག་ཉིད་ཅན་གྱི་རྡོ་རྗེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྙིང་པོ་གཅིག་ཏུ་དྲིལ་བའི་ངོ་བོ་ཉིད་ལ་སྙིང་པོ་ཞེས་བྱའོ༔ ཕྱོགས་གང་དུའང་མ་ངེས་མཐའ་གང་དུའང་མ་ལྷུང་བས་དབུ་མ་ཞེས་བྱ་བ་དང་༔ འཁོར་འདས་སེམས་ཀྱི་ཆོ་འཕྲུལ་དུ་ལྟ་ཞིང་མཁན་པོ་ནང་ན་གནས་པས་སྤྲུལ་པ་ཕྱིར་འགྱེད་པ་ལྟ་བུར་ཤེས་པ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་རྣམས་ཀྱང་གཞིའི་ཉག་ཕྲན་ཙམ་རེ་ཡིན་ནོ༔ གཞི་ལུང་མ་བསྟན་དུ་སོང་བའི་ཚེ་ནའང་གཞི་རང་གི་ནང་མདངས་སུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་རང་བྱུང་རང་ཆས་སུ་རྫོགས་པ་ལས་མེད་དུ་མ་སོང་བས་གཞི་དུས་ཀྱི་རྫོགས་པ་ཆེན་པོ་ཞེས་བྱའོ༔ ལམ་དུས་ཀྱི་རྫོགས་པ་ཆེན་པོ་གཞིར་གནས་ཀྱི་རིག་པ་མངོན་དུ་གྱུར་བའི་དུས་སུ་སེམས་དང་སྣང་བ་མ་བཅོས་རང་གར་ཡན་པས་ན་རང་ཀ་མའི་སེམས་དང་སྣང་བ་རྫོགས་པ་དང་༔ ཆོས་ཉིད་ཆད་ལྟ་རུ་མ་སོང་བས་མུ་སྟེགས་རྟག་པར་ལྟ་བའི་ཚུལ་རྫོགས་པ་དང་༔ རྟག་པར་ལྟ་བའི་མཐའ་རུ་མི་འཛིན་པས་ཆད་པར་ལྟ་བའི་ལམ་འཚོལ་གྱིས་སེམས་རྫོགས་པ་དང༔ སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡུལ་རང་རྒྱུད་པར་བཟུང་ནའང་བདག་གི་ངོས་ནས་མེད་པ་གང་ཟག་གི་བདག་མེད་རྟོགས་པས་ཉན་ཐོས་ཀྱི་ཐེག་པ་རྫོགས་པ་དང་༔ ཁམས་གསུམ་གྱི་སྣང་སེམས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་དུ་རྟོགས་པས་རང་རྒྱལ་གྱི་ཐེག་པ་རྫོགས་པ་དང་༔ སྣང་བ་སེམས་ལས་མི་གཞན་པར་ཐག་ཆོད་པས་སེམས་ཙམ་གྱི་ཐེག་པ་རྫོགས་པ་དང་༔ བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༔ འཁོར་འདས་བྱང་ཆུབ་སེམས་ཀྱི་རྒྱས་ཐེབས་པས་བྱང་སེམས་ཀྱི་ཐེག་པ་དང་༔ འཁོར་འདས་སྟོང་ཉིད་ཆེན་པོར་རྟོགས་པ་དེ་ཀ་དབུ་མ་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་དེ་དག་ཐམས་ཅད་རྫོགས་པའོ༔ བྱ་སྤྱོད་ཐ་མལ་དུ་མི་འཆོལ་བས་ཀྲི་ཡའི་ཐེག་པ་རྫོགས་པ་དང་༔ ལྟ་བ་དང་སྤྱོད་པ་གཉིས་མེད་དུ་སྤྱོད་པས་སྤྱོད་རྒྱུད་ཀྱི་ཐེག་པ་རྫོགས་པ་དང་༔ ལྟ་བ་གཙོ་བོར་ཤེས་པས་རྣལ་འབྱོར་ཡོ་གའི་ཐེག་པ་རྫོགས་པ་དང་༔ ལྷ་དང་རང་སྣང་གཉིས་སུ་མེད་པའི་དོན་རྟོགས་པས་མ་ཧཱ་ཡོ་གའི་ཐེག་པ་ཐམས་ཅད་རྫོགས་པ་དང་༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ཚུལ་རྟོགས་པས་ཨ་ནུའི་ཐེག་པ་ཐམས་ཅད་རྫོགས་པ་དང་༔ སེམས་གང་ཤར་མ་བཅོས་རང་གར་ཡན་པས་སེམས་སྡེ་རྫོགས་པ་དང་༔ དབྱིངས་དང་རིག་པ་གཉིས་སུ་མེད་པའི་དོན་རྟོག་པས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ལ་ཀློང་སྡེའི་ཐེག་པ་རྫོགས་པའོ༔ དེ་ལྟར་ཐེག་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པའི་ཚུལ་རྟོགས་པ་ལ་གསང་བ་མན་ངག་གི་ཐེག་པ་ཞེས་བྱ་སྟེ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོར་གྱུར་ཅིང་ས་ལམ་ཐམས་ཅད་གཅིག་ཆར་དུ་རྫོགས་པས་ན༔ སྙིང་པོ་གཅིག་ཏུ་དྲིལ་བའི་ཐེག་མཆོག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ༔ ཐེག་པ་གཞན་རྣམས་ནི་རྫོགས་པ་ཆེན་པོའི་ཉག་ཕྲན་རེ་ཙམ་རང་རང་གི་ཐེག་པར་བཟུང་བ་དཔེར་ན་རྒྱ་མཚོ་ལས་ཆུ་ཐིགས་བླངས་ཏེ་རྒྱ་མཚོ་རུ་བཟུང་བ་ལྟ་བུའི་ཕྱོགས་སུ་ངེས་པའི་ཕྱིར༔ དབང་པོ་ཐ་མའི་ཐ་མ་ལ་འདུལ་བ་དང་ཉན་ཐོས་ཀྱི་ཐེག་པ༔ ཐ་མའི་འབྲིང་ལ་རང་རྒྱལ་གྱི་ཐེག་པ༔ ཐ་མའི་རབ་ལ་བྱང་སེམས་ཀྱི་ཐེག་པ༔ འབྲིང་གི་ཐ་མ་ལ་ཀྲི་ཡའི་ཐེག་པ༔ འབྲིང་གི་འབྲིང་ལ་ཨུ་པ་ཡའི་ཐེག་པ༔ འབྲིང་གི་རབ་ལ་ཡོ་གའི་ཐེག་པ་དང་༔ དབང་པོ་རབ་ཀྱི་ཐ་མ་ལ་མ་ཧཱ་ཡོ་ག༔ རབ་ཀྱི་འབྲིང་ལ་ཨ་ནུ་ཡོ་ག༔ རབ་ཀྱི་རབ་ལ་ཨ་ཏི་སྡེ་གསུམ༔ ཡང་རབ་ཀྱི་ཐ་མར་སེམས་སྡེའི་ཐེག་པ༔ འབྲིང་ལ་ཀློང་སྡེའི་ཐེག་པ༔ ཡང་རབ་ཀྱི་རབ་ཏུ་གྱུར་པ་ལ་གསང་བ་མན་ངག་གི་སྡེ་བསྟན་པ་རྣམས་ནི་གང་ཟག་རང་རང་གི་དབང་སྐལ་དང་མཐུན་པར་སྐྱེས་བུ་གཅིག་གིས་རྣམ་པར་གྲོལ་བའི་ས་ལམ་ལ་བགྲོད་པར་བསྟན་པ་ཡང་༔ སེམས་ཅན་གྱི་སེམས་གཞི་ལ་བཟང་ངན་དང་ཆེ་ཆུང་མེད་ཀྱང་བདག་འཛིན་གྱི་དབང་གིས་བདག་མེད་ཀྱི་དོན་མི་རྟོགས་པས་དབང་པོ་ལ་བཟང་ངན་ལྟར་བཤད་ཅིང་ཐེམ་སྐས་བཞིན་རིམ་པ་བཞིན་དུ་བགྲོད་པའི་ལམ་ལ་ཐེག་པའི་རྣམ་གྲངས་སུ་བསྟན་པ་ཡིན༔ འོག་མའི་ས་ནས་སྟེང་དུ་ཕྱིན་མི་སྲིད་པ་གནམ་སྒོ་བཀག་པ་ལྟ་བུ་དང་༔ དང་པོ་ནས་སྟེང་དུ་ཡོད་པ་ལས་འོག་མར་བགྲོད་མ་དགོས་པ་གཟའ་སྐར་ཤར་བ་ལྟ་བུ་མ་ཡིན་ཏེ༔ སྔོན་སྦྱངས་ཀྱི་སྟོབས་ཀྱིས་ཐེག་པ་གང་དང་འཕྲད་ཀྱང་དེའི་ལས་འཕྲོ་རིམ་གྱིས་སད་པར་འགྱུར་བ་ཡིན་པས་ཤེས་པར་མཛོད༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ཞེས་བྱ་བ་ཀ་དག་རྫོགས་པ་ཆེན་པོའི་ཆོས་ཉིད་འདི་ལ་ཤེས་རབ་བདུན་རང་ཆས་སུ་རྫོགས་པ་ཡིན་ཏེ༔ བདུན་པོ་ནི་འདི་ལྟ་སྟེ༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་རོ་གཅིག་པའི་ངང་མ་རིག་ཉོན་ཤེས་ཀྱི་བསྒྲིབ་པས་གཞི་ལུང་མ་བསྟན་དུ་སོང་སྟེ་སེམས་གཉིས་འཛིན་གྱི་དབང་དུ་འཁྲུལ་པ་ལས༔ དེའི་ངང་ཚུལ་དངོས་པོའི་ཡིན་ལུགས་ལ་བརྟག་ཅིང་དཔྱད་པས་ཡུལ་མེད་ཟང་ཐལ་གྱི་རང་བཞིན་དུ་ཤེས་པ་ནི་སོ་སོར་རྟོག་པའི་ཤེས་རབ་ཅེས་བྱ་བ་ཡིན༔ དེ་ནི་སྣང་བའི་ཆོས་ཐམས་ཅད་སོ་སོ་རང་རང་གི་ངོས་ནས་སྟོང་ཉིད་དུ་རྟོགས་པ་ཡིན༔ མཐར་འཁོར་འདས་ཀྱི་ཆོས་ཐམས་ཅད་བདག་མེད་སྟོང་པ་ཉིད་དུ་ཐག་ཆོད་པའི་ངང་རྒྱུད་ལ་བརྟན་པ་ནི་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་བ་ཡིན༔ དེ་ནི་སྣང་བའི་དངོས་འཛིན་གཏིང་ནས་ཞིག་པ་ཡིན༔ ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞི་རང་ཆས་སུ་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཇི་ལྟ་བ་མཁྱེན་པའི་ཤེས་རབ་ཅེས་བྱ་སྟེ༔ འཁོར་འདས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ཆུ་དྭངས་གསལ་གྱི་ཆ་ལས་སྣང་བ་དང་༔ སྣོད་བཅུད་འདོད་ཡོན་ཐམས་ཅད་ནམ་མཁའ་དྭངས་གསལ་གྱི་ཆ་ལས་སྣང་བ་རྣམས་དྭངས་གསལ་གྱི་ཆ་དེ་མེད་ན་སྣང་བར་མི་འགྱུར་བ་དང་༔ མེ་ལོང་ལ་དྭངས་གསལ་གྱི་ཆ་མེད་ན་གཟུགས་བརྙན་མི་སྣང་བ་བཞིན་དུ༔ གཞི་དྭངས་གསལ་གྱི་ཆ་མེད་ན་སྣང་བ་མི་མཆེད་པས་དྭངས་གསལ་གྱི་ཆ་དེ་དངོས་པོར་བཟུང་བས་སྣང་བ་མཆེད་པ་ཡིན་པས་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན༔ དཔེར་ན་རྒྱ་མཚོའི་གཟའ་སྐར་ལ་ཆུའི་རྒྱས་ཐེབས་པ་དང་༔ སྣོད་བཅུད་ཐམས་ཅད་ལ་ནམ་མཁའི་རྒྱས་མ་ཐེབས་པ་མེད་པ་བཞིན་དུ་འཁོར་འདས་ཐམས་ཅད་ལ་ཆོས་ཉིད་རིག་པའི་ཡེ་ཤེས་ཀྱི་རྒྱས་མ་ཐེབས་པ་མེད་པར་ཁྱབ་པ་ལ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོ་ཞེས་བྱ་སྟེ༔ འཁོར་འདས་ཐམས་ཅད་ཆུ་ཟླ་ལྟ་བུར་མངོན་དུ་བྱེད་པ་ཡིན༔ དེ་ལྟར་ཤེས་རབ་ཆེན་པོས་རྟོགས་ནས་གདིང་རང་ཐོག་ཏུ་བཅའ༔ ས་རང་ས་རུ་བཟུང་བས་མ་དག་པ་ལས་ཀྱི་འཁོར་བ་དབྱིངས་སུ་སྒྲོལ་ཞིང་ཆོས་སྐུའི་རང་ཞལ་མངོན་དུ་བྱེད་པ་སྒྲོལ་བའི་ཤེས་རབ་ཅེས་བྱ་སྟེ༔ བྱ་བ་ཐམས་ཅད་དགུ་ཕྲུགས་སུ་བཏང་བས་བྱར་མེད་དུ་གནས་པ་ཡིན༔ མ་དག་གཉིས་འཛིན་གྱི་འཁོར་བའི་སྣང་ཞེན་ཐམས་ཅད་དག་པ་མཉམ་ཉིད་ཆེན་པོར་བཙན་ཐབས་སུ་སྦྱོར་བའི་ཕྱིར་སྦྱོར་བའི་ཤེས་རབ་ཅེས་བྱ་སྟེ༔ བཟང་ངན་རེ་དོགས་ཀྱི་ཡུལ་ཐམས་ཅད་མེད་མཉམ་དུ་ཤེས་པ་ཡིན༔ ཆོས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་ཡོ་ལང་དུ་རྟོགས་པས་མ་དག་ལས་ཉོན་འཁྲུལ་པའི་འཁོར་བ་ཐམས་ཅད་ཡུལ་མེད་དུ་གཞོམ་ཞིང་བསྲེགས་པས་ན་གཞོམ་པའི་ཤེས་རབ་ཅེས་བྱ་སྟེ༔ སྟོང་ཉིད་མངོན་དུ་བྱས་ཏེ་གདིང་ཐོབ་པ་ཡིན་ནོ༔ ཀྱཻ་རིགས་ཀྱི་བུ་ཤེས་རབ་ཆེན་པོ་ནི་བསྐལ་པ་འཇིགས་པའི་དུས་མཐའི་མེ་མཆེད་པ་ལྟ་བུ་སྟེ༔ ལས་ཉོན་བག་ཆགས་འཁྲུལ་སྣང་ཐམས་ཅད་རྩྭ་སྐམ་ལ་མེ་མཆེད་པ་ལྟ་བུ་ཆོས་ཉིད་རྒྱུ་འབྲས་ལས་འདས་པར་བསྲེག་པར་འགྱུར་རོ༔ ཤེས་རབ་ཆེན་པོ་ནི་མཁའ་ལ་ཉི་མ་ཤར་བ་ལྟ་བུ་སྟེ༔ མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་པར་འགྱུར་རོ༔ ཤེས་རབ་ཆེན་པོ་ནི་ནམ་མཁའ་ལྟ་བུ་སྟེ༔ དམ་པའི་ཆོས་ཐམས་ཅད་སྣོད་བཅུད་ལྟ་བུར་ཁོང་དུ་ཆུབ་པར་བྱེད་དོ༔ སྐད་ཅིག་མ་དང་པོར་སེམས་ཅན་དམུས་ལོང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་གདུང་ཞིང་བཅིངས་པ་ཉོན་མོངས་པ་དང་བག་ཆགས་དུག་གི་རྐྱལ་པ་ལྟ་བུར་གྱུར་པ་ཞིག་ལ༔ སྐད་ཅིག་མ་གཉིས་པར་ཤེས་རབ་ཆེན་པོ་ངོ་འཕྲོད་པ་ཙམ་གྱིས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པར་གྱུར་ནས་འགྲོ་བ་ལྷ་དང་བཅས་པའི་སྐྱེ་རྒུ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ༔ མཆོད་པ་དང་བཀུར་སྟི་བྱ་བའི་འོས་སུ་གྱུར་པ༔ བསོད་ནམས་ཀྱི་ཞིང་སར་གྱུར་པ༔ ཚོགས་རྣམས་ཀྱི་མཆོག་ཆེན་པོར་འགྱུར་བ་ཡིན༔ མ་དག་པ་ལས་ཀྱི་བསྐལ་པ་འདིས་འཇིག་པར་བྱེད་པ་དོན་དམ་པ་ཡིན༔ ཀུན་རྫོབ་ཏུ་བསྐལ་པ་འཇིག་པའི་མེ་བདུན་བསྟན་པའོ༔ དག་པ་ཡེ་ཤེས་ཀྱི་རླུང་བདུན་ཡོད་དེ༔ རླུང་བདུན་གང་ཞེ་ན་འདི་ལྟ་སྟེ༔ མ་དག་འཁོར་བའི་སེམས་དང་སྣང་བའི་ཁམས་སོ་སོར་རྒྱུ་ཞིང་རྟག་བརྟན་ཐེར་ཟུག་གི་མངོན་ཞེན་སྟོང་ཉིད་དུ་གཏོར་བར་བྱེད་པ་འགྱུ་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ སྣང་བའི་ཡུལ་ཐམས་ཅད་འགྱུ་ཞིང་བདེན་མེད་དུ་ཤེས་པར་བྱ་བ་ཡིན༔ འཁོར་འདས་ཐམས་ཅད་གཞིས་ཁྱབ་ཅིང་གཞི་མངོན་དུ་བྱེད་པ་ཁྱབ་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ མ་བསྒོམ་རང་སར་བཞག་པས་རང་ངོ་མངོན་དུ་གྱུར་པ་ཡིན༔ མ་དག་པ་སེམས་ཀྱི་སྒོ་སྟོང་ཉིད་དབུ་མ་ཆེན་པོར་སྡོམ་པར་བྱེད་པས་སྡོམ་བྱེད་ཤེས་རབ་ཀྱི་རླུང་ཞེས་བྱ་སྟེ༔ བརྗོད་མེད་བློ་འདས་ཆེན་པོར་རང་ས་འཛིན་པ་ཡིན༔ ཆོས་ཉིད་སྤྲོས་བྲལ་བློ་འདས་ཡེ་བབས་ཆེན་པོར་ཁོར་ཡུག་ཏུ་འཛིན་པ་འཛིན་པ་ཐབས་ཀྱི་རླུང་ཞེས་བྱ་སྟེ༔ བརྗོད་མེད་ཁོར་ཡུག་ཏུ་འདྲེས་པ་ཡིན༔ མཐར་འདི་ལྟར་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡུལ་མེད་ཆེན་པོར་གཏོར་ཞིང་འཇིག་པར་བྱེད་པའི་ཕྱིར་བསྐལ་པ་འཇིག་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ ཆོས་ཟད་བློ་འདས་ཆེན་པོར་འཕེན་པར་བྱེད་པ་ཡིན༔ ཡེ་ཤེས་ཀྱི་རླུང་བརྡལ་ཁྱབ་ཏུ་རྒྱུ་བས་འཁོར་བའི་སྲོག་གཅོད་ཅིང་མྱ་ངན་ལས་འདས་པའི་དབྱིངས་སུ་འཕེན་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱ་སྟེ༔ སེམས་སྣང་སྟོང་ཉིད་དུ་འཆར་ཏེ་མཐར་འཁྲུལ་མི་ཤེས་པའི་དབྱིངས་སུ་འཕེན་པ་ཡིན༔ མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་ཏེ་ལས་ཉོན་བག་ཆགས་ཡུལ་མེད་དུ་བསྲེགས་པས་མེ་དང་མཉམ་པའི་རླུང་ཞེས་བྱ་སྟེ༔ ཉོན་མོངས་པ་དང་རྣམ་པར་རྟོག་པ་དབྱིངས་སུ་ཆོམ་སྟེ་རྣམ་མཁྱེན་གྱི་སྲོག་ཡེ་ཤེས་སུ་རྒྱུ་བ་ཡིན༔ དེ་ལྟར་དག་པ་ཡེ་ཤེས་ཀྱི་རླུང་ཆེན་རྣམ་པ་བདུན་གྱིས་ལས་རླུང་རང་མལ་དུ་གསོད་པ་སྟེ༔ ཡེ་ཤེས་ཀྱི་རླུང་རང་མལ་དུ་རྒྱུ་ཞིང་འཁོད་པས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མི་རིང་བར་མྱུར་དུ་ཐོབ་པར་བྱེད་པའོ༔ དེ་ལྟར་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་གསལ་བའི་ཆ་ལ་ཤེས་རབ་ཞེས་བྱ་སྟེ༔ དེའི་རང་གསལ་སྟོབས་ཤུགས་ཀྱི་ཆ་ལ་རླུང་ཞེས་བྱའོ༔ དེ་ལྟར་ཇི་སྙེད་པའི་ལམ་དང་འབྲས་བུ་ཐམས་ཅད་ཆོས་སྐུ་གཞིར་གནས་ཀྱི་རིག་པ་རང་ལ་རྫོགས་པའི་ཚུལ་བསྟན་པ་ཡིན་ཏེ༔ འོད་གསལ་རྫོགས་པ་ཆེན་པོའི་ཐེག་པ་མཆོག་ཏུ་ངེས་པར་བྱ་བའི་ཕྱིར་ཐེག་པ་གཅིག་པུ་འདིའི་གནད་དོན་བསྐྱར་ཟློས་ཡང་ཡང་བྱས་ཏེ་མ་བསྟན་ན་ཇི་བཞིན་རྟོགས་པར་མི་འགྱུར་བའི་ཕྱིར་འདི་ལྟར་བཤད་པ་ཡིན་པས་མ་འོངས་པའི་རྗེས་འཇུག་རྣམས་ཀྱིས་གནད་འདིའི་གཏིང་དཔོག་ཅིང་མཐའ་ཆོད་པར་བྱེད་པ་ནི་སྒོམ་གྱི་ངོ་བོའམ་སྙིང་རྡོ་དམ་པ༔ གོལ་ས་གཅོད་པའི་སྤུ་གྲི༔ ཡེ་ཤེས་ཀྱི་མིག་གཅིག་པུ་དང་༔ ལྟ་བ་ནི་ནམ་མཁའི་ཀློང་ཡངས་ཞེས་བྱ་བ་ཡིན་ཏེ་ཤེས་པར་གྱིས་ཤིག༔ འདི་མི་ཤེས་པའི་དམུས་ལོང་རྣམས་ཀྱིས་ཇི་ཙམ་སྒོམ་ཀྱང་ཁམས་གོང་མ་ལས་མི་འཕགས་པའི་རྒྱུ་མཚན་གཞི་ཀ་དག་ཁྱབ་བརྡལ་གྱི་གནས་ལུགས་མ་ཤེས་པ་ནི་མ་རིག་པ་ཡིན་ཏེ༔ མ་རིག་པ་ནི་ཁམས་གསུམ་གྱི་འཁྲུལ་གཞི་ཡིན་པས་དེའི་ཕྱིར་འཁོར་བ་ལས་མི་འཕགས་པའོ༔ འཁོར་འདས་གདོད་མའི་ཡེ་གཞི་ཆེན་པོར་གཉིས་སུ་མེད་པར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་རིག་པའི་ཡེ་ཤེས་ཞེས་པ་སྟེ༔ གཞི་དེས་བསྐྱེད་པའི་དགེ་ཚོགས་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཁོ་ན་ཡིན་པ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁམས་གསུམ་གྱི་སེམས་ཅན་དམུས་ལོང་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་དུ༔ མ་རིག་པས་རྒྱུ་བྱས་གཟུང་འཛིན་གཉིས་ཀྱིས་རྐྱེན་བྱས་ཏེ་འཁོར་བ་མཐའ་མེད་པའི་གནས་སུ་འཁྲུལ་པའི་འཁོར་ལོ་བར་མ་ཆད་པར་ཁོར་ཡུག་ཏུ་ཞེན་ཅིང་མ་རིག་པའི་སྒོང་རྒྱར་བག་ཆགས་ཀྱི་དྲི་མ་སྡུད་པའི་དབང་གིས་སྡུག་བསྔལ་གྱི་ཁུར་ཆེན་པོས་ནོན་པ་ལས༔ འདི་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་བག་ཆགས་ཀྱི་སྒོང་རྒྱ་ཁྲོལ༔ མ་རིག་པའི་མལ་ནས་སད་པས་སྔོན་གྱི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མ་མྱོང་བ་ལ་མྱོང་བར་སྣང་བའི་འཁྲུལ་སྣང་བདེན་པར་བལྟས་ཏེ་མྱོང་ཞེན་གྱི་ཚུལ་ལ་བསམ་ནས་གད་མོ་བྲོ་བ་ནི་འདི་ལྟ་སྟེ༔ མིང་གི་གདགས་གཞི་མ་གྲུབ་པར་ཡུལ་མེད་སྟོང་པ་ལ་མིང་ཐ་དད་དུ་བཏགས་ཏེ་རང་གིས་རང་བསླུས་པ་འདི་ཧ་ཧ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྨིག་རྒྱུ་ཆུ་རུ་བཟུང་བ་ལྟ་བུ་དང་སྒྱུ་མའི་དགའ་སྟོན་ལ་ལོངས་སྤྱོད་བདག་གིར་འདོད་པ་ལྟ་བུས་རྟག་པར་བཟུང་སྟེ་མངོན་པར་ཞེན་ཅིང་སྔ་ནུབ་ཕྱི་འབྱུང་བརྟན་གནས་མེད་པ་འདི་མ་མཐོང་བས་མགོ་འཁོར་བ་དེ་ཧ་ཧ༔ སྣང་བ་བརྟན་མེད་དུ་འབྱུང་འགྱུར་བྱེད་པའི་མཚང་མི་རིག་པར་ལོངས་སྤྱོད་གསོག་འཇོག་གཏན་ནོར་དུ་རློམ་པ་དེ་ཧ་ཧ༔ ཆོས་ཉིད་རྒྱུ་འབྲས་ལས་འདས་པ་ཀ་དག་གི་རང་ས་འཛིན་པ་སངས་རྒྱས་ཡིན་པར་མ་རིག་སྟེ་ལུས་ངག་གི་དགེ་བས་འཁོར་བར་བསོད་ནམས་བསགས་པས་འཚང་རྒྱ་བར་རེ་བ་དེ་ཧ་ཧ༔ འཁོར་འདས་སྟོང་ཉིད་ཆེན་པོའི་རང་བཞིན་ཡུལ་མེད་ཟང་ཐལ་དུ་མཐོང་ཚེ་ཡུལ་སྣོད་བཅུད་ཅན་དུ་བཟུང་བའི་སངས་རྒྱས་དང་ཞིང་ཁམས་ཐམས་ཅད་གཡང་ས་རུ་ལྷུང་བ་དེ་ཧ་ཧ༔ སྣོད་བཅུད་འདོད་ཡོན་ཐམས་ཅད་གཞི་མེད་རྩ་བྲལ་ཆེན་པོ་རྨི་ལམ་སྒྱུ་མ་ལྟ་བུར་མེད་བཞིན་ཡོད་པར་སྣང་བ་སྐད་ཅིག་གིས་མཆེད་པ་དང་ཡལ་བ་དུས་མཉམ་པ་མཁའ་ལས་གློག་འཁྱུག་པ་ལྟ་བུར་མཐོང་ཚེ་འཁོར་བའི་འཁོར་ལོ་རླུང་གིས་ཁྱེར་བ་དེ་ཧ་ཧ༔ ཚེ་རབས་ཐོག་མཐའ་མེད་པའི་དུས་ནས་རང་ངོ་ཀ་དག་ཆོས་ཀྱི་དབྱིངས་ལས་འཕོ་འགྱུར་སྐད་ཅིག་ཙམ་ཡང་མེད་པའི་ངང་མ་རིག་སྟེ་འཁོར་བར་འགྲོ་འོང་དང་འཕོ་འགྱུར་དུ་སྣང་བ་དེ་ཧ་ཧ༔ ཚེ་རབས་ཐོག་མཐའ་མ་མཆིས་པའི་དུས་ནས་རང་སྣང་རང་ལ་མཆེད་པ་ལས་འདོད་ཡོན་སྤུ་རྩེ་ཙམ་ཡོད་མ་མྱོང་བའི་ངང་མ་རིག་སྟེ་ཆགས་ཞེན་མྱོང་ཚོར་གྱི་སྣང་བ་གཞན་དུ་བཟུང་ནས་རེ་དོགས་ཉེར་ལེན་གྱི་དབང་དུ་བར་མཚམས་མེད་པར་འཁྲུལ་པ་དེ་ཧ་ཧ༔ གདོད་མའི་ཡེ་གཞི་ཆེན་པོའི་རང་ཞལ་མཇལ་ཚེ་སྐྱོན་དང་བག་ཆགས་ཐམས་ཅད་ཡུལ་མེད་ཟང་ཐལ་དུ་སངས་རྒྱས་པ་འདི་ཧ་ཧ༔ གཞི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ཚུལ་མཐོང་ཚེ་ལྷ་འདྲེ་དགྲ་གཉེན་གྱིས་ཕན་གནོད་ཡུལ་མེད་དུ་ཡལ་བ་འདི་ཧ་ཧ༔ གཞི་དབྱིངས་མ་རིག་པའི་མུན་ཁམས་རིག་པ་རུ་སངས་ཚེ་སྒོམ་པ་བཟང་པོས་སངས་རྒྱས་མ་ཐོབ༔ མ་བསྒོམ་ངན་པས་འཁོར་བར་མ་འཁྱམས་པ་འདི་ཧ་ཧ༔ གཞིའི་ཆོས་སྐུ་ཁྱབ་བདག་ཀུན་ཏུ་བཟང་པོ་མངོན་དུ་གྱུར་ཚེ་ཆོས་སྐུའི་རྒྱལ་སྲིད་འབད་མེད་དུ་ཐོབ་པ་འདི་ཧ་ཧ༔ མཐའ་གྲོལ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་ཚེ་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་དམིགས་བསམ་རྣམ་པར་རྟོག་པའི་བློ་ཡིད་ཀྱིས་འབད་དང་རྩོལ་བ་མི་དགོས་པར་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་འཚང་མཉམ་དུ་རྒྱ་བ་འདི་ཧ་ཧ༔ མཐའ་གྲོལ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་བའི་ཚེ་ན་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འདུ་འབྲལ་མེད་པར་རོ་གཅིག་ཏུ་རྫོགས་ཤིང་གྲུབ་པ་འདི་ཧ་ཧ༔ འཁོར་འདས་དག་མཉམ་གྱི་རོལ་པ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་སུམ་དུ་གྱུར་ཚེ་ས་ལམ་གྱི་རིམ་པ་ལ་མ་ལྟོས་པར་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་འདི་ཧ་ཧ༔ ཞེས་རྡོ་རྗེའི་གད་མོ་ཆེན་པོའི་ཚིག་གི་སྒྲ་ཐོས་པས་དོན་གྱི་དབྱིངས་འཇལ་ཞིང་ཟབ་རྒྱའི་གནད་རྟོགས་པར་འགྱུར་བའོ༔ སླར་ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གདོད་མ་གཞིའི་སངས་རྒྱས་ཀྱི་རང་བཞིན་རྫོགས་པ་ཆེན་པོ་ཞེས་བྱ་བའི་ལམ་ཉམས་སུ་ལེན་པའི་ཚུལ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངའི་རང་བཞིན་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་ཚུལ་ནི་འདི་ལྟ་སྟེ༔ ཚེ་འདིར་རྣམ་པར་གྲོལ་བའི་ས་ལམ་བགྲོད་པ་ལ་དང་པོ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་བའི་རྒྱུ་མཚན་ཤེས་ནས་རྒྱུད་ལ་ངེས་པར་འབྱོར་བ་ཞིག་དགོས༔ འཁོར་འདས་ཀྱི་ས་མཚམས་ལ་ད་རེས་ཐུག་པའི་དུས་འདིར་ཆོས་མ་བསྒྲུབ་ན་ཕྱིས་རྣམ་པར་གྲོལ་བའི་ས་ལམ་དང་འཕྲད་པར་མི་འགྱུར་བ་དང་༔ འཕྲད་ཀྱང་ཉམས་སུ་ལེན་ཤེས་པར་དཀའ་བ་དང་༔ ངོ་སྤྲོད་པའི་བླ་མ་དགེ་བའི་བཤེས་གཉེན་དམ་པ་དང་འཕྲད་པར་དཀའ་བ་དང་༔ ཉམས་སུ་ལེན་པའི་རང་དབང་དང་ལྡན་པ་ཤིན་ཏུ་དཀའ་བ་དང་༔ ཡོ་བྱད་དང་འབྱོར་པ་ཐམས་ཅད་འཛོམ་པའང་དཀའ་སྟེ༔ ད་རེས་ཙམ་མ་གཏོགས་འཁོར་བ་སྡུག་བསྔལ་གྱི་བཙོན་དོང་ལས་ཐར་པའི་ཐབས་མི་འོང་བའི་ཚུལ་ཤེས་ནས་ཆོས་ལམ་དུ་འཇུག་དགོས་པ་དང་༔ ནམ་འཆི་ཆ་མེད་ཀྱི་ངང་ཚུལ་ཤེས་པར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་འཆི་བ་ཐོག་བབ་ཏུ་བྱུང་ནས་དུས་ད་ལྟ་མི་ཡུལ་ནས་ཕ་རོལ་ཏུ་འཕོ་རན་པ་ཡིན་སྙམ་དུ་དེ་དུས་ཀྱི་སྡུག་བསྔལ་ཐམས་ཅད་དྲན་ནས་རྒྱུད་ལ་བཀལ་བ་ནི༔ དུས་དེ་རིང་ཕ་མ་སྤུན་ཟླ་ཉེ་འབྲེལ་གནས་ཁང་ལོངས་སྤྱོད་དང་བཅས་པ་འཕྲོ་ལིང་ངེ་གྲ་མ་ཉམས་སྤུ་མ་བཅག་པར་ཤུལ་དུ་བཞག་ནས༔ ཕྱིན་ཆད་མིང་ཙམ་ཡང་མི་ཐོས་ཤིང་ཕྱོགས་ཙམ་ཡང་མི་མཐོང་བའི་སར་སླར་ལོག་པའི་དུས་མེད་པར་འགྲོ་བའི་དུས་ལ་བབས་ན་འགྲོ་ཡུལ་ནི་བསྐལ་པ་མང་པོར་བདེ་བའི་གོ་སྐབས་ཏིལ་འབྲུ་ཙམ་མེད་པར་སྡུག་བསྔལ་གྱི་རྦ་ཀློང་འཁྲུགས་པའི་གནས་སུ་མི་འགྲོ་བའི་དབང་མེད་པར་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་ཆེན་པོས་རྒྱབ་ནས་དེད༔ ཉེ་བ་རྩ་ལག་བུ་ཚ་བཟའ་མི་ཐམས་ཅད་ཀྱི་གདོང་མཆི་མས་གང་སྟེ་འོ་དོད་དྲག་པོ་བོས་ཀྱང་ཁོའི་སེམས་ལ་སྡུག་བསྔལ་གསོས་བཏབ་སྟེ་བློས་མི་ཐོང་བཞིན་དུ་ཡི་ཆད་དུང་ངེ་རྒྱུས་མེད་ཀྱི་ཡུལ་དུ་བཤེས་མེད་གྲོགས་མེད་གཅིག་པུར་འགྲོ་ཚེ་གྲོགས་སུས་བྱེད༔ སྡུག་བསྔལ་ཁུར་རོགས་སུ་ཡོད༔ ར་མདའ་སུ་འོང་༔ སྡུག་བསྔལ་བཟོད་གླག་མེད་པ་མྱོང་དུ་ཡོད་པ་སུས་ཚོར༔ བུ་ཚ་གཉེན་གྲོགས་ཀྱི་དོན་དུ་མི་དགེ་བའི་ལས་ངན་བསགས་པས་ཅི་ཕན༔ དྲིན་དྲན་ནམ་མི་དྲན་རང་གཞན་རྣམས་དཔེར་བཙུག་ནས་བརྟག་སྟེ་ཚེ་འདིར་ཐར་པའི་ལམ་སྣ་ཞིག་མ་ཟིན་ན་ལས་ཅི་བྱས་ཀྱང་ཕན་པ་སྤུ་ཙམ་མེད༔ རང་ནམ་འཆི་ནི་མི་ཤེས༔ ཚེ་ཟད་པ་ལ་ནི་ངེས་པ་མེད་པར་བྱིས་པ་རྒན་གཞོན་ཐམས་ཅད་འཆི་བ་ཡོད་ན་བློ་རིང་བའི་སྣ་ཁ་བསྟུང་ནས་མྱུར་དུ་ཐེག་མཆོག་དམ་པ་ཚེ་གཅིག་ལ་གྲོལ་བའི་མན་ངག་ཟབ་མོ་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་ཤེས་ཏེ་བརྩོན་དགོས་པ་ལས༔ གལ་ཏེ་འཆི་བ་བློས་དོར་ན་ཆོས་ཀྱི་བསམ་པ་ནུབ་ནས་ལེ་ལོ་རྣམ་གཡེང་འདུ་འཛི་ཁེ་དྲག་ལོ་འདོད་ཀྱི་དབང་དུ་ཤོར་ནས་མི་ཚེ་སྟོང་ཟད་དུ་འགྲོ་སྟེ་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བ་མཐའ་མེད་དུ་ལྟུང་བར་འགྱུར་བ་ལ་བསམ་མནོ་ཡང་ཡང་བཏང་ནས་མི་རྟག་འཆི་བ་དྲན་པ་ནི་ཐར་པའི་ལམ་གྱི་གཞི་རྩ་བླ་ན་མེད་པ་ཡིན༔ འདི་དང་བྲལ་ན་ལྟ་བའི་མིག་ལོང་བ་དང་༔ འགྲོ་བའི་རྐང་པ་ཆག་པ་ལྟར་ལས་རྐྱེན་ངན་པའི་དབང་དུ་འཆོར་ཏེ་ཆོས་བསྒྲུབ་ཀྱང་ཚུགས་མི་ཐུབ་པ་རྟ་རྔའི་མདུད་པ་ལྟ་བུར་རང་ཞིག་ཏུ་འགྲོ་བ་ཡིན་པས་ཤེས་པར་མཛོད༔ དེ་ལྟར་གནད་དེ་གཉིས་ཤེས་ཏེ་རྒྱུད་ལ་འབྱོར་བས་ལས་རྒྱུ་འབྲས་ལ་བསམ་ན༔ ཞེ་སྡང་གི་འབྲས་བུ་དམྱལ་བ་ཡིན་ན་བདག་གིས་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་ལ་རྩིས་གྲངས་ཐོང་དང་དམྱལ་བའི་མགྲོན་པོ་ཞིག་ཡིན་འདུག་པ་ཨི་ཚོར༔ ཡི་དྭགས་ཀྱི་རྒྱུ་འདོད་ཆགས་འབྲས་བུ་ཡི་དྭགས་ཡིན་ན་བདག་གི་འདོད་ཆགས་ལ་ལྟོས་དང་དེའི་དབང་གིས་ལས་བྱས་པ་ལ་རྩིས་གྲངས་ཐོང་ན་ཡི་དྭགས་ཀྱི་མགྲོན་པོ་ཞིག་ཡིན་པ་ཨི་གོ༔ དུད་འགྲོའི་རྒྱུ་གཏི་མུག་དང་འབྲས་བུ་དུད་འགྲོ་ཡིན་ན་རྒྱུ་དེས་བསྐྱེད་པའི་ལས་ངན་སྣ་ཚོགས་ལ་བརྟག་ན་དུད་འགྲོའི་མགྲོན་པོའི་ལམ་དེ་དོན་དུ་གཉེར་ཏེ་རང་ཡུལ་འཁོར་བ་ཞིག་ཡིན་པར་ཐག་ཆོད་པ་ཨི་གོ༔ ཕྲག་དོག་གིས་ཀུན་ནས་བསླངས་པའི་ལས་རྣམས་ལྷ་མ་ཡིན་གྱི་རྒྱུ་དང་འབྲས་བུ་ལྷ་མ་ཡིན་གྱི་ཡུལ་སྨིན་པར་བྱེད་པ་ཡིན་ན༔ བདག་གི་བསམ་པ་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་ལས་བསགས་པའི་ཚུལ་ལ་བསམ་ན་ལྷ་མ་ཡིན་གྱི་མགྲོན་པོས་ལྷ་མ་ཡིན་གྱི་རྒྱུ་དོན་དུ་གཉེར་ནས་སླར་ཡང་རང་ཡུལ་དུ་འགྲོ་བ་ཞིག་ཨི་གོ༔ སེམས་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྡིག་པ་མི་དགེ་བའི་ལས་ནི༔ སྲོག་གཅོད་པ་དང་༔ མ་བྱིན་པ་ལེན་པ་དང་༔ འདོད་ལོག་སྤྱོད་པ་དང་གསུམ་ལུས་ཀྱི་མི་དགེ་བ༔ རྫུན་སྨྲ་བ་དང་༔ ཕྲ་མ་སྨྲ་བ་དང་༔ ངག་འཁྱལ་སྨྲ་བ་དང་༔ ཚིག་རྩུབ་སྨྲ་བ་དང་བཞི་ངག་གི་མི་དགེ་བ༔ བརྣབ་སེམས་དང་༔ གནོད་སེམས་དང་༔ ལོག་ལྟ་དང་གསུམ་ནི་ཡིད་ཀྱི་མི་དགེ་བ་ཡིན་ཏེ༔ དེ་དག་ཐམས་ཅད་རྒྱུ་ཀུན་སློང་གི་དབང་གིས་ནུས་པ་བསྐྱེད་ནས་ངན་སོང་གསུམ་གྱི་སྣང་བ་མཆེད་པ་ཡིན༔ ཁྱད་པར་དུ་གསང་སྔགས་ཀྱི་རྩ་བ་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་ན་མནར་མེད་པ་རྡོ་རྗེའི་དམྱལ་བ་ཞེས་བྱ་བར་ལྟུང་དགོས་པས་དམ་ཚིག་འདི་ཤེས་པར་བྱ་བ་གནད་དུ་ཟུངས་ཤིག༔ མི་ཤེས་པ་རྣམས་ལ་ཉེས་པ་མི་འབྱུང་སྙམ་ན་དེ་ལྟར་མ་ཡིན་ཏེ༔ མི་ཤེས་པ་རྣམས་ཀྱིས་ནི་དམ་ཚིག་ཉམས་པ་དང་མ་ཉམས་པ་ངོ་མི་ཤེས་པས་བཤགས་སྦྱང་ཡང་བྱེད་དུས་མེད་དེ་དེ་ལ་རྟག་ཏུ་ཉེས་པ་ཆེན་པོ་བར་མ་ཆད་པར་འབྱུང་བ་རང་གིས་མ་རིག་མ་ཚོར་བའི་དབང་གིས་ལས་ངན་པའི་འབྲས་བུ་དུས་སུ་སྨིན་པ་ནི་དཔེར་ན་བསགས་པའི་ཟས་ནོར་ཐམས་ཅད་རྐུན་བུ་ཡོད་པར་མ་ཤེས་པས་ཤོར་སོང་བ་དང་༔ ཉིན་མོ་ཇག་པ་ཡོད་པར་ཤེས་ཏེ་མཐོང་བཞིན་དུ་ཤོར་བ་ལ་ཁྱད་པར་ཏིལ་འབྲུ་ཙམ་མེད་པ་བཞིན་དུ་རྣམ་སྨིན་དང་སྡུག་བསྔལ་མྱོང་ཚོར་ལ་ནི་ཤེས་པ་དང་མ་ཤེས་པ་གཉིས་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་དེ༔ ཤེས་པ་རྣམས་ཀྱིས་ཉམས་པ་འཕྲལ་དུ་གོ་ནས་བཤགས་པ་བྱས་པས་འབྱོངས་པའམ་ཉེས་པ་སྲབ་མོར་བྱེད་པ་ཡིན༔ མི་ཤེས་པས་ནི་ཉམས་ཡང་མི་ཚོར་བས་ད་དུང་ཉེས་ལྟུང་ཉམས་ཆག་ཐམས་ཅད་ལ་གསོས་བཏབ་སྟེ་འཕེལ་བ་སྐྱེད་ནས་ལས་འབྱོངས་པའི་དུས་མེད་པའོ༔ ཀྱཻ་རིགས་ཀྱི་བུ་ཆོས་ཟད་བློ་འདས་ཆེན་པོའི་ས་ལ་མ་སླེབ་ཀྱི་བར་དུ་རྣམ་པར་སྨིན་པའང་ཟད་པ་མེད་པའི་ངང་ཚུལ་ལ་བརྟག་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་ལག་ལེན་ལ་འདེབས་པ་ནི་གནད་ཀྱི་ཡང་གཅེས་དམ་པར་ཤེས་ནས་སྲོག་གི་གཏའ་རུ་བཟུང་བར་བྱའོ༔ ཁྱད་པར་དུ་སྡིག་པ་མི་དགེ་བའི་ཆ་ཕྲ་མོ་ཙམ་ཡང་སྤང་བར་བྱ་བ་གནད་དུ་བཟུང་དགོས་པ་དང་༔ གལ་ཏེ་གནད་དུ་མ་བཟུང་ནས་མི་དགེ་བའི་ལས་ལ་ཁ་འཆོལ་བར་གྱུར་ན་རིམ་པ་བཞིན་དུ་ལས་ངན་པའི་དབང་ཁ་འཕེལ་ཏེ་ནམ་ཞིག་ལས་འབྲས་ཕྲ་མོས་ཀྱང་བག་ཆགས་ཀྱི་དྲི་མ་སྣ་ཚོགས་སྡུད་ཅིང་འབྲས་བུ་ཆེན་པོར་མཆེད་དེ་ཐར་མེད་དུ་ཁ་དྲང་བར་བྱེད་དོ༔ དེའི་ཕྱིར་རྒྱུ་འབྲས་ཀྱི་གནད་དོན་ཤེས་པ་ལམ་མཐོང་བྱེད་ཀྱི་མིག་ལྟ་བུ་ཡིན་ནོ༔ འཁོར་བའི་སྡུག་བསྔལ་གྱི་ངང་ཚུལ་ལ་སེམས་ནས་འཁོར་བ་མེ་འོབ་ལྟ་བུ་དང་༔ དུག་སྦྲུལ་གྱི་ཚང་ལྟ་བུ་དང་༔ སྲིན་མོའི་གླིང་ལྟ་བུ་བདེ་བའི་གོ་སྐབས་སྤུ་ཙམ་ཡང་མེད་པར་ཤེས་ཏེ་ཐར་པ་དོན་དུ་གཉེར་བ་ལ་བརྩོན་པ་ནི་ཆོས་བསྒྲུབ་པའི་སྔོན་དུ་རྒྱུད་ལ་སྐྱེ་ངེས་པར་བསླབ་དགོས་པ་གནད་ཀྱི་དམ་པར་ཟུངས་ཤིག༔ དེ་ལྟར་བློ་མ་སྦྱངས་པ་རྣམས་ཀྱིས་གདམས་ངག་ཟབ་མོ་ཉམས་སུ་ལེན་པ་ལ་བརྩོན་ཀྱང་དཀའ་ཚེགས་དང་བཀྲེས་སྐོམ་ལ་སོགས་པའི་རྐྱེན་ཕྲ་མོ་བྱུང་ཚེ་དེའི་དབང་དུ་འཆོར་ཞིང་མཐར་མི་ཕྱིན་པའི་སྐྱོན་ཡོད་པས་དང་པོ་བློ་ལྡོག་རྣམ་བཞིས་བློ་སྦྱངས་མཐར་དུས་དང་རྣམ་པ་ཀུན་ཏུ་བརྗེད་མེད་ཁོར་ཡུག་ཏུ་རྒྱུད་དང་འདྲེས་ངེས་པ་ཞིག་གནད་ཀྱི་དམ་པར་བཟུང་བ་ནི་ཆོས་པ་ཀུན་གྱི་སྤྱི་ནོར་བླ་ན་མེད་པ་ཉིད་ཡིན་ནོ༔ ད་ནི་དངོས་གཞི་ཉམས་སུ་ལེན་པ་ལ༔ འཁོར་འདས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་པ་ནི་ལྟ་བ་ནམ་མཁའ་ཀློང་ཡངས་ཞེས་བྱ་བ་ཡིན་ཏེ་གཞིའི་རང་ཞལ་ཆོས་སྐུ་མཚན་མ་དང་བྲལ་བ་མངོན་དུ་གྱུར་པ་ཡིན༔ སྒོམ་པ་ནི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ལྟར་ཡོད་ཀྱང་གཟུང་བ་དང་འཛིན་པའི་ཡུལ་དང་བདེན་ཞེན་གྱི་དབང་གིས་མུན་པ་ལྟ་བུས་བསྒྲིབས་ཏེ་འཁྲུལ་པ་ལས༔ ད་ལྟ་ངོ་རང་ཐོག་ཏུ་འཕྲོད་པ་ལས་བསྒོམ་རྒྱུ་རྡུལ་ཙམ་མེད་པར་རང་དབང་རང་ལ་ཐོབ་སྟེ་རང་ཐོག་ཏུ་རང་ས་འཛིན་པ་ལས་བློ་ཡིད་ཀྱིས་བཅོས་བསྒྱུར་མེད་པར་ནམ་མཁའ་དག་པའི་དབྱིངས་སུ་རང་དབང་མངོན་དུ་གྱུར་པ་ཡེ་བབ་རང་བྱུང་ཆེན་པོར་འབྱམས་ཀླས་པ་དཔེར་ན་ནམ་མཁའ་ནམ་མཁའ་དང་འདྲེས་པ་ལྟ་བུ་དང་༔ སྔོན་ཆད་ཕྱི་ནང་དུ་བློ་ཡིད་ཀྱིས་བཅད་ནས་སོ་སོར་བཟུང་བ་ད་ནི་ཕྱི་ནང་མེད་པར་ཐག་ཆོད་དེ་ཁྱབ་བརྡལ་ཟང་ཐལ་ཆེན་པོའི་དོན་གཤིས་ཐོག་ཏུ་ཕེབས་པ་ལ་སྒོམ་པ་བློ་བྲལ་བྱར་མེད་ཅེས་བྱའོ༔ དེ་ལྟར་སྒོམ་པ་དེའི་ངང་དུ་ལུས་མ་བཅོས་པར་དུར་ཁྲོད་ཀྱི་མི་རོ་ལྟ་བུར་གཡོ་འགུལ་དང་བྲལ་བར་བཞག་པ་དང་༔ ངག་མ་བཅོས་པ་པི་ཝང་གི་རྒྱུན་ཐག་ཆད་པ་ལྟར་སྨྲ་བརྗོད་བཟླས་པ་ཐམས་ཅད་ཅོག་བཞག་ཏུ་བཏང་བ་དང་༔ སེམས་མ་བཅོས་པ་ཡེ་ཡིན་གྱི་ངང་དུ་བཟོ་མི་འཆོས་པར་རང་ཡན་དུ་བཞག་པ་དང་གསུམ་པོ་འདི་ནི་སྒོ་གསུམ་གྱི་བྱ་བ་བཏང་སྟེ་བྱར་མེད་དུ་མཉམ་པར་བཞག་པས་ན་མཉམ་བཞག་ཅེས་བྱའོ༔ གཞན་ཡང་ཟ་ཉལ་འགྲོ་འདུག་ཁྲོམ་ཚོགས་འདུ་ལོང་སོགས་ལུས་ངག་གི་སྤྱོད་ལམ་གང་གི་དུས་སུ་ཡང་ལྟ་བའི་སྟངས་མི་ཤོར་བ་འཁོར་འདས་གཉིས་མེད་ཀྱི་རོལ་པར་ཐག་ཆོད་པའི་རྗེས་ཤེས་རྒྱུན་ཆགས་པ་དང་༔ སྒོམ་པའི་གདིང་མི་ཤོར་བ་རིག་པ་བྱར་མེད་མངོན་གྱུར་ལས་མི་འདའ་བར་བྱ་བ་དང་༔ སྤྱོད་པ་བག་མེད་དུ་མི་འཆོར་བར་སྡིག་པ་མི་དགེ་བའི་ལས་དུག་བཞིན་དུ་སྤངས་པ་དང་༔ ལུས་ཀྱི་སྤྱོད་པ་དལ་ལ་ལྷོད་ཆགས་པ་དང་བརྟན་ཅིང་ཚུགས་ཟིན་པ་འདག་སྐུ་ལྟ་བུ་དང་༔ འགྲོ་བའི་ཚེ་དལ་གྱིས་འགྲོ་བ་དང་གོམ་པ་ལྷོད་པོར་འདོར་བ་དང་༔ སེངྒེ་ལྟར་འགྱིང་སྟབས་ཙམ་ལས་མགོ་བོ་ཕྱིར་མི་བསྐོར་བ་དང་༔ གཡས་གཡོན་དུ་མགྱོགས་པར་མི་བལྟ་བ་དང་༔ ལངས་པའི་ཚེ་ཡང་ཧར་ལངས་མི་བྱེད་པར་དལ་གྱིས་ལངས་པ་དང་༔ ཟས་ཟ་བའི་ཚེ་ནའང་གཡག་ལྟོག་གིས་རྩྭ་ཟ་བ་ལྟ་བུ་མ་ཡིན་པར་དལ་གྱིས་ཟ་ཞིང་མིད་པར་བྱ་བ་དང་༔ གཞན་ལ་གཏམ་ལབ་པའི་དུས་སུ་ཡང་ཀུ་རེ་བྲེ་མོ་ལ་སོགས་པའི་ཚིག་སྤངས་ཤིང་འཇམ་པ་དང་༔ དལ་གྱིས་སྨྲ་བ་དང་༔ གཞན་གྱི་རྒྱུད་མི་དཀྲུག་པར་བདེན་པ་སྙན་པ་དལ་བ་རྣམས་ཀྱིས་ངག་བཅོས་པ་དང་༔ སེམས་ཞི་བ་དུལ་བ་ཡངས་པ་དགའ་སྡུག་མི་སྐྱེན་པ་བསམ་པ་བཟང་བ་ཕན་སེམས་ཆེ་བ་གཡོ་སྒྱུ་མེད་པ་ཆེ་འདོད་དང་མཐོ་འདོད་ལ་སོགས་པའི་ཚིག་དང་སྤྱོད་པ་སྤངས་པ་ནི་སེམས་ཆོས་སུ་བཅོས་པ་ཡིན༔ ཁྱད་པར་དུ་རང་ལ་སྐྱོན་ཆེ་བའི་ལྟས་སུ་སྐྱོན་ཅན་ཤ་སྟག་མ་གཏོགས་སྐྱོན་མེད་མི་མཐོང་བ་ནི་དྷ་དྷུ་རའི་བཅུད་ཟོས་པའི་མི་རྣམས་ཀྱིས་མིག་ལ་གང་སྣང་ཐམས་ཅད་སྦྲུལ་དུ་མཐོང་བ་དང་༔ མཁྲིས་ནད་ཅན་གྱིས་དུང་ལ་སེར་པོའི་ཁ་དོག་སྣང་བ་ལྟར༔ རང་ལས་གཞན་མཐོང་ཚོར་གྱི་མི་རྣམས་ལ་སྐྱོན་ཅན་ཤ་སྟག་ཏུ་མཐོང་བ་དང་༔ རང་གི་ཉེ་བ་དང་ཕུ་བོ་དང་ཚ་བོ་དང་ཞང་པོ་དང་སྲིང་མོ་ལ་སོགས་པར་སྐྱོན་མི་མཐོང་ཞིང་བཟང་པོ་ཤ་སྟག་ཏུ་མཐོང་བ་ནི་རང་ཕྱོགས་ལྷ་རུ་མཐོང་ཞིང་གཞན་ཕྱོགས་འདྲེ་རུ་སྣང་བ་ཡིན་པས༔ དེ་ལྟར་མི་བྱེད་པར་ཐམས་ཅད་སྐྱོན་མེད་དུ་བལྟ་ཞིང་སྐྱོན་ཐམས་ཅད་རང་སྐྱོན་དུ་ངོས་འཛིན་པ་ནི་སྤྱོད་པའི་གནད་དང་༔ རང་ཉིད་ཆེ་དྲག་ཐོབ་ཐང་གི་འབྱོར་པ་དང་ལྡན་པའི་དུས་སུ་གཞན་ཁས་ཞན་དབང་ཆུང་དབུལ་ཕོངས་ཉམ་ཆུང་ཐམས་ཅད་ཁྱད་དུ་མི་གསོད་པར་ཀུན་དང་མཐུན་པར་མ་བྱས་ན་མཐར་རང་གི་ཐོག་ཏུ་དེ་ལྟ་བུའི་སྡུག་བསྔལ་བྱུང་ཉེན་ཡོད་པས་དེའི་ཚེ་ཕ་རོལ་པོ་ཐམས་ཅད་ཀྱིས་སྡང་བ་དང་༔ འཕྱ་བགད་ཀྱི་གནས་སུ་འགྱུར་བའི་ཚུལ་རྒྱལ་པོ་དང་བཙན་པོ་ཕྱུག་པོའི་ཚོགས་ཐམས་ཅད་མཐར་དམན་པ་དབུལ་ཕོངས་སུ་ལྟུང་བ་ལ་བརྟག་ནས་གཞན་ལ་སྡང་སེམས་མི་བྱེད་པ་གནད་དམ་པ་ཡིན༔ ཇི་ལྟར་ཆེ་མཐོ་ཐོབ་ཐང་ལོངས་སྤྱོད་ཀྱི་ཡོན་ཏན་འཛོམ་ཚེ་དམན་ས་བཟུང་ནས་རང་རྒྱུད་ཀྱི་ང་རྒྱལ་བཅོམ་པ་དང་༔ ཇི་ལྟར་རྐྱེན་ངན་དང་ཡུལ་ངན་ཐོག་ཏུ་བབས་ཚེ་སེམས་ཀྱི་དཔའ་མི་ཞུམ་པར་ལྟ་སྒོམ་གྱི་གདིང་བསྐྱེད་དེ་སྨྱོན་པ་འུར་ལངས་པ་ལྟར་ཤེས་པ་གཏད་མེད་དུ་བཏང་༔ སྣང་བ་སྒྱུ་མ་དང་རྨི་ལམ་ལྟར་ཤེས་པར་བྱ་བ་ཡང་སྤྱོད་པའི་གནད་ཡིན༔ བདེ་ཞིང་སྐྱིད་པའི་དུས་སུ་རང་མཐོང་ང་རྒྱལ་སྤངས་པ་དང་༔ བཀྲེས་འཁྱག་སྐོམ་གསུམ་གྱི་དུས་སུ་སེམས་ཀྱི་དཔང་དང་ལྟ་བའི་གདིང་བསྐྱེད་པར་བྱའོ༔ སུ་ལ་ཡང་སྨད་པ་དང་གཤེ་སྐུར་གྱི་ཚིག་མི་བརྗོད་པར་བཏང་སྙོམས་སུ་འཇོག་ཅིང་༔ ཡང་གཞན་ལ་བསྟོད་པའི་ཚིག་ཀྱང་མི་བརྗོད་པར་རང་སར་བཞག་པ་ལས་དེ་དག་ལ་སྨད་པ་དང་བསྟོད་ཆེ་ན་མཐར་བསྟོད་ཡུལ་གྱིས་གནོད་པ་བྱས་ཚེ་དེ་ལ་སྨད་པ་བྱེད་དགོས་པ་དང་༔ སྨད་ཡུལ་གྱིས་ཕན་ཆེར་བཏགས་ཚེ་བསྟོད་དགོས་འབྱུང་ན་གཞན་གྱིས་འཕྱ་ཞིང་རང་མཚང་སྟོན་པ་ཡིན༔ རང་གི་དགྲ་དང་འགལ་ཟླ་ཆེ་དྲག་རྣམས་ལ་ཡོན་ཏན་ཡོད་པ་ཀུན་གྱིས་ཤེས་ཀྱང་མེད་པར་སྨྲས་ཏེ་སྐྱོན་བརྗོད་ན་གཞན་གྱིས་ཞེ་ཁྲེལ་ཞིང་རང་གི་སྐྱོན་དུ་འགྱུར་བ་ལས་སྨད་པའི་ཚིག་གིས་གནོད་པ་མི་འབྱུང་བས་དེ་ལྟར་མི་བྱེད་པ་དང་༔ རང་གི་ཉེ་འབྲེལ་རྩ་ལག་སྐྱོན་ཅན་རྣམས་ལ་ཡོན་ཏན་བསྒྲགས་ཤིང་བསྟོད་པ་བྱས་ཀྱང་ཀུན་གྱིས་ཁྲེལ་ཏེ་གཤེ་སྐུར་གྱི་རྒྱུར་འགྱུར་བ་ཡིན་པས་དེ་དག་སྤངས་དགོས་པ་ཡང་སྤྱོད་པའི་གནད་ཡིན༔ རྫུན་གྱིས་ནི་རང་དམན་སར་འཕེན་པ་དང་༔ ཀུན་གྱིས་ཁྱི་ཤ་བཞིན་དུ་བརྙས་པ་དང་༔ ཚིག་ཅི་སྨྲས་ཐམས་ཅད་རྫུན་དུ་ཁྱེར་ནས་མི་གྲལ་དུ་མི་སླེབ་པ་ཡིན༔ རྐུ་བ་དང་མནའ་ཟོས་པ་ན་མངོན་དུ་གཞན་གྱིས་མི་ཤེས་ཚུལ་སྟོན་ཡང་ལྐོག་ཏུ་ཀུན་གྱིས་གླེང་བརྗོད་སྐུར་འདེབས་བྱེད་དུ་ཡོང་བས་ལས་དེ་དག་སྤངས་པར་བྱ་བ་དང་༔ བླ་མ་དང་སློབ་དཔོན་ཐམས་ཅད་ལ་མི་མཉེས་པའི་བརྙས་བཙུག་ཉེས་གཏོང་འགལ་ཟླར་བསྒྲུབ་ན་ཐར་པའི་ལམ་སྣ་འགག་ནས་ངན་སོང་གི་གཏིང་རྡོ་ཆེན་པོར་འགྱུར་བའི་ཚུལ་རྒྱུད་ལུང་མན་ངག་གིས་སྟོན་བཞིན་ཚེ་ལུས་སྲོག་གི་ཕྱིར་ཡང་འགལ་བ་སྤུ་རྩེ་ཙམ་ཡང་མི་གཏོང་བ་ནི་ཆོས་ཀྱི་རྩ་བ་ཡིན་པས་གནད་ཀྱི་དམ་པར་ཟུངས་ཤིག༔ གཏམ་དང་ལབ་མོ་ལ་དགའ་ནས་དེར་ཞེན་ཏེ་ཚིག་གི་རོ་མྱོང་བ་ཕན་པར་སྣང་ནས་མི་ཚེ་སྟོང་ཟད་ལ་བཏང་ཡང་ཕལ་ཆེར་གྱོད་དང་ཁ་མཆུ་ཁོང་ཁྲོའི་གཞི་རུ་འགྱུར་བ་ལས་དོན་མི་འབྱུང་བས་འདུ་འཛི་སྤངས་ནས་བསྒོམ་པར་བྱ་བ་དང་༔ ཟས་ནོར་སྟོང་གསུམ་གང་བ་ཙམ་ཡོད་ཀྱང་ཆོག་ཤེས་སྐྱེ་མི་སྲིད་པས་མི་ཚེ་སྐད་ཅིག་རྨི་ལམ་འདིའི་རིང་ལ་ཟས་ལ་མང་ཉུང་མེད་པས་མུ་གེས་མི་འཆི་ཙམ་དང་༔ གོས་ལ་བཟང་ངན་མེད་པས་ལྷག་པ་སྐྱོབ་པ་ཙམ་གྱིས་ཆོག་པར་ཤེས་དགོས༔ ཟས་ནོར་ཕལ་ཆེར་ཆགས་པའི་གནས་ངན་ཡིན་ཏེ་འཆི་ཚེ་འདྲེར་སྐྱེ་བའི་རྒྱུར་འགྱུར་བ་ཡིན༔ རྒྱུ་ཟེར་བ་ངན་སོང་དང་འཁོར་བའི་རྒྱུ་ཡིན་པའི་ཕྱིར་མིང་དུའང་རྒྱུར་གྲགས་པ་ཡིན༔ གྲོགས་སུའི་ཡང་ཁ་ལ་མི་ཉན་པར་རང་ཚོད་རང་གིས་བཟུང་སྟེ་ཆོས་ལ་ཆས༔ མཚན་ལྡན་གྱི་བླ་མ་མ་གཏོགས་གཏན་དུ་ཕན་པའི་ཁ་ད་བྱེད་མཁན་མི་ཡོང་བས་བླ་མའི་ཞལ་གདམས་སྲོག་གི་གཏའ་རུ་བཟུང་༔ འཁོར་བ་མཐའ་མེད་དུ་ལྟུང་བའི་རྒྱུ་ལ་བརྩོན་པར་དཀའ་སྤྱད་དང་སྙིང་རུས་སྡུག་སྲན་བར་མཚམས་མི་ཕྱེད་པ་སེམས་ཅན་རྣམས་ལ་དཔེར་བཞག་ནས༔ གཏན་དུ་བདེ་བའི་ཐབས་སུ་འབད་པ་ལ་དཀའ་བ་དང་དུ་བླངས༔ སླ་བ་རྒྱབ་ཏུ་བོར༔ ལུས་སྲོག་འབེན་དུ་བཙུག༔ ཤ་ཁྲག་གཟན་དུ་བོར་ནས་སྙིང་རུས་སྡུག་སྲན་བསྐྱེད་པ་ལ་བར་མཚམས་མེད་པར་མི་འབད་ན་ང་རེ་ཤི་སྙམ་ནས་འབད་པར་བྱ་བ་དང་༔ ཆོས་ཅི་བྱེད་ཐམས་ཅད་གཞན་གྱིས་བརྩི་བཀུར་དང་བསྟོད་བསྔགས་ཀྱི་ཆེད་དུ་ངོམ་ཆོས་དང་གཡོ་སྒྱུས་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་མཐའ་གཅིག་ཏུ་རྣམ་པར་དཀར་བའི་དགེ་བ་ལ་བརྩོན་པར་བྱའོ༔ དམ་ཚིག་དང་སྡོམ་པར་ངོ་ལྐོག་མི་བྱེད་པ་དང་༔ ཆོས་དང་གང་ཟག་ལ་སྐུར་པ་མི་འདེབས་པ་དང་༔ མཐོ་ལ་ངོ་དགའ་དང་དམན་ལ་སྡང་གནོད་མི་བྱེད་པར་ཐམས་ཅད་མཉམ་པར་བྱེད་པ་ཆོས་པའི་སྤྱོད་པ་ཡིན༔ གཞན་མི་བསླུ་བ་དང་༔ དད་པ་ཅན་སུན་མི་འབྱིན་པ་དང་༔ དགེ་སྦྱོར་ཅན་གྱི་རྒྱུད་མི་བསླུ་བ་དང་༔ མཚམས་སྒྲུབ་སྤྱོད་པའི་ཆ་རྐྱེན་ཟས་ནོར་ལ་མི་སྤྱོད་པ་དང་༔ གདམས་ངག་ཟགས་སུ་མི་འཇུག་པར་སྒྲུབ་པ་ལྷུར་ལེན་བྱེད་པ་ལ་མཚན་ལྡན་བླ་མས་མི་ཁྲེལ་བ་དང་༔ དམ་ཚིག་དང་སྡོམ་པ་ལ་ངོ་ལྐོག་མེད་པ་ལྷ་དང་སྲུང་མས་མི་ཁྲེལ་བ་དང་༔ གཡོ་སྒྱུ་དང་ཟོལ་ཟོག་མེད་པར་མི་ཚེ་ཆོས་ལ་དྲིལ་བ་རང་གིས་རང་ལ་མི་ཁྲེལ་བ་རྣམས་རྒྱལ་བ་རྣམས་ཀྱི་ཕྱག་བཞེས་ཏེ་རྗེས་འཇུག་རྣམས་ཀྱིས་ཉམས་ལེན་གྱི་མཆོག་ཏུ་ཟུངས་ཤིག༔ མི་ཚེ་ཡུད་ཙམ་འདིའི་རིང་ཆེ་མཐོ་བཙན་ཕྱུག་ལ་སོགས་པར་སྤྱོད་པའི་ཡུན་དང་ལོང་ཁོམ་མེད་པས་ཆེ་འདོད་མཐོ་འདོད་ཀྱིས་རང་བསྟོད་དང་གཡོ་སྒྱུ་སྤོངས་ལ་འཆི་བ་སྙིང་ལ་བཏགས་པ་དང་༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་བློས་མི་འདོར་བ་ཉམས་ལེན་གྱི་གཞི་རྩ་དམ་པ་ཡིན༔ དེ་ལྟར་ལུས་ངག་གི་སྤྱོད་པ་བཅོས་ཏེ་བག་མེད་དུ་མི་འཆོར་བ་གནད་དུ་ཟུངས་ཤིག༔ འདིར་ལྟོས་ཤིག་རྟོགས་ཤིག་ཆོངས་ཤིག༔ དེ་ནི་རྗེས་ཐོབ་ཀྱི་གནད་ཡིན༔ དེ་ལྟར་མཉམ་བཞག་དང་རྗེས་ཐོབ་གཉིས་ཀྱི་སྒོ་ནས་ཤི་བའི་མཐར་གཏུག་པར་བྱེད་པ་ནི་ལག་ལེན་གྱི་གནད་དམ་པ་ཡིན༔ སྤྱོད་པའི་གནད་ལ་སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བ་ནི་ཚེ་འདིར་ལུས་ངག་གི་དགེ་བ་ལ་འབད་ནས་བསོད་ནམས་རྒྱ་ཆེན་པོ་བསགས་པའི་ལས་ལ་བརྩོན་ཀྱང་ལྟ་སྒོམ་ཟབ་མོའི་ཉམས་ལེན་རྒྱབ་ཏུ་དོར་ན་འཆི་ཁ་ཐ་མལ་དུ་ལུས་པ་ལས་འོས་མེད་ཅིང་འཁོར་བའི་གསོས་དང་བསྣོན་པར་འགྱུར་ཏེ་གནས་སྐབས་ཀྱི་བདེ་བ་ལྷ་མིའི་གོ་འཕང་ཙམ་ལས་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་མི་སྲིད་པ་ཡིན་པས་སྐྱོན་དེས་བཅིངས་པའོ༔ དེས་ན་ལྟ་སྒོམ་ཟབ་མོ་ལ་ཡིད་ཆེས་ཀྱི་བརྟན་པ་ཐོབ་པ་ལུས་ངག་གི་དགེ་བའི་ཡོན་ཏན་མཐོང་ངམ་ཐོས་ཀྱང་ཡང་དག་པའི་ལྟ་སྒོམ་ཟིལ་གྱིས་མི་གནོན་པ་དཔེར་ན་གཅན་གཟན་གྱི་རྒྱལ་པོ་སེང་གེ་གངས་ལ་འགྱིང་ཚེ་སྲོག་ཆགས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་ལྟ་བུར་ལྟ་སྒོམ་གཞན་དབང་དུ་མི་འཆོར་བའི་གནད་དང་ལྡན་པ་ཞིག་དགོས་པ་ཡིན༔ སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བར་གྱུར་ན་རྒྱལ་པོའི་རྒྱལ་སྲིད་ཐོབ་ཐང་གཞན་ལ་ཤོར་བ་ལྟ་བུར་ངེས་པའོ༔ ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་བདུད་དང་རཱུ་ཏྲ་ལྟ་བུར་བག་མེད་ཀྱི་དབང་དུ་ཁ་འཆོལ་ཏེ་འཁོར་བའི་བྱ་བར་ཞེན་ནས་ལས་ངན་གྱི་ཆུ་ཀློང་ཆེན་པོ་རྡོལ་བས་དཀོན་མཆོག་གསུམ་ལ་ལོག་པར་ལྟ་བ་དང་ལས་འབྲས་ཁྱད་དུ་བསད་དེ་དོན་དམ་པའི་ལྟ་སྒོམ་ཉམས་སུ་མི་ལོན་པའི་ཁར་ལྷ་མིའི་གོ་འཕང་དོན་དུ་གཉེར་བའི་བསོད་ནམས་བསགས་པའི་སྒོ་ཙམ་ཡང་རྒྱུད་ལ་མི་གནས་པར་འགྱུར་བ་ནི་འཚོ་བྱེད་ཀྱི་སྨན་བཙལ་བའི་ལམ་ནས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུ་སྟེ་གཉེན་བདུད་དུ་སོང་བ་ཞེས་བྱ་བ་ཡིན༔ འཁོར་བ་སྡུག་བསྔལ་གྱི་གཅོང་ནད་ཆེན་པོ་སེལ་བར་བྱེད་པ་ལྟ་བ་ཟབ་མོ་ཡིན་ཀྱང་ལས་ངན་པའི་ལམ་དུ་བློ་ཁ་དྲང་བའི་རྒྱུར་སོང་ན་འཁོར་བ་མཐའ་མེད་པའི་སྡུག་བསྔལ་མྱོང་བར་བྱེད་པ་ཡིན་ནོ༔ མ་རིག་པའི་གཉེན་པོ་རིག་པ་དང་འཁོར་བའི་གཉེན་པོ་ལྟ་སྒོམ་ཡིན་ཀྱང་དེ་ཉམས་སུ་མི་ལོན་པའི་ཁར་རྒྱུད་ལོག་ལྟ་དང་ཆོས་མ་ཡིན་པའི་སྤྱོད་པས་གང་བའི་རྒྱུར་སོང་ན་ནི་སྟོང་ཉིད་ལོག་པར་སོང་བ་ཡིན་ཏེ་དེ་ལ་གཉེན་པོ་མེད་པ་ཡིན་པས་ཤེས་པར་བྱ་བ་གནད་དུ་ཟུངས་ཤིག༔ མདོར་ན་དུས་དང་རྣམ་པ་ཀུན་ཏུ་སྤྱོད་པ་ཞི་བ་དུལ་བ་བག་ཡོད་པ་དམ་ཚིག་དང་སྡོམ་པ་རྟག་ཏུ་བསྲུང་བ་དང་༔ སྡིག་པ་མི་དགེ་བའི་ལས་དུག་བཞིན་དུ་སྤངས་པར་བྱ་བ་དང་༔ དགེ་བ་གཞན་བསྒྲུབ་ཏུ་མེད་དེ་ལྟ་སྒོམ་ཟབ་མོ་ལྷུར་བླངས་ནས་ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་བརྩོན་ཏེ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུར་རང་རྒྱུད་སྡོམ་པས་བསྡམ་པ་གནད་དུ་ཟུངས་ཤིག༔ ཆོས་ཉིད་ཟད་པའི་ས་ལ་མ་སླེབ་ཀྱི་བར་དུ་ལས་འབྲས་བཟང་ངན་གྱི་བླང་དོར་ཚུལ་བཞིན་དུ་བྱེད་དགོས་ཏེ༔ གྲོལ་བ་ཐོབ་པའི་ཚད་མི་འཇིགས་པའི་གདིང་ཆེན་པོ་བཞི་མ་ཐོབ་ཀྱི་བར་དུ་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དང་༔ རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བའི་ཚུལ་ནི་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་འཁྲུལ་པ་སྡུག་བསྔལ་གྱི་འཁོར་ལོར་མྱོང་ཞེན་ཁོར་ཡུག་ཏུ་རྒྱུན་མ་ཆད་པར་འཁོར་བ་དང་འཁྲུལ་པའི་ཚུལ་ལ་བརྟག་ཅིང་བསམ་མནོ་ཞིབ་ཏུ་བཏང་བས་ཤེས་པར་འགྱུར་རོ༔ ཐོས་ཤེས་རྒྱ་མཚོ་ཙམ་ཡོད་ཀྱང་སྒོམ་པ་ཟབ་མོའི་ཉམས་ལེན་མེད་ན་རིན་ཆེན་གླིང་ནས་སྟོང་ལོག་བྱས་པ་ལྟ་བུར་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བར་འཁྱམས་པར་འགྱུར་བ་ཡིན་པས་སྒོམ་པ་ལྷུར་ལེན་གྱིས་སྙིང་པོའི་སྒྲུབ་པ་ལ་འབད་པར་གྱིས་ཤིག༔ དེ་ལྟར་སྒྲུབ་པ་ཉམས་ལེན་གྱི་ཚེ་ན་རིག་པ་སྔར་ལྟར་མ་ཡིན་པའི་བདེ་སྣང་འབོལ་ལེ་བ་དང་༔ གསལ་སྣང་སང་ངེ་བ་དང་༔ མི་རྟོག་པ་ཐོམ་མེ་བ་གང་བྱུང་ཡང་སྒོམ་ཚད་མར་བཟུང་ནས་རེ་བའི་ཚད་དུ་ཞེན་ནས་བསྒོམ་པ་དང་༔ དོགས་པའི་ཡུལ་དུ་ཤེས་ནས་འགོག་པ་དང་༔ བློ་ཡིད་ཀྱིས་བཅས་བཅོས་བྱེད་པ་རྣམས་ནི་རེ་དོགས་ཉེར་ལེན་གྱིས་ལམ་གྱི་གོལ་སར་འཕྱན་པར་གྱུར་བ་ཡིན་ཏེ༔ དེ་ལྟར་མ་ཡིན་པར་ཉམས་ཀྱི་ཡིན་ལུགས་ཤེས་ནས་ཆགས་ཞེན་དགག་སྒྲུབ་མེད་པར་རང་སར་བཞག་པས་ན་བུན་ནམ་མཁའ་ལ་ཡལ་བ་ལྟར་ཡུལ་མེད་དུ་ཡལ་ནས་རིག་པའི་ཡེ་ཤེས་མངོན་དུ་འགྱུར་བ་ཡིན༔ ལྷ་འདྲེ་མ་རུངས་པའི་གཟུགས་སྣ་ཚོགས་སུ་སྣང་བ་དང་༔ སྒྲ་སྙན་པ་དང་མི་སྙན་པའི་རིགས་སྣ་ཚོགས་གྲགས་པར་སྣང་བ་དང་༔ དྲི་ངན་པ་སྣ་ཚོགས་ཚོར་བ་དང་༔ རོ་མི་འདོད་པར་མྱོང་བ་དང་༔ རེག་བྱ་སྣ་ཚོགས་མྱོང་བ་དང་༔ རྨི་ལམ་མི་སྡུག་པར་མཐོང་བ་དང་༔ བསྔང་སད་འབྱུང་བ་ལ་བརྟེན་ནས་བློ་སྙིང་མི་བདེ་བ་སྣ་ཚོགས་འབྱུང་བ་དང་༔ ཟས་དང་ཁང་ཁྱིམ་དང་བྲེད་སྔངས་ལ་རྐྱེན་བྱས་ནས་ན་ཚ་འབྱུང་བ་དང་༔ ས་རྡོ་ཤིང་མཚོན་གྱིས་རེག་པ་ཙམ་ལ་རྐྱེན་བྱས་ཏེ་སོས་པར་དཀའ་བ་དང་༔ རྨ་དང་མཛེ་དང་ཕོལ་མིག་ལ་སོགས་པ་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཐན་ལྟས་ངན་པ་སྣ་ཚོགས་འབྱུང་བ་དང་༔ ནད་རླུང་མཁྲིས་བན་ཀན་ལ་སོགས་པ་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞིའི་རྣམ་པར་འབྱུང་སྟེ་སེམས་ཀྱི་རྩལ་དང་ནུས་སྟོབས་ཐམས་ཅད་དེའི་ངང་དུ་ཉམས་པ་ལྟར་བརྗོད་མི་ཤེས་པའི་སྡུག་བསྔལ་འབྱུང་བ་ནི་ནང་ལྷོང་ལུས་ཀྱི་ན་ཚ་ཞེས་བྱ་བ་དང་༔ སེམས་ཀྱི་ཡུལ་དུ་མི་བདེ་བ་ཆགས་པ་དང་སྡང་བ་དང་ཞེན་པ་དང་སྡུག་བསྔལ་མི་བཟོད་པ་དང་༔ དགའ་བ་སྐྱེ་བ་དང་༔ སྟོང་གསལ་མྱོང་ཞེན་ཅན་དང་༔ སྟོང་ཧད་དེ་བ་སྣང་སེམས་ཀྱི་གོ་འགག་པ་དང་༔ མཐོང་ཚོར་ཐམས་ཅད་གནོད་བྱེད་དུ་མངོན་པ་དང་༔ ང་འདྲ་བའི་རྣལ་འབྱོར་པ་ལྟ་སྒོམ་ཅན་ས་སྟེང་དུ་མེད་སྙམ་པའི་ང་རྒྱལ་དང་༔ ཁོང་ཁྲོ་དང་གནོད་སེམས་ཀྱི་དབང་གིས་གཞན་གྱི་རྒྱུད་དཀྲུག་པ་སྟེ་མཐར་རྗེས་འགྱོད་སྐྱེ་བ་དང་༔ རང་གི་བྱ་སྤྱོད་ཅི་བྱས་ཐམས་ཅད་བཟང་པོ་མཛེས་པར་མངོན་ནས་ལས་འཇོལ་ཉོག་ཏུ་སྤྱོད་པ་ལ་སོགས་སེམས་ལ་དགའ་སྡུག་གི་སྣང་བ་མ་ངེས་པར་འཆར་བ་ནི་གསང་སློང་སེམས་ཀྱི་དགའ་སྡུག་ཅེས་བྱ་བ་སྟེ༔ དེ་ལྟར་བདེ་སྡུག་གི་སྣང་བ་གང་བྱུང་གང་ཤར་ཐམས་ཅད་ཉམས་རྫུན་པོ་ཆེ་ལམ་གྱི་རྟགས་སུ་འབྱུང་བ་ཡིན་པར་ཤེས་ནས་ཆགས་ཞེན་དགག་སྒྲུབ་རེ་དོགས་བཅས་བཅོས་མེད་པར་རང་སར་བཞག་པས་རང་གྲོལ་དུ་འགྲོ་བ་ཡིན་པ་ནི་ཤེས་པར་བྱ་བའི་གནད་མཆོག་ཏུ་བཟུང་བར་བྱའོ༔ ཉམས་ནད་དུ་སོང་རྒྱབ་རྟེན་འདྲེར་བཟུང་སྟེ་གཏོ་བཅོས་རིམ་གྲོ་སྨན་དཔྱད་ལ་འབད་ཀྱང་ཕན་མེད་གནོད་པར་འགྱུར་བ་ལས་ཇི་ལྟར་འབད་ཀྱང་ཕན་པ་ཏིལ་འབྲུ་ཙམ་མི་འབྱུང་བ་དང་༔ མཐར་ཉམས་ངོ་སྤྲོད་ཀྱི་བྱ་མ་ཤོར་ན་སྨྱོ་བ་དང་༔ འབོག་པ་དང་༔ བརྒྱལ་བ་དང་༔ དུད་འགྲོ་ལྟར་ཅི་ཡང་མི་ཤེས་པར་འགྱུར་བའམ༔ འཆི་བ་སྲོག་ལ་བབ་པའི་རྒྱུར་འགྱུར་བ་ཡིན༔ སྔོན་དུས་ནི་སློབ་མ་དད་པ་དམ་ཚིག་དང་ལྡན་པ་མང་པོ་འབྱུང་བ་དང་༔ བླ་མ་ཡང་གྲུབ་ཐོབ་ཤ་སྟག་ཏུ་བྱུང་བས་སློབ་མའི་རྒྱུད་ཁམས་དང་དབང་པོའི་བྱེ་བྲག་སྣ་ཚོགས་པ་མཁྱེན་ཅིང་ཚེ་གཅིག་ལུས་གཅིག་ཏུ་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་དུ་འདྲོང་བ་དང་༔ གོལ་ཤོར་ནོར་སའི་དབང་དུ་མི་གཏོང་བ་ཡིན་ཡང་༔ དེང་སང་གི་དུས་འདིར་སློབ་མ་དམ་མེད་མོས་གུས་ཆུང་བ་དམུ་རྒོད་པ་ལོག་ལྟ་སྐྱེན་པ་ཤ་སྟག་ལས་མེད་པ་དང་༔ སློབ་དཔོན་དམུས་ལོང་རྣམས་ཀྱིས་ཉམས་སྐྱེ་བར་བྱེད་པའི་སེམས་འཛིན་དང་ལྟ་སྒོམ་དམིགས་གཏད་མྱོང་ཞེན་ཅན་གྱི་ཁྲིད་འདེབས་ཤིང་བསྒོམ་དུ་བཅུག་པས་སེམས་ཀྱི་དགའ་སྡུག་བདེ་རྩུབ་ཙམ་འབྱུང་བ་ཉམས་སུ་ངོ་སྤྲོད་ཤེས་པ་ལས་ཕྱི་སློང་ནང་སློང་གི་དབྱེ་བ་མི་ཤེས་པས་འདྲེ་གདོན་དུ་གྱེར་ཏེ་སློབ་མ་བསླུ་བར་འགྱུར་བ་ཡིན༔ དེ་ལྟ་བུའི་སློབ་དཔོན་ངན་པ་དག་ནི་སློབ་མའི་བདུད་དུ་འབབ་ངེས་པ་ཅན་ཡིན་ནོ༔ ཁམས་དང་དབང་པོའི་བྱེ་བྲག་གིས་ཕྱི་སློང་ཤ་སྟག་ལས་ནང་སློང་མི་འབྱུང་བ་ཡང་ཡོད༔ ནང་སློང་ཤ་སྟག་ལས་ཕྱི་སློང་དང་གསང་སློང་མི་འབྱུང་བ་ཡང་ཡོད༔ གསང་སློང་ཤ་སྟག་ལས་ཕྱི་ནང་གི་སློང་མི་འབྱུང་བ་ཡང་ཡོད་པས་དེའི་བྱེ་བྲག་ཤེས་དགོས་པའི་གནད་ཟབ་ཁྱད་ཅན་ཡིན༔ དེང་བསྐལ་པ་སྙིགས་མ་ལ་བབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་དུས་འདིར༔ སློབ་དཔོན་ལ་ལས་ནི་འགྱུ་བ་རིག་པས་སྐྱོང་ཟེར་བའི་ཁྲིད་བཏབ་ནས་ཁོ་ཡང་དེ་ལས་ཉམས་རྟོགས་མེད་པས་སྟོན་འཁོར་ཐམས་ཅད་ཀྱི་མི་ཚེ་དེར་ཟད་ནས་འཆི་ཁ་ཐ་མལ་དུ་ལུས་པ་གྲངས་མང་བ་དང་༔ སློབ་དཔོན་འགའ་ཞིག་གིས་ནི་བདེ་ཉམས་ལྷོད་འབོལ་ལེ་བ་ལ་གདིང་བཅས་ཏེ་གཞན་ལའང་ལྟ་སྒོམ་གྱི་མཆོག་ཏུ་འཆད་དེ་དེའི་ཐོག་ཏུ་ལུས་པ་དང་༔ སློབ་དཔོན་ལ་ལས་ནི་གསལ་ཉམས་ལྷ་མཐོང་འདྲེ་མཐོང་འཆར་ཞིང་སྣང་སེམས་གསལ་ཧྲིག་ཧྲིག་ཏུ་མངོན་པ་ལ་གདིང་འཆའ་སྟེ་གཞན་ལའང་དེ་འཆད་པ་དང་༔ འགའ་ཞིག་གིས་མི་རྟོག་པའི་ཉམས་སྟོང་སང་ངེ་བ་འགྱུར་དྲན་མེད་པར་སྣང་བའི་གོ་འགག་པ་ལ་གདིང་འཆའ་སྟེ་གཞན་ལའང་དེ་འཆད་པ་དང་༔ འགའ་ཞིག་གིས་ཤེས་པ་བཟོ་མེད་གོ་མ་འགག་པ་ལ་གདིང་འཆའ་སྟེ་གཞན་ལ་ལྟ་སྒོམ་གྱི་མཆོག་ཏུ་བསྟན་ནས་ངོ་སྤྲོད་བྱེད་པ་རྣམས་ཀྱིས་ལྟ་བ་སྟོང་ཉིད་མ་རྟོགས་པའི་རྐྱེན་གྱིས་ཁམས་གསུམ་ལས་མི་འཕགས་པའི་སྐྱོན་གྱིས་བཅིངས་པས་ཐར་པ་དང་རྣམ་མཁྱེན་གྱི་ལམ་མཐོང་བར་མི་འགྱུར་བ་ཡིན༔ ལ་ལས་ནི་མི་ཚེ་གཅིག་ལ་དཔེ་ཧྲུལ་དང་ཁ་བཤད་ལ་གཡེངས་ཤིང་ཞེན་ནས་འཆི་བ་ཐོག་རྒྱུག་ཏུ་བྱུང་ཚེ་མི་འཇིགས་པའི་གདིང་སྤུ་ཙམ་ཡང་མེད་པར་ཐོས་པ་དང་བཤད་པ་ཁོ་ན་ལ་ཞེན་པ་རྣམས་ཚེ་འདིར་ཁེ་དྲག་དང་ཆེ་མཐོར་རློམ་པ་ཡིན་ཏེ༔ ཚེ་གཅིག་འཁྲུལ་པའི་སྣང་སེམས་ལ་ཞེན་པ་དང་༔ ཐོས་ཤེས་ཁ་བཤད་ལ་ཞེན་པ་གཉིས་ཀ་གསེར་སྒྲོག་དང་ཐག་སྒྲོག་གིས་འཆིང་བ་ལ་ཁྱད་པར་མེད་པ་བཞིན་དུ་ཞེན་པའི་ཡུལ་ལ་བཟང་ངན་མེད་དེ༔ གང་ལ་ཞེན་པ་ཐམས་ཅད་བདག་རྒྱུད་འཆིང་བའི་རྒྱུ་ཁོ་ན་ཡིན་ནོ༔ དང་པོ་རྒྱ་ཆེ་བའི་ལྟ་སྒོམ་གྱི་གནད་དོན་དང་ལོ་རྒྱུས་ཤེས་པར་བྱས་ཏེ༔ མཐར་སྙིང་པོའི་སྒྲུབ་པ་ལྷུར་བླངས་ནས་གོལ་ཤོར་ནོར་སའི་འཕྲང་ལ་མི་ཐོགས་པར་རྣམ་པར་གྲོལ་བའི་སར་སླེབ་པ་ནི་ཐོས་པ་གནད་དུ་སོང་བ་ཡིན༔ ཐོས་པ་གྲངས་མང་པོ་གོ་གོ་དང་ཤེས་ཤེས་ཀྱི་ང་རྒྱལ་དང་རང་རྩིས་འཕེལ་ཏེ་གང་མཐོང་ཐམས་ཅད་ལོག་ལྟ་དང་སྒྲོ་སྐུར་གྱི་གནས་སུ་མངོན་ནས་རྒྱུད་ལ་དད་པ་མོས་གུས་སྤུ་རྩེ་ཙམ་ཡང་མེད་པར་བདག་འདྲ་བ་གཅིག་ཀྱང་མེད་སྙམ་དུ་མགོ་འཕང་རོ་སྟོད་གཟེང་བསྟོད་ནས་གཞན་ཁྱད་དུ་གསོད་པའི་སྡང་སེམས་ཀྱི་ཚིག་ངན་སྒྲོག་པ་དང་༔ གྲགས་པ་ཅན་གཞན་གྱིས་རྣམ་པར་བཤད་པ་ཐོས་ཤིང་མཐོང་ཚེ་ང་རྒྱལ་དྲག་པོའི་ཤུགས་ལྡང་སྟེ་ཕྲག་དོག་གི་སེམས་ཀྱིས་སྐྱོན་མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་༔ ཡོན་ཏན་ཡོད་པ་ལ་མེད་པར་སྐུར་པ་འདེབས་པ་རྣམས་ནི་ཐོས་པ་དུག་ཏུ་སོང་ནས་ངན་སོང་གི་གཞི་བཙུག་པ་ཡིན༔ དེས་ན་དེ་ལྟ་བུའི་སློབ་དཔོན་ནི་དང་པོ་ཉིད་ནས་བརྟག་སྟེ་སྤང་བ་ལས་བརྟེན་པར་མི་བྱ༔ གདམས་པའི་ཚིག་ཤློ་ཀ་གཅིག་ཐོབ་ཕན་ཆད་བླ་མ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་མི་མཉེས་པ་སྐད་ཅིག་ཙམ་ཡང་བསྒྲུབ་མི་རུང་སྟེ༔ གལ་ཏེ་བསྒྲུབ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྤངས་པ་ཡིན་པས༔ དེའི་རྒྱུད་ལ་ཉམས་རྟོགས་དང་ཡོན་ཏན་མི་སྐྱེ༔ བསོད་ནམས་བསགས་ཀྱང་འབྲས་བུ་མི་འབྱུང་༔ ལྷ་དང་དཀྱིལ་འཁོར་བསྒྲུབ་ཀྱང་དམ་སྲི་དང་འདྲེ་བདུད་མ་གཏོགས་གཅིག་ཀྱང་མི་འགྲུབ༔ ཐར་པའི་ས་བོན་སྐམ་ནས་འབྲས་བུ་མི་འབྱུང་༔ རྣམ་མཁྱེན་གྱི་སྡོང་པོ་རུལ་ནས་ལོ་འདབ་མི་སྐྱེ་སྟེ༔ དབང་དང་གདམས་པ་ཚིག་གསུམ་ཐོབ་ཟིན་ནས་མུ་སྟེགས་གྲངས་ཅན་པ་ཡིན་ཡང་བླ་མའི་མཆོག་ཏུ་བཀུར་བ་ལས་བློ་ལྡོག་མི་རུང་བ་ཡིན་ནོ༔ སྡོད་པའི་ཚེ་བླ་མ་སྤྱི་བོར་བསྒོམ་པས་དཀོན་མཆོག་སྐྱབས་སུ་བསྟེན་པ་ཡིན༔ འགྲོ་བའི་ཚེ་བླ་མ་ཕྲག་པ་གཡས་སུ་བསྒོམ་ནས་བསྐོར་བའི་འདུ་ཤེས་བཞག་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ལ་བསྐོར་བ་བྱས་པ་ལས་ཆེས་ཆེར་འཕགས་པ་ཡིན༔ བཟའ་བཏུང་གི་ཚེ་ན་བླ་མ་མགྲིན་པར་བསྒོམ་སྟེ་ཟས་བདུད་རྩིར་དམིགས་ནས་ཟོས་པས་ཅི་ཟོས་ཚོགས་དང་སྦྱིན་སྲེག་ཏུ་འགྱུར་བ་ཡིན༔ སྒོམ་དུས་དང་ཉལ་དུས་བླ་མ་སྙིང་གར་བསྒོམ་སྟེ་ཐུགས་ཡིད་བསྲེས་པས་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་སྟེ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་བ་ཡིན༔ བསྒྲུབ་ཚེ་ལྷ་དང་སྲུང་མའི་ངོ་བོར་བསྒོམ་ན་བསྐྱེད་རིམ་རང་རྒྱུད་པར་མི་གོལ་ཏེ་མཆོག་ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རབ་འབྱམས་མྱུར་དུ་འགྲུབ་པར་འགྱུར་བ་ཡིན༔ དེ་བཞིན་དུ་བླ་མ་དམ་པ་དང་མ་འགལ་བར་བསྟེན་པ་ནི་སྤྱོད་པའི་གནད་བླ་ན་མེད་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའི་རིག་པའི་རྡོ་རྗེས༔ རིག་པ་ལ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གདོད་ནས་ཡེ་རྫོགས་སུ་ཡོད་པ་ཡིན་ན་སེམས་ཅན་ཐམས་ཅད་རྫོགས་པ་ཆེན་པོའི་ལྟ་བ་ངེས་པར་སོང་བས་ཁྱད་པར་ཇི་ལྟར་ཡོད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ རིག་པའི་རྡོ་རྗེ་ཁྱོད་ཀྱི་དེ་ལྟར་མ་ལགས་ཏེ༔ སངས་རྒྱས་སེམས་ཅན་ཐམས་ཅད་རིག་མ་རིག་གི་ཁྱད་པར་ལས་མེད་པས་སེམས་ཅན་ཐམས་ཅད་ཀྱིས་རང་སྣང་གཞན་དུ་བཟུང་ནས་འཁྲུལ་པ་ཡིན༔ སངས་རྒྱས་ཐམས་ཅད་ཀྱིས་འཁོར་འདས་དག་མཉམ་དུ་གཟིགས་ནས་སངས་རྒྱས་པ་ཡིན༔ དེ་ཕྱིར་རིག་པ་ནི་གདོད་མའི་ཡེ་གཞི་ཀ་དག་ཆེན་པོ་འཁོར་འདས་དག་མཉམ་གྱི་རོལ་པར་ངོ་ཤེས་ཏེ་ངང་མངོན་དུ་གྱུར་པ་རིག་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཡིན་ནོ༔ ཞེས་གསུངས་པ་ལ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་འདི་ལྟར་རིག་པའི་ཡེ་ཤེས་ལ་ལམ་བྱས་ན་གྲོལ་བ་ཇི་ལྟར་ཐོབ༔ ཡོན་ཏན་ཇི་ལྟ་བུ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་ནས་བར་མ་ཆད་པར་བསྒོམ་ན་ཚེ་ལུས་འདི་རུ་གྲོལ་བ་ཐོབ་ཅིང་སངས་རྒྱས་པར་འགྱུར་བ་ཡིན་ཏེ༔ མཚམས་མེད་པ་ལྔའི་ལས་མང་པོ་བསགས་པ་དང་༔ ཚེ་གཅིག་ཏུ་བསྐྱེད་རིམ་ཉམས་སུ་བླངས་པའི་གང་ཟག་གཉིས་ལ་རིག་པ་མཉམ་དུ་ངོ་འཕྲོད་ནས་བསྒོམ་པར་བྱས་ན་སེམས་ཉིད་ལ་སྐྱོན་དང་ཡོན་ཏན་གྱིས་བསླད་མི་འཇུག་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་འདིར་སྡིག་པ་མི་དགེ་བའི་ལས་ལ་སྤྱོད་པའི་སྐྱེས་བུ་དང་༔ ཚེ་གཅིག་བསོད་ནམས་བསགས་པའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་རྒྱུ་འབྲས་ལས་འདས་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་འདིར་བསམ་གཏན་ཟབ་མོ་བསྒོམ་པའི་སྐྱེས་བུ་དང་༔ ཚེ་གཅིག་རྣམ་པར་གཡེངས་པའི་དབང་དུ་སོང་བའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་ནས་མཉམ་དུ་ཉམས་སུ་བླངས་ན་རིག་པར་བཟང་ངན་མེད་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་སེམས་བསྐྱེད་པ་ལ་བསླབ་ནས་གཞན་དོན་ལྷུར་ལེན་བྱེད་པའི་སྐྱེས་བུ་དང་༔ ཚེ་གཅིག་གཞན་ལ་གནོད་པའི་ལས་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་རིག་པའི་རང་ངོ་དུས་མཉམ་དུ་འཕྲོད་ནས་ཉམས་སུ་བླངས་ན་རིག་པ་བྱ་བྱེད་ལ་མི་ལྟོས་པར་རང་ཐོག་ཏུ་གྲོལ་བའི་གནད་ཀྱིས་འཚང་རྒྱ་བ་ལ་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་རྒྱུད་སྡོམ་པ་ལ་བརྩོན་པའི་སྐྱེས་བུ་དང་༔ མི་དགེ་བ་བཅུའི་ལས་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་རིག་པ་མཉམ་དུ་ངོ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་གཞན་རྐྱེན་ལ་མི་ལྟོས་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་སྦྱིན་པ་གཏོང་བའི་སྐྱེས་བུ་དང་༔ ཚེ་གཅིག་རྐུ་འཕྲོག་བྱེད་པའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་ལ་ཕན་གནོད་མེད་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་མི་བརྒྱ་རྟ་བརྒྱ་བསད་པའི་སྡིག་པོ་ཆེ་དང་༔ ཚེ་གཅིག་བསྐོར་ཕྱག་བྱེད་པའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་མཉམ་དུ་སྤྲད་དེ་སྙིང་པོའི་སྒྲུབ་པ་ལ་བརྩོན་པར་བྱས་ན་རིག་པའི་ཡེ་ཤེས་ལ་བཅོས་བསྒྱུར་མེད་པའི་གནད་ཀྱིས་འཚང་མཉམ་དུ་རྒྱ་བ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་བཀའ་དང་བསྟན་བཅོས་ཀློག་འདོན་བྱེད་པའི་སྐྱེས་བུ་དང་༔ ཚེ་གཅིག་མནའ་ཟོས་རྫུན་ཚིག་སྨྲ་བའི་སྐྱེས་བུ་གཉིས་ལ་རིག་པ་ངོ་སྤྲད་དེ་ཉམས་སུ་བླངས་ན་གྲོལ་བའི་ས་ལ་ཉེ་རིང་སྤུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ས་ལམ་སྦྱངས་བགྲོད་ཀྱི་སྒོ་ནས་རབ་དགའི་ས་ལ་གཤེགས་པའི་སྐྱེས་བུ་དང་༔ ཚེ་འདིར་ཐེག་པའི་སྒོར་མ་ཞུགས་པའི་སྐྱེས་བུ་གཉིས་ལ་མཐའ་གྲོལ་གཞིའི་རིག་པ་རང་ངོ་སྤྲད་ནས་མཉམ་དུ་ཉམས་སུ་བླངས་ཏེ་བསྒོམ་ན་དེ་གཉིས་ལ་སྔ་ཕྱི་སྐད་ཅིག་ཙམ་མེད་པར་འཚང་རྒྱ་བར་འགྱུར་བ་ནི་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་ལམ་གྱི་རིག་པ་ལ་གོམས་པའི་སྐྱེས་བུ་དང་༔ ཆོས་ཀྱི་སྒོ་མཐོང་མ་མྱོང་བའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་མཉམ་དུ་སྤྲད་དེ་ཐང་ལྷོད་མེད་པར་ཉམས་སུ་བླངས་ན་འཚང་རྒྱ་བ་ལ་ཡུན་རིང་ཐུང་སྤུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་ཏུ་ལྷ་ཁང་མཆོད་རྟེན་བརྩིགས་བཞེངས་བྱེད་ཅིང་གཞན་གྱི་སྲོག་སྐྱོབས་པ་ལ་བརྩོན་པའི་སྐྱེས་བུ་དང་༔ ཚེ་གཅིག་ཤན་པའི་གྲལ་དུ་གསོད་གཅོད་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་སྤྲད་དེ་ཉམས་ལེན་ལ་ཐང་ལྷོད་མེད་པར་བརྩོན་ན་འཚང་རྒྱ་བ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ དེ་དག་གི་གནད་ནི་འཁྲུལ་པའི་བྱ་བྱེད་ཐམས་ཅད་རྨི་ལམ་གྱི་བྱ་བ་ལྟར་ཅི་ཡང་བྱེད་མ་མྱོང་བ་ཡིན་པ་ལ་བྱས་པའི་སྣང་བ་ཤར་བ་ཙམ་ལ་བདེན་ཞེན་སྐྱེས་པས་མེད་བཞིན་ཡོད་པར་སྣང་བ་ཡིན་ཏེ༔ ལས་དེ་དག་གིས་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ལ་ཕན་གནོད་མེད་པའི་དོན་གྱིས་འཚང་རྒྱ་བ་ལ་ཁྱད་པར་མི་བྱེད་པ་ཡིན་ནོ༔ བཟང་པོའི་ལས་ཀྱིས་ཕན་ཡུལ་མེད་པས་བཟང་དུ་མེད་པ་ནམ་མཁའི་རང་བཞིན༔ ངན་པའི་སྤྱོད་པས་གནོད་ཡུལ་མེད་པས་ཡུལ་མེད་ཟང་ཐལ་བརྡལ་ཁྱབ་ནམ་མཁའི་རང་བཞིན་ཡིན་ཏེ༔ འདི་ལྟར་མེད་པ་ལ་ཡོད་སྣང་འཆར་བའི་དོན་ནི་གཞི་རང་གི་གནས་ལུགས་མ་ཤེས་པའི་དབང་གིས་ཡུལ་གཞན་ལ་ཁ་ཕྱིར་བལྟས་ཀྱི་ཞེན་པ་འདི་གཅིག་པུས་འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་པས་འདིའི་ངང་ཚུལ་རིག་ནས་རང་ཐོག་ཏུ་རང་གདིང་ཐོབ་ཅིང་རང་ལ་རང་དབང་ཐོབ་པ་ཉིད་སངས་རྒྱས་ཡིན་ནོ༔ དཔེར་ན་སྨྱོན་པ་ཞིག་གིས་དྲན་པའི་དབང་པོ་རྙེད་པ་ལྟ་བུ་སྟེ༔ དཔེ་དྲན་པའི་དབང་པོ་རྙེད་ནས་སེམས་རང་ཐོག་ཏུ་རང་ས་མ་ཟིན་གྱི་བར་དུ་ལས་ཅི་བྱས་ཀྱང་སྨྱོན་པ་ལས་སྨྱོན་པ་མིན་ཐབས་མེད་པ་ལྟར་རིག་པ་རང་ངོ་འཕྲོད་དེ་གཞི་རང་ལ་རང་གདིང་མ་ཐོབ་ཀྱི་བར་དུ་བཟང་ངན་གྱི་བྱ་བས་སངས་རྒྱས་བཟོ་ཐབས་མི་འདུག་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་ཡོན་ཏན་ནི་བརྗོད་ཀྱིས་མི་ལང་སྟེ༔ ཚེ་གཅིག་གི་མཐའ་རུ་མ་ཐུག་གི་བར་དུ་ལུས་ཀྱི་སྒོ་ནས་ཕྱག་བསྐོར་སྒྲིབ་སྦྱང་ལ་འབད་པར་བྱས་པ་བས་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དེ་ཟླ་བ་དྲུག་བར་མེད་དུ་བསྒོམ་པའི་ཡོན་ཏན་བརྒྱ་སྟོང་ཁྲི་ལས་འཕགས་པ་ཡིན་ནོ༔ ཚེ་གཅིག་ཏུ་སྦྱིན་པ་རྒྱ་ཆེན་པོ་གཏོང་བ་ལ་བརྩོན་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ནས་ཟླ་དྲུག་བར་མ་ཆད་པར་བསྒོམ་པའི་ཡོན་ཏན་བརྒྱ་སྟོང་ཁྲིས་འཕགས་པའོ༔ སྟོང་གསུམ་གྱི་སྟོང་ཆེན་པོ་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་དང་སྐུ་གཟུགས་ཀྱིས་བཀང་ནས་མཆོད་པ་དང་བཀུར་སྟི་བྱས་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲད་དེ་ཟླ་བ་དྲུག་བར་མ་ཆད་པར་བསྒོམ་ན་ཡོན་ཏན་ཁྲི་འབུམ་གྱིས་ཆར་ཡང་མི་ཉེའོ༔ ཚེ་གཅིག་མདོ་སྡེ་ཟབ་མོ་ཀློག་འདོན་བྱེད་པ་དང་སྔགས་དང་བཟླས་བརྗོད་བྱེད་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲད་ནས་ཟླ་དྲུག་ཉམས་སུ་བླངས་པའི་བསོད་ནམས་ཁྲི་འབུམ་གྱིས་འཕགས་པ་ཡིན་ནོ༔ ཚེ་གཅིག་བསྐྱེད་རིམ་ཟབ་མོ་ཉམས་སུ་བླངས་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་བྱས་ནས་ཟླ་བ་དྲུག་ཉམས་སུ་བླངས་ན་ཡོན་ཏན་བརྒྱ་སྟོང་ཁྲི་འབུམ་གྱིས་འཕགས་པ་ཡིན་ནོ༔ ཚེ་གཅིག་སེམས་ཅན་ཐམས་ཅད་ལ་སེམས་བསྐྱེད་ནས་དེ་དག་གི་དོན་ལྷུར་ལེན་བྱེད་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་རང་ཐོག་ཏུ་འཕྲོད་ནས་ཟླ་བ་དྲུག་བར་མ་ཆད་པར་ཉམས་སུ་བླངས་ན་བསོད་ནམས་བརྒྱ་སྟོང་ལས་ཆེས་ཆེར་འཕགས་པའོ༔ ཚེ་གཅིག་དགེ་བ་བཅུའི་ལས་ལ་བར་མ་ཆད་པར་བརྩོན་པ་ལས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་བྱས་ཏེ་ཟླ་བ་དྲུག་ཉིན་མཚན་བར་མ་ཆད་པར་ཉམས་སུ་བླངས་པའི་བསོད་ནམས་ཁྲི་འབུམ་གྱིས་ཆར་མི་ཉེ་བ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པ་ཉམས་སུ་ལོངས་ཤིག༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཁོང་དུ་ཆུབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཐེག་པ་རིམ་པ་དགུ་ཡི་ས་ལམ་དང་ཡོན་ཏན་ཡོངས་སུ་རྫོགས་པ་ཐོབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཚེ་གཅིག་ལུས་གཅིག་འདི་ཉིད་དུ་ཆོས་སྐུ་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་ཐོབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ འཁོར་འདས་དག་མཉམ་ཆེན་པོར་རོལ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་ཡོངས་སུ་རྫོགས་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ དེ་ངོ་འཕྲོད་པ་ཙམ་གྱི་ཡོན་ཏན་ཡང་མ་བསྒོམ་ཀྱང་སྐྱེ་བ་བདུན་ཚུན་ཆད་ལ་འཚང་རྒྱ་བར་ཐེ་ཚོམ་མེད་པ་ཡིན༔ དུས་གཅིག་ལ་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཞིང་གསུང་ཐོས་པ་བས་རིག་པ་རང་ངོ་འཕྲོད་པ་ཙམ་གྱི་ཡོན་ཏན་བྱེ་བ་དུང་ཕྱུར་ལས་འཕགས་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་རྒྱལ་བ་ཐམས་ཅད་ཀུན་ཏུ་བཟང་མོའི་ཐུགས་གསང་བྷ་ག་ཡངས་པར་རོ་གཅིག་པ་ཆོས་ཀྱི་དབྱིངས་སྐྱེ་འགག་གནས་གསུམ་ཐམས་ཅད་དང་བྲལ་བ་ནི་ནམ་མཁའ་རྣམ་པར་དག་པ་འདི་ལས་གཞན་ན་མེད་དོ༔ འཁོར་འདས་ལམ་གསུམ་ཐམས་ཅད་ནམ་མཁའ་ཉིད་དུ་རོ་གཅིག་པའི་ངང་ཚུལ་ནམ་མཁའ་འཁོར་འདས་ཀུན་གྱི་ངོ་བོ༔ ནམ་མཁའ་འཁོར་འདས་ཡོངས་ཀྱི་སྤྱི་གཞི༔ ནམ་མཁའ་འཁོར་འདས་ཐམས་ཅད་ཀྱི་རོལ་པར་ངོ་ཤེས་ཤིང་གཏིང་དཔོག་སྟེ༔ ནམ་མཁའ་ཉིད་ལས་མི་གཞན་པར་རྟོགས་ནས་ནམ་མཁའ་འདི་ཁོང་དུ་ཆུབ་སྟེ་ནམ་མཁའ་མངོན་དུ་འགྱུར་པ་ལ་ནམ་མཁའི་རྣལ་འབྱོར་ཞེས་བྱའོ༔ ཐམས་ཅད་སྟོང་ཉིད་ཆེན་པོར་རྟོགས་ནས་སྟོང་པ་ནམ་མཁའ་ཉིད་དུ་གཏིང་དཔོག་པ་ནི་སྟོང་ཉིད་དོན་གྱི་རྣལ་མ་ལ༔ དེ་མངོན་དུ་གྱུར་པ་རིག་པའི་ཡེ་ཤེས་འབྱོར་ཞེས་པའི་དོན་ཡིན་ནོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་ལ་སོགས་པ་འཁོར་འདུས་པའི་ཚོགས་ཐམས་ཅད་ཀྱིས་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་སྨོན་ལམ་འདི་བརྗོད་དོ༔ ཀྱཻ༔ ཆོས་ཉིད་སྤྲོས་བྲལ་ཆོས་སྐུ་ཡི༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་དཔལ༔ སྨོན་ལམ་འགྲུབ་པའི་དཔང་དུ་རོལ༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་རློབས༔ ཧཱུྃ༔ ཀ་དག་ཁྱབ་གདལ་ཆོས་ཀྱི་སྐུ༔ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ མཐའ་བརྒྱད་སྤྲོས་པ་དང་བྲལ་ཞིང་༔ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ བདག་ཏུ་འཛིན་པའི་རྟེན་འབྲེལ་ལས༔ གདགས་གཞི་མེད་ལ་མིང་དུ་གདགས༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ གཞི་དབྱིངས་བརྡལ་ཁྱབ་ཆེན་པོ་ལ༔ ངར་འཛིན་འཁྲུལ་གྱིས་སྣོད་བཅུད་ཤར༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ སྟོང་ཉིད་ཆེན་པོར་རྟོགས་པར་ཤོག༔ རྒྱུ་དང་འབྲས་བུའི་ཆོས་རྣམས་དང་༔ ལྷ་འདྲེས་ཕན་གནོད་སྣང་བ་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ ཡུལ་མེད་ཆེན་པོར་རྟོགས་པར་ཤོག༔ སངས་རྒྱས་དང་ནི་སེམས་ཅན་དང་༔ རེ་དོགས་ཡུལ་འཛིན་དངོས་ཞེན་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི༔ ཆོ་འཕྲུལ་འདོད་ཡོན་སྣང་བ་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ སྣང་སྲིད་གཟུང་དང་འཛིན་པའི་ཆོས༔ སྒྱུ་མའི་དཔེ་བཅུ་ཇི་བཞིན་དུ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཡུལ་མེད་ཆེན་པོར་རྟོགས་པར་ཤོག༔ ཐེག་པའི་ཆོས་དང་ལམ་འབྲས་བུ༔ མ་ལུས་རྫོགས་པའི་ཀློང་ཆེན་པོ༔ ཇི་སྙེད་གཟིགས་པའི་ཤེས་རབ་ཀྱིས༔ ཇི་ལྟ་བ་བཞིན་མཁྱེན་པར་ཤོག༔ ཀ་དག་གདོད་མའི་ཡེ་གཞི་ལ༔ འཁོར་འདས་དག་མཉམ་རོལ་པ་རུ༔ བྱང་ཆུབ་ཆེན་པོར་སངས་རྒྱས་པའི༔ ཡང་དག་ལྟ་བ་རྟོགས་པར་ཤོག༔ དེ་ལྟར་འཁོར་འདས་ལམ་གསུམ་ཆོས༔ རྒྱ་མཚོའི་གཟུགས་བརྙན་རོལ་པ་བཞིན༔ གཉིས་མེད་ཆེན་པོ་བྱང་ཆུབ་སེམས༔ མངོན་གྱུར་ལམ་མཆོག་ཉེར་ཐོབ་ཤོག༔ སྒོམ་མེད་དམིགས་གཏད་བྲལ་བ་དང་༔ ལྟ་ཡུལ་ལྟ་མཁན་གཉིས་སུ་མེད༔ དགག་སྒྲུབ་ཞེན་ཆགས་བྲལ་བ་ཡི༔ བྱ་བཏང་ལམ་མཆོག་ཉེར་ཐོབ་ཤོག༔ གདོད་མའི་ཡེ་གཞི་ཆོས་སྐུའི་ཞལ༔ མ་རིག་སྒྲིབ་གཡོགས་དང་བྲལ་ནས༔ རིག་པའི་ཡེ་ཤེས་ཆེན་པོ་ཡིས༔ ལམ་གྱི་ལམ་མཆོག་ཉེར་ཐོབ་ཤོག༔ སྦྱང་བགྲོད་འབད་རྩོལ་བྲལ་བ་ཡི༔ ཆོས་ཉིད་སྒོམ་མེད་ཆེན་པོ་རུ༔ རང་དབང་མངོན་གྱུར་གདིང་ཐོབ་པའི༔ ལམ་གྱི་ལམ་མཆོག་མྱུར་ཐོབ་ཤོག༔ སྒོ་གསུམ་རྡོ་རྗེའི་ལྷུམས་ཞུགས་ནས༔ སྐུ་དང་ཡེ་ཤེས་སྤྱན་ཆེན་པོ༔ བག་རྡུལ་རབ་རིབ་དང་བྲལ་ནས༔ ཆོས་ཉིད་མངོན་སུམ་མཐོང་བར་ཤོག༔ མངོན་སུམ་མཐོང་བའི་ཡོན་ཏན་གྱིས༔ རབ་ཏུ་དགའ་བའི་ས་མཆོག་དང་༔ རྣམ་པར་སྨིན་པའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་མངོན་གྱུར་ཤོག༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་ནས༔ མ་དག་སྣང་བ་ཐམས་ཅད་ཀུན༔ དག་དབྱིངས་དྭངས་མར་འཕོས་པ་ཡིས༔ ཉམས་སྣང་གོང་དུ་འཕེལ་བར་ཤོག༔ ཉམས་སྣང་གོང་འཕེལ་སྟོབས་ཤུགས་ཀྱིས༔ སྦྱངས་དཀའི་ས་ལས་རབ་བརྒལ་ནས༔ ཚེ་ལ་དབང་བའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་ཀུན་ཐོབ་ཤོག༔ རིག་པ་བཅུད་དུ་རབ་སྨིན་ནས༔ སྣང་སྲིད་སྐུ་དང་ཞིང་ཁམས་ཀྱི༔ རོལ་པ་ཆེན་པོར་གནས་དག་པའི༔ རིག་པ་ཚད་ལ་ཕེབས་པར་ཤོག༔ རིག་པ་ཚད་ཕེབས་ཡོན་ཏན་གྱིས༔ མི་གཡོའི་ས་ལས་རབ་བརྒལ་ཏེ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་ཀུན་ཐོབ་ཤོག༔ ཆོས་ཅན་སྣང་བ་ཐམས་ཅད་ཀུན༔ ཆོས་ཉིད་བློ་འདས་ཆེན་པོ་རུ༔ ཟད་ནས་གདིང་ཐོབ་བཙན་ས་ཟིན༔ མི་སློབ་ལམ་དུ་ཕྱིན་པར་ཤོག༔ ཆོས་ཟད་བློ་འདས་སྟོབས་ཤུགས་ཀྱིས༔ ཆོས་སྤྲིན་ཆེན་པོའི་ས་རུ་བརྒལ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་མྱུར་ཐོབ་ཤོག༔ དེ་ལྟར་མྱུར་ལམ་སྙིང་པོའི་ཆོས༔ ཚེ་འདི་ཉིད་ལ་མཐར་ཕྱིན་ནས༔ རིང་པོར་མི་ཐོགས་སངས་རྒྱས་ཀྱི༔ གོ་འཕང་མྱུར་དུ་ཐོབ་པར་ཤོག༔ ཆོས་ཉིད་བརྡལ་ཁྱབ་ཆེན་པོ་ལ༔ མཁྱེན་དང་གཟིགས་པའི་ཡེ་ཤེས་འབར༔ ཁམས་གསུམ་འཁོར་བ་ལྷག་མེད་དུ༔ སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག༔ ཀ་དག་ཆེན་པོའི་མཁའ་དབྱིངས་སུ༔ མ་དག་འཁྲུལ་པའི་ཆོས་སོ་ཅོག༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ད་ལྟ་ཉིད་དུ་གྲོལ་བར་ཤོག༔ སེམས་ཅན་ཀུན་གྱི་སེམས་སྣང་ཆོས༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ གདོད་མའི་ནང་དབྱིངས་ཆེན་པོར་ཞིག༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ དེ་ནས་གདོད་མ་གཞིའི་སྟོན་པ་ཉིད་ཀྱི་ཞལ་ནས༔ ཀྱཻ་རིག་པའི་རྡོ་རྗེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྨོན་ལམ་གདབ་པ་ལ་དང་པོ་རྒྱལ་བ་ཐམས་ཅད་དཔང་དུ་བཙུགས་ཏེ་སྨོན་ལམ་གདབ་པ་དང་༔ མཐར་སྨོན་ལམ་འགྲུབ་པའི་ཕྱིར་བདེན་བརྗོད་ཡང་ཡང་བསྐྱར་བ་དང་༔ འགྲུབ་སྔགས་ཀྱང་ལན་བདུན་ལས་མི་ཉུང་བར་མ་བརྗོད་ན་ཤིན་ཏུ་འགྲུབ་དཀའ་བ་ཡིན༔ ཡང་ན་རྟེན་གཉན་པོའམ་བླ་མ་དགེ་བའི་བཤེས་གཉེན་དང་༔ དགེ་འདུན་མང་པོའི་ཚོགས་གྲལ་དང་༔ ཉ་སྟོང་དང་ཉི་ཟླ་གཟས་བསྒྲིབ་དུས་རྣམས་སུ་སྨོན་ལམ་བཏབ་སྟེ་བདེན་ཚིག་བརྗོད་ན་འགྲུབ་པར་འགྱུར་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཐེག་མཆོག་བླ་ན་མེད་པ་ཟབ་གསང་རྫོགས་པ་ཆེན་པོའི་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་དུས་སུ་ནོར་འཁྲུལ་གྱི་གེགས་དང་གོལ་ས་མཆིས་སམ་མ་མཆིས༔ གལ་ཏེ་མཆིས་ན་དེའི་ཚུལ་ཇི་ལྟ་བ་བཞིན་དུ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་དང་པོ་ལྟ་བ་ཟབ་མོ་གཏན་ལ་ཕབ་པའི་དུས་སུ་གོ་བ་དང་རྟོགས་པ་ནོར་བའི་འཕྲང་ཡོད་དེ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ གོ་བ་ནི་སློབ་དཔོན་གྱི་ངག་ནས་བཤད་པ་ཐོས་པ་ཉིད་དེ་དཔེར་ན་ཡི་གེ་སློབ་པའི་ཚིག་བློ་ལ་འཛིན་པ་ལས་དོན་ལ་བརྟག་དཔྱད་མ་བྱས་པ་ལྟར་གོ་བ་ཙམ་ཁ་བཤད་དུ་གྱེར་བ་ལས་གཏིང་མ་དཔོག་པར་ངས་ཤེས་སྙམ་པའི་ང་རྒྱལ་ཙམ་ལས་རྒྱུད་ལ་མ་འབྱོར་བ་ནི་གོ་བ་ཙམ་ཡིན་ཏེ་རྟོགས་པ་མ་ཡིན་ནོ༔ འདི་རྟོགས་པ་རུ་རློམ་པ་ནི་རྒྱལ་པོའི་དཀོར་མཛོད་དུ་ལོངས་སྤྱོད་ཡོད་པ་མིག་གིས་མ་མཐོང་ཞིང་དབང་མ་ཐོབ་པ་ལ་གཞན་གྱིས་བཤད་པ་རྣ་བས་ཐོས་ནས་ཡིད་ལ་བཟུང་སྟེ་ངའི་ལོངས་སྤྱོད་དོ་སྙམ་པ་དང་འདྲ་མཚུངས་ཏེ་དོན་སྤུ་རྩེ་ཙམ་ཡང་མེད་དོ༔ རྟོགས་པ་ནི་སློབ་དཔོན་གྱིས་བཤད་པའམ༔ རྒྱུད་ལུང་མན་ངག་གི་གནས་མཐོང་བའམ༔ ཤེས་རབ་ཀློང་ནས་བརྡོལ་བ་གསུམ་གང་ཡིན་ཀྱང་དང་པོ་ཕྱོགས་ཙམ་གོ་བ་ལ་རྐྱེན་བྱས་ཏེ་བརྟག་ཅིང་དཔྱད་པ་ཡང་ཡང་བཏང་བས་ཕྲ་ཞིང་ཞིབ་པ་ནས་སྣང་བའི་ཆོས་ཐམས་ཅད་རང་རང་གི་ངོས་ནས་སྟོང་པ་ཡུལ་མེད་དུ་འདུག་པའི་ཚུལ་ཤེས་པ་དང་༔ མཐར་སྟོང་ཉིད་ཆེན་པོར་རོ་གཅིག་པ་འཁོར་འདས་ཐམས་ཅད་གཞི་རང་གི་ཀློང་དུ་རང་ཤར་བ་ལས་གཞན་དུ་མ་གྲུབ་པར་ཐག་གཏིང་དཔོག་པར་ཆོད་པ་ནི་རྟོགས་པ་ཡིན༔ དེ་ཡང་འགྲོ་བ་ལྷ་དང་བཅས་པས་དེ་ལ་འཁོར་འདས་རང་རྒྱུད་པ་རྟག་བརྟན་ཐེར་ཟུག་ཏུ་ཡོད་པའི་ཚུལ་ལན་གྲངས་དུ་མར་བསྟན་ཀྱང་ཡིད་ལ་ཐེ་ཚོམ་མི་ཞུགས་པའི་ཤེས་པ་རྒྱ་ཆེ་ལ་གཏིང་ཟབ་པའི་རྟོགས་པའི་ཤེས་རབ་བརྟན་པོ་ཞིག་མེད་ན་རྣམ་པར་གྲོལ་བའི་ལམ་ལས་ལྡོག་པར་འགྱུར་བ་ཡིན་ནོ༔ རྟོགས་པའི་རང་བཞིན་ནི་སྒོམ་གྱི་ངོ་བོ་ཡིན་ཏེ་རྟོགས་པ་ལས་ལྷག་པའི་སྒོམ་ཀྱང་གཞན་ན་མེད་དོ༔ དང་པོ་གོ་ནས་བར་དུ་རྒྱུད་ལ་མྱོང་སྟེ་ཐ་མ་རྟོགས་པའི་གདིང་ཞིག་མེད་ན་ལྟ་སྒོམ་གྱི་མིང་དང་དྲི་མ་ཙམ་ཡང་མེད་ངེས་པ་ཡིན་པས་རྟོགས་པ་བརྟན་པོ་ཞིག་རྒྱུད་ལ་སྐྱེ་བར་བྱེད་དགོས་པ་གནད་ཀྱི་དམ་པར་ཟུངས་ཤིག༔ རྟོགས་པ་དང་གདིང་ཐོབ་ཀྱི་དབྱེ་བ་མ་ཤེས་ན་རྟོགས་པ་གདིང་ཐོབ་དང་ནོར་ནས་རང་མགོ་འཁོར་བ་མང་བའི་ཕྱིར་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ རྟོགས་པ་ནི་ས་ལམ་གྱི་ཡིན་ལུགས་དང་འཁོར་འདས་ལམ་གསུམ་རིག་པ་རང་ལ་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཐག་ངེས་པར་ཆོད་པ་ལ་བྱའོ༔ དེ་ལ་གང་ཟག་ལ་ལས་རང་གིས་དཀའ་བ་རྒྱ་ཆེན་པོ་སྤྱད་ནས་བདེ་སྡུག་གི་མྱོང་ཚོར་མང་པོ་མྱོང་སྟེ་ཤེས་པ་ནི་རྟོགས་པ་ངེས་པར་ཡིན་པ་ལས༔ རང་བཞིན་ཐད་ཀར་དུ་ཤེས་ཀྱང་རྟོགས་པའི་གོ་ཆོད་པར་མི་འགྱུར་བར་འདོད་པ་མང་ཡང་དེ་ནི་མི་རིགས་ཏེ༔ དཔེར་ན་ལྷ་ས་བསམ་ཡས་ལ་སོགས་པ་ལ་དད་གུས་ཆེ་བའི་མི་རྣམས་ཀྱིས་རྟེན་གསུམ་ལ་མཇལ་བར་འདོད་ནས་ཐག་ཤིན་ཏུ་རིང་བའི་ས་ནས་དཀའ་སྤྱད་དང་སྙིང་རུས་རྒྱ་ཆེན་པོ་བྱས་ནས་གནས་དེར་སླེབས་ནས་མཇལ་བ་དང་༔ དཀའ་ཚེགས་དང་སྙིང་རུས་མ་དགོས་པར་གནས་དེར་སྐྱེས་པའི་མི་རྣམས་ཀྱིས་རྟེན་གསུམ་མཇལ་བ་ལ་ཁྱད་པར་མེད་པ་ལྟ་བུ་སྟེ༔ མཇལ་བའི་གནས་ནི་རྟེན་གསུམ་ཡིན་ལ༔ མཇལ་བ་ལ་ཁྱད་པར་མེད་པ་དང་༔ ཁྱད་པར་གནས་དེར་སྐྱེས་པའི་མི་རྣམས་ཀྱིས་ཕྱི་ནང་གསང་བའི་རྟེན་ཐམས་ཅད་ཀྱི་རྒྱུས་གབ་སྦས་མེད་པར་ཤེས་པ་དང་འདྲ་མཚུངས་ཏེ༔ དེ་བཞིན་དུ་དཀའ་སྤྱོད་བདེ་སྡུག་མྱོང་ཚོར་མང་པོ་མྱོང་བའི་མཐར་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ངོ་འཕྲོད་པ་དང་༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདག་མེད་དུ་གཏན་ལ་ཕབ་ནས་ཆོས་ཉིད་ཀྱི་གནས་ལུགས་ཐད་ཀར་རྟོགས་ཤིང་ཤེས་པ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པའི་ཚུལ༔ གཉིས་ཀས་ཅི་ཤེས་དགོས་ན་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཤེས་ནས་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དགོས་པ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པའི་ཕྱིར་རོ༔ དོན་ལ་རྟོགས་པ་ཐག་ཆོད་པ་གཏིང་དཔོག་པ་ཞིག་ལ་ལྟ་བ་ཞེས་བྱ་བ་ཡིན་ནོ༔ གདིང་ཐོབ་པ་ནི་དང་པོ་ངོ་འཕྲོད་པར་བྱས་ནས་རིག་པ་བྱར་མེད་རྒྱ་ཡན་ཆེན་པོ་མངོན་དུ་བྱས་ཏེ་བར་མ་ཆད་པར་ཉམས་སུ་བླངས་པས༔ མཐར་རང་ཐོག་ཏུ་བརྟན་པ་ཐོབ་ནས་དུས་དང་སྐབས་མི་འབྱེད་པར་ནམ་ལངས་ཚེ་མུན་པ་མི་འབྱུང་བ་ལྟ་བུ་ནི་རང་ཐོག་ཏུ་རང་གདིང་ཐོབ་པ་ཞེས་བྱ་བ་ཡིན་ནོ༔ དང་པོ་རྟོགས་མ་ཐག་པ་ནས་ཉམས་ལེན་གནད་དུ་བསྣུན་ཏེ་གདིང་ཐོབ་པར་མ་བྱས་ན་རང་ངོ་འཕྲོད་ཀྱང་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བར་འཁྱམས་དགོས་པ་ཡིན༔ ཟས་རི་རབ་ཙམ་བདག་ཏུ་བཟུང་ཡང་མ་ཟོས་ན་ཕན་པ་མེད་པར་མུ་གེས་འཆི་བ་དང་༔ གོས་མཁར་ཁྱིམ་གང་བ་ཙམ་བདག་ཏུ་བཟུང་ཡང་མ་གྱོན་ན་གྲང་ལྷག་གིས་ཤི་བ་དང་འདྲ་མཚུངས་པ་ཡིན༔ དེའི་ཕྱིར་ན་གདིང་ཐོབ་པར་བྱ་བ་གནད་ཀྱི་དམ་པ་རུ་ཤེས་པར་གྱིས་ཤིག༔ སེམས་དང་རིག་པ་གཉིས་ཀྱི་དབྱེ་བ་མ་ཤེས་ན་སེམས་རིག་པར་འཁྲུལ་ནས་གྲོལ་བའི་ས་ལ་བར་དུ་གཅོད་པའི་རྒྱུར་འགྲོ་བའི་སྐྱོན་ཡོད་པས་དེའི་ཤན་དབྱེ་བར་བྱའོ༔ སེམས་ལའང་འཁྲུལ་པ་སྣང་ཞེན་གྱི་སེམས་དང་༔ ལམ་འཚོལ་འགག་སྒྲུབ་ཀྱི་སེམས་དང་༔ ཤེས་པ་ལམ་བྱེད་ཀྱི་སེམས་ཞེས་བྱ་བ་རྣམས་སུ་ཡོད་དོ༔ དེ་ལ་འཁྲུལ་པ་སྣང་ཞེན་གྱི་སེམས་ནི་རང་ཀ་མ་ལམ་ཚོལ་བ་དང་ལམ་དངོས་རྣམས་ཀྱི་སྒོ་མ་མཐོང་བའི་སེམས་ཅན་གྱི་སེམས་ལ་བྱའོ༔ ལམ་འཚོལ་བའི་སེམས་ནི་སེམས་ཀྱིས་སེམས་ལ་ལྟ་བ༔ རྣམ་རྟོག་གིས་རྣམ་རྟོག་ལ་བལྟ་བ་དང་༔ བློ་དང་ཡིད་ཀྱིས་བཅས་བཅོས་དང་སྤང་ལེན་བྱས་པའི་བདེ་སྡུག་སློང་བ་ཙམ་གྱི་ལམ་འཚོལ་བའི་ཕྱིར་སེམས་ལ་ལམ་བྱེད་པ་ཞེས་བྱའོ༔ ཤེས་པ་ལམ་བྱེད་ཀྱི་སེམས་ནི་སེམས་ཀྱི་གཞི་ཐ་མལ་གྱི་ཤེས་པ་གོ་མ་འགག་པ་མངོན་དུ་བྱེད་པ་དེ་ཡང་ལྟ་བ་མ་རྟོགས་པའི་བྱེད་ལས་ཀྱིས་ཕྱིའི་སྣང་བ་ལུང་མ་བསྟན་དུ་སོང་ནས་སྣང་བ་དངོས་པོར་བཟུང་བ་ལས་དངོས་འཛིན་མ་ལྡོག༔ ནང་རང་ལུས་ལ་ལུང་མ་བསྟན་པས་ལུས་དངོས་པོར་འཛིན་པའི་དངོས་ཞེན་མ་ལྡོག༔ དེ་གཉིས་ཀ་ལ་ལུང་མ་བསྟན་པར་རང་རྒྱུད་པར་བཟུང་བས་སེམས་ལས་མི་འཕགས་པས་དེ་ཡང་སེམས་ཞེས་བྱའོ༔ དེ་ལ་རིག་པའི་མིང་དུ་བཏགས་ཀྱང་མའི་མངལ་གནས་ཀྱི་ཕྲུ་གུ་ལ་བུའི་མིང་བཏགས་པ་ལྟར་རིག་པ་རང་ཐོག་ཏུ་ལ་བཟླ་བའི་མཚན་ཉིད་མ་རྟོགས་པ་ཡིན་ནོ༔ འཁོར་འདས་སྟོང་ཉིད་ཆེན་པོར་མ་རྟོགས་པ་ནི་མ་རིག་པ་ཡིན་ཏེ༔ རིག་དང་མ་རིག་པའི་བྱེད་ལས་ཀྱིས་མིང་ཡང་དེ་ལྟར་དུ་གྲགས་པ་ཡིན༔ རིག་པ་ནི་དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དང་༔ མཐར་སྣང་ངོས་ནས་མེད་བཞིན་དུ་སྣང་བ་རྒྱ་མཚོའི་གཟའ་སྐར་རྒྱ་མཚོའི་ངང་ལས་མེད་བཞིན་དུ་སྣང་བ་རྒྱ་མཚོའི་རོལ་པར་རོ་གཅིག་པ་དང་༔ ནམ་མཁའི་འཇའ་ཚོན་ནམ་མཁའི་ངང་ལས་མེད་བཞིན་དུ་སྣང་བ་ནམ་མཁའི་རོལ་པར་རོ་གཅིག་པ་ལྟར༔ སྣོད་བཅུད་སྣང་བ་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་ལས་མེད་བཞིན་དུ་སྣང་བ་གཞི་བདེ་གཤེགས་སྙིང་པོའི་རོལ་པར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཏེ་རིག་པ་མངོན་དུ་གྱུར་པ་དཔེར་ན་ནམ་མཁའི་དབྱིངས་ལ་ནམ་ལངས་པ་ལྟ་བུ་བསྒོམ་མ་དགོས་པར་འཁོར་འདས་བྱང་ཆུབ་ཆེན་པོའི་ཀློང་དུ་འུབ་ཆུབ་པ༔ བལྟ་མ་དགོས་པར་འཁོར་འདས་ཐམས་ཅད་རྒྱ་མཚོའི་གཟའ་སྐར་བཞིན་དུ་དེར་འཛིན་མེད་པར་རང་རིག་པ༔ བཅས་བཅོས་མ་དགོས་པར་གཞི་དབྱིངས་འཁོར་འདས་དག་མཉམ་ཆེན་པོར་རང་གྲོལ་བ༔ དམིགས་གཏད་མ་དགོས་པར་ཡུལ་ཟང་ཐལ་གཏད་མེད་རྒྱ་ཡན་ཆེན་པོར་ཧར་སང་དུ་ཡན་པ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་བྱེད་ཅིང་རང་དབང་དུ་བསྒྱུར་བ་ཡིན་ནོ༔ དོན་དམ་པར་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པ་ཙམ་གྱིས་འཁོར་འདས་ཀྱི་སྲོག་ལ་དབང་ཐོབ་པ་ཡིན་ཏེ༔ དབང་ཐོབ་སེམས་སྐྱེ་བའི་ཐབས་ཆུ་དང་ཤོག་ཁྲ་ལ་སོགས་པ་གཏད་ནས་རྟེན་འབྲེལ་བརྗོད་པ་ལྟ་བུ་མ་ཡིན་པར་རྒྱལ་བ་སྲས་དང་བཅས་པའི་དབང་ཐོབ་པ་དང་༔ རིག་པའི་ཡེ་ཤེས་ལས་མཆེད་པའི་ཡི་གེའི་གཟུགས་སུ་སྣང་བ་ཐམས་ཅད་ཀྱི་ལུང་རང་ལ་འབྱོར་བར་ཤེས་པས་དབང་ལུང་ཐམས་ཅད་གཅིག་ཆར་དུ་ཐོབ་ཟིན་པ་ཡིན་ནོ༔ དེ་ལྟར་སེམས་རིག་པ་རུ་མི་ནོར་བ་གནད་ཀྱི་དམ་པར་ཟུངས་ཤིག༔ ཡིད་དང་ཤེས་རབ་ཀྱི་དབྱེ་བ་མ་ཤེས་ན་ཡིད་ཤེས་རབ་ལ་འཁྲུལ་ནས་མི་ཚེ་སྟོང་ཟད་ལ་འཆོར་ཉེན་ཡོད་པས་དེའི་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ ཡིད་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཆེད་གཞིར་གྱུར་པའི་ཡུལ་གོ་མ་འགག་པ་དྭངས་ཤིང་གསལ་བའི་བདག་ཉིད་ཅན་སྣང་བ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་དེ་ཀ་ཡིན་ནོ༔ ཡིད་གོ་མ་འགགས་པ་ཤེས་པ་ཡང་ཁྲོལ་ལེ་བ་ཉིད་སྒོམ་གྱི་ངོ་བོར་ངོ་འཕྲོད་ཀྱང་ཡིད་ཀྱི་ཤེས་པ་ལུང་མ་བསྟན་འཁོར་བའི་གཞི་རྩ་ཡིན་པས༔ དེར་བརྟན་པ་ཐོབ་ཀྱང་ཁམས་གོང་མ་གཉིས་ལས་མི་འཕགས་པར་དེ་ཀར་འཕེན་པའི་རྒྱུ་ཡིན་ཏེ་ཡིད་ཤེས་རབ་ཏུ་མ་འཕོས་པ་ཡིན་ནོ༔ ཡིད་ཤེས་རབ་ཏུ་མ་འཕོས་པས་ལས་དཀར་ནག་ཐམས་ཅད་འཁོར་བ་ཁོ་ནའི་ཕྱོགས་སུ་ངེས་པ་ལས་རྣམ་པར་གྲོལ་བའི་རྒྱུར་གཏན་ནས་མི་འགྲོ་བས་དེར་གདིང་མི་འཆའ་བ་གནད་དུ་ཤེས་པར་གྱིས་ཤིག༔ སྒོམ་ཆེན་པ་ཐམས་ཅད་འདིའི་རང་ལས་མ་འདས་པ་ཤ་སྟག་ཏུ་འདུག་པ་ནི་ཤིན་ཏུ་ཕུང་ཚབ་ཆེ་སྟེ་འདི་ཉིད་ངོ་ཤེས་པར་མ་བྱས་ན་གསལ་ཉམས་ཐམས་ཅད་ཀྱི་ངོ་བོ་དང་༔ ལུང་མ་བསྟན་ཐམས་ཅད་ཀྱི་ངོ་བོ་དང་༔ ལྷར་སྣང་འདྲེར་སྣང་མངོན་ཤེས་བན་བུན་སྣ་ཚོགས་པས་བསླུ་བ་ཡང་འདི་ལས་འབྱུང་བ་ཡིན༔ འདི་ཁོ་ན་ལ་ལམ་བྱས་ཚད་འཁོར་བ་མཐའ་མེད་དུ་འཁྲུལ་པ་ལས་ཐར་པ་དང་རྣམ་མཁྱེན་གྱི་ཕྱོགས་སུ་མི་འགྲོ་ངེས་པ་ཡིན་ནོ༔ ཤེས་རབ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་བདག་མེད་ཡུལ་མེད་དུ་གཏན་ལ་ཕབ་པའི་རྗེས་ཤེས་བདེན་མེད་སྟོང་པ་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་སྟེ༔ དེའི་རླབས་ཤུགས་ཆེན་པོས་སྣང་སེམས་ཐམས་ཅད་རིམ་པ་བཞིན་དུ་དབྱིངས་སུ་འཇིག་པར་བྱེད་པ་ནི་དཔེར་ན་རྒྱ་མཚོ་ཆེན་པོའི་རླན་གྱིས་སྣང་སྲིད་ཀྱི་ས་གཞི་ཐམས་ཅད་ལ་རྒྱས་མ་ཐེབས་པ་མེད་པ་ལྟ་བུའོ༔ བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་རྒྱུད་ལ་སྐྱེས་པ་ནི་དཔེར་ན་ལན་ཚྭ་ལ་ཆུས་རྒྱས་ཐེབས་པ་ལྟ་བུ་ཡིན་ཏེ༔ སྣང་བའི་ཆོས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོ་ཉིད་དུ་ཞི་བར་བྱེད་པ་ཡིན༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པ་ནི་ཆབ་རོམ་ལ་དྲོད་ཀྱིས་རྒྱས་ཐེབས་པ་ལྟ་བུར་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མའི་གཞིའི་དབྱིངས་སུ་ཞི་བར་བྱེད་པའོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པ་ནི་ག་བུར་ལ་རླུང་གིས་རྒྱས་ཐེབས་པ་ལྟ་བུར་འཁོར་བ་ལུགས་ལྡོག་གི་རླུང་ཆེན་དུ་ཡལ་བར་འགྱུར་རོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་ཤེས་བློའི་སྟེང་དུ་སྣང་བ་ཐམས་ཅད་ཡོད་པར་སྣང་ཡང་ཕུག་བློའི་སྟེང་དུ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པས་བདེན་མེད་དུ་གཏོར་བ་ཡིན༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་ཞེན་འཛིན་ཕུག་རྡིབ་སྟེ་བདེན་མེད་ཀྱི་གདིང་ཐོབ་པ་ཡིན་ནོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་རྒྱུད་ཀྱི་འཁོར་བའི་གཞི་རྩ་ཐམས་ཅད་ཁྲལ་མ་ཁྲོལ་མ་རུ་རལ་བར་འགྱུར་རོ༔ དེ་ལྟར་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་སྟོང་ཉིད་ཆེན་པོར་ངོ་ཤེས་པ་དང་༔ བདེན་དོན་མངོན་བྱེད་ཀྱི་ཤེས་རབ་ཆེན་པོས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་རྫོགས་པའི་ངང་ཚུལ་ཤེས་པ་དང་༔ ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་བྱེད་པ་དང་༔ ཇི་ལྟ་བ་མཁྱེན་པའི་ཤེས་རབ་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མཁྱེན་པ་དང་༔ ཇི་སྙེད་པ་གཟིགས་པའི་ཤེས་རབ་ཀྱིས་འཁོར་བའི་ཆོས་ཐམས་ཅད་ཀྱི་གཞི་རྩ་གཟིགས་པ་དང་༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་གཟིགས་ཤིང་མངོན་དུ་བྱེད་པ་ཡིན༔ དོན་ལ་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་རྒྱ་ཆེ་ཞིང་གདིང་ཐོབ་པར་གྱུར་པ་ན་ངོ་བོའི་རང་རྩལ་ལས་ཐ་མི་དད་པའོ༔ ཀྱཻ་རིག་པའི་རྡོ་རྗེ་རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱི་དབྱེ་བ་མ་ཤེས་ན་རྣམ་ཤེས་ཡེ་ཤེས་སུ་ངོ་སྤྲད་ཀྱང་འཁྲུལ་པའི་འཁོར་ལོར་འཕྱན་པར་འགྱུར་བས་དེའི་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ རྣམ་ཤེས་ནི་ཡིད་ཀྱི་ཀློང་དུ་མཆེད་པའི་ཡུལ་གོ་མ་འགག་པ་དྭངས་གསལ་གྱི་ཆ་རང་ཆས་སུ་ཡོད་པ་བུག་སྒོ་རུ་བཅུད་པ་བདག་འཛིན་གྱིས་བཅིང་པ་ཡིན་ནོ༔ བུག་པའི་སྒོ་ནས་ཁ་ཕྱིར་བལྟས་པས་ཕྱི་ན་འདོད་ཡོན་གྱི་སྣང་བ་ཡོད་པ་མཐོང་བ་ཐོས་པ་ཚོར་བ་མྱོང་བ་རེག་པར་སྣང་བ་ནི་རྣམ་ཤེས་ཞེས་བྱའོ༔ དེས་ནི་མིང་དང་དངོས་པོ་སོ་སོར་འཛིན་ཅིང་ཤེས་པ་དང་༔ བདེ་སྡུག་བར་གསུམ་ཉེ་བར་ལེན་པར་བྱེད་པ་ཡིན་ན༔ ཐམས་ཅད་སོ་སོ་ཐ་དད་དུ་སྣང་བ་ལ་མིང་སོ་སོར་བཏགས༔ དངོས་པོ་ཐ་དད་དུ་བཟུང་༔ རང་ཕྱོགས་ལ་ཆགས་པ་དང་༔ གཞན་ཕྱོགས་ལ་སྡང་བའི་རྣམ་པར་རྟོག་པའི་མཆེད་གཞི་བྱས༔ བཟང་པོ་བཟང་པོར་བཟུང་སྟེ་རེ་བའི་ཡུལ་དུ་བྱས་ནས་རེ་བའི་སེམས་རྟོག་སྤེལ༔ ངན་པ་ངན་པར་བཟུང་ནས་དེ་ལ་དོགས་པའི་སེམས་རྟོག་སྣ་ཚོགས་ཀྱི་མཆེད་གཞི་བྱེད་པའོ༔ ཡིད་ཅེས་བྱ་བ་སྣང་ཤེས་དེ་མངོན་དུ་གྱུར་པ་སྣང་བའི་ཡུལ་དུ་གྱུར་པ་དང་སྣང་བ་མངོན་དུ་བྱེད་པའོ༔ སེམས་ཞེས་བྱ་བ་ནི་བསམ་པ་དང་དམིགས་པ་ཅན་སྐྱེས་ཙམ་ཉིད་ནས་སྣང་བ་དང་གཉིས་མེད་དུ་འདྲེས་ནས་ཡལ་བའོ༔ ཡེ་ཤེས་ནི་གཞིའི་ངང་མདངས་ཡིན་ཏེ་ཡེ་ཤེས་ལྔ་རུ་བརྗོད་པ་ཡིན་ནོ༔ ཁྱད་པར་དུ་གཞི་མངོན་གྱུར་གྱི་ངང་ན་ཡེ་གནས་ཀྱི་ཡེ་ཤེས་ཆེན་པོ་ནམ་ལངས་ཏེ་ཉི་མ་ཤར་བ་ལྟ་བུ་དྭངས་ཤིང་གསལ་བའི་ཆ་གནས་པ་ཡིན༔ དེ་ཡང་ཅི་ཡང་མི་ཤེས་པའི་ཐོམ་ཡོ་རེ་བ་མུན་རུབ་པ་ལྟ་བུའི་གོ་འགག་པ་མ་ཡིན་ཏེ༔ སྣང་བ་ཐམས་ཅད་རང་ཤེས་སུ་ཡོད་པ་ལས་སྐྱེ་ཞིང་འགག་པ་ཅན་དུ་མ་གྱུར་པ་དཔེར་ན་མེའི་གཤིས་ན་ཚ་བ་རང་ཆས་སུ་ཡོད་པ་དང་༔ ཆུའི་གཤིས་ན་རླན་ཡོད་པ་དང་༔ རླུང་གི་གཤིས་ན་བསིལ་ཡོད་པ་བཞིན་དུ་ཡེ་ཤེས་ཀྱི་གཤིས་ན་རྩལ་གོ་མ་འགག་པས་སྣང་བའི་ཆོས་ཐམས་ཅད་ཀུན་ཤེས་ཀུན་རིག་ཡུལ་དང་མ་འདྲེས་པ་དང་༔ ཡུལ་ལ་འཇུག་མི་ཤེས་པ་རང་བྱུང་རང་གསལ་ཕྱི་ནང་སྒྲིབ་གཡོགས་དང་བྲལ་བ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་དྭངས་གསལ་རྙོགས་མ་དང་བྲལ་བ་ཡིན་ཏེ༔ རྣམ་པར་ཤེས་པ་ཡེ་ཤེས་སུ་གོ་འཕོས་པའི་རྒྱུ་རྐྱེན་གང་ཡིན་པར་སེམས་ན༔ འཁོར་འདས་ཀྱི་ཆོས་རྣམ་པར་ཤེས་པ་ཚོགས་བརྒྱད་འདོད་ཡོན་གྱི་སྣང་བ་དང་བཅས་པའི་རྟོག་པ་མཆེད་ཚུལ་ཇི་ལྟ་བ་བཞིན་ཏུ་ཤེས་ཏེ་ཆོས་ཉིད་ཀྱི་གཤིས་ལ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་ཆས་སུ་རྫོགས་པའི་ངང་ཚུལ་རྟོགས་ནས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ཕན་ཆད་རྣམ་ཤེས་ཡེ་ཤེས་ཀྱི་རོལ་པར་གོ་འཕོས་པར་གྱུར་པ་ཡིན༔ དེས་ན་རྣམ་པར་ཤེས་པ་ནི་བདག་རྟོག་གཅིག་པུའི་ཆོ་འཕྲུལ་གྱིས་ཡེ་ཤེས་རྣམ་ཤེས་སུ་གནས་འགྱུར་བ་ཐོ་ཡོར་མིར་འཁྲུལ་པ་ལྟ་བུ་སྟེ༔ དེ་ཡེ་ཤེས་སུ་གོ་འཕོས་པ་ནི་ཐོ་ཡོར་མིར་འཛིན་གྱི་ཤེས་པ་ལས་ལྡོག་སྟེ་ཐོ་ཡོར་དུ་ཤེས་པ་ལྟར་རྣམ་པར་ཤེས་པའི་ཡིན་ལུགས་ཚུལ་བཞིན་དུ་རྟོགས་པ་ནི་ཡེ་ཤེས་སུ་གོ་འཕོས་པ་ཡིན༔ རྣམ་ཤེས་དབྱིངས་སུ་ཡལ་ནས་ཡེ་ཤེས་ལོགས་ནས་སྐྱེ་དགོས་པ་ནི་མ་ཡིན་ཏེ༔ བདག་འཛིན་དང་བདག་མེད་གཉིས་ཀྱི་བྱེད་ལས་ཀྱིས་དེ་ལྟར་སྣང་བ་ཡིན་པས་ཤེས་པར་གྱིས་ཤིག༔ རྣམ་ཤེས་ཀྱིས་ནི་ཤེས་པ་དང་པོ་ཡུལ་གྱི་རྣམ་པར་མཆེད་པ་རྒྱ་མཚོ་ལྟ་བུ་ལ་སྣ་ཚོགས་སྣང་བ་གཟའ་སྐར་མཆེད་པ་ལྟ་བུར་ཤར་བ་རྣམ་རྟོག་གི་ཤེས་པས་ཉེ་བར་བླངས་ཏེ་དངོས་འཛིན་གྱིས་བཅིངས་ཏེ་འཁྲུལ་པ་ཡིན༔ དེའི་རྒྱུ་མཚན་རྟོགས་པ་ཡེ་ཤེས་སུ་གོ་འཕོས་པའོ༔ ཀྱཻ་རིག་པའི་རྡོ་རྗེ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་མ་ཤེས་པར་ཀུན་གཞི་དང་དེའི་རྣམ་པར་ཤེས་པ་ལ་ལམ་བྱས་ན་ཁམས་གསུམ་ལས་འཕགས་པར་འགྱུར་བ་མ་ཡིན་ནོ༔ དེ་གང་ཞེ་ན་ཀུན་གཞི་མཚན་ཉིད་པ་ནི་ཅི་ཡང་མི་སེམས་པ་བེམ་སྟོང་ནམ་མཁའ་ལྟ་བུ་སྟོང་ཧད་དེ་བ༔ སྣང་བའི་གོ་འགག་པའི་ཐོམ་ཡོ་རེ་བ་ཞིག་ཡིན་ཏེ༔ གཉིད་འཐུག་པོ་རྨི་ལམ་མེད་པའི་གནས་སྐབས་དང་༔ བརྒྱལ་བ་དང་འཆི་སྲིད་ཀྱི་དུས་རྣམས་སུ་དེའི་ཐོག་ཏུ་ཕེབས་པ་ཡིན་ཏེ་ཤེས་པར་བྱའོ༔ སེམས་རྣམ་པར་རྟོག་པ་ལ་དགག་སྒྲུབ་བྱས་པའི་རྐྱེན་གྱིས་ཀུན་གཞི་སློང་སྟེ་དེ་སྒོམ་གྱི་དམ་པར་བཟུང་ནས་ངང་བརྟན་པར་གྱུར་ན་མི་དེ་བླུན་ཅིང་རྨོངས་ནས་ཅི་ཡང་མི་ཤེས་པར་འགྲོ་བའང་སྲིད་པས་སློབ་དཔོན་འགས་ཆོས་ཟད་བློ་འདས་ཆེན་པོར་ངོ་སྤྲད་པ་ཡོད་དེ༔ དེའི་ཐོག་ཏུ་ལུས་ན་འདུ་ཤེས་མེད་པའི་ལྷར་འཕེན་པར་ངེས་པའོ༔ ཡང་སྟོང་གསལ་ཡིད་ལ་མྱོང་བ་ཅན་ཁ་ནང་དུ་བལྟས་ཏེ་ཕྱིའི་སྣང་བ་ཐམས་ཅད་གོ་འགག་ནས་མི་སྣང་བ་ཅི་ཡང་མི་སེམས་པ་ཡིད་ཆེས་ཀྱི་ཁུང་དུ་གྱུར་ཏེ་འབྲལ་མི་ཕོད་པའི་གསལ་སང་ངེ་བ་ཞིག་རྒྱུད་ལ་མྱོང་བ་ནི་ཀུན་གཞིའི་རྣམ་ཤེས་ཡིན་ཏེ༔ འདི་ཡང་བསྒོམ་པའི་ཆིངས་སུ་བཅིངས་པའི་སྟོབས་ཀྱིས་སློང་བ་ཡིན་ཏེ༔ སློབ་དཔོན་འགས་འོད་གསལ་དུ་ངོ་སྤྲོད་པ་དང་༔ འགའ་ཞིག་གིས་རིག་པ་སྒོམ་མེད་དུ་ངོ་སྤྲད་པ་དང་༔ འགའ་ཞིག་གིས་རླུང་སེམས་དབུ་མར་ཚུད་པར་ངོ་སྤྲད་པ་ཡང་ཡོད་དེ༔ དོན་ལ་ཀུན་གཞིའི་རྣམ་ཤེས་ཡིན་པས་དེའི་ཐོག་ཏུ་ལུས་ན་གཟུགས་མེད་པའི་ཁམས་སུ་འཕེན་པ་ལས་རྣམ་པར་གྲོལ་བའི་ས་ལ་ཕྱོགས་ཙམ་ཉེ་བ་མ་ཡིན་ནོ༔ ཀུན་གཞི་དང་དེའི་རྣམ་པར་ཤེས་པས་ནི་སེམས་རང་ལ་ཁ་བལྟས་པ་ལས༔ འཁོར་འདས་རང་སྣང་ཉིད་དུ་ངོ་མི་ཤེས་ཤིང་མ་རིག་པའོ༔ ཆོས་སྐུ་ནི་འཁོར་འདས་དག་མཉམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པ་སྟོང་ཉིད་ནམ་མཁའི་ཁོར་ཡུག་གཞི་མེད་རྩ་བྲལ་གྱི་རོལ་པ་ཡུལ་མེད་ཟང་ཐལ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་དང་ཡོན་ཏན་བཟང་པོས་ཕན་མ་བཏགས༔ སེམས་ཅན་གྱི་སྡིག་སྒྲིབ་སྡུག་བསྔལ་ངན་པས་གནོད་མ་བྱས་པ་བཟང་ངན་གང་དུའང་མི་འགྱུར་ཞིང་མ་བསྒྱུར་བའི་གཞི་དབྱིངས་ཀ་དག་བརྡལ་ཁྱབ་ཆེན་པོའི་གནས་ལུགས་གཏན་ལ་དབབ་ནས་ངང་མངོན་དུ་གྱུར་པ་ཉིད་རང་ཐོག་ཏུ་ངོ་འཕྲོད་པ་ལ་རང་ས་བཟུང་བ་ཙམ་ལས༔ སྔར་ཆོས་སྐུ་མེད་པ་ལས་སླར་ཆོས་སྐུ་འབྱུང་བར་གོ་ན་དེ་ནི་ཤིན་ཏུ་འཁྲུལ་པ་ཡིན༔ ཆོས་སྐུའི་དབྱིངས་མངོན་དུ་གྱུར་པའི་དབྱིངས་ནི་ནམ་མཁའ་དང་གཉིས་སུ་མེད་དོ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་རང་ཆས་སུ་ཡོད་པ༔ ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཀྱི་རོལ་པར་རྫོགས་པའི་སྐུ་ཞེས་བྱའོ༔ དེ་ལྟ་བུའི་ཆོས་སྐུ་ཀུན་ཏུ་བཟང་པོའི་ཡིན་ལུགས་གཏིང་དཔོག་པར་ཤེས་པ་ནི་རྟོགས་པ་ཡིན༔ དེའི་ངང་མངོན་དུ་བྱས་པས་དཔེར་ན་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་ཀྱི་རོལ་པ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁའ་གཅིག་གི་རོལ་པ་བཞིན་དུ་འཁོར་འདས་ཐམས་ཅད་ཆོས་སྐུ་གཅིག་གི་རོལ་པར་ཤེས་པ་ཆོས་སྐུའི་ཡོ་ལངས་ཆེན་པོ་ཡིན༔ དཔེར་ན་རྒྱ་མཚོའི་གཟའ་སྐར་རྒྱ་མཚོས་ཆིངས་པ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁས་ཆིངས་པ་བཞིན་དུ༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་སྐུ་གཅིག་གིས་ཆིངས་པའི་ངང་མངོན་དུ་གྱུར་ཏེ་བབས་ཀྱིས་གནས་པ༔ གནས་ལུགས་རང་གི་ལྷུམས་སུ་ཞུགས་པ༔ ཡིན་ལུགས་རང་གི་ཐོག་ཏུ་ཕེབས་པ༔ བཟང་ངན་ཕན་གནོད་ཐམས་ཅད་དང་བྲལ་བ་ཉིད་དུ་ཐག་ཆོད་པ་ནི་རྟོགས་པ་གདིང་ཐོབ་མངོན་དུ་གྱུར་ཏེ་སངས་རྒྱས་པ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་ལམ་ཡིན་པ་དང་མ་ཡིན་པའི་དབྱེ་བ་མ་ཤེས་ན་ལམ་མ་ཡིན་པའི་དབང་དུ་ཤོར་ནས་ཡང་དག་པའི་ལམ་མངོན་དུ་མི་འགྱུར་བའི་སྐྱོན་དུ་འགྱུར་ཉེན་ཡོད་པས་དེའི་ཤན་དབྱེ་བར་བྱའོ༔ ལྟ་བ་སྟོང་ཉིད་ཀྱི་གནད་ཇི་ལྟ་བ་བཞིན་དུ་རྟོགས་ནས་ཤེས་པ་ལམ་བྱེད་ཙམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡིན་ནོ༔ སྟོང་ཉིད་ཆེན་པོའི་དོན་རྟོགས་ནས་འཁོར་འདས་ལམ་གསུམ་ཐམས་ཅད་རྫོགས་པའི་ངང་ཚུལ་ཤེས་ཏེ་དབྱིངས་མངོན་དུ་གྱུར་པ་ནི་རྫོགས་ཆེན་གྱི་རིག་པ་ཞེས་བྱའོ༔ དེ་ཡང་གཞི་དྭངས་གསལ་རྙོག་མ་དང་བྲལ་བ་ལ་ལམ་བྱེད་པ་ཡིན་ནོ༔ ཤེས་པ་ལ་ལམ་བྱས་ན་རྣམ་པ་ལམ་བྱེད་དང་༔ གཞི་འཁོར་འདས་དག་མཉམ་གྱི་རོལ་པ་ལམ་དུ་བྱེད་པ་ནི་ངོ་བོ་ལམ་བྱེད་དེ་ལམ་ཡང་དག་པ་ཞེས་བྱའོ༔ ལམ་མ་ཡིན་པ་ནི་རྣམ་རྟོག་ལ་རྣམ་རྟོག་གིས་ལྟ་བ་ཞེས་བྱ་བ་དང་༔ རྣམ་རྟོག་ལ་དགག་སྒྲུབ་དང་བཟང་ངན་བླང་དོར་རྩིས་གདབ་བྱས་ནས་མཐར་ཤེས་པ་བཟོ་མེད་ཙམ་ལ་ལྟ་སྒོམ་གྱི་མཐར་ཐུག་ཏུ་ངོ་སྤྲོད་བྱེད་པ་ནི་ལམ་མ་ཡིན་པ་སྟེ༔ སེམས་ཀྱི་རྩལ་དང་སེམས་ཀྱི་ངོ་བོ་ལ་ལམ་བྱས་ཀྱང་སེམས་ནི་འཁྲུལ་པའི་གཞི་ཡིན་ཏེ་ཁམས་གསུམ་ལས་མི་འཕགས་པར་ངེས་པས་ལམ་མ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་དབང་དུ་བསྒྱུར་བ་དང་ལུང་མ་བསྟན་དུ་སོང་བ་གཉིས་ཀྱི་ཤན་དབྱེ་བ་མ་ཤེས་ན་ལུང་མ་བསྟན་གྱི་དབང་དུ་འཁྲུལ་པར་གྱུར་ནས་སྔར་བཞིན་འཁྲུལ་པར་འགྱུར་རོ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ མིང་མེད་པ་ལ་མིང་གི་སྣང་གཞི༔ དངོས་པོ་མེད་པ་ལ་དངོས་པོའི་སྣང་གཞི༔ ཕན་གནོད་མེད་པ་ལ་ཕན་གནོད་ཀྱི་སྣང་གཞི༔ འཁོར་འདས་མེད་པ་ལ་འཁོར་འདས་ཀྱི་སྣང་གཞི༔ འདོད་ཡོན་མེད་པ་ལ་འདོད་ཡོན་གྱི་སྣང་གཞི་ཐམས་ཅད་མེད་པའི་ངང་ཚུལ་གཏན་ལ་དབབ་ནས་མེད་པར་ཤེས་ཏེ་སྣང་གཞིའི་ཡུལ་ཆད་པར་བལྟས་ན་ཆད་ལྟ་རུ་ཤོར་བ་དང་༔ སྣང་གཞི་དང་ཡུལ་ཙམ་ཡང་མེད་ན་སྣང་བའི་དོན་མེད་དེ་སྣང་བའི་གཞི་དང་ཡུལ་གསལ་སྟོང་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་རྟོགས་པ་གཞི་ལ་དབང་དུ་བསྒྱུར་བ་ཡིན༔ གཞི་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་ཀྱང་གཟུང་འཛིན་གྱིས་དམ་དུ་བསྡམ་ནས་གཞན་དུ་དངོས་པོར་བལྟས་ཤིང་བརྟན་ཏེ་འཐས་པ་ནི་དཔེར་ན་ཆུ་རང་གྲོལ་དུ་ཡོད་པ་འཁྱག་པར་འགྱུར་པའི་སྤུན་ཐག་གྲང་ལྷག་ཡིན་པ་ལྟར༔ གཞི་རང་གྲོལ་དུ་ཡོད་པ་དངོས་པོར་སྣང་བའི་སྤུན་ཐག་གཟུང་འཛིན་གཉིས་ཡིན་པས་གཟུང་འཛིན་གྱི་ཡིན་ལུགས་ཙམ་མི་ཤེས་པའི་སྒོམ་ཆེན་པ་རྣམས་སྙིང་ཁམས་ཆེ་ཡང་གཞི་ལུང་མ་བསྟན་དུ་སོང་བས་ཇི་ཙམ་བསྒོམས་ཀྱང་སངས་རྒྱས་པར་མི་འགྱུར་རོ༔ ཀྱཻ་རིག་པའི་རྡོ་རྗེ་འཁྲུལ་པ་དང་གྲོལ་བ་གཉིས་ཀྱི་ཤན་དབྱེ་མ་ཤེས་ན་འཁྲུལ་པ་གྲོལ་བ་རུ་རློམ་ནས་གོལ་སར་འཕྱན་པས་རྣམ་པར་གྲོལ་བའི་ས་ཆེན་པོ་འཐོབ་པར་མི་འགྱུར་རོ༔ དེའི་ཚུལ་ནི་འདི་ལྟ་སྟེ༔ འཁྲུལ་པ་ལའང་རྒྱུད་དུ་འཁྲུལ་པ་དང་༔ ལམ་དུ་འཁྲུལ་པ་དང་༔ གོལ་སར་འཁྲུལ་པ་གསུམ་དུ་ཡོད་པ་ལས༔ རྒྱུད་དུ་འཁྲུལ་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་མ་རིག་གཟུང་འཛིན་དུ་འཁྲུལ་ཏེ་ལམ་གྱི་སྒོ་མ་མཐོང་བ་ལ་བྱའོ༔ ལམ་དུ་འཁྲུལ་པ་ལ་རྣམ་པ་མང་སྟེ༔ ཁྱད་པར་དུ་མི་ཚེ་མ་ཟད་ཀྱི་བར་དུ་རྣམ་རྟོག་ལ་ལྟ་བ་དང་བཅས་བཅོས་བྱེད་པས་བདེ་སྡུག་སྣ་ཚོགས་པ་ཉེ་བར་ལེན་ཅིང་ལ་ལ་ནི་སྨྱོ་འབོག་ཏུ་འཁྲུལ་པ་དཔེར་ན་ཆུ་རྒྱུན་གྱི་འོལ་ཁ་བཀག་པས་ཕྱུར་བ་དང་འཁྱིལ་བ་ལྟ་བུའོ༔ ལ་ལས་ནི་བདེ་ཉམས་འབོལ་ལེ་བ་སྒོམ་གྱི་དམ་པར་བཟུང་ནས་འཁྲུལ་པ་དང་༔ ལ་ལས་ནི་གསལ་ཉམས་མྱོང་ཞེན་ཅན་ལ་སྒོམ་གྱི་དམ་པར་བཟུང་ནས་འཁྲུལ་པ་དང་༔ ལ་ལས་གསལ་ཉམས་ཀྱི་ལྷར་སྣང་འདྲེར་སྣང་མངོན་ཞེན་སྣ་ཚོགས་པ་ལ་ཞེན་ནས་གཞན་ལ་འདོམས་པ་དང་༔ རང་གིས་མཆོག་འཛིན་བྱེད་ཅིང་ང་རྒྱལ་དང་ཁེངས་སེམས་སོགས་རྙེད་པ་དོན་དུ་གཉེར་བ་ལ་སོགས་པས་མི་ཚེ་ཟད་པ་དང་༔ སྒོམ་བྱས་ཀྱང་དེའི་ཆེད་དུ་བསྒོམ་པ་དང་༔ གཞན་གྱིས་ཁྲིད་བཏབ་ཀྱང་བདེན་པར་མི་འཛིན་ཅིང་ལམ་དེ་ལས་ལྡོག་མི་ཐུབ་པ་དང་༔ ལ་ལས་ནི་མི་རྟོག་པ་དང་སྟོང་ཉམས་ཧད་དེ་བ་སྒོམ་གྱི་དམ་པར་འཛིན་ཅིང་གདིང་བཅས་ཏེ་འཁྲུལ་པའི་འཁོར་ལོར་ཁ་འཆོལ་བ་དང་༔ ལ་ལས་ནི་ལྟ་བ་མི་ཤེས་པས་ཤེས་པ་གསལ་སྟོང་ཙམ་ལ་མི་ཚེ་འདའ་བ་རྣམས་ནི་ལམ་དུ་འཁྲུལ་པ་ཞེས་བྱའོ༔ གོལ་སར་འཁྲུལ་པ་ནི་ལམ་གྱི་མཐར་མ་ཐུག་གི་བར་དུ་ཉམས་དང་ལྟ་སྒོམ་དམིགས་གཏད་ཅན་ལ་སྒོམ་གྱི་མཐར་ཐུག་ཏུ་འདོད་ནས་དེའི་ཐོག་ཏུ་བཞག་སྟེ་འཆི་ཁ་ཐ་མལ་དུ་ལུས་པ་རྣམས་ནི་གོལ་སར་འཁྲུལ་པ་ཡིན་ནོ༔ ནོར་སར་འཁྲུལ་པ་ཞེས་བྱ་བའང་ཡོད་དེ༔ དེ་གང་ཞེ་ན༔ དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་སྟེ་ངང་ཚུལ་ཤེས་མཐར་ངས་ནི་འཁོར་འདས་སྟོང་ཉིད་ཆེན་པོར་རྟོགས་པ་ཡིན་པས་ད་ནི་ཀུན་རྫོབ་བསོད་ནམས་བསགས་པའི་ཆོས་ཀྱང་བྱེད་མི་དགོས༔ སྒོམ་པ་ཉམས་ལེན་ཡང་མི་དགོས་སྙམ་ནས་གཞན་ལ་སྟོང་སྐད་གྱེར་ཏེ་རྣམ་གཡེངས་དང་ལེ་ལོའི་དབང་དུ་མི་ཚེ་ཟད་ནས་འཆི་ཁ་ཐ་མལ་དུ་ལུས་པ་གྲངས་མང་བ་དང་༔ ལ་ལས་ཡང་དེ་ལྟར་སྟོང་པའི་ངང་ཚུལ་ཤེས་མཐར་ད་ནི་ཉམས་སུ་ལེན་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་སྙམ་ནས་ལྟ་བ་མཐོ་སྐད་སྒྲོག་ཅིང་གྲོང་ཆོག་དང་གཏོ་ཡས་ལ་མགོ་འཁོར་ནས་འཆི་ཚེ་རྣམ་སྨིན་གྱིས་སྔོན་ནས་བསྒུག་སྟེ་ངན་སོང་གི་གཏིང་རྡོར་འགྱུར་བ་ནི་ནོར་བ་ཡིན༔ ལ་ལས་སྟོང་ཉིད་གོ་ལོ་ཐོས་ལོ་ཙམ་གྱིས་བློ་ཚིམ་ནས་སྒོམ་པའི་ཉམས་ལེན་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་དམ་ཚིག་དང་སྡོམ་པ་ཐམས་ཅད་བསྲུང་མི་དགོས་པར་བཟུང་ནས་སངས་རྒྱས་དངོས་སུ་མཐོང་ཡང་ལོག་ལྟ་དང་སྐུར་འདེབས་བྱེད་པ་ལས་དད་གུས་ཏིལ་འབྲུ་ཙམ་ཡང་མེད་པ་དང་༔ ལས་ངན་པའི་སྤྱོད་པ་ནི་མའི་སྲོག་གཅོད་དགོས་ཀྱང་ཐེ་ཚོམ་མི་སྐྱེ་བ་དང་༔ ཕའི་ཤ་ཟ་དགོས་ཀྱང་བདུད་རྩི་ལྟར་ཟ་བ་དང་༔ གཞན་གྱི་མགོ་བསྐོར་ནས་ཟས་ནོར་ལ་རྔམས་པ་དང་༔ མི་དགེ་བ་སྨན་ལྟར་སྤྱོད་ཅིང་དགེ་བ་དུག་བཞིན་སྤངས་པའི་ལས་ངན་གྱིས་སྟོང་ཉིད་ལ་བསླབ་པ་ཇི་ལྟར་ན་འཚོ་བྱེད་ཀྱི་སྨན་བཙལ་བའི་ལམ་ནས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུ་ཡིན་ནོ༔ ལས་ངན་དེའི་རྒྱུར་གྱུར་ན་ནི་སྟོང་ཉིད་འདྲེ་སྒོམ་དུ་སོང་བ་བདུད་དང་རཱུ་ཏྲ་ནག་པོར་ཚེ་འདི་རུ་འཁྲུལ་པ་ཡིན་ནོ༔ ལར་སྟོང་ཉིད་རྟོགས་ནས་དགེ་བའི་ལས་བསོད་ནམས་བསགས་པ་ཐམས་ཅད་མེད་ཅིང་མི་དགོས་ན་མི་དགེ་བའི་ལས་དང་གསོག་འཇོག་རྙེད་ཚོལ་ཆགས་སྡང་ཞེན་པ་ཐམས་ཅད་ཀྱང་དེ་བཞིན་སྤངས་དགོས་པ་ཡིན་མོད༔ ཁྱོད་ཀྱི་དགེ་སྡིག་གཉིས་ཀྱི་བྱ་བ་ཐམས་ཅད་བཏང་ནས་ཅོག་བཞག་བྱས་ཏེ་སྟོང་པའི་ངང་དུ་གནས་ཡོད་ན་ཁྱེད་ཚོ་ཕོ་རྒོད་པོ་སྐྱོན་མེད་པ་ཞིག་ཡིན་སྲིད་ཀྱང་༔ དགེ་བ་སྤངས་ནས་མི་དགེ་བ་སྤྱོད་དུ་ཡོད་ན་ཁྱོད་ཀྱི་རྒྱུད་འདྲེ་དང་བདུད་དུ་སོང་བར་ངེས་པ་ཨི་གོ༔ ཁྱོད་ཀྱིས་སྟོང་ཉིད་ལ་དགེ་སྡིག་མེད་པར་ཤེས་ན་ཁྱོད་དགེ་སྡིག་མེད་པའི་གནས་མལ་དུ་ཉལ་ནས་སྡོད་ཅིག༔ དགེ་བ་མེད་པར་ཤེས་ནས་མི་བྱེད་པ་ཁྱོད་བདེན་ན་སྡིག་པ་ཡང་བྱེད་དོན་མེད་པས་དེ་ཡང་བྱར་མེད་དུ་ཐོང་ལ་ཞོག༔ སྡིག་པ་མེད་པར་ཤེས་ན་སྡིག་པ་བྱེད་དོན་ཅི་ཡོད༔ སྡིག་པ་མེད་པར་སྙམ་ནས་སྡིག་པའི་ལས་ལ་སྤྱོད་པ་སྟོང་ཉིད་ཡིན་ན་སེམས་ཅན་ཐམས་ཅད་ཀྱིས་བསམ་སྤྱོད་དེ་ཡིན་པས་སེམས་ཅན་ཐམས་ཅད་ཀྱིས་སྟོང་ཉིད་རྟོགས་པ་ཨི་གོ༔ སྡིག་པ་མི་དགེ་བ་སྤྱོད་པའི་མཁན་པོ་དེ་དང་མི་དགེ་བའི་ལས་བྱེད་དུ་ཡོད་པ་དེ་མེད་པའི་ཕུག་ན་ཡོད་པ་དེ་ཨི་གོ༔ སྟོང་ཉིད་ཀྱི་ལྟ་བ་ངེས་པར་རྟོགས་ན་དགེ་སྡིག་གི་སྤྱོད་པ་ཐམས་ཅད་བྱིས་པའི་རྩེད་མོ་ལྟར་མཐོང་ནས་བྱེད་དོན་ཅི་ཡོད༔ འདི་ལྟར་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་མཐོང་ནས་བྱར་མེད་དུ་ཆམ་བཞག་བྱེད་པ་ཡིན་ན་སྟོང་ཉིད་ཀྱི་སྤྱོད་པ་དེ་ཀ་ཡིན་མོད་དེ༔ དགེ་བ་མེད་པར་ཐག་བཅད་ནས་ཆོས་ལ་ལོག་པར་བལྟས༔ སྡིག་པ་མེད་པར་གོ་ནས་མི་དགེ་བའི་ལས་ལ་ཁོར་ཡུག་ཏུ་སྤྱོད་པའི་མཐར་དམྱལ་དཔོན་གྱི་དབང་པོ་མེད་པའི་ཕུག་ནས་ལངས་ཏེ་མི་བཟོད་པའི་ཉེས་ཆད་ཆེན་པོ་ཡུན་རིང་པོར་སྤྱོད་ཅིང་སྡུག་བསྔལ་གྱི་ཁྲི་མུན་ཆེན་པོར་མཐའ་མེད་པར་མནར་བའི་ཚེ་ན་ཁོས་ཅི་བྱེད༔ ཚེ་འདིར་དགེ་བའི་ཕན་ཡོན་བཤད་ཀྱང་མི་བདེན་པར་གྱེར་བའམ་བཏང་སྙོམས་སུ་འདོར་བ་དང་༔ སྡིག་པའི་ཉེས་དམིགས་བཤད་ཀྱང་ཞེ་ཁྲེལ་དང་ལོག་ལྟ་བྱས་མཐར་འཆི་བའི་ནང་པར་ཉེས་པ་དྲན་ནས་འདར་ཡེད་ཡེད༔ བསགས་པའི་ཟས་ནོར་དང་མཛའ་བཤེས་ཐམས་ཅད་རྒྱབ་ཏུ་བོར་ནས་གཤིན་རྗེའི་སྐྱེས་བུ་རྣམས་ལ་བྲེད་པ་དང་༔ དམྱལ་བའི་སྡུག་བསྔལ་ལ་འཇིགས་སྐྲག་བཟོད་གླག་མེད་པར་མིག་མཆི་མས་གང་༔ བྲང་ལ་སྦར་ཤད་བྱེད་བཞིན་མི་འགྲོའི་རང་དབང་དང་བྲལ་བ་བྱུང་ཚེ་ཨ་ཙ་མ༔ དེ་དུས་འགྱོད་ཀྱང་ཕྱིས་པ་དང་༔ ཉེས་པ་དྲན་ཕྱིས་པས་ད་ནི་ཕན་པ་ཅི་ཡོད༔ སྟོང་ཉིད་ཀྱི་གདིང་ཤོར་ནས་གཡུལ་དུ་འཇུག་པ་ཨི་གོ༔ དེ་ལྟར་འཁྲུལ་པ་ལམ་ལོག་གི་དབང་དུ་མི་བཏང་བར་སྟོང་ཉིད་རྟོགས་ནས་རྣམ་པར་གྲོལ་བའི་ས་ལ་མ་སླེབ་ཀྱི་བར་དུ་ཉམས་སུ་ལེན་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ཏེ་ཤེས་པར་མཛོད༔ ལ་ལས་རིག་པ་ངོ་འཕྲོད་པ་ཙམ་ནས་སྒོམ་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་དེ་བདག་ནི་ཆོས་ཉིད་ཟད་པ་ཡིན༔ སངས་རྒྱས་རྒྱུ་ཡང་འདི་ལས་ཏིལ་འབྲུ་ཙམ་ཡང་མེད་ཟེར་བ་ནི་ཤིན་ཏུ་ནོར་བ་ཡིན་ནོ༔ རིམ་བཞིན་ཉམས་སུ་བླངས་པའི་སྟོབས་ཀྱིས་རྟོགས་པའི་ཡོན་ཏན་ནར་སོན་ཏེ་གྲོལ་བའི་ས་ལ་སླེབ་དགོས་པའི་ཚུལ་ནི༔ དང་པོ་རིག་པ་ངོ་འཕྲོད་པར་བྱས་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་པའི་སྟོབས་ཀྱིས་ཐུན་ཐམས་ཅད་དུ་བརྗོད་མེད་ཀྱི་ངང་ཆགས་པ་ནི་ངོ་འཕྲོད་ཀྱི་རིག་པ་ཞེས་བྱ་བ་ཡིན༔ བར་དུ་ཉམས་སུ་བླངས་ནས་ནན་དུ་བསྒོམ་པའི་སྟོབས་ཀྱིས་ནམ་ལངས་ནས་གཉིད་མ་ལོག་གི་བར་དུ་རིག་པའི་ངང་ལས་སྐད་ཅིག་ཙམ་ཡང་མི་འདའ་བ་ནི་ཀློང་དུ་གྱུར་པའི་རིག་པ་ཞེས་བྱ་བ་ཡིན༔ མཐར་ཡང་ནན་ཆེར་བསྒོམ་པའི་སྟོབས་ཀྱིས་བར་མཚམས་མེད་པ་རིག་པ་རང་ལ་རང་གདིང་ཐོབ་པ་ནི་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་རམ་གདིང་ཐོབ་པའི་རིག་པ་ཞེས་བྱ་བ་ཡིན༔ སླར་ཡང་བར་མ་ཆད་པར་བསྒོམ་པའི་སྟོབས་ཀྱིས་བདག་འཛིན་གྱི་རྟོག་པ་རིག་སྟོང་དུ་གོ་འཕོས་ཏེ་འཁོར་བའི་གཞི་སྟོང་༔ གཉིས་འཛིན་གྱི་ཞེན་པ་ཐད་ཀར་གྲོལ་ནས་བདག་གཞན་གྱི་སྣང་བ་དབྱིངས་སུ་ཞིག་སྟེ་དགྲ་ལ་སྡང་སེམས་དང་༔ གཉེན་ལ་ཆགས་སེམས་དང་༔ བཟང་པོ་ལ་རེ་བ༔ ངན་པ་ལ་དོགས་པ༔ ཟས་ནོར་ལ་འཛིན་ཆགས༔ འདོད་ཡོན་ལ་ཞེན་པ་ཐམས་ཅད་དབྱིངས་སུ་ཞིག་སྟེ་ཆོས་ཉིད་ནམ་མཁའ་ལྟ་བུར་འབྱམས་ཀླས་ནས་བྱར་མེད་དུ་གནས་པ་ནི་ངེས་པར་གྲོལ་བ་ཡིན༔ འགའ་ཞིག་གིས་ང་ཆོས་ཉིད་ཟད་པ་ཡིན་ཟེར་ན༔ ང་ཆོས་ཉིད་ཟད་པ་ཡིན་ཟེར་བ་དང་བསམ་པ་དེ་བློ་དང་ཡིད་ཀྱི་ཆོས་ཅན་ཡིན་པས་མ་ཟད་པའི་མཚང་བརྡོལ་བ་ཡིན༔ བདག་ལ་ན་ཚ་བྱུང་བའི་སྣང་བ་ཤར་ན་ནད་དང་ན་ས་མ་ཟད་པའི་མཚང་ཐོན་པ་དང་༔ བཀྲེས་ཤིང་སྐོམ་པ་དང་དྲོ་འཁྱག་འབྱུང་བར་སྣང་ན་དེ་ནི་བདག་ཏུ་འཛིན་པའི་མཚང་ཐོན་པ་ཡིན༔ ང་ལ་ཆགས་སྡང་དང་ཞེན་འཛིན་མེད་ཀྱང་ཡོད་ཚུལ་བྱས་པ་ཡིན་ཞེ་ན་མེད་ལ་ཡོད་ཚུལ་བྱེད་པའི་ཟོབ་རྫུན་མཁན་ཏེ་མ་ཟད་པའི་མཚང་དང་༔ མེད་ལ་ཡོད་པའི་ཚུལ་བྱེད་རྒྱུ་མི་འོང་བས་ཆོས་ཟད་བློ་འདས་ཆེན་པོར་མ་གྲོལ་བའི་མཚང་ཐོན་པ་ཡིན༔ རྒྱུ་ཟས་ནོར་ཚོལ་བ་དང་ལེན་པ་དག་ནི་མ་གྲོལ་བའི་མཚང་སྟོན་པ་ཡིན༔ འདི་དག་གིས་ཁོ་གྲོལ་བ་ཡིན་ཅེས་ཁས་ལེན་བྱུང་ཡང་རྟགས་སྤྱོད་པས་སྟོན་པ་ཡིན་པས་མཚང་བརྡོལ་བ་ཡིན༔ ལ་ལས་ཁོ་བོས་བསྒོམ་ཀྱང་རུང་མ་བསྒོམ་ཀྱང་རུང་གྲོལ་ཟིན་པ་ཡིན་ཟེར་བ་ཚོས་བྱ་བྱེད་ཐམས་ཅད་ཐ་མལ་པ་ལས་སྤུ་རྩེ་ཙམ་ཡང་མ་འཕགས་པ་ནི་མཚང་མངོན་དུ་གྱུར་པས་མཁས་པ་ཡོན་ཏན་ཅན་རྣམས་ཀྱིས་ཁྲེལ་ཆེན་པོའི་གནས་སུ་ངེས་པ་ཡིན༔ ཉམས་སྣང་ནི་ན་བུན་ལྟར་ཡལ་ནས་འགྲོ་སྟེ་ཕན་གནོད་སྤུ་རྩེ་ཙམ་ཡང་མེད༔ རྟོགས་པ་ནི་ནམ་མཁའ་ལྟ་བུ་ཡིན་ཏེ་འཕོ་འགྱུར་མེད་པར་དོན་གཤིས་ཐོག་ཏུ་ཕེབས་པ་ཡིན༔ གྲོལ་དང་མ་གྲོལ་གཉིས་ཀའི་རྟགས་སྤྱོད་པས་སྟོན་པ་དང་༔ ཚད་རྨི་ལམ་གྱིས་འཛིན་པ་ནི་རབ་ཀྱི་རྨི་ལམ་འོད་གསལ་དུ་དག་ནས་ཁོར་ཡུག་ཏུ་འདྲེས་པ་དང་༔ འབྲིང་གིས་རྨི་ལམ་རྨི་ལམ་དུ་ཤེས་ཏེ་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པར་ནུས་པ་དང་༔ ཐ་མས་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་རྨི་བ་ཡིན༔ གཉིད་འོད་གསལ་དུ་འཆར་བའི་དུས་སུ་ཆོས་སྐུའི་དགོངས་པར་གདིང་ཐོབ༔ རྨི་ལམ་སྤྲུལ་བསྒྱུར་གྱི་རོལ་པར་དབང་འབྱོར་ཚེ་རང་སྣང་ལོངས་སྤྱོད་རྫོགས་པའི་རོལ་པར་འཕོ་ནུས་པ་དང་༔ བཟང་པོ་ཤ་སྟག་ལས་ངན་པ་གཅིག་ཀྱང་མི་འབྱུང་བའི་ཚེ་སྤྲུལ་པའི་སྐུར་དབུགས་དབྱུང་བར་འགྱུར་བ་གདོན་མི་ཟའོ༔ དེ་དག་ནི་རང་གི་ཚད་ལ་བརྟག་པའི་ཐབས་སུ་བསྟན་པ་ཡིན༔ ཆོས་ཉིད་ཟད་པའི་ས་ནི་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་བློ་འདས་ཆེན་པོར་ཞིག་པ་ཡིན་པས་འཁོར་བའི་བྱ་བ་ལ་སྐད་ཅིག་ཙམ་ཡང་བློ་མི་འཇུག་ཅིང་བྱ་བ་མི་བྱེད་པ་ཡིན་ཏེ་འདི་ནི་གྲོལ་བ་ངེས་པར་ཡིན་ནོ༔ གྲོལ་ཚད་མངོན་དུ་མ་གྱུར་གྱི་བར་དུ་སྒོམ་པ་ཟབ་མོའི་ཉམས་ལེན་ལ་བརྩོན་པར་གྱིས་ཤིག༔ ཐོས་པ་མང་ཞིང་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ཤེས་ཀྱང་སྒོམ་པ་ཉམས་མྱོང་ཆེན་པོས་རང་རྒྱུད་གྲོལ་བ་ཞིག་མེད་ན་ཕན་པ་རྡུལ་ཙམ་མེད་དེ༔ འཁོར་བར་འཁྱམས་དགོས་པ་ཡིན་པས་རང་རྒྱུད་གྲོལ་བར་བྱ་བ་ནི་ཐོས་པ་ཐམས་ཅད་ཀྱི་ཀློང་མཛོད༔ ཤེས་རབ་དང་ཡེ་ཤེས་ཆེན་པོའི་གཏེར་ཆེན༔ སྒོམ་པ་ཐམས་ཅད་ཀྱི་དམ་པ་ཡིན་ཏེ༔ ཉམས་ལེན་སྙིང་པོའི་སྒྲུབ་པ་ལ་བརྩོན་པ་གནད་དུ་ཟུངས་ཤིག༔ འཆོངས་ཤིག༔ ལྟོས་ཤིག༔ རྟོགས་ཤིག༔ རང་གི་རྒྱུད་ལ་ཕན་པ་མི་འབྱུང་ན་ཐོས་པ་ཚིག་གི་འབྲེལ་དོན་མང་པོ་དོན་དུ་གཉེར་ནས་མི་ཚེ་སྟོང་ཟད་ལ་བཏང་ཡང་གཞན་ལ་འཆད་ཡུལ་ཡང་དཀོན་ཏེ་གཞན་རྒྱུད་ལ་ང་རྒྱལ་དང་ཁེངས་སེམས་དྲག་པོ་བསྐྱེད་པ་ཙམ་ལས་ཕན་ཐོགས་པ་ཤིན་ཏུ་དཀའ་བ་ཡིན༔ ཆེ་མཐོ་དང་གྲགས་པ་རྒྱས་པར་བྱེད་ཀྱང་མི་ཚེ་རྨི་ལམ་གྱི་གནས་སྐབས་ཙམ་དང་ཚོང་འདུས་ཀྱི་མགྲོན་པོ་ལྟ་བུ་ཡིན་ཏེ་ཆེ་དྲག་མཐོ་ལ་སྤྱོད་པའི་ལོང་ཁོམ་མེད་པར་འཆི་བའི་དུས་ལ་ཐུག་ཡོད་པས་མགོ་མ་འཁོར༔ གང་ཟག་ལ་ལས་ཚེ་ཟད་དེ་འཆི་མཐའ་ལ་ཐུག་པའི་ལྟས་ལོ་གྲངས་རྫོགས་པ་ལུས་སྟོབས་ཤོར་བ་སེམས་རྩལ་ཉམས་པ་ལ་སོགས་པའི་འཆི་ལྟས་མངོན་སུམ་དུ་ཤར་ཟིན་པ་ལ་མི་སེམས་པར་ད་དུང་ང་ཆེ་ང་བཟང་ལ་སོགས་པའི་རང་བསྟོད་བྱེད་ཅིང་ཆེ་འདོད་མཐོ་འདོད་ཀྱི་རོ་ལ་ཆགས་ནས་ཞེན་པ་མི་འགོག་པ་ལ་བརྟག་ན་ཆེ་མཐོ་གྲགས་པ་ལ་སྤྱོད་འདོད་ངང་དུ་མི་ཚེ་ཟད་པ་མ་མཐོང་བ་འདི་སྙིང་རེ་རྗེ་སྙམ་པ་གྱིས་ལ༔ བློ་སུ་ལའང་མ་གཏོད་དཀོན་མཆོག་གསུམ་ལ་གཏོད༔ ལས་གཞན་ལ་མ་ཞེན་དམ་པའི་ཆོས་ལ་འབུང་༔ རེ་གཞན་ལ་མ་བཅའ་རྣམ་པར་གྲོལ་བའི་ས་ལ་རེ་ལྟོས་མཛོད༔ ཚེ་མདོ་མེད་དུ་མ་ཟད་པར་སྙིང་པོའི་སྒྲུབ་པ་ལ་དྲིལ༔ ཁེ་དྲག་བསྒྲུབ་པས་ནི་མི་འགྲུབ་པས་ཆོས་སྐུའི་རྒྱལ་ས་སྙོགས་པར་མཛོད༔ རང་གིས་རང་མ་བསླུ་བར་འཆི་ཆོས་གཤའ་མ་ལ་འབུང་དང་༔ མི་ལུས་ད་རེས་ཙམ་ལས་མི་ཐོབ་པས་འདི་དོན་དང་ལྡན་པ་ཞིག་ལ་རེམ༔ གདམས་ངག་ཟབ་མོ་དང་དུས་ད་རེས་ཙམ་ལས་མི་འཕྲད་པས་ཡལ་བར་མ་དོར་བར་ཉམས་སུ་ལོངས་ཤིག༔ རང་མགོ་རང་གིས་མ་བསྐོར་བར་འཆི་བ་ཡིད་ལ་མ་བརྗེད༔ འཇིག་རྟེན་ཕ་རོལ་ཏུ་འགྲོ་ཚེ་གྲོགས་དང་དཔུང་གཉེན་མེད་པས་ཉེ་འབྲེལ་རྩ་ལག་སྐྱོང་བའི་ལས་དེ་སྤོངས་མཛོད༔ འཆི་བ་ཐོག་རྒྱུག་ཏུ་བྱུང་ཚེ་ལུས་དང་ཁམ་ཕོར་ཡང་དོར་ནས་འགྲོ་དགོས་ན་གྲོགས་དང་ཉེ་འབྲེལ་ལ་འགྲོགས་ཐབས་མེད་པས་ཐམས་ཅད་ལ་ཆགས་ཞེན་དང་འཁྲི་བ་གཏིང་ནས་ཆོད་པར་གྱིས་ཤིག༔ འདི་དག་བརྒྱུད་འཛིན་རྣམས་ལ་ཤིན་ཏུ་བརྩེ་བའི་སྙིང་གཏམ་ཉམས་ལེན་མཐར་ཕྱིན་པའི་མན་ངག་ཚེ་འདིར་གྲོལ་བ་ཐོབ་པའི་ལམ་མཆོག་ཡིན་ཏེ་ཉམས་སུ་ལོངས་ཤིག༔ འབྲལ་མེད་རྒྱུད་ལ་བཀལ་བར་མཛོད༔ གནད་འདི་རྣམས་དང་མི་ལྡན་ན་ཚེ་འདིར་གྲོལ་བ་ཐོབ་པར་མི་འགྱུར་རོ༔ དེའི་ཕྱིར་གདམས་པའི་ཡང་བཅུད་དུ་ཟུངས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་དབྱེ་བ་མ་ཤེས་ན་སེམས་ཅན་སངས་རྒྱས་སུ་ནོར་ཞིང་འཁྲུལ་པའི་བླུན་པོ་མ་གོ་བ་དག་གིས་མི་ཚེ་སྟོང་ཟད་ལ་གཏོང་ཉེན་ཡོད་དེ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ སངས་རྒྱས་ཞེས་བྱ་བ་ནི་མ་རིག་པའི་དྲི་མ་དབྱིངས་སུ་སངས་ཏེ་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཀྱི་ངང་རྒྱས་པས་སངས་རྒྱས་ཞེས་བྱའོ༔ ཁྱབ་བརྡལ་ནམ་མཁའ་ལྟ་བུར་འབྱམས་ཀླས་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ༔ རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ༔ མཉམ་ཉིད་བདེ་བ་ཆེན་པོར་བྱང་ཆུབ་པ༔ ཆོས་སྐུ་མཚན་མ་ཚིག་དང་བྲལ་བས་རྒྱ་ཡན་ཟང་ཐལ་བ༔ དུས་གསུམ་འཕོ་འགྱུར་དང་བྲལ་བས་གཞི་རྩ་བྲལ་བའོ༔ དེ་ལས་གཞན་པའི་སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ དེ་སེམས་ན་སངས་རྒྱས་ལ་ཕ་མ་ཡོད་པར་འགྱུར་བས་སྐྱེ་བའི་མཐའ་རུ་ལྟུང་བའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་བདག་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་བདག་ཉིད་གཅིག་པུའི་མ་རིག་པས་བཅིངས་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ཞིང་ཁམས་ཞེས་ཡུལ་སྣོད་བཅུད་ཅན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་གཟུང་འཛིན་གཉིས་ཀྱིས་བཅིངས་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་མིག་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་མིག་གི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་རྣ་བ་ཡོད་པར་མ་སེམས་ཤིག༔ གལ་ཏེ་སེམས་པར་གྱུར་ན་རྣ་བའི་རྣམ་པར་ཤེས་པ་སྒྲ་དང་བཅས་པ་སེམས་ཅན་གྱི་སྣང་བ་སྟེ་དེ་དང་ལྡན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་སྣ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་སྣའི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ལྕེ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལྕེའི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལུས་ཀྱི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་འདས་པའི་དུས་སུ་བྱུང་བར་མ་སེམས་ཤིག༔ གལ་ཏེ་བྱུང་བར་སེམས་ན་འཆི་བའི་མཐའ་རུ་ལྷུང་བའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་མ་འོངས་པ་ན་འབྱུང་བར་མ་སེམས་ཤིག༔ གལ་ཏེ་འབྱུང་བར་སེམས་ན་སྐྱེ་བའི་དབང་དུ་འཁྲུལ་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ད་ལྟའི་དུས་ན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡུལ་ཞིག་ན་ཡོད་པར་སེམས་ན་རྟག་བརྟན་ཐེར་ཟུག་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་སྟོན་འཁོར་གྱི་རང་བཞིན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་རང་གཞན་དངོས་པོར་འཛིན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ཕྱག་མཆོད་བཀུར་སྟི་བྱས་པས་བཟང་ངན་གྱི་ཉེར་ལེན་ཡོད་པར་མ་སེམས་ཤིག༔ གལ་ཏེ་སེམས་ན་བཟང་ངན་ཕྱོགས་ཞེན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་གནས་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཅན་དུ་ངོས་བཟུང་མཚན་མ་རིས་སུ་བཅད་པ་སོ་སོར་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་མཚན་མ་རིས་ཆད་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ མདོར་ན་སངས་རྒྱས་ངེས་ཅན་སེམས་ཅན་ལྟ་བུ་ཞིག་ཡོད་ན་དེ་དངོས་སུ་བོས་པས་སླེབ་པ་དང་༔ དེ་རྗེ་དཔོན་དུ་བསྟེན་ན་རྗེ་དཔོན་ལྟར་མངོན་སུམ་དུ་མཐོང་བའི་ཡུལ་དུ་མཆིས་ཏེ་དེའི་རེ་བ་སྐོང་བར་བྱེད་དུ་ཡོད་དགོས་ཏེ༔ ཇི་ལྟར་འོ་དོད་བོས་པ་དང་མོས་གུས་བྱས་ཀྱང་འབྱུང་རྒྱུ་རྡུལ་ཕྲན་ཙམ་ཡང་མེད་པ་དེས་སྟོན་ཅིང་གོ་བར་འགྱུར་བ་ཡིན༔ སངས་རྒྱས་དུས་གསུམ་དུ་མ་གྲུབ་པའི་ལྟས་སུ་སངས་རྒྱས་བསྒྲུབ་པར་བྱ་བའི་བསམ་པས་བསྐྱེད་ཅིང་བསྒོམ་པའི་སྟོབས་ཀྱིས་གྲུབ་དགོས་པ་ནི་སྔར་མེད་པ་སླད་ནས་བསྒྲུབ་དགོས་པའི་དོན་གྱིས་བསམ་བྱ་དང་བསྒོམ་བྱ་དམིགས་བྱའི་ལམ་དུ་བསྟན་པ་ཡིན་ནོ༔ སེམས་ཅན་ཞེས་པ་ནི་འཛིན་པ་གང་ཟག་གི་བདག་འཛིན་གྱིས་བཅིངས་ཏེ༔ གཟུང་བ་ཆོས་ཀྱི་བདག་འཛིན་མཆེད་ནས་དེ་ལ་དངོས་ཞེན་ཉེར་ལེན་གྱིས་རྣམ་པར་རྟོག་པ་ལུ་གུ་རྒྱུད་བར་མ་ཆད་པར་འཕྲོས་ནས་འཁྲུལ་པའི་འཁོར་ལོར་ཁ་འབྱམས་ནས་འཁྲུལ་པ་ཡིན་ནོ༔ དེ་ལྟར་རྩེ་གཅིག་ཏུ་བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོས་ཉམས་སུ་བླངས་པའི་སྟོབས་ཀྱིས་མཐར་ཟག་བཅས་ཀྱི་ཕུང་པོ་ལྷག་མ་མེད་པར་རྡུལ་དང་རྡུལ་ཕྲན་ཆ་མེད་དུ་ཡལ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་མ་ཚང་བ་མེད་པར་འབྱུང་བ་ནི་སྒྲ་འུར་བ་ས་གཡོ་བ་འོད་འཁྲིག་པ་ཉི་ཟླ་དུས་གཅིག་ཏུ་སྒྲ་གཅན་གྱི་ཁ་རུ་འཇུག་པ་སོགས་འབྱུང་བར་འགྱུར་བ་ཡིན་ནོ༔ ད་ནི་ཚེ་གཅིག་ལུས་གཅིག་ཉིད་དུ་འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་པའི་མྱུར་ལམ་ཟབ་མོ་གྲངས་མེད་པའི་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ལ་མ་ལྟོས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་གཅིག་ཆར་དུ་རྫོགས་པར་བྱེད་པ་ཐོད་རྒལ་གྱི་གསེང་ལམ་ལ་འཇུག་པའི་སྒོ་འདི་མ་ཤེས་ན་མ་དག་པའི་སེམས་སྣང་དབྱིངས་སུ་འཕོ་བར་དཀའ་བའི་ཕྱིར་སེམས་སྣང་ཐམས་ཅད་བཙན་ཐབས་ཉིད་དུ་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་འཕོ་བར་བྱེད་པའི་གདམས་པ་ཤེས་དགོས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བསྐལ་པ་མང་པོར་ལས་རླུང་གི་འཕེན་པས་ཚོགས་བསགས་པ་དང་སྒྲིབ་པ་སྦྱང་བའི་བསམ་པ་ཤེས་པ་ཅན་གྱི་ལུས་རྟེན་ཐོབ་པའི་ངེས་པ་མེད་པས༔ དུས་ད་རེས་འདི་རུ་རྟེན་འབྲེལ་ཐམས་ཅད་འཛོམ་པས་ཚེ་གཅིག་ལུས་གཅིག་གིས་གྲོལ་བའི་མྱུར་ལམ་གྱི་གདམས་པ་ཟབ་མོ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་ལས་ངན་པའི་བསམ་སྤྱོད་རྒྱ་ཆེ་བའི་སྟོབས་ཀྱིས་འཁོར་བ་མཐའ་མེད་དུ་འཕངས་པ་ཡིན༔ བར་སྐབས་ཤིག་ཏུ་ལས་བཟང་པོ་བསགས་པ་དང་སྨོན་ལམ་བཟང་པོས་མཚམས་སྦྱར་བའི་མཐུས་ད་ལྟ་མི་ལུས་ཐོབ་ནས་ཆོས་དང་འཕྲད་པ་ཡིན་པས༔ དེང་གི་དུས་འདིར་མ་འབད་ན་ཕྱིས་ནས་ལུས་འདི་ལྟ་བུ་ཐོབ་པར་དཀའ་ཞིང་ཟབ་མོའི་ལམ་ལ་དབང་འབྱོར་བར་དཀའ་སྟེ༔ ལས་ངན་གྱི་འཕྲོ་མཐུད་དེ་འཁྲུལ་སྣང་སྡུག་བསྔལ་ཁོར་མོ་ཡུག་ཏུ་སྤྱོད་ནས་ད་ལྟ་བསོད་ནམས་བསགས་པའི་ལས་ཅུང་ཟད་ཡོད་ཀྱང་དེའི་འབྲས་བུ་བསྐལ་པ་མང་པོའི་མཐར་ལས་ཅི་འགྱུར་ཆ་མ་མཆིས་པས་ཚེ་འདི་ཉིད་དུ་གྲོལ་བ་ཐོབ་པ་ཞིག་བྱ་དགོས་པ་ཡིན་པས་གནད་དེ་ལ་ནན་དུ་ལྟོས་ཤིག་རྟོགས་ཤིག༔ ཚེ་འདིར་སངས་རྒྱས་པའི་མྱུར་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་ཐབས་དང་རྟེན་འབྲེལ་འདི་རྣམས་འཛོམ་དགོས་ཏེ༔ བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ནས་མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱེད་པ་དང་༔ བསྒོམ་དང་བསྙེན་སྒྲུབ་མཆོད་པ་དབང་ལེན་ཐུགས་ཡིད་བསྲེ་བ་རྣམས་ལ་འབད་པར་བྱ་བ་དང་༔ མཆེད་གྲོགས་ལ་དཔའ་བོ་མཁའ་འགྲོའི་འདུ་ཤེས་གཞག་སྟེ་དད་པ་དང་མོས་གུས་ཐང་ལྷོད་མེད་པར་བསྒྲུབ་པ་ལས་བརྙས་བཙུགས་དང་ལོག་ལྟ་སྐུར་འདེབས་སྐྱོན་ལྟ་སྨད་སྒྲོགས་བརྡེག་བརྡུང་མགོ་བསྐོར་བསླུ་བ་ཐམས་ཅད་དུག་བཞིན་དུ་སྤང་བ་དང་༔ སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་བཞག་ནས་སྙིང་རྗེ་བྱང་སེམས་ཀྱི་སྒོ་ནས་ལས་ཅི་བྱེད་ཐམས་ཅད་གཞན་དོན་ལྷུར་ལེན་གྱི་ཤེས་པ་རྒྱུན་མི་ཆད་པ་རྒྱུད་ལ་བརྟེན་པ་དང་༔ ཚེ་འདིའི་སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་སྙིང་པོ་མེད་པའི་ངང་ཚུལ་ཤེས་པ་དང་༔ བདག་གི་ཚེ་འདིའི་ལུས་འདི་ཡང་ལོ་ཤས་ཟླ་ཤས་ཙམ་གྱི་མ་ཡིན་པ་ལས་ངེས་པར་རྟག་པ་མེད་པས་ནམ་འཆི་ཆ་མི་ཆོད༔ བདག་གིས་ད་ལྟ་བཟའ་མི་ཉེ་འབྲེལ་གྱི་དོན་དུ་ལས་ཇི་ཙམ་བྱས་ཀྱང་བདག་ཤི་ཕན་ཆད་དྲིན་དྲན་མཁན་ནི་མི་ཡོང་བས་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པའི་ཚུལ་བདག་ཕ་མ་མེས་པོ་རྣམས་ཀྱིས་གསོ་བསྐྱང་བྱས་པའི་དྲིན་རང་གིས་མི་དྲན་པའི་ཚུལ་ལ་ལྟོས་དང་དེར་མཚོན༔ མདོར་ན་ཚེ་འདིའི་བྱ་བྱེད་ཐམས་ཅད་མདོ་མེད་བྱིས་པའི་རྩེད་མོ་ལྟ་བུར་ངེས་ནས་རང་མགོ་འདོན་པའི་ཐབས་བསྒྲུབ་དགོས་པར་ཤེས་པ་དང་༔ བདག་ལ་འཁོར་བའི་བྱ་བར་མ་འབད་ན་ལྟོ་མི་འགྲང་༔ རྒྱབ་མི་དྲོ༔ ཁས་ཞན་ཅིང་དབང་ཆུང་ཟེར་བ་དང་༔ རང་དང་ཉེ་འབྲེལ་གྱི་ཆེད་དུ་འཁོར་བའི་ལས་ལ་འབད་དགོས་ཞེས་ཟེར་བའི་ཕ་མ་ཉེ་འབྲེལ་གཉེན་གྲོགས་སོགས་མང་པོ་འབྱུང་སྟེ༔ དེ་དག་གིས་བདག་བདེ་ཞིང་སྐྱིད་པར་འདོད་ནས་སྡུག་བསྔལ་མཐའ་མེད་པ་འབྱུང་བའི་ཐབས་སློབ་པ་ནི་ལོང་བས་ལོང་བ་ཁྲིད་པ་ལྟར་བཟང་པོར་སེམས་ནས་ངན་པ་སློབ་པའི་སློབ་དཔོན་མང་ཡང་༔ མཐར་ཐུག་གཏན་དུ་བདེ་བའི་ཐབས་སློབ་མཁན་ནི་མཚན་ལྡན་གྱི་བླ་མ་ལས་མི་འོང་སྙམ་ནས་རང་ཚོད་རང་གིས་བཟུང་སྟེ་སུའི་ཁ་ལ་མི་ཉན་པ་གནད་དུ་ཤེས་པར་བྱ་བ་དང་༔ ཕ་མ་དང་ཉེ་འབྲེལ་གྱི་དོན་དུ་སྡིག་པ་བསགས་ནས་ཕན་པ་བསྒྲུབ་པར་འདོད་ཀྱང་རང་གཞན་གཉིས་ཀ་ངན་སོང་མཐའ་མེད་དུ་འཕེན་པར་འགྱུར་བའི་ཚུལ་ལ་བསམ་མནོ་བཏང་སྟེ༔ ད་ངའི་ལུས་འདི་ཕ་མའི་ཤ་ཁྲག་ལས་ཆད་ཁོང་གཉིས་ལ་ཕན་པ་དང་བདེ་བ་འདི་ལས་འབྱུང་གི་རེ་བས་དཀའ་ཚེགས་རྒྱ་ཆེན་པོའི་སྒོ་ནས་ཟས་ཀྱི་ཕུད་བྱིན༔ གོས་ཀྱི་རྩེ་གཡོགས༔ ཤིན་ཏུ་བྱམས་པས་བསྐྱེད་བསྲིང་བ་ཡིན་པས༔ ད་ནི་གཏན་གྱི་བདེ་བ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་འགྲུབ་ན་ངའི་ལུས་རྟེན་ཕ་མས་བསྐྱངས་པ་ལ་དོན་ཆེན་པོ་འགྲུབ་སྟེ་ཁོང་གཉིས་ཀྱིས་བསོད་ནམས་རྒྱ་ཆེན་པོ་བསགས་པར་འགྱུར་བ་དང་༔ ངས་ཀྱང་ཕ་མའི་དྲིན་ལན་འཁོར༔ བླ་མའི་ཞབས་ཏོག་འགྲུབ༔ སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་འབྱུང་བ་ཡིན་པར་ངོ་ཤེས་ཏེ་བློ་ཕུག་ཆོས་ལ་གཏད༔ ངེས་མེད་ཀྱི་རི་ཁྲོད་དབེན་པ་བརྟེན་ཏེ་ཟས་ལ་བཟང་ངན་མེད་པར་སྲོག་འཚོ་ཙམ་གྱིས་ཆོག་ཤེས་པ་དང་༔ གནས་ལ་བཟང་ངན་མེད་པར་ཆར་དང་རླུང་སྐྱོབ་ཙམ་གྱིས་ཆོག་པར་ཤེས་ནས་སྙིང་པོའི་སྒྲུབ་པ་ལ་འབད༔ ཧ་ཅང་ལྟོ་འགྲང་ཆེ་ན་རྣམ་རྟོག་འཕར་ནས་ལེ་ལོ་དང་རྣམ་གཡེངས་ལ་འཆོར༔ གོས་མཛེས་འཇམ་བརྟེན་ན་སྤྲོས་པའི་དབང་དུ་ཤོར་ནས་རྒྱལ་ཁམས་ལ་ངོམས་པར་འདོད༔ ཆང་བཏུང་ན་སེམས་ལས་སུ་མི་རུང་བར་སྒོམ་ཆེན་ཐ་མལ་དུ་འཆོལ༔ དཀར་དམར་མངར་དང་སྣུམ་ཟས་ལ་དགའ་ཆེས་ན་ཚེ་གཅིག་འབད་རྩོལ་ལ་དུས་འདས་ནས་དགེ་བའི་བསམ་པ་སྟོར་ཉེན་ཡོད༔ དེས་ན་ཕྱི་ན་སྤྲོས་པ་མེད་པ༔ ནང་ན་གསོག་འཇོག་མེད་པ༔ གཞན་ལ་རེ་བ་མེད་པ༔ རང་གིས་སྟེར་སེམས་མི་སྐྱེ་བ༔ ད་ལྟ་ཤི་ཡང་བྱིའུ་ཆུང་ཤིང་རྩེ་ནས་འཕུར་བ་ལྟར་ཕྱིར་ཆགས་དང་བློ་ལྷག་མེད་པ༔ གོང་ན་དཔོན་མེད་པ༔ འོག་ན་གཡོག་མེད་པ༔ ཐ་ན་ཉེ་འཁོར་མེད་པ་ཞིག་དགོས༔ དང་པོ་རང་གི་ཉེ་འབྲེལ་དང་ཕ་ཡུལ་སྤངས་ནས་ཡུལ་གཞན་དུ་སོང་སྟེ་བུད་མེད་དང་དྭ་ཕྲུག་བརྟེན༔ དཀོར་ཟས་གཤིན་གསོན་གྱི་སྲོག་སྐྱོབ་དང་འཇིགས་སྐྱོབ་ཀྱི་གླ་རྔན་ལ་སྤྱོད༔ བསྟོད་པ་ཟུར་ཙམ་ཐོས་ན་ང་རྒྱལ་དང་ཁེངས་སེམས་ཀྱིས་རྒྱུད་གང་སྟེ་རོ་སྟོད་དཔང་བསྟོད་ནས་རང་བསྟོད་དང་གཞན་སྨད་བྱེད༔ སྨོད་པ་ཟུར་ཙམ་ཐོས་ཚེ་ཞེ་སྡང་ཁོང་ཁྲོས་རྒྱུད་གང་ནས་རྩོད་པ་ལ་ཆས༔ རང་ད་ལྟ་འཆི་ཡང་མི་ཤེས་པས་གཞན་ལ་མངོན་ཤེས་འདོམས་པ་དང་༔ ལྟ་བ་མཐོ་མཐོ་མགྲིན་པའི་རྔ་ཆེན་བརྡུངས༔ ལམ་ཁའི་ཁྱི་བཞིན་བྲེལ་ཚུབ་ཀྱིས་ཡུལ་ལ་ཞེན༔ འདྲེ་གྲོང་རྒྱུག་ལྟ་བུར་བར་མཚམས་མེད་པར་གཏོ་ཡས་ལ་མགོ་འཁོར༔ སྒོམ་ཆེན་པ་ཆེ་འདོད་དང་གྲགས་འདོད་རྙེད་ཚོལ་ལ་མི་ཚེ་ཟད་ནས་ལོ་མཚམས་ཟླ་མཚམས་ཙམ་མི་བྱེད་པར་འཆི་ཁ་ཐ་མལ་དུ་ལུས་པ་དང་༔ མཁས་པས་གཞན་སྐྱོན་མི་འདོན་ཅིང་རང་རྒྱུད་ཀྱི་སྐྱོན་མཚང་འདོན་པ་ཡིན་ཡང་༔ རང་སྐྱོན་ལ་མི་སེམས་པར་ཚེ་གཅིག་ཆགས་སྡང་ལ་ཞེན་པ་རྣམས་ནི་མི་བླ་འདྲེས་ཁྱེར་ནས་ཤེས་རྒྱུད་བདུད་ཀྱིས་བརླམ་པ་ཡིན་པས་ལས་ངན་དེ་འདྲ་བ་སྤངས་ནས་བསྒོམ་དགོས༔ རང་གི་དགེ་སྦྱོར་སྤུ་ཙམ་མི་བྱེད་པའི་ཁར་གཞན་དགེ་སྦྱོར་མཁན་ལ་སྨོད་ཅིང་གཤེ་སྐུར་བྱེད་པ་ནི་བདུད་དང་དམ་སྲིས་བརླབས་པའི་སྐྱེས་བུ་ཡིན་པས་དེའི་ཆོས་ཀྱི་སྐལ་བ་ཆད་པ་ཡིན༔ ཆོས་ལ་སྤྱོད་ཀྱང་གྲོགས་མང་པོ་འཛོམ་ཚེ་དེ་ལ་སྐྱོ་ཞིང་སུན་ཏེ་གཅིག་པུར་ཐོན་ནས་ཆོས་བསྒྲུབ་སྙིང་འདོད་པ་དང་༔ རང་གཅིག་པུར་སྡོད་ཚེ་བེའུ་མ་དང་བྲལ་བ་ལྟ་བུར་གྲོང་ཡུལ་ཀུན་ཏུ་རྒྱུག་པ་དང་༔ སྲེ་མོང་ས་ཕུག་ཏུ་བཅུག་པ་ལྟར་སྡོད་མི་ཚུག་པ་དང་༔ ཁྱི་འཁྱམས་ཀྱིས་ཟས་འཚོལ་བ་ལྟར་དལ་མེད་གྲོང་ཁྱིམ་དུ་རྒྱུ་བ་དང་༔ གཏམ་དང་ལབ་མོར་དགའ་ནས་ལབ་ཡ་འཚོལ་ཏེ་གཞན་གྱི་དགེ་སྦྱོར་གཅོག་པ་དང་༔ བློ་རྩེ་མང་བས་རང་ངོ་འཕྲོད་ཀྱང་སྒོམ་པ་ལ་ཡིད་མི་ཆེས་པར་གནས་བསྐོར་དུ་འགྲོ་སྙམ་པ་དང་༔ གནས་སྐོར་ལ་འགྲིམ་ཚེ་འདུག་སྙིང་འདོད་པའམ་རང་ཡུལ་དུ་སླེབ་པ་ལ་ཡིད་གདུང་བ་རྣམས་ནི་འདི་ཕྱི་མདོ་མེད་དུ་གཏོང་བའི་སྐལ་ཆད་ཡིན་ཏེ་གདམས་ངག་ཉམས་སུ་མི་ལེན༔ གཞན་མཐོ་བ་ལ་ཕྲག་པ་དོག་པས་རང་རྒྱུད་བསྲེག་པ༔ རང་གི་བསོད་ནམས་ཟད་པ་ལ་མི་སེམས་པར་བསོད་ནམས་ཅན་ལ་གཤེ་སྐུར་འདེབས་པ༔ མཁོ་མཁོ་དགོས་དགོས་ཀྱི་བསམ་པ་ལ་ཆོག་ཤེས་མེད་པས་རང་གི་ལས་ཀ་སྤུ་ཙམ་མི་ནུས་པ་ལ་བསམ་མནོ་མེད་པར་མཐོང་ཚོར་གྱི་མི་རྣམས་བཀོལ་སྐྱེན་པ༔ རང་གིས་སྐེ་རགས་དང་ལྷྭམ་སྒྲོག་བཅིང་པའི་ཤུགས་འདོན་པར་དཀའ་ཚེགས་ཀྱི་སྣང་བ་ལ་མི་སེམས་པར་གཞན་གྱིས་རི་བཤིག་ཀྱང་མི་མགུ་བར་ད་དུང་གཅིག་ཐོག་ཏུ་གྲངས་མང་བསྣན་ཏེ་བཀོལ་བ་དང་༔ རང་གི་གོས་ཧྲུལ་དང་ཟས་ལྷག་ཙམ་གཞན་གྱིས་སྤྱོད་པ་དང་ཟ་བ་མཐོང་ཡང་ཕངས་སེམས་སྐྱེ་བ་ལ་མི་སེམས་པར་གཞན་གྱིས་ཟས་ནོར་རི་རབ་ཙམ་སྟེར་ཡང་ད་དུང་ཞེ་མི་གང་བ་རྣམས་ནི་ཀུན་གྱིས་སུན་ཅིང་སྤངས་པའི་གནས་ངན་ཡིན་པས་དགེ་སྦྱོར་མི་འགྲུབ་ངེས་པ་ཡིན༔ འགའ་ཞིག་གི་རྒྱུད་ལ་ཆོས་ཀྱི་བསམ་པ་ཡོད་ཅིང་ཇི་ཙམ་དལ་ཁོམ་ཡོད་ཀྱང་ཁ་དང་ལག་པའི་དགེ་བ་ལ་འབྱམས་པ་དང་༔ གཞན་གྱི་ལད་མོ་ལ་དགའ་བས་སྤྱོད་པ་དེ་ལ་འབྱམས་པ་རྣམས་ཀྱིས་ཀུན་རྫོབ་ཀྱི་དགེ་བ་ལ་གྲངས་ཀ་ཅི་རྫོགས་བྱེད་ཅིང་༔ ཅུང་ཟད་དཀའ་ངལ་དང་བཀྲེས་འཁྱག་བྱུང་ཚེ་དེ་ཡང་དོར་བ་རྣམས་ནི་དོན་དམ་པའི་ཆོས་ཀྱི་སྐལ་བ་ཆད་པ་ཡིན༔ དགའ་སྡུག་ཆེ་བ་སྤྲིན་བར་གྱི་ཉི་ཞུར་ལྟ་བུ་དང་༔ བྲེལ་ཚུབ་ཆེ་བ་དགུན་ཁའི་རླུང་འཚུབས་ལྟ་བུ་རྣམས་ནི་སུ་ལ་འགྲོགས་ཀྱང་འགྲོགས་ཡུན་ཐུང་བ་དང་༔ ཀུན་གྱིས་སྤང་བར་འགྱུར་བས་གང་ཟག་དེ་ལྟ་བུ་རྣམས་ཀྱིས་ཉམས་ལེན་ཁམས་ཀྱིས་མི་ལྕོགས་པར་ཡལ་བར་འདོར་ངེས་པ་ཡིན༔ ཆོས་རྣམ་དག་ཞིག་བསྒྲུབ་པར་འདོད་པའི་གང་ཟག་རྣམས་ཀྱིས༔ ཁྲིམས་ཁ་ཚ་བའི་མི་དཔོན་ལ་བཅར་བ་དང་ངོ་དགའ་འཚོ་མི་རུང་སྟེ་རང་དབང་གཞན་ལ་ཤོར་ནས་ཐར་པའི་ལམ་སྣ་འགག་པའི་དུས་འབྱུང་ཉེན་ཡོད༔ དགའ་སྡུག་ཆེ་བའི་བླ་མ་ལ་ཆོས་འབྲེལ་ཞུ་མི་རུང་སྟེ་དམྱལ་བར་འཕེན་པའི་བཤེས་གཉེན་ཡིན༔ མཁོ་དགོས་མང་བའི་བླ་མ་ལ་འབྲེལ་མི་རུང་སྟེ་དམ་ཚིག་གཉན་པོའི་སྲོག་དང་བྲལ་ཉེན་ཡོད༔ བཀོལ་སྐྱེན་པ་དང་གཞན་གྱི་དཀའ་ཚེགས་སྐྱིད་སྡུག་ལ་མི་སེམས་པའི་བླ་མ་དང་འབྲེལ་མི་རུང་སྟེ་དམ་ཚིག་ཉམས་ནས་དམྱལ་བར་ལྟུང་བ་ཡིན༔ བྱ་སྤྱོད་མང་བའི་བླ་མ་དང་འབྲེལ་མི་རུང་སྟེ་ཞབས་ཏོག་བསྒྲུབ་མི་ནུས་པའི་དབང་གིས་དམྱལ་བར་འཕེན་པ་ཡིན༔ སློབ་མའི་སྐྱིད་སྡུག་ལ་མི་སེམས་པར་རང་འདོད་དང་ཁེ་དྲག་གི་བསམ་པས་མཐོ་ལ་དགའ་ཞིང་ཉམས་ཆུང་ལ་སྡང་བའི་བླ་མ་དང་འབྲེལ་མི་རུང་སྟེ་ལོག་ལྟ་སྐྱེས་ནས་དམྱལ་བར་ལྟུང་བ་ཡིན༔ ལྟ་བ་ལོག་པ་དང་བསྒོམ་པའི་ཡུན་ཐུང་བ་ཚེ་གཅིག་ཆོས་བརྒྱད་ཀྱི་ལས་ལ་བརྩོན་པ་ཐོས་བསམ་གྱི་ཤེས་རབ་མེད་པའི་བླ་མ་དང་འབྲེལ་མི་རུང་སྟེ་ལྟ་བ་དམན་པ་ལས་མི་འཕགས་པའི་སྐྱོན་དུ་འགྱུར་བ་ཡིན་ནོ༔ དང་པོ་བླ་མ་དེ་ཉིད་གཞན་གྱིས་ཁ་ཚོད་དང་རང་གིས་མཐོང་བ་ལ་ཡུན་རིང་པོར་བརྟག་ནས་སྐྱོན་མེད་ཡོན་ཏན་འཛོམ་པ་ཞིག་ལ་བརྟེན་ན་གྲོལ་བའི་ལམ་སྟོན་ཅིང་ཉེས་ལྟུང་མི་འབྱུང་བ་ཡིན༔ བསྟེན་ཕན་ཆད་ནི་བླ་མ་དེས་ཉིན་གཅིག་མི་བརྒྱ་རྟ་བརྒྱ་བསད་ཀྱང་ལོག་ལྟ་བྱེད་མི་རུང་སྟེ༔ སྲོག་ཆགས་གསོད་པ་དང་ཇག་རྐུན་བྱ་བ་དང་ཆུང་མ་ལོངས་ཞེས་བསྒོ་ཡང་ཐེ་ཚོམ་མེད་པར་མ་བསྒྲུབ་ན་དམྱལ་བ་མནར་མེད་དུ་ལྟུང་བ་ཡིན་པས་བཀའ་བཞིན་དུ་བསྒྲུབ་དགོས་པར་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ལན་མང་དུ་གསུངས་པ་ཡིན་ནོ༔ དེ་ལྟར་བླ་མ་དམ་པ་ལ་བརྟེན་ནས་གདམས་པ་ཟགས་སུ་མི་འཇུག་པར་ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་འབད་པར་བྱ་བ་གནད་ཀྱི་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ སློབ་མ་མ་བརྟག་ན་སློབ་དཔོན་གྱི་བདུད་དུ་འབབ་ཉེན་ཡོད་པས་གདམས་ངག་ཆུ་ལ་ཕོས་པ་ལྟ་བུ་དང་༔ རང་གི་ཟས་ནོར་དགྲ་ལ་སྟེར་བ་དང་འདྲ་མཚུངས་པའོ༔ ཚེ་འདིའི་བྱ་བ་ལ་སྐྱོ་ཞིང་སུན་པ༔ དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ༔ སྙིང་རྗེ་ཆེ་བ༔ འཛིན་ཆགས་ཆུང་བ༔ སྦྱིན་གཏོང་ལ་དགའ་བ༔ ཕྲག་ཡངས་པ༔ གཡོ་སྒྱུ་མེད་པ༔ སྙིང་རུས་དང་སྡུག་སྲན་ཆེ་བ༔ བློ་རྒྱུད་བརྟན་པ༔ བློ་རྩེ་གཅིག་པ༔ འགྱུར་ལྡོག་མེད་པ་རྣམས་དུས་འཛོམ་པ་ནི་སློབ་བུའི་མཆོག་ཏུ་བཟུང་ནས༔ གདམས་པ་བསྟན་ན་དོན་ཆེན་པོ་འགྲུབ་པར་གདོན་མི་ཟ་བ་ཡིན༔ འཁོར་བ་ལ་ཞེན་ཆགས་ཆེ་བ༔ དད་གུས་ཆུང་བ༔ གཡོ་སྒྱུ་དང་ཟོལ་ཟོག་ཆེ་བ༔ སྙིང་རྗེ་མེད་པ༔ འཛིན་ཆགས་ཆེ་བ༔ ཕྲག་དོག་པ༔ ཞེ་སྡང་ཁོང་ཁྲོ་སྐྱེན་པ༔ དགའ་སྡུག་ཆེ་ཞིང་བློ་འགྱུར་ལྡོག་སྐྱེན་པ༔ ཤེས་རྒྱུད་རྩིང་ཞིང་སྙིང་རུས་དང་སྡུག་སྲན་མེད་པ༔ རྣམ་གཡེང་ལེ་ལོ་ཆེ་བ༔ འདུ་འཛི་ལ་དགའ་སྟེ་མཐོ་དགའ་ཆེ་བ༔ རང་རྩིས་ཆེ་ཞིང་གཞན་ལ་མི་མགུ་བ༔ ཅོལ་ཆུང་བ༔ ཕྲ་མ་འགྱེད་པ་ལ་དགའ་བ༔ རྫུན་དང་བྲེ་མོ་ལ་དགའ་བ་རྣམས་ལ་གདམས་ངག་འཆད་ན་མཐར་སློབ་དཔོན་གྱི་བདུད་དུ་འབབ་ངེས་པ་ཅན་ཡིན་ནོ༔ དེ་ལྟར་བརྟག་ཅིང་དཔྱད་ནས་སློབ་མ་སྣོད་དུ་མི་རུང་བ་རྣམས་སྤངས་ཤིང་སྣོད་དང་ལྡན་པ་རྣམས་བསྟེན་པར་བྱའོ༔ ད་འོད་གསལ་ཐོད་རྒལ་ཆེན་པོའི་གདམས་པ་ཉམས་སུ་ལེན་པ་ལ༔ དང་པོ་སྔོན་དུ་འགྲོ་བའི་ཆོ་ག་ཟབ་མོ་ཉམས་སུ་མ་བླང་ན་དངོས་གཞི་ཉམས་སུ་ལེན་པ་ལ་གེགས་དང་གོལ་ས་ཤིན་ཏུ་མང་བས་དེའི་ཕྱིར་སྔོན་དུ་འགྲོ་བའི་རིམ་པ་ལ༔ སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ་ལ་བརྩོན་པར་བྱ་བ་ནི༔ དང་པོ་ཕྱི་ལྟར་རུ་ཤན་དབྱེ་བ་ལ༔ གནས་དབེན་པ་མི་མེད་པའི་རི་སུལ་དུ་ཕྱིན་ཏེ༔ བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པའི་ཕྱིར་སྒོ་གསུམ་འཁོར་འདས་རུ་ཤན་འབྱེད་ཅིང་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པར་བྱའོ་བསམ་ཞིང་༔ དེ་ནས་རང་གི་བློ་རྒྱུད་ལ་འདི་ལྟར་བཀལ་བར་བྱ་སྟེ༔ རང་ལ་འཆི་རྐྱེན་གྱི་ནད་ཚབ་ཆེ་བ་ཞིག་བྱུང་ནས་བཟོད་མེད་ཀྱི་ཟུག་རྔུ་དྲག་པོས་གདུང་བ་རྒྱུད་ཐོག་ཏུ་བླངས་ནས་འཁུན་པ་དང་འགྲེ་ལྡོག་དྲག་པོ་བྱའོ༔ སླར་ཡང་བཟའ་མི་ཉེ་བ་རྣམས་ཀྱིས་གྲོས་བྱས་ནས་སྨན་པ་ཞིག་འབོད་དུ་སོང་བས༔ སྨན་པ་བྱུང་སྟེ་རེག་པ་རྩ་ལ་བརྟག་པས་རྩ་འདི་ལ་དཔྱད་ན་ཤིན་ཏུ་ངན་པས་ཕན་པ་དཀའ་བར་སྣང་བས་ད་ནི་མྱུར་དུ་རིམ་གྲོ་མང་པོ་བྱེད་དགོས་ཀྱི་ཐོབ་ཤོར་གྱི་ས་མཚམས་ལ་ཐུག་འདུག་ཟེར་བའི་བསམ་པ་དང་སྤྱོད་པ་བྱ༔ ཡང་བཟའ་མི་ཉེ་འབྲེལ་གྱིས་གྲོས་བཏབ་པས་མོ་མ་ཞིག་ལ་མོ་ལྟ༔ རྩིས་མཁན་ཞིག་ལ་རྩིས་བྱེད་དུ་འགྲོ་ཟེར་ནས་སོང་བས༔ མཐར་ཕོ་ཉ་ཕྱིར་སླེབ་ཚེ་རང་དང་བཟའ་མི་རྣམས་ཀྱིས་ཅི་ཟེར་དྲིས་པས་མོ་མ་དང་རྩིས་པ་དག་གིས་རིམ་གྲོ་བྱེད་དགོས་པས་མྱུར་དུ་འབད་པར་གྱིས་ཤིག༔ མོ་རྩིས་ཐམས་ཅད་ཤིན་ཏུ་འཁྲུགས་པས་ཕན་པ་མེད་འདྲ་ཟེར་བའི་གཏམ་ཐོས་ནས་སྙིང་མི་དགའ་ལྷང་ངེ་འགྲོ་བ་རྒྱུད་ཐོག་ཏུ་བླང་བར་བྱའོ༔ རིམ་གྲོ་མང་པོ་བྱེད་པའི་སྣང་བ་ཡང་བསྒོམ་ནས་མཐར་མལ་སར་ལྷུང་ནས་ལྡང་མི་ནུས་པ་དང་༔ མཆུ་དང་གདོང་གཡོ་བ་དང་༔ མིག་མཐོ་དགར་བྱེད་པ༔ སྐོམ་ཁ་ནས་བཏུང་བ་སྣ་ནས་ལྡོག་པ༔ མལ་ས་དོང་བས་ཟབ་པའི་སྣང་བས་ཡར་འཐེན་ཟེར་བ་དང་༔ མི་ཡུལ་ལ་འཕྲང་སེམས་དང་ཆགས་ཞེན་ཆེ་བས་ད་ཕྱི་རོལ་ཏུ་སྐྱོལ་དང་སྐྱོ་བསང་བྱེད་ཟེར་ནས་ཕྱི་རོལ་ཏུ་བསྐྱལ་བས་ས་སྟེང་ཐམས་ཅད་སེར་ཧང་ཧང་བྱེད་པའི་སྣང་བ་སྐྱེས་ཚེ་ས་སྟེང་མིག་གིས་མཐོང་བ་ཙམ་ལས་ཡུན་མི་རིང་བའི་སྣང་བ་ཤར་ནས་སེམས་སྡུག་བཟོད་གླག་མེད་པར་ཤར་བ་རྒྱུད་ལ་བཀལ་བར་བྱ་བ་དང་༔ སླར་ཡང་རང་གི་ཁང་ཁྱིམ་དང་བཟའ་མི་རྣམས་ལ་ཞེན་ཆགས་ཀྱི་བསམ་པས་འབྲལ་རན་པ་ལ་ཡིད་གདུང་ནས་ང་ཁྱིམ་དུ་སྐྱོལ་ཟེར་ཞིང་མལ་སར་བཞག་པ་ན་བཟའ་མི་ཉེ་འབྲེལ་ཐམས་ཅད་ཀྱིས་ཤི་བར་ཤེས་ནས་མཐའ་བསྐོར་ཏེ་མགོ་དང་ཡན་ལག་ལ་བཟུང་༔ ལུས་ལ་འཇུས་ཏེ་གདོང་མཆི་མས་གང་༔ འོ་དོད་དང་ཆོ་ངེ་དྲག་པོ་འདོན་པ་རྣ་བས་ཐོས༔ མིག་གིས་མཐོང་ཡང་༔ འཆི་བདག་གི་སུན་མས་ཁྲིད༔ གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་རྒྱུག་སྟེ་ཁྲིད་གྲབ་བྱེད་པའི་དུས་བྱུང་ནས་ཤིན་ཏུ་གཅེས་པའི་བུ་དང་ཆུང་མ་བརྩེ་ཞིང་བྱམས་པའི་ཕུ་ནུ་ཉེ་བ་ཐམས་ཅད་བློས་མི་ཐོང་བཞིན་དུ་བཞག༔ འབྲལ་མི་ཕོད་བཞིན་དུ་མི་མཐོང་མི་འཕྲད་པའི་ཡུལ་དུ་རང་དབང་བརྟན་པ་དང་བྲལ་བར་འགྲོ་དགོས་པའི་དུས་ལ་བབས༔ རྒྱུས་མེད་པའི་ཡུལ་དུ་བཤེས་མེད་གྲོགས་མེད་གཅིག་པུར་གཅེས་པའི་ལུས་དང་གོས་རྒྱན་ཟས་ནོར་མཁར་ཁྱིམ་དང་བཅས་པ་ཐམས་ཅད་ཤུལ་དུ་བོར་ནས་འགྲོ་དགོས་པའི་གནས་སྐབས་དེ་དེ་རིང་བབས་པར་རང་གི་རྒྱུད་ཐོག་ཏུ་བླངས་ནས་བསྒོམ་སྟེ་འཇིགས་པ་བཙན་ཐབས་སུ་སློང་བར་བྱས་ཏེ་དེའི་སྤྱོད་པ་ཐམས་ཅད་སྤྱད་པས་འཆི་ཁའི་བར་དོ་སྦྱངས་ནས་ཚེ་འདིའི་སྣང་བ་ལ་ཞེན་པ་ལྡོག་ངེས་པ་ཞིག་བྱའོ༔ དེ་ནས་ཕྱིའི་སྣང་བ་ཐམས་ཅད་རྣམ་པར་ཤེས་པ་ལ་ཐིམ་པས་དཀར་ལམ་མེ་བ་ཞིག་ཡིད་ལ་བྱའོ༔ སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ་མེ་བ་གློག་འཁྱུག་པ་ལྟ་བུ་ཡིད་ལ་བྱའོ༔ དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་སྣང་བ་མུན་རུབ་པ་ལྟ་བུ་ནག་ཐོམ་མེ་བ་ཡིད་ལ་བྱའོ༔ དེ་ནས་འཆི་བ་སྟེ་འཆི་ཁའི་དུས་སྦྱངས་པས་མངོན་ཞེན་ལྡོག་པར་བྱའོ༔ སླར་ཡང་ནམ་མཁའ་ལྟ་བུའི་དྭངས་ཤིང་གསལ་བའི་རང་བཞིན་ཡིད་ལ་བྱས་ཏེ་སྟོང་གསལ་བརྡལ་ཁྱབ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པ་ནི་གཞིའི་འོད་གསལ་མངོན་དུ་བྱེད་པའོ༔ སླར་ཡང་མིག་ལ་གསེང་རས་བཀབ་སྟེ་འོད་ལྔའི་སྣང་བ་ལ་མཉམ་པར་བཞག་ནས་སྡོད་པ་ནི་ཆོས་ཉིད་བར་དོའི་སྣང་བ་སྦྱོང་བའོ༔ སླར་ཡང་སྲིད་པ་བར་དོའི་སྣང་བ་ཡིད་ལ་བྱས་ནས་གང་བསམ་ཐམས་ཅད་ཀྱི་ཡུལ་དུ་ཐོགས་མེད་དུ་འགྲོ་བའི་འདུན་པ་བྱས་ཏེ་ཡུན་ཅིག་སྡོད་པ་དང་༔ མཐར་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་མང་པོས་སྐེ་ལ་ཞགས་པ་བསྐོན་མཚོན་ཆ་སྣ་ཚོགས་པས་བརྡེག་ཚད་བྱེད་ཅིང་རང་དབང་མེད་པར་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་ཆེན་པོས་རྒྱབ་ནས་དེད་ཅིང་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་སར་སླེབ་པས༔ ཆོས་ཀྱི་རྒྱལ་པོའི་མདུན་ན་ལས་མཁན་ཆེན་པོ་འདོད་ཆགས་སྤྲེའུའི་མགོ་ཅན༔ གཏི་མུག་གླང་གི་མགོ་ཅན༔ ཞེ་སྡང་སྦྲུལ་གྱི་མགོ་ཅན་གསུམ་གྱིས་ལས་རྡེའུ་འགྲིམ་པའི་རྒྱ་མ་དང་༔ ལེགས་ཉེས་གསལ་བའི་མེ་ལོང་༔ གྲངས་ཤན་འབྱེད་པའི་ཡིག་ཆུང་གསུམ་ཐོགས་ནས་སྡོད་པའི་མཐའ་བསྐོར་དུ་ལས་མཁན་མགོ་བརྙན་ཅན་བསམ་གྱིས་མི་ཁྱབ་པས་བསྐོར་ནས་ཡོད་པའི་མདུན་སར༔ རང་གི་གཡས་སུ་ལྷན་ཅིག་སྐྱེས་པའི་ལྷ་བུ་དཀར་པོ་དང་༔ གཡོན་དུ་མཉམ་པོར་འགྲོགས་པའི་བདུད་ནག་པོ་གཉིས་ཀས་རིམ་པ་བཞིན་དུ་དགེ་སྡིག་གི་ཡིན་ལུགས་ཆོས་ཀྱི་རྒྱལ་པོ་ལ་ཞུས་པས༔ ནག་པོའི་རྒྱལ་ཁ་ཐོབ་ནས༔ མཐར་ཆོས་ཀྱི་རྒྱལ་པོ་ན་རེ༔ ལས་ཀྱི་རྡེའུ་དཀར་ནག་རྒྱ་མར་ཐེག་ཅིག་ཅེས་ལྷ་བདུད་བུ་ཆུང་གཉིས་ཀྱིས་གཞལ་བ་གླང་མགོ་ཅན་གྱིས་བརྟག་པས་ནག་པོའི་རྒྱ་མ་ལྡོག་པ་དང་༔ མེ་ལོང་ལ་བལྟས་པས་ཉེས་པའི་དབང་བསྒྱུར་བ་དང་༔ ཡིག་ཆུང་ལ་བལྟས་པས་མི་དགེ་བའི་ལས་ཤིན་ཏུ་ཆེ་བའི་ཚུལ་ཤར་བས༔ དེ་མ་ཐག་ཏུ་ཆོས་ཀྱི་རྒྱལ་པོས་མི་འདིས་འཇིག་རྟེན་གྲང་ང་ཁམས་ན་དཀར་པོའི་དགེ་བ་དུག་ལྟར་སྤངས་ནག་པོའི་སྡིག་པ་སྨན་ལྟར་སྤྱད་པའི་རྣམ་པར་སྨིན་པ་ཐོག་ཏུ་ཕོབ་ཅིག༔ ཚ་བའི་དམྱལ་ཁམས་སུ་སྐྱོལ་ཅེས་པའི་གསུང་བསྒྲག་པས༔ ལས་མཁན་རྣམས་ཀྱིས་ཉེས་ཅན་བཙོན་དུ་བཟུང་བ་ལྟར་སོད་སོད་ཆོད་ཆོད་ཀྱི་སྒྲ་དྲག་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུས་སེམས་ཅན་མང་པོ་དེད་ཁྲིད་བྱས་ཏེ་དམྱལ་བར་བསྐྱལ༔ དེར་ཁོར་ཡུག་ཐམས་ཅད་ལྕགས་སྲེག་གི་ས་གཞི་སུབ་དང་མཚམས་མེད་པ་བར་སྣང་ཐམས་ཅད་མེ་ལྕེའི་རང་བཞིན་འབར་འཁྲིགས་གཡོ་བའི་ནང་དུ༔ ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་མཐོང་སྟེ་མཚོན་ཆ་སྣ་ཚོགས་ཀྱིས་བརྡེག་རེས་བྱས་ནས་ཤི་སོས་བྱེད་པ་ཡང་སོས་དང་༔ ལུས་ལ་ཐིག་བཏབ་སྟེ་ལྕགས་སྲེག་གི་སོ་ལེས་དྲ་གཤགས་བྱེད་པ་ཐིག་ནག་དང་༔ ལྕགས་སྲེག་གི་གཏུན་ཁུང་དུ་བླུག་ནས་ལྕགས་སྲེག་གི་གཏུན་བུས་བརྡུང་བ་བསྡུས་འཇོམས་དང་༔ ལྕགས་སྲེག་གི་ཁང་པ་སྒོ་མེད་པར་ཆུད་ནས་སྡུག་བསྔལ་བ་ངུ་འབོད་དང་༔ ལྕགས་སྲེག་གི་ཁང་པ་ཉིས་རིམ་དུ་བཙུད་ནས་བསྲེགས་པ་ངུ་འབོད་ཆེན་པོ་དང་༔ ལྕགས་ཀྱི་གསལ་ཤིང་མེ་འབར་བ་རྩེ་གསུམ་པས་ཐལ་མར་འབིག་པ་ཚ་བ་དང་༔ ལྕགས་ཟངས་ཁྲོ་ཆུར་འཚོད་པ་རབ་ཏུ་ཚ་བ་དང་༔ ལྕགས་ཀྱི་མགལ་མེ་དང་ལྷན་ཅིག་ཏུ་བསྲེག་པ་མནར་མེད་པའི་དམྱལ་བའི་བར་གྱི་སྡུག་བསྔལ་ཐམས་ཅད་བློ་ཐོག་ཏུ་བླངས་ཏེ་དེ་དག་གི་ངག་སྒྲ་དང་རྣམ་འགྱུར་བྱ་བྱེད་སྣ་ཚོགས་དངོས་སུ་སྤྱད་ནས་ཡ་ང་བ་དང་ཡི་མུག་པར་བྱེད་པ་རྣམས་ནི་སེམས་རུ་ཤན་དབྱེ་བ་དང་༔ ལུས་འགྲེ་ལྡོག་འཕར་ལྡང་ཡན་ལག་འཕེན་སྡུད་བྱེད་པ་རྣམས་ལུས་རུ་ཤན་དབྱེ་བ་དང་༔ ངག་ནས་ཆོ་ངེ་འོ་དོད་དྲག་པོ་འདོན་པ་རྣམས་ནི་ངག་རུ་ཤན་འབྱེད་པའི་ཐབས་སོ༔ གྲང་བའི་དམྱལ་བ་ལ་ས་གཞི་ཁོར་ཡུག་ཐམས་ཅད་ཆབ་རོམ་དང་གྲང་ལྷག་བུ་ཡུག་གིས་སྒྲེབ་པ༔ ཆུ་བུར་ཅན་དང་༔ ཆུ་བུར་རྡོལ་བ་ཅན་དང་༔ ཨ་ཆུ་ཟེར་བ་དང་༔ ཀྱི་ཧུད་ཟེར་བ་དང་༔ སོ་ཐམ་ཐམ་པ་དང་༔ པདྨ་ལྟར་གས་པ་དང་༔ ཨུཏྤལ་ལྟར་གས་པ་དང་༔ པདྨ་ཆེན་པོ་ལྟར་གས་པ་སྟེ་གྲང་དམྱལ་བརྒྱད་དང་༔ ཉི་ཚེ་ཉེ་འཁོར་ལ་སོགས་པའི་སྡུག་བསྔལ་བློ་ཐོག་ཏུ་བླངས་ཏེ་དེ་དག་གི་རྣམ་འགྱུར་ངག་གིས་སྒྲ་སྐད་དང་༔ ལུས་ཀྱིས་འགྲེ་ལྡོག་གཡོ་འགུལ་སྣ་ཚོགས་པ་བར་མ་ཆད་པར་བྱས་ཏེ་སྡུག་བསྔལ་གྱིས་རྒྱུད་སློང་བ་ཙམ་སྦྱང་བར་བྱ་བ་དང་༔ དེ་བཞིན་དུ་ཡི་དྭགས་ཀྱི་བཀྲེས་སྐོམ་དང་༔ དུད་འགྲོའི་བཀོལ་སྤྱོད་གསོད་གཅོད་ལ་སོགས་པ་དང་༔ མིའི་སྐྱེ་རྒ་ན་འཆི༔ ལྷ་མ་ཡིན་གྱི་འཐབ་རྩོད་དང་༔ ལྷ་འཆི་འཕོ་ལྟུང་བ་ལ་སོགས་པའི་རྣམ་འགྱུར་ལུས་གཅུ་བ་དང་༔ མཆོང་བ་དང་༔ རྒྱུག་པ་དང་༔ འཕར་ལྡང་འགྲོ་སྡོད་ཡན་ལག་འཕེན་སྡུད་སོགས་དང་༔ ངག་གིས་བརྗོད་པ་སྣ་ཚོགས་པ་དང་༔ སེམས་ཀྱིས་བདེ་སྡུག་མྱོང་ཚོར་སྣ་ཚོགས་བློ་ཐོག་ཏུ་བླངས་ཏེ་རྒྱུད་ལ་མྱོང་བར་བྱ་བ་རྣམས་བར་དོ་སྦྱོང་བའི་རིམ་པའོ༔ འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟར་སྐྱུག་ལོག་པར་བྱེད་པ་ཙམ་གྱི་བར་དུ་སྦྱངས་པས་གནས་སྐབས་སུ་འཁོར་བ་ལ་ཞེན་པ་ལོག་ནས་དམ་པའི་ཆོས་ལ་བརྩོན་པར་འགྱུར་བ་དང་༔ མཐར་ཐུག་འཁོར་བ་དོང་ནས་སྤྲུགས་པའི་རྒྱུ་བྱེད་པར་འགྱུར་རོ༔ བར་དོའི་སྣང་བ་རྒྱུད་ལ་བླངས་ནས་བློ་མ་སྦྱོང་ན་ངེས་འབྱུང་གཏིང་ནས་སྐྱེ་བར་མི་འགྱུར་བས་འདི་བཞིན་རང་གི་རྒྱུད་ཐོག་ཏུ་མ་བླངས་པར་འཆི་བ་དང་འཁོར་བའི་སྡུག་བསྔལ་བཤད་པ་ཐོས་ཀྱང་ཡུལ་གཞན་ཞིག་ཏུ་དེ་ལྟར་ཡོད་པའི་ཚུལ་བཤད་པ་ཙམ་ལས་དོན་རྒྱུད་ལ་འབྱོར་པ་ཉིན་སྐར་ཙམ་ལས་མེད་པས༔ རང་གི་རྒྱུད་ལ་བཀལ་ནས་སྣང་བ་སྦྱང་ན་དོན་རྒྱུད་ལ་འབྱོར་ངེས་པ་ཡིན་པས་བློ་སྦྱོང་བ་འདི་གནད་དུ་ཟུངས་ཤིག༔ དེ་ལྟར་འཁོར་བའི་སྣང་བ་ཐམས་ཅད་རྒྱུད་ཐོག་ཏུ་བཀལ་ནས་ཡང་ཡང་སྦྱངས་པའི་མཐར༔ རང་གི་སྣང་བ་སྐད་ཅིག་གིས་གནས་སུ་འགྱུར་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ས་གཞི་ཐམས་ཅད་རི་འབར་འབུར་དང་༔ འོབས་གཤང་གཤོང་དང་རྡོ་གསེག་མ་ཅན་དང་ཤིང་ཚེར་མ་ཅན་ལ་སོགས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་ངོས་འཇམ་ཞིང་ཁོད་སྙོམས་པ་གཞོན་ནུ་མའི་ལག་མཐིལ་ལྟ་བུ་དང་༔ རྒྱ་ཆེ་ལ་ཁྱོན་ཡངས་པ་ཚད་ནམ་མཁའི་མཐའ་དང་མཉམ་པ་མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤང་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་པའི་མེ་ཏོག་པདྨོ་བཞད་པས་ས་གཞི་ཡོངས་སུ་ཁེབས་པ༔ ནམ་མཁའ་ལ་འཇའ་དང་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ འདོད་ཡོན་མཆོད་པའི་སྤྲིན་རྒྱ་མཚོ་དབྱར་གྱི་ན་བུན་ལྟ་བུར་འཕྱོ་ཞིང་བར་སྣང་གི་སྤྲིན་ཕུང་བཞིན་དུ་གཏིབས་པ༔ དག་བྱེད་ཀྱི་ཆུ་མིག་དང་༔ བདུད་རྩི་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུ་དང་༔ དཔག་བསམ་གྱི་ཤིང་དང་༔ མཛེས་ཤིང་ཡིད་དུ་འོང་བའི་བྱ་རིགས་དང་༔ རི་དྭགས་ཅང་ཤེས་པ་སྣ་ཚོགས་པ་དང་༔ སྤྲུལ་པའི་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ ཞི་བ་བསིལ་བ་དྭངས་པ་རྙོགས་པ་དང་བྲལ་བ༔ གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ རྒྱན་དང་གོས་ཀྱིས་མཛེས་ཤིང་ཡིད་དུ་འོང་བ༔ ས་གཞིར་དལ་གྱིས་འགྲོ་བས་མེ་ཏོག་པདྨོ་མི་གཅོག་པའི་འཁོར་བསམ་གྱིས་མི་ཁྱབ་ཅིང་གྲངས་ཀྱིས་མི་ལང་བའི་དབུས་སུ་ཆོས་འཆད་པའི་ཁྲི་སྟན་དང་བཅས་པའི་སྟེང་དུ༔ རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གྱི་རི་བོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུའི་འོད་འབར་བ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་༔ ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ༔ ཞི་ཞིང་འཛུམ་བག་ཅན་ཆོས་གོས་རྣམ་གསུམ་གྱིས་ཀླུབས་པ༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ༔ བ་སྤུ་རེ་རེའི་རྩེ་ནས་འོད་ཟེར་བྱེ་བ་འབུམ་ཕྲག་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྲོས་པས་ཁམས་གསུམ་གྱི་གནས་རིས་ཐམས་ཅད་ཁྱབ་སྟེ་འོད་ཟེར་རེ་རེའི་རྩེ་ལ་སེམས་ཅན་རང་རང་གི་རིགས་དང་སྐད་དང་རྣམ་འགྱུར་སྣ་ཚོགས་པའི་སྐུའི་འོད་ཟེར་ཆེན་པོས་རང་རང་གི་རྒྱུད་ཀྱི་མི་ཤེས་པའི་རྨོངས་པ་ཐམས་ཅད་མུན་ཁམས་ལ་ཉི་མ་ཕོག་པ་ལྟར་སངས་ཏེ་ཆོས་བསྟན་པས་རྒྱུད་ཐུལ་ནས་ཆོས་ལ་ཚུད༔ ཐམས་ཅད་བྱང་ཆུབ་སེམས་དཔའ་དང་སེམས་མའི་རོལ་པར་གྱུར་ནས་བདག་གིས་བཀོད་པའི་ཞིང་ཁམས་སུ་ལྷགས་ཏེ་ཆོས་ཉན་པར་བསམ་ལ་ཤེར་ཕྱིན་སྙིང་པོ་སོགས་འདོན་ཞིང་ཆོས་འཆད་པས༔ ཐམས་ཅད་ཀྱིས་དོན་དམ་པའི་དབྱིངས་ཆེན་པོ་རིག་སྟེ་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོའི་དབྱིངས་སུ་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་སངས་རྒྱས་ནས་ཁམས་གསུམ་འཁོར་བ་ཐམས་ཅད་སྟོང་པར་བསམ་ལ་མཉམ་པར་བཞག་པས་ཞིང་ཁམས་འབྱོངས་པའི་རྟེན་འབྲེལ་བསྒྲིགས་པ་དང་༔ གནས་སྐབས་སུ་དཀོན་མཆོག་གསུམ་གྱི་སྤྱོད་པ་སྤྱད་པས་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་རུ་མཐོང་ནས་ཕྱི་ནང་གསང་བའི་བར་ཆད་སེལ་ཞིང་༔ མཐར་ཐུག་ཞིང་ཁམས་དང་སྟོན་འཁོར་གྱི་རོལ་པར་འཕྲུལ་ནས་རང་དོན་ཆོས་སྐུ་མངོན་དུ་གྱུར་ཏེ་གཞན་དོན་རླབས་པོ་ཆེ་ཤུགས་ཀྱིས་འབྱུང་བར་འགྱུར་རོ༔ དེ་ནི་སྒོ་གསུམ་ཕྱི་ལྟར་དུ་རུ་ཤན་དབྱེ་བ་ཞེས་བྱའོ༔ དེ་ནས་སྒོ་གསུམ་ནང་ལྟར་རུ་ཤན་དབྱེ་བ་ནི༔ རང་གི་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་འོད་ཐིག་བཀྲག་མེད་པའི་རྣམ་པར་གནས་པ་ལ་ལྷ་རུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་འོད་དཀར་བཀྲག་མེད་པའི་རྣམ་པར་འདུས་ནས་ས་བོན་ལ་ཐིམ་པར་བསམ་པ་དང་༔ མགྲིན་པའི་གནས་སུ་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོའི་རྣམ་པར་འོད་ཐིག་དང་བཅས་པ་གོང་ལྟར་གསལ་བ་ལ་ལྷ་མ་ཡིན་དུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་འོད་ལྗང་སེར་གྱི་རྣམ་པར་འདུས་ནས་སུ་ལ་ཐིམ་པར་བསམ་པ་དང་༔ སྙིང་ཁར་མི་ཡི་ས་བོན་ནྲྀ་སྔོ་སྐྱའི་རྣམ་པར་གནས་པ་ལས་འོད་འཕྲོས་པས་མིར་སྐྱེ་བར་བྱེད་པའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་བསྡུས་ཏེ་ནྲྀ་ལ་ཐིམ་པར་བསམ་པ་དང་༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག་ལའང་གོང་ལྟར་དུད་འགྲོར་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་ཐམས་ཅད་བསྡུས་ཏེ་ཏྲི་ལ་ཐིམ་པར་བསམ་པ་དང་༔ གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ཐལ་སྐྱ་ལས་འོད་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་སྡུག་བསྔལ་དང་བཅས་པ་ཐམས་ཅད་བསྡུས་ཏེ་པྲེ་ལ་ཐིམ་པར་བསམ་པ་དང་༔ རྐང་མཐིལ་དུ་དམྱལ་བའི་ས་བོན་ཡི་གེ་དུ་ཡིག་ནག་པོ་འོད་དང་བཅས་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གནས་པའི་དམྱལ་བར་སྐྱེ་བྱེད་ཀྱི་རྒྱུ་ལས་ཉོན་སྡིག་སྒྲིབ་བག་ཆགས་སྡུག་བསྔལ་དང་བཅས་པ་ཐམས་ཅད་ལྷག་མ་རྗེས་ཤུལ་ཙམ་ཡང་མ་ལུས་པར་འོད་ནག་པོའི་རྣམ་པར་བསྡུས་ཏེ་ས་བོན་ལ་ཐིམ་པར་བསམ་པ་སྦྱང་བྱ་ཡིན་ནོ༔ ཡང་རང་གི་སྤྱི་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ་ཉི་མ་འབུམ་གྱི་འོད་ལས་ལྷག་པར་འབར་བ་ལས་འོད་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་བསྡུས་ཏེ་ཨོཾ་ལ་ཐིམ༔ མགྲིན་པར་གསུང་གི་ས་བོན་ཨཱཿདམར་པོ་ལས་འོད་ཟེར་གོང་ལྟར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་འདུས་ནས་ཨཱཿལ་ཐིམ༔ སྙིང་གར་ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག་འོད་དང་འོད་ཟེར་འབར་བ་ལས་འོད་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དང་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་མཐིང་ནག་གི་རྣམ་པར་བསྡུས་ཏེ་ཧཱུྃ་ལ་ཐིམ་པར་བསམ༔ དེ་ནས་སྦྱོང་བྱེད་རྡོ་རྗེའི་སྙིང་པོ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་མེ་ལྕེའི་རྣམ་པར་རབ་ཏུ་འབར་བས་དམྱལ་བའི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་སྟེ་ཨོཾ་ཨཱཿཧཱུྃ་བརྗོད་ཅིང་༔ དེ་བཞིན་དུ་འཁོར་བ་ལུགས་ལྡོག་ཏུ་བསྲེག་པ་དང་༔ ཡང་ལུགས་འབྱུང་དུ་བསྲེག་པར་བྱས་ཏེ་ཤེས་པ་གཞན་དུ་མ་ཡེངས་མི་ཚིག་གིས་བར་མ་ཆོད་སྟན་གྱི་དྲོད་མ་ཡལ་བར་བསྒོམ་བཟླས་བྱ་བ་གནད་དུ་ཤེས་པར་བྱའོ༔ མཐར་འོད་ཆེར་མཆེད་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས་ནས་རང་ལུས་འཇའ་ཚོན་ནམ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟར་འོད་ཀྱི་ཕུང་པོར་གསལ་ལ་ཡང་བཟླའོ༔ སྦྱང་གཞིའི་ས་བོན་རེ་རེ་བཞིན་འབྲུ་གསུམ་རྡོ་རྗེའི་བཟླས་པ་འབུམ་ཕྲག་རེ་ཁ་སྐོང་དང་བཅས་པ་འབུམ་ཕྲག་བདུན་དུ་བཟླ་བར་བྱའོ༔ དེ་ལྟར་ཤེས་པ་གཞན་དུ་མ་ཡེངས་པར་བསྒོམ་པ་དང་༔ འཁྱལ་ཚིག་གིས་བར་མ་ཆད་པར་རྩེ་གཅིག་ཏུ་བཟླས་པས་དངོས་ཉམས་རྨི་ལམ་རྣམས་སུ་ནམ་མཁའ་གཡའ་དག་པ་དང་༔ ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་༔ རི་རྒྱལ་རྩེ་མོ་དགུང་ལ་བསྙེགས་པའི་རྩེར་ཕྱིན་པ་དང་༔ མཁའ་ལ་འཕུར་བ་དང་༔ ལུས་ལས་རྣག་ཁྲག་ཆུ་སེར་འཛག་པ་དང་༔ འབུ་སྲིན་མང་པོ་ལུས་ནས་ཕྱིར་དོན་པ་དང་༔ གནས་ཁང་བསམ་བཞིན་དུ་མེ་ལ་བསྲེགས་པ་དང་༔ ཞིང་ཁམས་སྣང་ཞིང་ལྷ་ཞལ་མཐོང་བ་རྣམས་ནི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པའི་ལྟས་སུ་འཆར་བ་ཡིན༔ དེ་ལྟར་རུ་ཤན་དབྱེ་བ་ཞེས་བྱ་བ་ནི་རང་གི་གཞི་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པ་ལ་ཁམས་གསུམ་གྱི་བག་ཆགས་ཀྱི་དྲི་མས་བསླད་ཅིང་འདྲེས་པ་ལས༔ འཁོར་བ་དབྱིངས་སུ་སྦྱངས་ཏེ་སྐུ་གསུམ་མངོན་དུ་བྱས་ནས་རུ་ཤན་དབྱེ་བ་ཡིན་ལ༔ ལུས་བསྐྱེད་པའི་ས་བོན་བསྲེག་སྟེ་སྐུ་རྡོ་རྗེ་མངོན་དུ་བྱེད་པ་ལུས་ཀྱི་རུ་ཤན༔ ངག་གིས་སྔགས་བཟླས་ཏེ་གསུང་རྡོ་རྗེ་མངོན་དུ་བྱེད་པ་ངག་གི་རུ་ཤན༔ སེམས་ཀྱི་འཁྲུལ་རྟོག་རྒྱུན་བཅད་དེ་བསྐྱེད་བསྒོམ་བྱ་བ་སེམས་ཀྱི་རུ་ཤན་ཞེས་བྱ་བ་ཡིན་ནོ༔ དཔེར་ན་དྭངས་སྙིགས་ཕྱེས་ཏེ་སྙིགས་མ་ཕྱིར་དོར་ནས་དྭངས་མ་རང་གིས་བཅང་པ་ལྟ་བུར་དྭངས་སྙིགས་འབྱེད་པའི་ཚུལ་ལོ༔ དེ་ལྟར་རུ་ཤན་ནང་ལྟར་ཕྱེས་པས་གནས་སྐབས་སུ་བག་ཆགས་དང་སྒྲིབ་པ་དག་ནས་ཚེ་དང་ཆོས་ལ་གེགས་དང་བར་ཆད་མེད་པ་དང་༔ མཐར་ཐུག་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སངས་རྒྱས་པར་འགྱུར་རོ༔ དེ་རྫོགས་པའི་རྗེས་སུ་གསང་བ་ལྟར་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བར་བྱ་སྟེ༔ དེ་ལ་དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་ནས་ཁྱབ་བརྡལ་ནམ་མཁའི་རང་བཞིན་དུ་འབྱམས་ཀླས་པར་བསམ་ལ་ཅུང་ཟད་མཉམ་པར་བཞག༔ དེ་ནས་ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར་གྲུ་མོ་ཕྱིར་བསྒྲད༔ རྐང་པ་གཉིས་མཐིལ་སྤྲད་ནས་པུས་ཕྱིར་བསྒྲད་ཅིང་འདུག་པ་ལ་སྐད་ཅིག་གིས་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ་སྟེ༔ ཡར་རྩེ་གསུམ་གྱི་དབུས་མ་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་མཚོན་བྱེད༔ གཡས་པ་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་མཚོན་བྱེད༔ གཡོན་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཀྱི་མཚོན་བྱེད་དུ་ཤེས་པར་བྱའོ༔ མར་རྩེ་གསུམ་ཡང་དབུས་མ་ཆོས་སྐུ༔ གཡས་པ་ལོངས་སྐུ༔ གཡོན་པ་སྤྲུལ་སྐུའི་མཚོན་བྱེད་དུ་ཤེས་པར་བྱ་ཞིང་༔ དེ་ཡང་ཡེ་ཤེས་ཀྱི་རང་གདངས་མེ་དཔུང་འབར་བའི་རྣམ་པར་གསལ་ཏེ་ཤེས་པ་གཞན་དུ་མ་ཡེངས་པར་ཡུན་ཅི་རིགས་པར་མཉམ་པར་བཞག་པར་བྱའོ༔ སླར་ཡང་དེ་ལྟར་སྡོད་མི་ཚུགས་པའི་དུས་སུ་དམིགས་པ་འདུག་སྟངས་སྔར་ལྟར་བྱས་ཏེ་གན་རྐྱལ་དུ་སྡོད་པ་དང་༔ ཙོག་པུར་སྡོད་པ་རྣམས་གནད་དུ་བཟུང་བ་རེས་མོས་སུ་བྱའོ༔ དེ་ལྟར་ཡུན་རིང་པོར་ནན་དུ་བསྒོམ་པའི་སྟོབས་ཀྱིས་ལུས་རྡོ་རྗེ་མེ་འབར་བར་མཐོང་ནས་བདུད་བགེགས་ཐམས་ཅད་དཔག་ཚད་བདུན་ཚུན་ཆད་ལ་ཉེ་མི་ནུས་པ་དང་༔ མཐར་ལུས་རྡོ་རྗེ་སྐུའི་རང་བཞིན་དུ་འཚང་རྒྱ་བར་འགྱུར་རོ༔ གཉིས་པ་ངག་རུ་ཤན་དབྱེ་བ་ལས༔ དང་པོ་རྒྱས་གདབ་པ་ལ༔ ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ རང་གི་ཁ་ནས་ཧཱུྃ་ཡིག་མཐིང་ག་ནས་རིམ་པར་དཀར་སེར་དམར་ལྗང་གི་རྣམ་པར་འཕྲོས་པས་ནམ་མཁའི་གར་ཁྱབ་ཐམས་ཅད་ཧཱུྃ་གིས་ཡོངས་སུ་གང་ཞིང་ཁྱབ་ནས་ས་ཆུ་མེ་རླུང་འབྱུང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་གྱུར་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་པ་དང་༔ ནང་རང་ལུས་ལ་རྒྱས་གདབ་པ་ནི༔ ཕྱི་རོལ་གྱི་ཧཱུྃ་ཐམས་ཅད་གཅིག་ནས་རིམ་པ་བཞིན་དུ་ཚུར་འདུས་ཏེ་རང་གི་ཁ་ནས་ཞུགས༔ ལུས་ནང་ཐམས་ཅད་ཧཱུྃ་གིས་གང་ནས་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་ཀྱི་ལུས་ཐམས་ཅད་ཧཱུྃ་རྡུལ་ཕྲན་གྱི་ཆ་ཙམ་ཚོགས་པས༔ རང་ལུས་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་གཏུམ་རབ་ཏུ་འཇིགས་པ༔ གཡས་རྡོ་རྗེ་དང་སྦྲུལ་ཞགས་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་བར་བསྒོམ་ལ༔ ཕྱི་ནང་རྒྱས་འདེབས་ཐམས་ཅད་ལ་ཧཱུྃ་གི་གླུ་དལ་བུར་སྙན་པའི་དབྱངས་ཀྱིས་ལེན་ནོ༔ དེས་སྣང་བ་སྒྱུ་མ་ལྟ་བུར་རྟོགས་པ་དང་༔ རང་ལུས་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ༔ སླར་ཡང་རྩལ་སྦྱང་བ་ལ་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི༔ རང་གི་ཁ་ནས་ཧཱུྃ་མཐིང་ནག་ཁྲུ་གང་བ་རྣོ་མྱུར་གྱིས་ཤུགས་དང་ལྡན་པ་ཞིག་ཐོག་ལྟར་སོང་ནས་རི་བྲག་ས་རྡོ་ཐོག་རེག་གི་གནས་སུ་གྱུར་པ་ཐམས་ཅད་ལ་བབས་པས་ཁྲལ་ཁྲོལ་ཁལ་ཁོལ་མེད་པར་ཕུག་ནས་རྗེས་ཤུལ་ཙམ་ཡང་མ་ལུས་པར་ཐམས་ཅད་ནམ་མཁའ་སྟོང་ཉིད་དུ་བསྒྱུར་བར་བསམ་པའི་ངང་ནས་ཧཱུྃ་དྲག་པོ་བཅད་ཐོན་པར་བརྗོད༔ ཡང་ཅི་ཡང་མི་དམིགས་པར་ངལ་གསོ༔ ནང་རང་ལུས་ལ་རྩལ་སྦྱང་བ་ནི༔ རང་གི་ལུས་ཐ་མལ་དུ་གནས་པའི་ངང་ནས་ཧཱུྃ་མཐིང་ནག་མཐོ་གང་བ་ཞིག་བྱུང་སྟེ་ལུས་ཕྱི་ནང་ཐལ་མར་ཕུག་ནས་ཕར་ཕུག་ཚུར་ཕུག་བར་དང་མཚམས་སྲུབ་ཀོལ་ཚེ་ཙམ་མེད་པར་ཕུག་ནས་སྟོང་པ་ཅི་ཡང་མེད་པའི་ངང་ལ་བཤིག་པར་བསམ་ཞིང་ཧཱུྃ་སྒྲ་དྲག་ལ་བཅད་ཐོན་པ་གྲངས་མང་པོ་བརྗོད་པས༔ ལུས་ཀྱི་ཤ་ཁོལ་བུར་འཕར་བ་དང་༔ སྐྲང་པ་བྱུང་ན་ནང་རང་ལུས་ལ་རྩལ་འབྱོངས་པའི་རྟགས་ཡིན་ནོ༔ དེས་སྣང་བ་རང་བཞིན་མེད་པར་རྟོགས་པ་དང་༔ དངོས་འཛིན་གྱི་འདྲེ་བདུད་ཐུལ་ནས་སྟོང་ཉིད་བཙན་ཐབས་སུ་རྟོགས་པའི་དགོས་པ་ཡོད་དོ༔ དེ་ནས་མཉེན་བཙལ་བ་ནི༔ སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ནས་རང་གི་སྙིང་གར་ཧཱུྃ་མཐིང་ནག་གཅིག་བསྒོམ་སྟེ་དེ་ལས་ཧཱུྃ་མཐིང་ནག་འོད་ཟེར་གྱི་ཐག་པས་འབྲེལ་བ་མང་པོ་ཁ་ནས་ཐོན་ཏེ་མདུན་གྱི་ཤིང་བུ་སོགས་དམིགས་རྟེན་གྱི་རྩ་བ་ནས་གཡས་དཀྲིས་སུ་དཀྲིས་ཏེ་སྔ་མ་དེ་དམིགས་རྟེན་གྱི་རྩེ་མོར་འགྲེངས་སྟབས་སུ་གནས་པ་ལ་ཤེས་པ་མདུང་ཚུགས་སུ་གཏད་ནས་ཧཱུྃ་གི་གླུ་དལ་བུས་སྙན་པའི་དབྱངས་ཀྱིས་ལེན་པ་དང་༔ རིམ་པ་བཞིན་དུ་སླར་ལུགས་སུ་ལྡོག་པ་ལའང་ཤེས་པ་འཇུར་ལ་དྲངས་ནས་མཐར་སྙིང་གར་བསྡུས་ཏེ་ངལ་གསོ་བ་དང་༔ ཡང་ཧཱུྃ་དཀར་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ ལྗང་གུ་རྣམས་རེས་མོས་སུ་གསལ་ལ་ཡང་ཡང་སྦྱངས་པས་གནས་སྐབས་སུ་རྩ་ལས་སུ་མི་རུང་བའི་གེགས་སེལ་བ་དང་༔ མཐར་རླུང་སེམས་གཉིས་ལ་དབང་བསྒྱུར་བའི་དགོས་པ་ཡོད་དོ༔ ཡང་རང་ཉིད་ཕྱག་ན་རྡོ་རྗེ་མཐིང་ནག་ཁྲོ་ཞིང་གཏུམ་པ་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་ཕྱར་ཞིང་གཡོན་སྡིགས་མཛུབ་ཀྱིས་སྦྲུལ་ཞགས་བསྣམས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་རྡུལ་འཚུབས་པ་ལྟར་འཕྲོས་པས༔ འཁོར་འདས་ཀྱིས་བསྡུས་པའི་སྣང་བ་སྣོད་བཅུད་འདོད་ཡོན་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་ལན་ཚྭ་ཆུར་ཞུ་བ་བཞིན་ཧཱུྃ་ཡིག་རྣམས་ལ་ཐིམ་ནས་སླར་ཡང་ཚུར་འདུས་པ་རང་གི་ཁ་ནས་ཞུགས་ཏེ་ལུས་གང་བས་ལུས་ཇེ་ཆེར་སོང་ནས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསམ་པ་དང་༔ འཁོར་འདས་ཐམས་ཅད་དུ་ཧཱུྃ་སྤྲོས་པ་ན་བུན་འཐིབ་པ་ལྟ་བུས་ཡོངས་སུ་གང་བར་བསམ་ཞིང་དུས་དང་བསྟུན་ཏེ་དཀར་སེར་དམར་ལྗང་གི་རྣམ་པར་ཁ་བསྒྱུར་བ་དང་ཤེས་པ་གཞན་དུ་མ་ཡེངས་པ་གནད་དུ་ཤེས་པར་བྱའོ༔ དེས་གནས་སྐབས་སུ་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པ་དང་༔ མཐར་ཐུག་ལུས་རྡུལ་ཕྲན་དུ་དེངས་ནས་རིག་པ་ཆོས་ཀྱི་སྐུར་གྲོལ་བར་བྱེད་པའི་དགོས་པ་ཡོད་དོ༔ དེ་ནས་ལམ་དུ་གཞུག་པ་ནི༔ རང་ལུས་ཧཱུྃ་ཡིག་དཀར་པོ་མེ་འབར་བ་ཞིག་ཏུ་གྱུར་ནས་ས་ལ་མཐོ་གང་མ་རེག་པའི་ས་ནས་ཕར་འཁྱོགས་ཚུར་འཁྱོགས་ཀྱིས་འགྲོ་ཞིང་རི་རབ་གླིང་བཞི་གླིང་ཕྲན་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་དུ་རིམ་བཞིན་འགྲོ་བར་བསམ་པ་དང་༔ སླར་ཡང་དཔག་ཆེན་གྱིས་མདའ་འཕང་བ་ལྟར་ཤར་ཕྱོགས་མངོན་པར་དགའ་བ༔ ལྷོ་ཕྱོགས་དཔལ་དང་ལྡན་པ༔ ནུབ་ཕྱོགས་བདེ་བ་ཅན༔ བྱང་ཕྱོགས་ལས་རབ་རྫོགས་པ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་རྣམས་སུ་རིམ་བཞིན་འགྲོ་ཞིང་སངས་རྒྱས་རིགས་ལྔའི་ཞལ་མཐོང་གསུང་ཐོས་ལུང་བསྟན་དབང་ནོད་པར་བསམ་པའི་ངང་ནས་ཧཱུྃ་གི་གླུ་སྙན་ལ་རིང་བར་བླང་བར་བྱའོ༔ དེས་འགྲོ་དོན་བྱེད་པ་དང་༔ ཞིང་ཁམས་འབྱོངས་པས་མཐར་ཐུག་དོན་དེ་ལྟར་འགྲུབ་པར་འགྱུར་རོ༔ གནས་སྐབས་སུའང་འཁོར་བའི་བྱ་བ་ཐམས་ཅད་ལ་སྐྱོ་ཞིང་སུན་ནས་ཞེན་པ་ལོག་པའི་གནད་ཡོད་དོ༔ དེ་ལྟར་ངག་གི་རུ་ཤན་དབྱེ་བ་ལ་བརྩོན་པས་ངག་རྡོ་རྗེ་གསུང་གི་རོལ་པར་སངས་རྒྱས་པར་འགྱུར་རོ༔ ངག་གི་སྐྱོན་ཐམས་ཅད་ཡུལ་མེད་དུ་སོང་ནས་དབྱངས་སྙན་པས་གཞན་ཡིད་འགུགས་པ་ཙམ་བྱུང་ན་འབྱོངས་པའི་རྟགས་ཡིན་ནོ༔ ད་ནི་ཡིད་རུ་ཤན་དབྱེ་བ་ལ་བརྩོན་པར་བྱ་བ་ནི༔ གནས་ཤིན་ཏུ་དབེན་པ་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་སར་ཕྱིན་ནས་སྔར་གྱི་སྦྱངས་པའི་བྱ་བྱེད་རྣམས་ཀྱིས་ལུས་རབ་ཏུ་དཀྲུགས་པས་འབྱུང་བ་འཁྲུག་པའི་གེགས་ཆེན་སེལ་ཕྱིར་དང་པོ་རྣལ་དུ་དབབ་པ་ལ༔ ལུས་དུར་ཁྲོད་ཀྱི་མི་རོ་རྟོག་མེད་ལྟ་བུར་གཡོ་འགུལ་མེད་པར་ཅི་བདེར་བཞག་པ་དང་༔ ངག་པི་ཝང་གི་རྒྱུན་ཐག་ཆད་པ་ལྟར་སྨྲ་བརྗོད་དང་བྲལ་བར་བཞག་པ་དང་༔ སེམས་ཡེ་ཡིན་ནམ་མཁའ་ལྟ་བུའི་ངང་དུ་བཟོ་མི་འཆོས་པར་བཞག་པ་སྟེ་སྡོད་པ་གསུམ་ལ་ཡུན་རིང་དུ་བཞག་གོ༔ དེས་ནི་འབྱུང་བ་འཁྲུགས་པའི་ནད་དང་རྐྱེན་ངན་ཐམས་ཅད་ཞི་ནས་སྒོ་གསུམ་རང་དལ་བར་འགྱུར་བ་དང་༔ མཐར་ཐུག་བྱར་མེད་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་དགོས་པ་ཡོད་དོ༔ དེ་ནས་སོར་གཞུག་པ་ནི༔ ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་སྒོ་ནས་མིག་སྣ་རྩེར་ཕབ་ལ་བྱུང་ཚོར་གྱི་རྟོག་པ་རང་ཁར་ཡན་ཏེ་མཉམ་པར་བཞག་པ་དང་༔ ཡང་བྱང་ཆུབ་སེམས་དཔའི་ལྟ་སྟངས་མིག་གཉའ་ཤིང་གང་ཙམ་དུ་བཞག་སྟེ་ཁྱབ་བརྡལ་གྱི་ཤེས་པ་མངོན་དུ་བྱས་ནས་སྡོད་པ་དང་༔ ཡང་ཁྲོ་བོའི་ལྟ་སྟངས་རྐང་པ་གྱད་ཀྱི་འདོར་སྟབས་སུ་བསྒྲད་དེ་གཡས་པས་སྡིགས་མཛུབ་ནམ་མཁའ་ལ་འཕང་བའི་རྗེས་སུ་ཤེས་པ་མདུང་ཚུགས་སུ་གཏད་ཏེ་ཁྲོ་བོའི་གད་རྒྱངས་ཧ་ཧ་ཞེས་སྒྲོགས་པ་དང་༔ གཡོན་པས་སྡིགས་མཛུབ་དཀུར་བརྟེན་པ་དང་༔ ཡང་གཡོན་པས་སྡིགས་མཛུབ་ནམ་མཁའ་ལ་འཕང་ནས་ཧི་ཧི་ཞེས་ཁྲོ་མོའི་གད་རྒྱངས་ཀྱི་གླུ་བླངས་ནས་སྣང་བ་གཏད་མེད་དུ་བཏང་ནས་བཞག་གོ༔ དེས་རིག་པ་ཆོས་ཉིད་ཀྱི་གདིང་ཆེན་པོར་དབང་འབྱོར་བར་བྱེད་པའོ༔ དེ་ལྟར་འཁོར་འདས་རུ་ཤན་ཕྱེས་པས་གསང་བ་བླ་ན་མེད་པའི་སྣོད་དུ་རུང་ཞིང་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འཕོ་བར་བྱེད་དོ༔ དེ་ཡང་ཞག་གྲངས་གཅིག་གཉིས་ཙམ་ལ་སྦྱངས་པའི་ཚུལ་བྱེད་པ་ཙམ་མ་ཡིན་པར་ཕྱི་ནང་གསང་བ་ལྟར་དུ་སྒོ་གསུམ་རུ་ཤན་དབྱེ་བ་ལ་ཞག་གྲངས་བརྒྱད་ཅུ་ལས་མི་ཉུང་བར་གནད་དུ་བསྣུན་ཏེ༔ དེ་ཡང་གོང་དུ་བརྗོད་པ་ལྟར་སྒོ་གསུམ་གྱི་ཉེས་སྐྱོན་སེལ་བ་དང་སྡིག་སྒྲིབ་དག་པའི་རྟགས་དང་ཡོན་ཏན་ཐམས་ཅད་མངོན་དུ་མ་གྱུར་གྱི་བར་དུ་སྦྱོང་བ་ནི་གནད་ཀྱི་སྙིང་པོར་གྱུར་པ་ཡིན་པས་དེ་ལྟར་ཡུན་རིང་པོར་ཉམས་སུ་བླང་བར་བྱ་བ་ལག་ལེན་ནོ༔ ད་ནི་དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ལ༔ དང་པོ་ཁྲེགས་ཆོད་ཀྱིས་གཞི་གཏན་ལ་དབབ་ནས་ཤེས་པ་དང་པོ་མ་དག་པ་ཡུལ་གྱི་རྣམ་པར་མཆེད་དེ་རྣམ་པར་རྟོག་པ་ཕྱི་མས་ཉེ་བར་བླང་ནས་འཁྲུལ་པ་ལས༔ ད་ཐོད་རྒལ་དུ་ཤེས་པ་དང་པོ་འོད་གསལ་གྱི་སྣང་བར་འཕོས་ཏེ་ཤེས་པ་རང་གི་ངང་མངོན་དུ་བྱས་པས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་ཞིག་ནས་ཡུལ་མེད་དུ་འགྲོ་བའི་ཚུལ་ཤེས་པ་ནི་ཐོད་རྒལ་གྱི་གནད་དམ་པ་མེད་དུ་མི་རུང་བ་ཡིན་པས་ཤེས་པར་མཛོད་ཅིག༔ གནད་འདི་མ་ཤེས་ན་ཐོད་རྒལ་ཇི་ཙམ་བསྒོམ་ཀྱང་གཟུང་འཛིན་གྱི་ལམ་དུ་གོལ་བར་འགྱུར་བ་ལས་རྣམ་པར་གྲོལ་བའི་ས་ལམ་བགྲོད་པར་མི་འགྱུར་རོ༔ དེ་ལྟར་འཁོར་འདས་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་མཐར་མ་དག་པ་འཁོར་བའི་སེམས་སྣང་ཐམས་ཅད་བཙན་ཐབས་ཉིད་དུ་འོད་གསལ་ཆོས་ཉིད་ཀྱི་རོལ་པར་འཕོ་བར་བྱེད་པས་ན་འཕོ་བ་ཆེན་པོའི་གདམས་པ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ལམ་འདིའི་འཇུག་སྒོ་ཇི་ལྟ་བ་བཞིན་དུ་ཤེས་པས་ཤེས་རབ་ཀྱི་མིག་ཡངས་པོས་ཆོས་ཉིད་ཡིད་དཔྱོད་ལས་འདས་པ་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་མངོན་དུ་བྱེད་ཅིང་༔ ལྐོག་གྱུར་གྱི་མུན་བསྒོམ་དང་བློ་ཡིད་ཀྱིས་བཅས་བཅོས་ལྟ་བུ་མ་ཡིན་པར་ཤེས་རབ་ཀྱི་མིག་གིས་ལྷུན་གྲུབ་རིན་པོ་ཆེ་དབྱིངས་ཀློང་འོད་གསལ་གྱི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་གདམས་པ་ཉམས་སུ་ལེན་པ་ལ༔ དང་པོ་ལུས་འདུག་སྟངས་ཀྱི་ཆིངས་ཀྱིས་མ་བཅིང་ན་དབྱིངས་དང་ཐིག་ལེ་རླུང་གི་ཆ་དང་བཅས་པ་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་འཐོར་ནས་མངོན་དུ་མི་འགྱུར་བ་ནི་དཔེར་ན་སྦྲུལ་མ་གཅུས་ན་རྐང་ལག་མི་མངོན་པ་ལས་དེ་གཅུས་ན་སྣང་བ་བཞིན་དུ་འདུག་སྟངས་ཉིད་ཤིན་ཏུ་གནད་ཆེ་བ་ཡིན་ནོ༔ དེ་ལ་དང་པོ་སེང་གེའི་འདུག་སྟངས་ནི༔ རྐང་པ་གཉིས་ཀྱི་མཐིལ་སྤྲད་དེ་མདུན་སར་བཞག་པའི་ནང་རྡོ་རྗེའི་ཁུ་ཚུར་ས་ལ་བཙུགས་ཏེ་སྟེང་གི་ནམ་མཁའ་ལ་གྱེན་དུ་ལྟ་བ་ནི་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་ཡིན་ནོ༔ ལོངས་སྐུའི་འདུག་སྟངས་ནི༔ པུས་མོ་དང་གྲུ་མོ་རྣམས་ས་ལ་བཙུགས་ཏེ་ལག་མཐིལ་གཉིས་ཀྱིས་འགྲམ་པ་བཏེགས༔ རྐང་མཐིལ་གཉིས་ཕྱིར་བསྟན་ཏེ་ལྟ་སྟངས་ཐད་དྲང་དུ་ལྟ་བ་ཡིན་ཡང་འོད་གསལ་གྱི་སྣང་བ་མངོན་དུ་མི་འགྱུར་ན་གཡས་གཡོན་སྟེང་འོག་ཏུ་རེས་མོས་སུ་བལྟས་ཏེ་ཇི་ལྟར་གསལ་བ་དེ་རུ་བཞག་པར་བྱ་བ་ཡིན༔ སྤྲུལ་སྐུའི་བཞུགས་སྟངས་ནི༔ རྐང་མཐིལ་གཉིས་ས་ལ་ཕབ་སྟེ་པུས་བྲང་སྦྱར་ཞིང་ལག་གཉིས་པུས་མོ་བཀབ་པས་སོར་མོ་རེ་མིག་ལྟར་བསྣོལ་ལ་རྒལ་པ་དྲང་པོར་བསྲངས་ནས་ལྟ་སྟངས་མཐུར་དུ་ཕབ་པ་ཡིན་ནོ༔ དེ་ལྟར་འདུག་སྟངས་ཀྱི་གནད་ནི་ཆོས་སྐུའི་བཞུགས་སྟངས་ཀྱིས་ཉོན་མོངས་པའི་རླུང་རང་མལ་དུ་བསྡམས་པའི་ཕྱིར་རྐང་མཐིལ་ཁ་སྦྱར༔ ཉོན་མོངས་པའི་རྒྱུ་ལམ་གཅོད་པའི་ཕྱིར་རྡོ་རྗེའི་ཁུ་ཚུར་སར་སྦུབས༔ ལྟ་སྟངས་གྱེན་དུ་གཟིར་བས་ཡེ་ཤེས་ཀྱི་མཐོང་ཕྱེ་བ་ཡིན༔ ལོངས་སྐུའི་བཞུགས་སྟངས་ཀྱི་རྐང་མཐིལ་ཕྱིར་བསྟན་པས་རླུང་བདེ་ལུགས་སུ་རྒྱུ༔ པུས་བྲང་སྦྱར་བས་ཚ་གྲང་ཆ་སྙོམས༔ ཚིགས་བཞི་ས་ལ་གཏད་པས་མ་དག་པའི་སྒོ་འཕར་བཀག༔ ལག་མཐིལ་གྱིས་འགྲམ་པ་བཏེགས་པས་བདེ་སྟོང་ཆ་སྙོམས༔ གཟིགས་སྟངས་ཐད་ཀར་བཞག་པས་ཡེ་ཤེས་རང་བབས་སུ་གསལ་བའོ༔ སྤྲུལ་སྐུའི་བཞུགས་སྟངས་ཀྱིས་ལས་རླུང་གི་རྩལ་གནོན་པའི་ཕྱིར་རྐང་མཐིལ་རླུང་གི་དཀྱིལ་འཁོར་གནོན་པར་བྱ་བ་དང་༔ བརླ་མེའི་དཀྱིལ་འཁོར་དང་ཕོ་བ་མེའི་དཀྱིལ་འཁོར་ཁ་སྦྱོར་བས་མ་དག་འཁོར་བའི་རླུང་རང་མལ་དུ་གསོད་པར་བྱེད་པ་དང་༔ པུས་མོ་ཆུའི་དཀྱིལ་འཁོར་དང་ལག་མཐིལ་མེའི་དཀྱིལ་འཁོར་ཁ་སྦྱར་བས་ཚ་གྲང་ཆ་སྙོམས་པ་དང་༔ ལག་མཐིལ་མེའི་འཁོར་ལོ་དང་མཆན་ཁུང་མེའི་འཁོར་ལོ་ཁ་སྦྱར་བས་གྲང་བའི་ནད་སེལ༔ ལག་རྒྱབ་ཆུའི་འཁོར་ལོ་དང་ལྐོག་མ་ཆུའི་དཀྱིལ་འཁོར་ཁ་སྦྱར་བས་ཚ་བའི་ནད་སེལ༔ ལྟ་སྟངས་མཐུར་དུ་ཕབ་པས་ཀུན་གཟིགས་ཀྱི་སྤྱན་དབྱེ་བར་འགྱུར་བ་ཡིན་ཏེ༔ ཐད་དྲང་གིས་མཐོང་ཡངས་ཀུན་མཁྱེན་གྱི་སྤྱན་ཕྱེ༔ གྱེན་ཟློག་གིས་མཐོང་ཡངས་ཀུན་ཁྱབ་ཀྱི་སྤྱན་ཕྱེ་བས་ཁྱད་པར་མ་མཆིས་སོ༔ གང་ལྟར་གསལ་ཡང་དེ་ལྟར་དུ་བཞག་པས་ཆོག་པ་ཡིན༔ བཞུགས་སྟངས་ཀྱང་གསུམ་ཀ་རྫོགས་དགོས་པ་མ་ཡིན་ཏེ༔ འོད་གསལ་འཆར་བདེ་བ་དང་༔ སྡོད་ཚུགས་པ་ལ་གང་དགའ་ཞིང་རན་པ་དེ་ལྟར་བསྡད་པས་ཆོག་པ་ཡིན༔ སྤྲོས་པ་ལ་དགའ་ན་རེས་མོས་སུ་སྡོད་པ་དང་༔ བར་སྐབས་སུ་དགེ་སྦྱོར་ལ་འབད་པར་བྱ་བ་ཡིན་ནོ༔ སྤྲོས་པ་མེད་ན་ཉིན་མཚན་ཁོར་མོ་ཡུག་ཏུ་བསྒོམ་པ་ལ་འབད་པར་བྱ་སྟེ༔ ཉིན་མོ་ལས་མཚན་མོ་བསྒོམ་མི་ནུས་པ་དག་གིས་ཀྱང་ཉིན་མོ་བར་མཚམས་མི་ཕྱེད་པར་འབད་པར་བྱའོ༔ མཚན་མོ་ཐུན་གྱི་དམིགས་གསལ་གསུམ་དང་༔ བར་བར་འཆི་སྦྱངས་ལ་འབད་པ་ལག་ལེན་ནོ༔ འཆར་བྱེད་སྒོའི་གནད་ནི་མིག་ཕྱེད་བཙུམ་གྱིས་ལྟ་བ་ལས་ཧར་གྱིས་ཕྱེས་ཏེ་བལྟས་པས་མིག་གི་རྣོ་ཉམས་པར་འགྱུར་བ་དང་༔ འོད་གསལ་གྱི་སྣང་བ་མངོན་དུ་མི་འགྱུར་བའི་སྐྱོན་ཡོད་པས་མིག་ཅེར་གྱིས་བལྟ་བར་མི་བྱའོ༔ རླུང་གི་གནད་ནི་མཆུ་སོ་བག་ཙམ་མ་རེག་པའི་བར་ནས་རླུང་འབྱུང་འཇུག་དལ་བ་ལ་བསླབ་པ་དང་༔ ཡུད་ཙམ་ཕྱི་རུ་འདུ་བར་བྱའོ༔ བལྟ་ཡུལ་དང་པོ་ཟླ་བ་རེ་ཙམ་དུ་ཉིན་མོ་ཉི་མ་ལ་ཁྲུ་གང་མ་རེག་པའི་སར་བལྟ་བ་དང་༔ མཚན་མོ་ཡང་ཉིན་མོ་མིག་ལ་ཚ་བ་འཕེལ་བའི་སྐྱོན་སེལ་བ་དང་༔ འོད་གསལ་ལ་བརྟན་པ་ཐོབ་པའི་ཕྱིར་ཟླ་བ་ལའང་དེ་བཞིན་བལྟ་བར་བྱའོ༔ མཚན་མོ་མར་མེ་ལ་བལྟ་ན་མར་མེའི་སྟེང་དུ་མིག་ཕྱེད་བཙུམ་གྱིས་བལྟས་པས་དང་པོ་དམར་སེར་རྩྭའི་ཆུན་པོ་གཤིབ་པ་ལྟ་བུ་ལས་མི་མཐོང་༔ བར་དུ་དབྱིངས་སྣང་དང་ཐིག་ལེ་འགུལ་འཁྲིག་གི་རྣམ་པར་འཆར་བ་ཡིན༔ ཐ་མ་དབྱིངས་སྣང་ཐིག་ལེ་མཛེས་ཤིང་དྭངས་ལ་གསལ་བ་རྒྱ་ཆེ་བར་སྣང་ངོ་༔ ལུས་མི་འགུལ་བར་དུར་ཁྲོད་ཀྱི་མི་རོ་ལྟ་བུར་སྡོད་པ་དང་༔ ངག་མི་འགུལ་བ་སྨྲ་བརྗོད་བཟླས་པ་ཐམས་ཅད་སྤངས་ཏེ་རླུང་སྣ་ནས་མི་བཏང་བར་ཁ་ནས་དགག་བསྒྲུབ་མེད་པར་དལ་གྱིས་བཞག་པ་རྩ་རླུང་འཛིན་རྩོལ་དང་བྲལ་བའི་གནད་ལ་བརྟན་པ་དང་༔ སེམས་མ་བཅོས་པ་འོད་གསལ་དུ་མཆེད་པ་མངོན་དུ་བྱེད་པའི་ངང་ལས་མི་འགུལ་བར་སྡོད་པར་བྱའོ༔ གནས་གང་དུ་འདུག་ཀྱང་ལུས་དྲང་པོར་བྱས་པས་རྩ་རླུང་ཐམས་ཅད་དྲང་ཞིང་སེམས་རིག་སྟོང་དུ་དེངས་ནས་ངང་བརྟན་པར་བྱེད་དོ༔ ཐེག་པ་འདིར་རང་ལམ་གྱི་རྩ་དང་ཐིག་ལེའི་བཤད་པ་ཞིག་ཡོད་པ་ནི་ཨ་ཏིའི་ཨ་ནུ་ཞེས་བྱ་བ་ཡིན་པས་དེའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་དགོས་ཏེ༔ མ་དག་པ་ཉོན་མོངས་རླུང་སེམས་རགས་པ་མངོན་དུ་གྱུར་པའི་སྒོ་ཁ་དང་༔ ཉོན་མོངས་རླུང་སེམས་ཕྲ་བ་ལྐོག་ཏུ་གྱུར་པའི་སྒོ་སྣ་བུག་ཡིན་ཏེ༔ དེའི་རྒྱུ་ཚུལ་གློ་བ་ན་རྩ་གྲོ་སོག་ཙམ་འབྱུང་འཇུག་གི་རླུང་ཞེས་བྱ་བས་གང་བ་ལས་འཕེལ་ཁ་ཆེར་མཆེད་ན་ཚ་བའི་ནད་འབྱུང་བ་དང་༔ དེ་བྲི་བར་གྱུར་ན་གྲང་བའི་ནད་འབྱུང་བ་དང་༔ དྲང་པོར་རྒྱུ་ཚེ་ཚ་གྲང་ཆ་སྙོམས་པར་འགྱུར་བ་སྟེ༔ སེམས་ཀྱི་རྣམ་པར་རྟོག་པའི་ཞེན་པ་ལྟ་བུ་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བར་འགྱུར་བ་ཡིན་ནོ༔ དེའི་ཕྱིར་རྩ་རླུང་འཛིན་རྩོལ་ཅན་རླུང་སེམས་བཙན་ཐབས་སུ་འཆིང་བར་བྱེད་པའི་ཐབས་ཟབ་མོ་ཡིན་ཀྱང་༔ དེ་ནི་གེགས་དང་གོལ་ས་ཤིན་ཏུ་ཆེ་བ་ཡིན་ནོ༔ གནས་ལུགས་གཞིའི་སྒྲོན་མ་རྣམ་པ་དྲུག་ཡོད་པ་ནི་ཡེ་ཤེས་ཀྱི་འཆར་སྒོ་ཡིན་ཏེ༔ ཡེ་ཤེས་མངོན་དུ་གྱུར་པའི་སྒོ་མིག་ཡིན༔ ཤེས་པས་སྣང་བ་དབང་བྱེད་ཀྱི་རྒྱུ་ལམ་ཡེ་ཤེས་ཕྲ་བ་ལྐོག་གྱུར་གྱི་སྒོ་རྣ་བ་གཉིས་ཡིན་པས་དེའི་སྒྲ་སྦྱང་བ་དང་༔ ཡེ་ཤེས་མངོན་གྱུར་གྱི་སྒོ་ལས་མུན་ཁྲིད་དུ་སྣང་བའི་འོད་གསལ་སྦྱང་བ་དང་༔ མིག་དྲི་མ་མེད་པ་མངོན་དུ་བྱེད་པའི་འཇུག་སྒོ་རྨི་ལམ་གྱི་སྣང་བ་དང་༔ འོད་གསལ་དང་༔ སྤྲུལ་བསྒྱུར་ལ་གོམས་པར་བྱས་པས་སྲིད་པ་བར་དོར་སྣང་བ་སྤྲུལ་བསྒྱུར་ལས་སྤྲུལ་སྐུའི་ཞིང་ཁམས་རྣམ་པར་དག་པ་འཕྲུལ་ཞིང་བར་དོའི་སྣང་བ་བསྒྱུར་བ་ལ་གོམས་པར་བྱ་བ་ཡིན་ནོ༔ འདིར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱེད་པ་ལ་སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་ནི༔ ལུས་ཀྱི་དྭངས་མ་སྙིང་ཙིཏྟ་ཤའི་སྒྲོན་མའི་སྦུབས་སུ་དཀར་འབྱམས་རྩའི་སྒྲོན་མ་རྩའི་དྭངས་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་རྟ་རྔ་ཉག་ཕྲན་བརྒྱད་དུ་གཤག་པའི་ཆ་གཅིག་ཙམ་རྩ་བ་གཅིག་པ་སྙིང་དབུས་སུ་ཟུག་པའི་ཡལ་ག་གཉིས་བ་མེན་གྱི་རྭ་ལྟར་རྣ་ལྟག་གཉིས་ནས་གུག་སྟེ་མིག་གི་ཨ་འབྲས་སུ་ཟུག་པ་དེའི་རྩ་བ་སྙིང་༔ སྡོང་པོ་རྩ༔ འབྲས་བུ་མིག་སྟེ༔ སྒོའི་དྭངས་མ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ཡིན༔ དེ་ནི་སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་མོ༔ སྣོད་ཀྱི་སྒྲོན་མ་རྣམ་གསུམ་ལ་མིང་གསུམ་དུ་བརྗོད་ཀྱང་དོན་ལ་རྩ་བ་དང་སྡོང་པོ་འབྲས་བུ་ལྟ་བུར་དོན་གཅིག་ཏུ་འདུས་པའི་ཕྱིར་ལམ་གྱི་གནས་སྐབས་སུ་རྒྱང་ཞགས་ཆུའི་སྒྲོན་མ་ཉིད་དུ་བརྗོད་པའོ༔ བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ལ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ཕྱི་འབྱུང་བ་ལྔའི་དྭངས་མ་སྟེ༔ སྙིགས་མ་དྭངས་མའི་ངོ་བོ་སྟོང་པའི་གདངས་ལྔ་འོད་དུ་འཕོས་པ་ལ་དབྱིངས་དང་༔ མ་དག་པ་དངོས་འཛིན་རྣམ་པར་དག་པ་ཞེས་བྱའོ༔ འབྱུང་བ་ནམ་མཁར་སྣང་བ་དྭངས་མར་འཕོས་པ་མཐིང་ག་དང་སྔོ་སྐྱ༔ འབྱུང་བ་ཆུར་སྣང་བ་དྭངས་མར་འཕོས་པ་དཀར་པོ་དང་སྐྱ་བོ༔ འབྱུང་བ་མེར་སྣང་བ་དྭངས་མར་འཕོས་པ་དམར་པོ་དང་ཁམ་པ༔ འབྱུང་བ་སར་སྣང་བ་དྭངས་མར་འཕོས་པ་སེར་པོ་དང་སེར་སྐྱ་དང་སེར་ནག༔ འབྱུང་བ་རླུང་ཁམས་དྭངས་མར་འཕོས་པ་ལྗང་གུ་དང་མོག་པ་ལྗང་སྐྱ་རྣམས་སྣང་བ་དང་༔ དང་པོ་མ་དག་པའི་སྣང་བ་ལ་ཁ་དོག་ཇི་ལྟར་སྣང་བ་དེ་དག་དབྱིངས་སུ་འཕོས་པ་ནའང་དེའི་ཁ་དོག་ཏུ་སྣང་བ་ཡིན་ནོ༔ དབྱིངས་སྣང་ལ་དང་པོ་ཉི་མ་དང་ཟླ་བ་མར་མེ་སོགས་ཀྱི་གཤིས་ལ་ཁ་དོག་སྣ་ལྔ་ཚང་བ་དེ་དབྱིངས་ཀྱི་འཇའ་རིས་ཀྱིས་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ་འཇའི་སྣམ་བུ་གྱེན་འགྲེང་དང་རྩིབས་ལ་ཤར་བའི་སྣང་བ་འཆར་བ་ཡིན་ནོ༔ ལས་དང་པོ་པས་ཟླ་བ་རེ་ཙམ་ལ་ཉིན་མོ་ཉི་མ་དང་མན་ཤེལ༔ མཚན་མོ་ཟླ་བ་དང་༔ ནང་ནུབ་མར་མེ་ལ་བལྟས་པས་བརྟན་པ་ཐོབ་པ་ཡིན༔ ཐོག་མར་འདར་འཕྲིག་གི་རྣམ་པར་ཤར་བ་དང་༔ བར་དུ་ཇེ་བརྟན་དུ་སོང་ནས༔ ཐ་མ་འགུལ་འཕྲིག་མེད་པར་གནས་པའི་དུས་སུ་དཀར་ཁུང་གི་གསལ་ལམ་ལ་བལྟས་ཏེ་འོད་སྣང་ལ་མཛེས་དང་མི་མཛེས་སོགས་ཡིད་ཚིམ་པ་དང་མི་ཚིམ་པའི་སྐྱོན་སྤངས་ནས་ཕྱིའི་ནམ་མཁའ་སྟོང་པ་མ་ཡིན་པའི་སྐྱ་རིབ་སྔོ་རིབ་ཙམ་མཆེད་ཀྱང་བཟང་ངན་བླང་དོར་མེད་པའི་ངང་ལ་བཞག་པར་བྱ་བ་གནད་དུ་ཤེས་པར་བྱའོ༔ ནང་འབྱུང་ལྔ་པོ་དྭངས་མར་འཕོས་པ་ནི༔ འབྱུང་བ་སེམས་ཀྱི་དྭངས་མ་མཐིང་གར་འཕོས་པས་མཐིང་ག་དང་༔ འབྱུང་བ་ཁྲག་གི་དྭངས་མ་དཀར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་ཤའི་དྭངས་མ་སེར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་དྲོད་ཀྱི་དྭངས་མ་དམར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་དབུགས་ཀྱི་དྭངས་མ་ལྗང་གུའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་ཡིན༔ ཐིག་ལེ་སྟོང་པའི་སྒྲོན་མ་ནི༔ དྭངས་མ་ལྔ་པོ་མུ་ཁྱུད་ཅན་གྱི་རྣམ་པར་སྣང་བས་ཐིག་ལེ་ཞེས་བྱ་སྟེ༔ དེ་ལ་ཟླུམ་པོ་གྲྭ་ཟུར་མེད་པ་ཞིག་ཡིན་ཀྱང་མཐོང་སྣང་དུ་ཀོ་མོའི་ཆུ་ལ་རྡོ་བོར་བའི་རྣམ་པར་སྣང་བ་ཡིན༔ རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བའི་སྦུབས་ན་དྭངས་མ་ལྔའི་འོད་ཀྱིས་གང་བའི་ཀློང་དུ་མི་ཤིགས་པའི་ཐིག་ལེའི་རྣམ་པར་གནས་པ་ཡིན་ཏེ༔ དེ་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས་རྩའི་ནང་མངོན་དུ་གྱུར་པ་ལས་ཕྱི་རུ་སྣང་བའི་རྣམ་པར་ཤར་བ་ལྟར་མི་འཛིན་པར་རང་གི་རྩ་རང་གིས་གསལ་བ་ཡིན་པས༔ དབྱིངས་ཕྱི་རུ་བཟུང་ནས་རིག་པ་ནང་དུ་བཟུང་ན་གཟུང་འཛིན་གྱིས་གོལ་སར་འཕྱན་པར་འགྱུར་རོ༔ དེའི་དབྱིངས་རྣམ་པར་དག་པའི་ཀློང་དུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་འགྲོ་འོང་གི་རྣམ་པར་སྣང་བ་ནི་དང་པོའི་གནས་སྐབས་དང་༔ བར་དུ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང་༔ ཐ་མ་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་མཆེད་པ་ཡིན་ཏེ༔ དེ་ནི་བཅུད་ཀྱི་སྒྲོན་མ་རྣམ་པ་གཉིས་ཀའི་འཆར་གཞི་ཤེས་རབ་རང་བྱུང་གི་སྒྲོན་མ་རང་གི་རིག་པ་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཡིན་ནོ༔ འཆར་བ་ལམ་གྱི་སྒྲོན་མ་བཞི་ནི༔ རྒྱང་ཞགས་ཆུའི་སྒྲོན་མ་དང་༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་༔ ཐིག་ལེ་སྟོང་པའི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་གི་སྒྲོན་མ་དང་བཞིའོ༔ རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་གནད་གཅིག་ཏུ་དྲིལ༔ མདོ་གཅིག་ཏུ་བསྡུས་ཏེ་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་བ་གནད་ཀྱི་དམ་པར་བཟུང་བར་བྱའོ༔ དེ་ལྟར་ཉམས་སུ་བླངས་ན་ཁྲེགས་ཆོད་ལྟ་བུའི་མུན་སྒོམ་བློ་ཡིད་ཀྱིས་བྱེད་ལས་ལྟར་མ་ཡིན་པར་འོད་གསལ་གྱི་ཆོས་ཉིད་དབང་པོའི་སྒོར་མངོན་སུམ་དུ་སྣང་བས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ༔ བསྐྱེད་རིམ་ལྟ་བུའི་བློ་བཅོས་ཡིད་བྱེད་བྱ་རྩོལ་གྱིས་མི་གཟུགས་ལྟ་བུའི་ལྷ་རང་རྒྱུད་པར་བསྒོམ་པ་ལྟ་བུ་མ་ཡིན་ཏེ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་གྱུར་ཆེན་པོའི་ངང་དུ་བརྟན་པ་ཐོབ་པར་བྱེད་པ་ནི་དོན་གྱི་སྐུ་གསུམ་རང་ཐོག་ཏུ་གྲོལ་བའི་གདམས་པ་འདི་ཁོ་ནའོ༔ ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་རྣམས་དབྱིབས་དང་ཁ་དོག་ཅན་དུ་བསྒོམ་ནས་སྟེང་ཕྱོགས་སུ་འཕེན་པ་ལྟ་བུའི་ལམ་ལས་འཕགས་པ་འཁོར་འདས་ཀྱི་སྣང་སེམས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་འཕོ་བར་བྱེད་པ་འཕོ་བ་ཆེན་པོའི་ཁྱད་ཆོས་ཡིན་ནོ༔ དེ་ལྟར་རྩེ་གཅིག་ཏུ་བར་མ་ཆད་པར་ཉམས་སུ་བླངས་པའི་སྟོབས་ཀྱིས་བུམ་དབང་གི་ནུས་པ་ལུས་ཀྱི་གདོས་པ་ལ་ཐེབས་པས་ལུས་འགུལ་སྙིང་མི་འདོད་པར་སྡོད་པ་དང་༔ གསང་དབང་གི་ནུས་པ་ངག་གི་རྒྱུ་བྱེད་ལ་ཞུགས་པས་ངག་སྨྲ་སྙིང་མི་འདོད་པར་གནས་པ་དང་༔ ཤེར་དབང་གི་ནུས་པ་སེམས་ཀྱི་ཤེས་རྒྱུད་ལ་ཐེབས་པས་སེམས་གར་གཏད་དུ་སྡོད་པའོ༔ འདི་ནི་མཚན་མ་མེད་པ་དོན་གྱི་ཞི་གནས་ཡིན་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོར་ཞི་བས་ན་ཞི༔ རིག་པ་རང་གི་ངང་ལས་མི་གཡོ་བར་གནས་པས་ན་གནས་ཞེས་བྱའོ༔ སྣང་སེམས་སྐུ་དང་ཡེ་ཤེས་ཀྱི་རོལ་པར་གོ་འཕོས་པས་ཆོས་ཉིད་འོད་གསལ་གྱི་སྣང་བ་ལྷག་པར་མཐོང་བས་ལྷག་མཐོང་ཞེས་བྱ་བ་དང་༔ མ་དག་པ་འཁོར་བའི་ས་ནས་ཁྲེགས་ཆོད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་༔ སྔར་མ་མཐོང་བའི་ཆོས་ཉིད་ཀྱི་མཐོང་ཆེན་པོའི་ངང་ཆགས་པས་རབ་ཏུ་དགའ་བ༔ ཐོད་རྒལ་གྱི་སྣང་བ་དང་པོས་འཁོར་བར་མི་ལྡོག་པའི་གདིང་ཐོག་ཏུ་ཕེབས་པས་མདོ་ལམ་གྱི་ས་དང་པོ་ཉིད་དོན་གྱིས་ཐོབ་པ་ཡིན༔ སྔགས་ལམ་དུ་འཁྲུལ་པའི་སྣང་སེམས་ཐམས་ཅད་འོད་གསལ་ཆོས་ཉིད་ཀྱི་རང་བཞིན་དུ་རྣམ་པར་སྨིན་པ་དང་༔ མ་རིག་པ་རིག་པར་འཕོས་ནས་རིག་པའི་རང་ས་འཛིན་པའི་ས་དེ་དོན་གྱིས་ཐོབ་པ་ཡིན༔ འདིའི་དུས་སུ་ཚེ་འཕོས་ཏེ་བར་ཆད་ནའང་སྐྱེ་བ་སྤྲུལ་པའི་སྐུ་ཐོབ་སྟེ་ཐར་པའི་ལམ་སྣ་ཟིན་པར་འགྱུར་བའོ༔ ཕྱིའི་རྟགས་ནི་དབྱིངས་སྣང་ཡོལ་བ་བཀྲམ་པ་ལྟ་བུར་ལྷུན་ཆགས་ཤིང་ངང་བརྟན་པ་དང་༔ ཐིག་ལེ་ཉ་མིག་ཙམ་ནས་མཐེབ་ཀོར་ཙམ་གྱི་བར་དུ་སྣང་བ་ཡིན་ནོ༔ ཉམས་སྣང་གོང་དུ་འཕེལ་ཚུལ་ནི༔ དང་པོ་སྙིང་ག་ནས་མགྲིན་པའི་བར་གྱི་ནང་རོལ་དུ་རླུང་གིས་གང་བའམ༔ ན་བའམ་མི་བདེ་བའི་ཟུག་རྔུ་མ་ངེས་པར་འབྱུང་བ་དང་༔ ཕྱི་ནང་ཀུན་ཏུ་མ་ངེས་པར་འགྲོ་ཞིང་བརྟན་གནས་མེད་པ་རྣམས་གང་བྱུང་ཡང་གྱེན་རྒྱུའི་རླུང་ལ་ཡེ་ཤེས་ཀྱི་རླུང་གིས་ནུས་པ་ཕོག་ནས་དཀྲུགས་པའི་རྣམ་པར་སྣང་བའོ༔ བར་དུ་ཆེར་མཆེད་དེ་མིད་པ་ན་བ་དང་༔ འགག་པས་ཟས་བཀག་ནས་ཕྱིར་འཕེན་པ་དང་༔ དང་ཀ་འགག་ནས་དབུགས་ཀྱི་རྒྱུ་ལམ་མི་བདེ་བ་དང་༔ སྐད་འགག་པ་རྣམས་འབྱུང་ངོ་༔ དེ་ནས་ཆེར་མཆེད་པས་སྲོག་འཛིན་གྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་དཀྲུགས་ནས་སེམས་ལ་དགའ་སྡུག་ཆགས་སྡང་སྣ་ཚོགས་ངེས་པ་མེད་པར་འབྱུང་བ་དང་༔ ཐུར་སེལ་གྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་འཕེལ་ཚེ་དྲི་ཆུ་དང་གཤང་ལྕི་འགག་ནས་མི་ཐོན་པ་དང་༔ འགྲིབ་ན་རྒྱུན་ཆད་མེད་པར་བརྡོལ་བའོ༔ ཁྱབ་བྱེད་ཀྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་འཕེལ་ཚེ་ལུས་སྐྲང་པའི་རྣམ་པར་རྒྱས་པ་དང་༔ འགྲིབ་དུས་ལུས་ཀྱི་ཤ་ཐམས་ཅད་ཉམས་པ་སྐམ་པ་ལྟ་བུར་རོ་གཟུགས་སུ་འགྲོ་བའོ༔ མེ་མཉམ་གྱི་རླུང་ལའང་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་ཆེར་འཕེལ་ཚེ་ལུས་ལས་རྔུལ་ཆུ་བརྡོལ་ཞིང་རླངས་པ་འཕྱོ་བ་དྲོད་ཆེན་པོ་འབར་བར་འགྱུར་བ་དང་༔ འགྲིབ་ན་ལུས་གྲང་སྤུ་འཁྲུགས་པ་དང་༔ མདངས་ཉམས་པ་དང་༔ འདར་ཤུམ་བྱེད་པར་འགྱུར་བ་ཡིན༔ མཐར་རླུང་ཐམས་ཅད་འདྲེས་ཏེ་ལུས་ཀྱི་རྩ་ཁམས་སུ་ཞུགས་པས་རྩ་ཐམས་ཅད་ལ་ན་ཚ་ཟུག་རྔུ་འབྱུང་བ་དང་༔ ལུས་ཕྱི་ནང་ཐམས་ཅད་རླུང་གི་གཡོ་བ་འཇུག་པས་ཚ་གྲང་འདུ་བ་ལ་སོགས་པའི་ནད་མ་ངེས་པར་འབྱུང་བ་དང་༔ ལུས་སྐྲང་བ་དང་༔ ལྦ་བ་བརྡོལ་བ་དང་༔ རྨ་བརྡོལ་བ་དང་༔ ནད་ཚབ་ཆེན་པོ་ལྡང་བ་དང་༔ སྨན་དཔྱད་མོ་རྩིས་འཁྲུགས་པ་དང་༔ ཐན་དང་ལྟས་ངན་སྣང་བ་དང་༔ རྩ་སོ་སོར་ན་བ་དང་༔ ཚིགས་རྣམས་ན་བ་དང་༔ དྲེག་དང་གྲུམ་བུ་འབམ་དང་ཆུ་སེར་གྱི་ནད་རྣམས་དང་༔ ཞ་བ་དང་ལོང་བ་དང་འོན་པ་དང་ལྐུག་པ་དང་བརྒྱལ་བ་རྣམས་འབྱུང་བ་དང་༔ ལུས་འདི་ལ་མི་བདེ་བའི་ཟུག་རྔུ་རྣམ་པ་སྣ་ཚོགས་ངེས་པ་མེད་པར་འབྱུང་བ་ཡིན་པས་ཤེས་པར་བྱའོ༔ ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུར་མ་ངེས་པའི་སྤྱོད་པ་སྣ་ཚོགས་བྱེད་པ་ཡིན་ནོ༔ མདོར་ན་ལུས་ཀྱི་ན་ཚ་ཟུག་རྔུ་རྩ་དང་རླུང་དང་ཁམས་ཀྱི་བྱེད་ལས་ཀྱིས་མཐའ་གཅིག་ཏུ་མ་ངེས་པས་ཚད་གཅིག་ཏུ་མི་འཛིན་པའི་གནད་ལ་ཤིན་ཏུ་མཁས་པར་གྱིས་ཤིག༔ ངག་ཀྱང་གླུ་དང་མགུར་མ་དང་འཁྱལ་ཚིག་ཅ་ཅོ་སྣ་ཚོགས་པ་དང་༔ གཞན་གྱི་ཡིད་དགའ་བར་བྱེད་པའི་གཏམ་དང་༔ ཚིག་གི་རྗེས་སུ་སྤྱོད་པ་མི་འགྲོ་བ་དང་༔ ཚིག་བཤད་པའི་ཐོག་ཏུ་མི་འདུག་པ་དང་༔ འགྱུར་ལྡོག་བྱེད་པ་དང་༔ སྨྱོན་པ་རང་ཚིག་བརྡོལ་བ་ལྟར་དགག་སྒྲུབ་མེད་པར་སྨྲ་བ་སོགས་ཆལ་མ་ཆོལ་དུ་ངེས་པ་མེད་པར་སྨྲ་བ་ཡིན་པས་ཤེས་པར་གྱིས་ཤིག༔ སེམས་སྨྱོན་པ་འུར་ལངས་པ་ལྟར་གཏད་མེད་བྱུང་རྒྱལ་དུ་ཡན་ཏེ་གང་གིས་ཀྱང་བཟོ་བཅོས་དགག་སྒྲུབ་བསྒྱུར་དུ་མི་བཏུབ་པའོ༔ རེས་འགའ་ནི་སྙིང་དང་སྲོག་རྩ་ན་བའི་དབང་གིས་ངུ་བ་དང་༔ འཁུན་པ་དང་༔ ཤུ་འདོན་པ་དང་༔ ཕུ་འདེབས་པ་དང་༔ སྡོད་སར་མི་ཚུགས་པར་འགྲོ་སྙིང་རྒྱུན་མི་ཆད་པར་འདོད་པ་དང་༔ གནས་སྡུག་བསྔལ་དུ་མངོན་ནས་འདུག་སྙིང་མི་འདོད་པ་དང་༔ དགའ་སྡུག་ཟ་ཟི་སྣ་ཚོགས་པ་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས་ཤེས་པར་བྱའོ༔ ལྷར་སྣང་དང་འདྲེར་སྣང་སྣ་ཚོགས་པ་འཆར་བ་དང་༔ བཀྲེས་སྐོམ་ཚ་གྲང་ལ་སོགས་པ་འབྱུང་བ་མ་ངེས་པའོ༔ ཕྱི་རྟགས་འོད་གསལ་གྱི་སྣང་བ་ནི་དང་པོའི་གནས་སྐབས་སུ་གདོང་རབ་ཏུ་ཁེབས་པ་ཙམ་འདར་འཕྲིག་མེད་པར་གནས་པ་དང་༔ ཐིག་ལེ་ཡང་ཤྭ་མིག་ཙམ་ནས་མཐེབ་ཀོར་ཙམ་གྱི་བར་དུ་རྣམ་པར་སྣང་བ་དང་༔ རེས་འགའ་དབྱིངས་སྣང་ཐིག་ལེ་དང་བཅས་པ་མི་གསལ་བར་རིག་གདངས་རྡོ་རྗེའི་ལུ་གུ་རྒྱུད་ཅེས་བྱ་བ་ཁྲ་ཁྲིག་ཁྲིག་གི་རྣམ་པར་སྣང་བ་ལས་དབྱིངས་ཐིག་མི་སྣང་བ་དང་༔ དབྱིངས་ཐིག་ཆེར་འཕེལ་ནས་རྒྱ་ཆེར་སྣང་བ་དང་༔ འགྲིབ་སྟེ་ཇི་ལྟར་འབད་རྩོལ་བྱས་ཀྱང་མི་གསལ་བ་དང་༔ རེས་འགའ་དབྱིངས་སྣང་འོད་དུ་གསལ་བའི་ཀློང་དུ་འོད་ལྔའི་མདངས་ཀྱི་གྲུ་ཆད་ལྟ་བུའི་རྣམ་པར་ཡང་ཡང་སྣང་བར་འགྱུར་བ་ནི་གོམས་པའི་ཚད་ཡིན་ཏེ༔ འདིའི་དུས་སུ་ཚེའི་དུས་བྱས་ཀྱང་བར་དོ་མེད་པར་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བར་འགྱུར་བ་ཡིན་ནོ༔ ཡང་བར་དུ་གོམས་པའི་ཤུགས་ཀྱིས་དབྱིངས་སྣང་རེ་ལྡེ་ལྟ་བུར་ཁྲ་ཆེམ་ཆེམ་དུ་སྣང་བ་དང་༔ ནམ་མཁའ་ལ་དྲྭ་བ་དང་དྲྭ་ཕྱེད་འཕྱང་བའི་རྣམ་པར་སྣང་བ་དང་༔ དབྱིངས་ཀྱི་སྣང་བའི་ཀློང་དུ་མཆོད་རྟེན་དང་༔ པདྨ་དང་༔ དུང་དཀར་དང་༔ འཁོར་ལོ་དང་༔ རྡོ་རྗེ་དང་༔ ནོར་བུ་དང་༔ རྒྱ་གྲམ་དང་༔ རལ་གྲི་དང་༔ མདུང་རྩེ་ལྟ་བུ་དང་༔ གླེགས་བམ་བརྩེགས་པ་ལྟ་བུ་དང་༔ ཡི་གེའི་གཟུགས་སྣ་ཚོགས་པ་དང་༔ སྲོག་ཆགས་ཀྱི་གཟུགས་ལ་སོགས་པ་ངེས་པ་མེད་པར་སྣང་བར་འགྱུར་བ་ཡིན་ནོ༔ དེ་དག་གང་སྣང་ཡང་དབྱིངས་སྣང་ཡིན་པས་ཐིག་ལེ་དང་མ་ནོར་བ་གནད་དུ་ཤེས་པར་བྱའོ༔ ཐིག་ལེ་མཐེབ་ཀོར་ཙམ་ནས་ཁམ་ཕོར་ཙམ་དང་ཕུབ་ཀྱི་སྦ་འཁོར་ཙམ་མུ་ཁྱུད་རིམ་པ་ཅན་གྱི་རྣམ་པར་འཆར་རོ༔ རིག་གདངས་རྡོ་རྗེའི་ལུ་གུ་རྒྱུད་ཅེས་བྱ་བ་ཡང་དང་པོའི་གནས་སྐབས་སུ་སྤུ་ཤད་ཀྱི་ཚད་ཙམ་གསེར་གྱི་མདངས་ལྟར་འོད་དང་ལྡན་པ་སྤུ་ཤད་རླུང་གིས་གཡེངས་པ་ལྟ་བུར་འགྲོ་འོང་གི་རྣམ་པར་སྣང་བ་ལས་བརྟན་གནས་མེད་པ་དང་༔ དེ་ནས་ཅུང་ཟད་བརྟན་པས་གསལ་ལ་འཚེར་བ་ཕྲ་ལ་འཁྱོགས་པ་ཅུང་ཟད་དལ་བ་རི་དྭགས་རྩིབས་ལ་རྒྱུག་པ་ཙམ་དུ་ཤར་གྱིས་འགྲོ་བ་དང་༔ དེ་ནས་ཅུང་ཟད་གོམས་པས་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་འཆར་ཏེ༔ དབྱིངས་ཐིག་གི་ར་བར་བུང་བ་མེ་ཏོག་ལ་འཁོར་བ་ལྟར་དལ་གྱིས་འཁོར་བ་ནི་རིག་པ་མངོན་དུ་གྱུར་པའི་ལྟས་སུ་གསལ་འཚེར་དུ་སྣང་བ་དང་༔ རྩ་གནད་ཀྱིས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོགས་པ་དང་༔ རླུང་གནད་ཀྱིས་གྲོལ་བའི་རྟགས་སུ་འགྲོ་འོང་དུ་སྣང་བ་དང་༔ ཐིག་ལེ་སྦྱངས་པའི་ཡོན་ཏན་ལ་བརྟེན་ནས་གྲོལ་བར་འགྱུར་བའི་རྟགས་སུ་འཁྱོགས་མཚམས་སུ་ཐིག་ལེ་ཡོད་དོ༔ གོམས་པའི་སྟོབས་ཀྱིས་ཤེལ་ལྟར་དྭངས་ཤིང་གསེར་ལྟར་འོད་འབར་བ་ཤེལ་ཕྲེང་འབྲིང་པོ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་སྣང་བ་དང་༔ རབ་ཏུ་གོམས་པའི་ཚད་ནི་མ་ངེས་པར་སྣང་ཡང་མི་འགྲོ་ཞིང་མི་འགུལ་བར་བརྟན་པོར་གནས་པ་ཡིན༔ འདི་ནི་རྒྱུ་མིང་འབྲས་བུར་ཆགས་པའི་མིང་ལའང་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་སྟེ་རིག་པའི་གདངས་ཡིན་པས་ནང་གི་རིག་པ་ཇི་ལྟར་བརྟན་པ་དེ་བཞིན་དུ་རིམ་གྱིས་བརྟན་པར་འགྱུར་བ་ཡིན་ནོ༔ རིག་པ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་དངོས་ནི་མ་ཡིན་ནོ༔ དེ་ལ་ལས་དང་པོ་པའི་གནས་སྐབས་ཞིག་ནས་དབྱིངས་སྣང་མཛེས་པ་དང་༔ གསལ་བ་དང་༔ བརྟན་པ་དང་༔ ལྷ་སྐུའི་གཟུགས་རྣམ་པ་སྣ་ཚོགས་པར་སྣང་བ་དང་༔ འཕེལ་བ་དང་ཟད་པའི་རྣམ་པར་བྱུང་ཡང་ནང་རྟགས་གཅིག་ཀྱང་མ་བྱུང་བར་ཕྱི་རྟགས་དེ་ལྟར་སྣང་བ་རྣམས་ནི་ས་རྫི་ཀ་ལྟར་དུས་མ་ཡིན་པར་མཐོང་སྔ་བས་ཉམས་རྟོགས་ལ་ཡར་སྐྱེད་མི་འབྱུང་བ་དང་༔ ནང་རྟགས་འབྱུང་དུས་ཀྱང་ཕྱིའི་དབྱིངས་ཐིག་མི་གསལ་བ་ཡིན་ནོ༔ དེ་ནི་ཆུ་ཁམས་པ་འགའ་ལ་འབྱུང་བར་འགྱུར་བ་ཡིན་ཏེ་ཉམས་རྟོགས་ནར་སོན་པ་ལ་བང་བུལ་བར་འགྱུར་བའི་རྩ་ཁམས་ཡིན་ནོ༔ དེ་ཉམས་གོང་འཕེལ་དང་རིག་པ་ཚད་ཕེབས་ལ་ནོར་ནས་ངོ་སྤྲད་ན་ཆོས་ཉིད་ཟད་པའི་སྣང་ལྟས་བྱུང་ཡང་ཤེས་རྒྱུད་ཐ་མལ་པ་ལས་སྤུ་ཙམ་ཡང་མ་འཕགས་པར་ཡོད་པ་ནི་རྒྱུད་དང་མི་མཐུན་པར་ཡ་འགལ་དུ་སོང་བས་མཚང་ཤིན་ཏུ་ཆེ་བ་ཡིན་ཏེ་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ཡིན་ནོ༔ ཕྱི་རྟགས་རབ་རིབ་ལ་གསལ་སྣང་ཡོད་ཀྱང་ནང་རྟགས་རྣམས་འབྱུང་བ་གནད་དུ་ཤེས་པ་ཡིན་ནོ༔ ནང་གི་ཤེས་རྒྱུད་ལ་ཉམས་ཀྱི་སྣང་བ་ཐོན་ཡང་ཕྱི་རྟགས་མི་གསལ་བ་ནི་འོད་གསལ་ལ་བལྟ་བའི་གནད་ཡུན་བསྲིང་མ་ཐུབ་པ་དང་བར་ཆད་པའི་རྟགས་སུ་ཤེས་པར་བྱའོ༔ ནང་དུ་ཉམས་སྣང་ཆལ་མ་ཆོལ་མར་ཤར་ཚེ་ཁྲེགས་ཆོད་ཀྱི་སྣང་བ་སློང་བས་ཐོད་རྒལ་གྱི་ཉམས་དཀྲུག་ཀྱང་སྣང་བ་འོད་གསལ་དུ་མ་སྨིན་པ་དེ་ནི་འོད་གསལ་གྱི་རྩལ་མ་རྫོགས་པ་དང་༔ མཚམས་ཆད་པས་འོད་སྣང་ནར་མ་སོན་པ་དང་༔ ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་མ་ཚུད་པའི་རྟགས་ཡིན་པས་བར་མ་ཆད་པར་སྦྱང་བ་ལ་འབད་པར་བྱའོ༔ གནས་སྐབས་དེ་ལ་བབས་ཚེ་ལ་ལས་ནི་བློ་ཡིད་ཉམས་ཀྱིས་བསླད་ནས་ཡུལ་མང་པོར་བགྲོད་མཐར་རྐྱེན་ངན་གྱི་དབང་དུ་ཤོར་བས་དེའི་ཐོག་ཏུ་ལུས་པས་གྲོལ་བ་མི་ཐོབ་པ་དང་༔ འགའ་ཞིག་གི་རྒྱུད་བདུད་དང་ལྷ་འདྲེའི་ཆོ་འཕྲུལ་ལས་སྐུ་གསུང་ཐུགས་རྟེན་རེ་རྙེད་པ་དང་༔ རྩལ་སྣང་གིས་ཆོས་ཚིག་ཡི་གེར་ཤར་བ་འབྲི་སྙིང་འདོད་པའི་དབང་དུ་སོང་ཞིང་ཞེན་ནས་བུད་མེད་ལ་སྤྱོད་པས་གཏེར་སྟོན་དུ་ཁས་ལེན་ཅིང་རང་གཞན་གཉིས་ཀ་ཕུང་གཞི་བྱེད་པའང་ཤིན་ཏུ་མང་བ་དང་༔ ལ་ལས་ནི་མངོན་ཤེས་དང་རྨི་ལམ་གྱི་སྣང་བས་རང་གཞན་གྱི་ལེགས་ཉེས་འགའ་རེ་མཐོང་བ་དང་༔ ས་རྡོ་དང་དངོས་པོ་འགའ་ལ་ལག་རྗེས་སྣང་བ་སོགས་ལྷ་འདྲེའི་ཆོ་འཕྲུལ་གྱིས་ལྟས་མངོན་པ་གྲུབ་ཐོབ་ཏུ་ཁས་ལེན་ཅིང་ཁྱིམ་ཐབས་འཛིན་ནས་འཁོར་བའི་ཁ་དཔོན་བྱེད་པ་དང་༔ མངའ་ཐང་དང་ལས་ཀ་ཆེན་པོའི་གཞི་གཏིང་ནས་དལ་མེད་ཁོར་ཡུག་ཏུ་འབད་རྩོལ་ཆེན་པོས་མི་ཚེ་ཟད་པ་དང་༔ ཚེ་གཅིག་གཏོ་ཡས་ལ་མགོ་འཁོར་ཞིང་སློང་མོ་དང་རྙེད་འཚོལ་ལ་ཆོག་ཤེས་མེད་པར་འཁྱམས་པ་ནི་བདུད་དང་འདྲེས་བརླམ་སྟེ༔ བྱ་བཏང་བ་དང་བླ་སྒར་ཆེན་པོའི་གོ་སར་ཕེབས་པའང་ཆོས་བརྒྱད་བདུད་ཡུལ་ནག་པོར་མགོ་འཁོར་བ་ཡིན༔ ལ་ལས་ནི་ཉམས་ནད་དུ་བཟུང་༔ རྒྱབ་བརྟེན་འདྲེ་རུ་འཛིན་ཅིང་༔ སྨན་དཔྱད་དང་རིམ་གྲོ་བྱེད་ཚེ་མོ་རྩིས་དཔྱད་བརྟག་གི་རིགས་ཐམས་ཅད་འཁྲུགས་ནས་རྣམ་པར་རྟོག་པ་སློང་༔ རྨི་ངན་ཐན་ལྟས་མཐོང་ནས་རྣམ་རྟོག་བཙན་ཐབས་སུ་སློང་བ་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཡིན༔ ལུས་ལ་ནད་རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ་འདུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་གང་ཡང་རུང་བའི་རྣམ་པར་ལྡང་བ་ནི་ནང་སློང་ལུས་ཀྱི་ན་ཚ་སྟེ་དེ་བདེན་པར་བལྟས་ན་གོལ་སར་ཤོར་བ་ཡིན་ཏེ་འཆི་བ་སྲོག་ལ་འབབ་པའམ་ཡུལ་རྐྱེན་ངན་པའི་དབང་དུ་འཁྲུལ་པར་འགྱུར་བ་ཡིན་ནོ༔ ལ་ལར་སེམས་ལ་མི་བཟོད་པའི་ཟུག་རྔུ་རྣམ་པ་སྣ་ཚོགས་དང་༔ དགའ་བ་དང་མགུ་བའི་སྣང་བ་སྣ་ཚོགས་ཤར་བ་ཐམས་ཅད་གསང་སློང་སེམས་ཀྱི་དགའ་སྡུག་ཅེས་བྱ་སྟེ༔ མངོན་ཞེན་དང་བདེན་པར་བཟུང་ན་གོལ་སར་འཕྱན་ནས་གྲོལ་བ་ཐོབ་པར་མི་འགྱུར་རོ༔ སེམས་ལ་སྡུག་བསྔལ་བ་དང་༔ སྙིང་སྲོག་ན་བ་དང་གཟེར་བའི་དབང་གིས་ཤུ་འདེབས་པ་ངུ་སྙིང་འདོད་པ་མཐོང་ཚོར་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་མངོན་ནས་མི་ཡི་རྒྱུ་འགྲུལ་མེད་པའི་སར་འབྲོས་སྙིང་འདོད་པ་དང་༔ སྡོད་སར་མི་ཚུགས་པར་གནས་དབེན་པར་སླེབས་ཚེ་གྲོགས་དང་སྲོག་ཆགས་རྒྱུ་འགྲུལ་ལ་དགའ་བ་དང་༔ འདོད་པ་དང་བསྐམ་པ་བྱུང་ནས་དེར་ཡང་སྡོད་མི་ཚུགས་པ་འབྱུང་སྟེ༔ དེ་ལ་ཞེན་ཅིང་ཆགས་པའི་དབང་དུ་སོང་ནས་བདེ་བ་འཚོལ་བའི་ཐབས་ལ་འབད་པ་ནི་གོལ་སར་ཤོར་བ་ཡིན་པས་ཤེས་པར་བྱའོ༔ སྡུག་བསྔལ་གྱིས་སྐྲག་པའི་དབང་གིས་ལུས་ངག་ཡིད་གསུམ་རྣམ་པར་གཡེངས་ནས་ལས་བྱེད་པ་ལ་ཁ་འཁྱོལ་བ་ནི་ཤིན་ཏུ་འཁྲུལ་པར་ཤོར་བ་ཡིན༔ ལ་ལས་ནི་སྙིང་སྲོག་མི་བདེ་བའི་སྡུག་བསྔལ་ལ་སྐྱོ་ཞིང་སུན་པས་གྲོང་ཡུལ་མང་པོ་འགྲིམ་ཚེ་ཕན་པར་སྣང་བ་དང་༔ སླར་ཡང་རང་ཡུལ་ལ་སོགས་པར་འཁོད་ནས་ཞག་གྲངས་མི་མང་བ་ལས་སྔར་བཞིན་མི་བདེ་བའི་ཟུག་རྔུ་ལྡང་ནས་ཡང་འགྲོ་སྙིང་འདོད་དེ་འགྲོ་བ་ནི་མི་ཚེ་སྟོང་ཟད་དུ་གཏོང་བའི་སྐྱེས་བུ་ཡིན༔ ལ་ལས་ནི་སེམས་ཐེ་ཚོམ་ཡིད་གཉིས་ཀྱིས་གང་ནས་ཐག་ཆོད་པ་ཞིག་འབྱུང་རྒྱུ་ཨི་ཡོད་སྙམ་དུ་ཡུལ་མང་པོར་ཡང་ཡང་འགྲོ་སྟེ་མི་ཚེ་སྟོང་ཟད་དུ་འཆོར་བ་ཡིན༔ ལ་ལས་ནི་སློབ་དཔོན་གྱིས་བསླབ་ཉེས་སུ་གོ་ཞིང་ཁྱེར་ནས་ལོག་པར་ལྟ་བ་དང་༔ ལ་ལས་ནི་རང་གི་སྒོམ་ཉེས་པར་འཛིན་ཞིང་འགྱོད་སེམས་དང་ཅི་བྱེད་སེམས་པའི་བསམ་མནོ་རྒྱུན་ཆད་མེད་པར་གཏོང་བ་དང་༔ ད་དགེ་བའི་བཤེས་གཉེན་གཞན་གྲགས་པ་ཅན་ཞིག་གི་ཚལ་དུ་སོང་ན་ཕན་ནམ་སྙམ་ནས་ཕྱིན་པས༔ དགེ་བའི་བཤེས་གཉེན་གང་ལའང་དེང་སང་གི་དུས་འདིར་ལམ་འདིའི་ཡིན་ལུགས་དང་ཉམས་ཀྱི་འབྱུང་ཚུལ་ལ་སོགས་པའི་རྒྱུས་ཤེས་པ་གཅིག་ཀྱང་མེད་པས་ཁོང་རྣམས་ཀྱི་ཆེ་བ་བྲི་བར་དོགས་ནས་མི་ཤེས་དང་རྒྱུས་མེད་ཅེས་པ་གསུང་མི་ནུས་པར་ལ་ལས་ནི་བློ་ཡིད་ཀྱི་བཅས་བཅོས་ཤིག་བསླབ་ནས་ཁྱོད་ཀྱི་སྒོམ་པ་སྒོམ་ལོག་ཏུ་སོང་བ་ཡིན་པར་སྐད་པ་དང་༔ ལ་ལས་ནི་ཁྱོད་ཀྱི་བླ་མས་ཁྲིད་མི་ཤེས་པས་ལོག་ལམ་ཏུ་སོང་བ་ཡིན་ཅེས་ཟེར་ཞིང་འདི་ལྟར་གྱིས་ཟེར་ནས་ཁོང་གི་ཤེས་ཚོད་ཀྱི་གདམས་པ་གོ་མ་ཆོད་པ་རེ་བསླབ་ནས་དེ་ལ་བསྟོད་པ་བརྗོད་པར་བྱེད་པ་དང་༔ ལ་ལས་ནི་ཁོང་གི་དགོངས་པ་འཕོ་ནུས་པར་སྐད་པའི་མཐོ་སྐད་ཀྱི་ཚིག་གྱེར་ནས་ངས་ཐུགས་གཏད་བྱེད་ཁྱོད་ཀྱིས་ཐུགས་ཡིད་བསྲེས་དང་ས་ལམ་ཐམས་ཅད་དུས་གཅིག་ལ་རྫོགས་འོང་བར་སྐད་པ་ནི་ཤིན་ཏུ་མང་སྟེ༔ དེ་ལྟར་ཡིན་ན་སངས་རྒྱས་ཀྱི་ཐུགས་རྒྱུད་སེམས་ཅན་ལ་འཕོས་ནས་འཁོར་བ་སྟོང་ཟིན་དགོས་པ་དང་༔ ཁྱད་པར་སངས་རྒྱས་ཀྱི་འཁོར་ཉན་རང་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ལ་ཐུགས་ཡིད་བསྲེས་པས་སངས་རྒྱས་ཀྱི་དགོངས་པ་འཕོ་ན་ཐེག་པ་དམན་པ་ལས་ཆེར་བསྐྱེད་ནས་གོང་ནས་གོང་དུ་ཅིས་མི་འདྲོང་༔ དགོངས་རྒྱུད་འཕོ་ཞེས་པའི་ཁ་ཕོ་མཐོ་བ་ལ་བདེན་པར་མ་ཞེན་ཅིག༔ འགའ་ཞིག་གིས་བདག་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་ཞེན་མེད་པར་སེམས་པ་དང་༔ འགའ་ཞིག་རང་རྒྱུད་སྔར་ལས་སྤུ་ཙམ་མ་འཕགས་ཏེ་སྣང་བ་སྣ་ཚོགས་མཆེད་པ་ལ་སྣང་ཐོག་ཏུ་ཞེན་ནས་འཁྲུལ་པར་འབྱམས་པའི་ངང་ཚུལ་ལ་བརྟག་དཔྱད་མི་བྱེད་པའི་དམུས་ལོང་རྣམས་ཀྱིས་ང་ནི་ཆོས་ཉིད་ཟད་པའི་སར་སླེབ་ཟིན་ཟེར་བ་དང་༔ ངའི་འཁྲུལ་པ་ཞིག་པ་ཡིན་སྙམ་དུ་སེམས་པ་དག་འབྱུང་བ་ལ༔ མཁས་པ་ཡོན་ཏན་ཅན་རྣམས་ཀྱིས་ཤིན་ཏུ་ཁྲེལ་ཞིང་ལུང་རིག་གི་མཚོན་ཆས་བསྣུན་པར་བྱེད་ངེས་པས༔ ལམ་འདིར་ཞུགས་པའི་སྐྱེས་བུ་རྣམས་ཀྱིས་གཟབ་དགོས་པའི་གནས་ཡིན་ནོ༔ ཆོས་གཞན་བསྒྲུབ་ཀྱང་ཚེ་འདི་ཉིད་ལ་རྣམ་པར་གྲོལ་བའི་ས་མཆོག་ཐོབ་པར་མི་འགྱུར་བའི་ཕྱིར་བདུད་རྣམས་ཀྱིས་དེ་ལ་ཕྲག་དོག་དང་ཞེ་སྡང་བར་མི་འགྱུར་བས་བར་ཆད་ཡང་མི་བྱེད༔ ལམ་འདི་ཉིད་མཐའ་རུ་ཕྱིན་པར་གྱུར་ན་ཚེ་གཅིག་ལུས་གཅིག་འདི་ལ་བདུད་ཀྱི་སྡེ་དཔོན་དྲག་ཤུལ་ཅན་གྱི་མངའ་འོག་ནས་ཐོན་ཏེ་སངས་རྒྱས་ཀྱི་སར་གཤེགས་པ་ལ་བདུད་ཕྲག་པ་དོག་ཅིང་ཞེ་སྡང་སྟེ་བར་ཆད་རྩོམ་པ་ལ་ཆས་ནས་གེགས་བྱེད་ཅིང་སྣང་བའི་ཡུལ་དུ་བསླུ་བའི་རྫུ་འཕྲུལ་རྣམ་པར་སྟོན་པར་བྱེད་པ་ཡིན༔ དེ་ལྟར་བར་ཆད་ཀྱི་དབང་དུ་མ་སོང་བར་རྩེ་གཅིག་ཉམས་སུ་བླངས་པས་འོད་སྣང་ཆེར་འཕེལ་ནས་མཉམ་པར་བཞག་པ་ཙམ་ནས་སྣང་བ་ཐམས་ཅད་བར་དང་གོ་མཚམས་མེད་པར་འོད་དང་ཐིག་ལེས་ཁྱབ་པའོ༔ མ་དག་པའི་སྣང་བ་ལ་མིག་གིས་བལྟས་པས་ཐ་མལ་གྱི་སྣང་བ་བཞིན་སྣང་བ་ནི་ཆུ་བུར་མིག་གིས་མཐོང་བ་ཡིན༔ འོད་སྣང་དྲན་པ་ཙམ་གྱིས་དབྱིངས་ཐིག་གམ་ལུ་གུ་རྒྱུད་དུ་སྣང་བ་ནི་ཤེས་པ་མངོན་དུ་གྱུར་པའི་བྱེད་ལས་ཡིན་པས་ཤེས་རབ་ཀྱི་མིག་གིས་མཐོང་བ་ཞེས་བྱའོ༔ མཉམ་པར་བཞག་པའི་ཚེ་ན་དབྱིངས་དང་ཐིག་ལེའི་རོལ་པར་མཆེད་དེ་ངང་བརྟན་ཅིང་རྒྱུན་ཆགས་པ་ནི་ཡེ་ཤེས་ཀྱི་མིག་གིས་གསལ་བ་ཞེས་བྱ་བ་ཡིན༔ དང་པོའི་གནས་སྐབས་སུ་འོད་གསལ་གྱི་སྣང་བ་མངོན་དུ་བྱེད་པའི་ཤེས་པ་ནི་ཤེས་རབ་ཀྱི་མིག་ཅེས་བྱ་བ་ཡིན༔ དེ་ལ་ཡེ་ཤེས་ཀྱི་སྤྱན་རྡུལ་དང་བྲལ་བ་ཇི་ལྟར་ཚུད་པ་བཞིན་དུ་དབྱིངས་ཐིག་འོད་གསལ་ལྷ་སྐུའི་སྣང་བ་མ་མཐོང་གི་བར་དུ་དེ་ལྟར་གསལ་བར་བྱེད་པ་ཡིན༔ སླར་ཡང་ཤེས་རབ་ཀྱི་མིག་གསལ་འགྲིབ་དང་བྲལ་བའི་རྣོ་ཡེ་ཤེས་རྩེ་མོས་མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་ཀུན་ཏུ་སྣང་བ་ཐམས་ཅད་འོད་དང་འཇའ་ཐིག་གི་རོལ་པར་ཇེ་འཕོ་ཇེ་གསལ་དུ་སོང་ནས་མཐར་ས་རྡོའི་སྣང་བ་མི་མངོན་པར་འོད་སྣང་གི་རོལ་པ་བར་མཚམས་མེད་པར་ཁོར་ཡུག་ཏུ་འདྲེས་པ་ནི་ཐ་མ་གོམས་པའི་ཚད་དང་སྙིགས་མ་དྭངས་མར་འཕོས་དྭངས་མ་འོད་ལྔར་འཕོས་ཏེ་མངོན་ཏུ་གྱུར་པ་ཡིན༔ ཉམས་གོང་འཕེལ་གྱི་རྩལ་རྫོགས་པའི་ཚད་དང་ས་མཚམས་འདིར་ཐིག་ལེ་ཆེ་བ་གནམ་ས་ཁེབས་པ་ཙམ་དང་ཆུང་བ་ཡུངས་འབྲུ་ཙམ་གྱི་བར་དུ་མ་ངེས་པར་འཆར་ཏེ་ལྔ་ཚོམ་དུ་སྣང་༔ དབྱིངས་སྣང་དུ་མཁར་ཐབས་ཀྱི་སྒོ་དང་ཡ་ཕུབ་ཆོས་འཁོར་གདུགས་ཏོག་དྲིལ་གདང་དར་དཔྱངས་དང་བཅས་པའི་རྣམ་པར་སྣང་བར་འགྱུར༔ དེ་ལྟར་མྱུར་ལམ་ཟབ་མོ་ཉམས་སུ་ལེན་པའི་སྐྱེས་བུ་ལས་དང་སྨོན་ལམ་དུས་འཛོམ་པའི་སྐལ་བར་ལྡན་པ་རྣམས་འཆི་བའི་དུས་ནའང་དང་པོའི་གནས་སྐབས་གྲུ་ཆད་ཀྱི་རྣམ་པར་སྣང་ཚེ་རང་བཞིན་སྤྲུལ་པའི་སྐུར་དབུགས་འབྱིན་པ་དང་༔ མཐར་རྩལ་རྫོགས་ནས་ཐིག་ལེ་ལྔ་ཚོམ་ལས་མི་སྣང་བའི་དུས་བར་དོ་མེད་པར་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་འགྱུར་རོ༔ ས་ལམ་གྱི་དོད་དུ་བསྟན་ན་ཐོད་རྒལ་རང་ལམ་ནས་ཉམས་སྣང་གོང་འཕེལ་ཞེས་བྱ་བའི་ཐོག་ཏུ་ཕེབས་ཚེ་མདོ་ལམ་དུ་ས་ལྔ་པ་སྦྱངས་དཀའ་བ་ཞེས་པར་ངེས་པ་ཡིན་ཏེ༔ ཉམས་ཀྱི་ཟུག་རྔུ་མི་བཟོད་པ་དང་༔ ཉམས་ཀྱི་དབང་དུ་ཞེན་ཅིང་འཆོལ་བས་གནས་སྐབས་འདིར་བབས་ཚེ་ལམ་མཐར་ཕྱིན་པར་སྦྱང་ནུས་པ་ཤིན་ཏུ་དཀའ་བའི་ཕྱིར་སྦྱངས་དཀའ་བ་ཞེས་བྱ་བ་དང་༔ སྔགས་ལམ་དུ་འཁོར་བར་སྐྱེ་འཆིའི་སྣང་བ་ཐམས་ཅད་ཆོད་ནས་མི་འཆི་ཚེ་ལ་དབང་བའི་རིག་འཛིན་གྱི་ས་ཐོབ་པ་ཡིན་ནོ༔ དེ་ནས་རིག་པ་བཅུད་དུ་སྨིན་པ་ཚད་ཕེབས་ཞེས་བྱ་བའི་སྣང་བ་འདི་ལྟར་འབྱུང་བ་ཡིན་ཏེ༔ ཐིག་ལེ་ལྔ་ཚོམ་ཐམས་ཅད་ཀྱི་ཀློང་དུ་སྐུ་ཡར་ཕྱེད་སྐུ་སྨད་སྤྲིན་གྱི་རྣམ་པའི་འོད་ཀྱི་རྣམ་པར་སྣང་བ་དང་༔ སྐུ་གདོང་ཕྱེད་བཀས་པ་ལྟར་དུ་སྣང་བ་རྣམས་དེའི་དུས་སུ་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་རིམ་པ་བཞིན་ལྷ་སྐུ་ཆ་ཚང་དུ་སྣང་ནས་སྐུ་རྐྱང་པ་ལོངས་སྤྱོད་རྫོགས་པའི་རྒྱན་རྫོགས་པ་དཀར་པོ་རྣམ་པར་སྣང་མཛད༔ སྔོན་པོ་རྡོ་རྗེ་སེམས་དཔའ༔ སེར་པོ་རིན་ཆེན་འབྱུང་ལྡན༔ དམར་པོ་སྣང་བ་མཐའ་ཡས༔ ལྗང་གུ་དོན་ཡོད་གྲུབ་པ་རྣམས་སྣང་བ་དང་༔ དེ་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་སྐུ་ཡབ་ཡུམ་ཟུང་འབྲེལ་གྱི་རྣམ་པར་རིམ་པ་བཞིན་དུ་སྣང་བ་དང་༔ ཡང་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མ་བཞི་དང་བཅས་པ་འཆར་བ་ཡིན་ནོ༔ དེར་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིགས་ལྔའི་ཚོམ་བུ་རྣམས་སྐུ་རྒྱན་རྫོགས་པར་མཛེས་ཤིང་ཡིད་དུ་འོང་བ་དར་སྣ་ཚོགས་པས་ཀླུབ་པ་འོད་ཟེར་འབར་ཞིང་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པར་སྣང་ངོ་༔ དེ་ཡང་ཆེས་ཆེར་གོམས་པའི་སྟོབས་ཀྱིས་ཕྱི་གཞལ་ཡས་ཁང་ནང་ཐོད་པ་ར་རི་གསུམ་གྱིས་བརྩིག་པའི་གཞལ་ཡས་ཁང་མེ་རི་འབར་བའི་ཀློང་དུ་ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཡབ་ཡུམ་འཁྲིལ་སྦྱོར་དང་ཡབ་རྐྱང་རྣམས་གླང་ཆེན་གྱི་ཀོ་རློན་དང་༔ མི་ལྤགས་ཀྱི་སྐེད་དཀྲིས་དང་༔ སྟག་ལྤགས་ཀྱི་ཤམ་ཐབས་ཀྱིས་ཀླུབ་པ༔ མཚོན་ཆ་ཐོགས་པ༔ ཆེ་བ་གནམ་ས་ཙམ་ནས་ཆུང་བ་སྲན་མ་ཙམ་གྱི་བར་དུ་ཚད་མ་ངེས་པར་སྣང་བ་ཡིན་ནོ༔ སྣང་སྲིད་ཐམས་ཅད་འཇའ་འོད་མེ་དཔུང་གི་རྣམ་པས་གང་ཞིང་ཡོངས་སུ་ཁེབས་པའི་རྣམ་པར་སྣང་བ་དང་༔ ཡུལ་ཁབ་མིག་ཙམ་གྱི་ནང་དུ་ལྷ་སྐུ་རྒྱན་རྫོགས་པས་གང་ཞིང་གསལ་བར་སྣང་བ་ནི་ཚད་ཕེབས་ཀྱི་རྩལ་རྫོགས་པའི་ཚད་དུ་འཆར་བའོ༔ ངག་གི་ཚད་ནི་གྲུལ་བུམ་གྱི་ཕྲུ་གུས་གླུ་ལེན་པ་ལྟར་གཞན་གྱི་རྣ་ལམ་དུ་སྙན་ཅིང་བློ་ཁ་བསྒྱུར་ནུས་པ་དང་༔ གཞན་ཡང་ཆོས་ཀྱི་ཚིག་སྣ་ཚོགས་དང་༔ གཏམ་རྒྱུད་རྣམ་པ་སྣ་ཚོགས་པ་དང་༔ སྒྲ་དང་སྙན་ངག་སྡེབ་སྦྱོར་སྣ་ཚོགས་པ་རང་བརྡོལ་བ་དང་༔ སྣང་བ་བརྡ་དང་དཔེ་ཆར་ཤར་ནས་རྒྱུད་ལུང་མན་ངག་གི་ཚིག་དོན་ཐམས་ཅད་ཆུའི་གཞུང་བཞིན་དུ་བརྡོལ་བ་དང་༔ གླུ་དབྱངས་མགུར་མ་ལ་སོགས་པའི་ཚིག་གིས་གཞན་སྣང་དབང་དུ་བསྒྱུར་ཞིང་གཞན་རྒྱུད་ལ་ཕན་གདགས་པ་ཡིན་ནོ༔ ལུས་ཀྱི་རྟགས་ནི་ལུས་མེ་ལོང་གི་བྱད་ལྟར་དྭངས་ཤིང་གསལ་བའི་ཀློང་དུ་གཟུགས་བརྙན་སྣང་བ་བཞིན་དུ་རིགས་ལྔའི་ཕྱག་རྒྱ་གསལ་བ་དང་༔ གཟུགས་བརྙན་སྣ་ཚོགས་པ་སྣང་བ་དང་༔ ལུས་ཤིང་བལ་ལྟར་ཡངས་ཤིང་གདོས་པའི་སྣང་བ་མེད་པ་དང་༔ ལུས་ཀྱི་སྲིན་བུ་འོད་གསལ་དུ་གྲོལ་བའི་ལྟས་སུ་ལུས་ལ་ཤིག་སྲོ་མི་བྱུང་བ་དང་༔ སྐྲ་དཀར་ནག་པོར་འགྱུར་བ་དང་༔ དུང་སོ་དཀར་པོ་ཤིན་ཏུ་གསལ་བར་སྐྱེ་བ་དང་༔ གཞོན་ཤ་རྒྱས་ཏེ་གཉེར་མ་རྣམས་དྭངས་པ་དང་༔ ཕ་རོལ་པོའི་མིག་གིས་མཐོང་བ་ཙམ་ནས་སྣང་བ་བསྒྱུར་ཏེ་དད་གུས་སྐྱེ་བ་དང་༔ ཡེ་ཤེས་ཀྱི་མེ་དྲོད་འབར་བས་གོས་ཀྱི་འདུ་ཤེས་བོར་ནས་གྲང་བའི་སྣང་བ་ཡུལ་མེད་དུ་སངས་ཏེ་བདེ་དྲོད་རྒྱུན་མི་ཆད་པ་དང་༔ ཟས་ཀྱི་འདུ་ཤེས་བོར་ནས་ཏིང་ངེ་འཛིན་གྱི་ཟས་བདེ་སྟོང་གི་ནུས་པས་ལོ་ཟླར་འཚོ་བ་དང་༔ བ་སྤུ་རེ་རེའི་ཁུང་བུར་སེམས་ཅན་གྱི་གནས་རིས་བསམ་གྱིས་མི་ཁྱབ་པའི་སྣང་བ་བཀོད་པ་དང་༔ སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་བཀོད་པ་ནི་རྫུ་འཕྲུལ་ལ་རང་དབང་ཐོབ་པ་ཡིན༔ འཇུག་པ་དང་སྤྲུལ་པ་ལ་རང་དབང་བསྒྱུར་ཏེ་སེམས་ཅན་གྱི་གནས་རིས་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲུལ་ནས་སྐད་ཅིག་དེ་ཉིད་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པ་འདྲེན་པ་དང་༔ སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲུལ་ནས་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་ཅིང་དབང་ནོད་དེ་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་འབྱེད་པ་དང་༔ དེ་གཞན་དུ་བསྒྱུར་ནས་ཡང་རང་དང་གཞན་གྱི་སྣང་བ་བཀོད་པ་དང་༔ སྤྲུལ་པ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་འཕྲུལ་ཅིང་འགྱེད་པར་བྱེད་པའོ༔ སྣང་བ་རྣམ་པར་དག་པས་སྣང་བ་ཞིང་ཁམས་ཀྱི་རོལ་པར་འཆར་བ་དང་༔ སེམས་ཉིད་རྣམ་པར་དག་པས་སྲིད་པ་ལྷ་སྐུའི་རོལ་པར་འཆར་བ་དང་༔ སྒྲ་རྣམ་པར་དག་པས་སྒྲ་གྲགས་ཆོས་ཀྱི་འཁོར་ལོར་སྣང་བ་ཡིན་ཏེ༔ དེ་ལྟར་རྣམ་པར་དག་པ་གསུམ་གྱི་རོལ་པར་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བ་ལས་མ་དག་པའི་སྣང་བ་རྡུལ་ཙམ་ཡང་མི་འབྱུང་བ་ཡིན༔ སྦྱོར་བ་ལ་རང་དབང་འབྱོར་ནས་མ་དག་པ་འཁོར་བའི་སྒོ་དུ་མ་དག་དབྱིངས་བདེ་བ་ཆེན་པོར་སྦྱོར་ནུས་པ་དང་༔ སྒྲོལ་བ་ལ་རང་དབང་ཐོབ་ནས་མཚམས་མེད་པ་ལྔ་ལ་སྤྱོད་པའི་སྐྱེས་བུ་ལའང་རིག་པ་གཏད་པ་ཙམ་གྱིས་རྣམ་པར་གྲོལ་བའི་ས་ལ་སྒྲོལ་བར་བྱེད་པ་དང་༔ འབྱུང་བ་ལ་རང་དབང་འབྱོར་ནས་དངོས་པོ་ཐམས་ཅད་གསེར་དང་དངུལ་ལ་སོགས་པར་བསྒྱུར་བ་དང་༔ ཆུ་མེ་ལ་བསྒྱུར་བ་དང་༔ མེ་ཆུ་ལ་བསྒྱུར་བ་ལ་སོགས་པའི་སྣང་བ་དབང་དུ་བྱེད་པ་ཡིན་ནོ༔ ཟད་པ་ལྔའི་སྐྱེ་མཆེད་ལ་དབང་འབྱོར་བས་ལུས་འབྱུང་བ་ལྔར་སྤྲུལ་ནུས་པ་དང་༔ སྲོག་ཆགས་གཞན་ལ་བརྫུ་བར་ནུས་པ་དང་༔ སྤྲུལ་པའི་གཟུགས་སྣང་སྣ་ཚོགས་པ་འཕྲུལ་བར་བྱེད་ནུས་པ་ཡིན་ནོ༔ སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་ལ་མངའ་དབང་བསྒྱུར་ནས་འཇིག་རྟེན་གསུམ་ལས་འདའ་བར་འདོད་ཚེ་ཆོས་སྐུ་ཀུན་ཏུ་བཟང་པོའི་དབྱིངས་སུ་སངས་རྒྱས་པར་འགྱུར་རོ༔ འདི་དུས་ནི་ཚེ་རབས་ཐམས་ཅད་ཀྱི་དགེ་སྡིག་རྒྱུ་འབྲས་ལ་མ་ལྟོས་པར་ཡར་གྱི་ཟང་ཐལ་ཆེན་པོར་སངས་རྒྱས་པ་ཞེས་བྱ་སྟེ་ལས་ལ་བཟང་ངན་དང་བར་མ་དོའི་སྣང་བ་ལ་མ་ལྟོས་པར་སེམས་སྣང་ཐམས་ཅད་མུན་རུབ་པའི་ནམ་མཁའ་ལྟ་བུའི་སྟེང་དུ་ནམ་ལངས་པ་ལྟར་རང་ཐོག་ཏུ་རང་སད་པ་ཙམ་ལས་འཆི་བ་མེད་པའོ༔ རྫོགས་ཆེན་རང་ལམ་དུ་ཚད་ཕེབས་དང་༔ མདོ་ལམ་དུ་ས་བརྒྱད་པ་ཞེས་བྱ་བ་འདིར་དོན་གྱིས་ཐོབ་པ་དང་༔ བསྐྱེད་པའི་ལམ་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ་ཡང་འདིར་དོན་གྱིས་ཐོབ་པ་ཡིན་ནོ༔ གཞན་ཡང་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས་ཉམས་ཀྱི་འཆར་སྒོ་ཡང་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡོད་པས་མཐའ་གཅིག་ཏུ་མི་འཛིན༔ ཚད་བཟུང་ཡང་མེད་དེ་བཤད་ཟིན་པ་འདི་དག་དཔེ་དང་བརྡ་ཙམ་ཡིན་ཏེ༔ རིག་པས་དཔྱད་ཅིང་གང་ཤར་གང་སྣང་ཐམས་ཅད་ཉམས་ཀྱི་རང་བཞིན་ཡིན་པར་ཐག་ཆོད་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་དེ་ལྟར་ཉམས་སུ་བླངས་པས་སྐྱེས་བུ་བརྩོན་འགྲུས་སྙིང་སྟོབས་ཆེན་པོ་དང་ལྡན་པ་ལམ་གཞན་ལྟར་དབང་པོ་རྣོ་རྟུལ་དང་ལས་ལ་བཟང་ངན་དང་ན་སོ་རྒས་གཞོན་སོགས་ལ་ལྟོས་པ་མ་ཡིན་ཏེ༔ བརྩོན་འགྲུས་དང་སྙིང་སྟོབས་ཁོ་ནའི་བྱེད་ལས་ཀྱི་ཕྱིར་དབང་པོ་ཡང་རབ་ཏུ་བརྗོད་པ་ཡིན༔ དེས་ན་སྒོམ་པ་ཉམས་ལེན་ལ་སྣ་མི་སུན་པར་མི་ཚེ་ཆོས་ལ་དྲིལ་བ་དག་གིས་བཤད་པའི་རིག་པ་ཚད་ཕེབས་ཀྱི་སྣང་བ་ཕྱི་ནང་མ་འཛོལ་བ་རྒྱུད་ལ་འབྱུང་བའི་ཚེ་ན་སྣང་བ་ཐམས་ཅད་འོད་གདངས་ཉིད་ལས་ཐ་མལ་གྱི་སྣང་བ་མི་འབྱུང་ཞིང་སྣང་བར་མི་འགྱུར་རོ༔ མཐར་བཅོ་ལྔའི་ཟླ་བ་ལྟ་བུ་སྐུ་དང་ཐིག་ལེའི་སྣང་བ་ཐམས་ཅད་རིམ་བཞིན་ཇེ་ཉུང་དུ་འགྲོ་སྟེ༔ དུང་ཁང་ནས་འོད་ཕུང་དཀར་པོ་སྤྲིན་ཕུང་ལྟ་བུ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ༔ ཐིག་ལེ་ལྔ་ཚོམ་དུ་ཤར་བའི་དབུས་སུ་རྣམ་པར་སྣང་མཛད་ཡབ་ཡུམ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས་པ་དེ་ལ་དེ་འདྲ་བ་བཞི་ཡིས་བསྐོར་བར་སྣང་སྟེ༔ སྐུ་དེ་དག་གི་ཐོ་ཕྱི་དང་ཁོར་ཡུག་ཐམས་ཅད་རྡོ་རྗེ་ལུ་གུ་རྒྱུད་དཀར་པོ་ཤེལ་དཀར་གྱི་ཕྲེང་བ་བསྟར་ལ་རྒྱུས་པ་ལྟ་བུར་དྲྭ་བ་དྲྭ་ཕྱེད་འཕྱང་བའི་རྣམ་པར་འཆར་རོ༔ དེ་ནས་ཡར་མཆེད་པ་དང་མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་ཟླ་ལྟར་དཀར་བ་རང་གི་སྨིན་མཚམས་སུ་ཟུག་པ༔ འོད་ཀྱི་སྣམ་བུ་དེ་ལ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་ཞག་བདུན་ནམ་ལྔར་འཆར་ཏེ༔ མཐར་རང་གི་སྨིན་མཚམས་སུ་ཐིམ་པས་ལུས་འོད་ཕུང་དུ་སྨིན༔ མི་འགྱུར་བ་སྐུ་རྡོ་རྗེའི་དབང་ནོད་པ་ཡིན་ཏེ༔ འདིའི་དུས་སུ་ཚེའི་དུས་བྱས་ནའང་དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ༔ ས་གཞི་ཐམས་ཅད་རིན་པོ་ཆེ་ཤེལ་ལས་གྲུབ་པ་རྒྱ་ཆེ་ཞིང་ཁྱོན་ཡངས་པ་ཁྱབ་བརྡལ་ནམ་མཁའི་ཁྱོན་ལ་བསྙེགས་པ༔ ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་བྱད་ལྟ་བུ༔ མནན་ན་མར་ལ་ནེམ་ཞིང་བཏེགས་ན་ཡར་ལ་སྤར་བ༔ སའི་བཞིན་ལ་རྐང་པའི་མཐིལ་གྱིས་རེག་པས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་འབར་བ༔ སྨན་གྱི་སྤང་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་པདྨོས་ས་གཞི་ཐམས་ཅད་ཡོངས་སུ་ཁེབས་པ༔ ནམ་མཁའ་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ གཞན་ཡང་འཇའི་བླ་བྲེ་དང་༔ གདུགས་དང་རྒྱལ་མཚན་དང་འཕན་ལ་སོགས་པའི་རྣམ་པར་སྣང་བ༔ ཁོར་ཡུག་ཐམས་ཅད་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཆེན་པོས་བསྐོར་བའི་འགྲམ་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་པ་དང་༔ གཡུའི་ནེའུ་སིང་དང་༔ གསེར་གྱི་བྱེ་མ་བརྡལ་བ༔ དེའི་ནང་གི་ཁོར་ཡུག་ཏུ་དཔག་བསམ་གྱི་ཤིང་གི་ནགས་ཚལ་ལྷུན་ཧ་ཅང་མི་འཐུག་ཅིང་རྒྱ་ཡོངས་སུ་མ་ཆད་པ༔ རྫིང་བུ་དེའི་ཚལ་ན་སངས་རྒྱས་སྤྲུལ་པའི་བྱ་ཚོགས༔ དུང་གི་མདོག་ལྟར་དཀར་བ༔ གསེར་གྱི་མདོག་ལྟར་སེར་བ༔ བྱེ་རུའི་མདོག་ལྟར་དམར་བ༔ ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ༔ བཻ་ཌཱུཪྻའི་ཁ་མདོག་ལྟར་སྔོ་བ༔ གཞན་ཡང་ཁྲ་བོ་དང་ནག་པོ་དང་༔ མོག་པོ་ལ་སོགས་པས་མཛེས་པའི་གཟུགས་ངོམས་ཤིང་སྙན་པའི་དབྱངས་ཀྱིས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པ༔ རྒྱ་མཚོར་འཁོར་ཞིང་དཔག་བསམ་གྱི་ཤིང་ལ་འབབ་པ༔ ཆུ་བོ་དེའི་ནང་ན་ལྷ་ཡི་བུ་མོ་དང་༔ ཀླུའི་བུ་མོ་དང་༔ དྲི་ཟའི་བུ་མོ་དང་༔ མིའམ་ཅིའི་བུ་མོ་རྣམས་ཀྱིས་རྣམ་པར་འཕྲུལ་པའི་ལྷ་མོ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་དཔག་ཏུ་མེད་པས་མཆོད་པའི་སྤྲིན་རྒྱ་མཚོས་རྒྱུན་མི་ཆད་པར་མཆོད་ཅིང་བཀུར་སྟི་བྱེད་པའོ༔ ཞིང་ཁམས་དེའི་དབུས་སུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་དང་ལྡན་པ༔ ཤར་ཤེལ་ལས་གྲུབ་པ༔ ལྷོ་གསེར་ལས་གྲུབ་པ༔ ནུབ་པདྨ་རཱ་ག་ལས་གྲུབ་པ༔ བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ༔ ཡ་ཕུབ་བཻ་ཌཱུཪྻ་ལས་གྲུབ་པ༔ ཕྱི་ནང་ཟང་ཐལ་དུ་གསལ་བ༔ ནང་གི་ས་གཞི་ཐམས་ཅད་རིན་པོ་ཆེའི་འཇའ་ཤེལ་ལས་གྲུབ་པ༔ ཉི་ཟླའི་སྐར་ཁུང་གི་འོད་ཕོག་པས་འཇའ་འོད་དང་ཐིག་ལེར་འཁྲིག་པ༔ རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ༔ གདུགས་དང་༔ རྒྱལ་མཚན་དང་༔ བ་དན་དང་༔ དར་གྱི་ལྷབ་ལྷུབ་རླུང་གིས་བསྐྱོད་པ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་ལ་སྤུ་སྡུག་ཡིད་དུ་འོང་བའི་རི་དྭགས་ཆོས་ཉན་པ་མང་པོ་ཡོད་པ༔ རྟ་བབ་བང་རིམ་ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུའི་ཏོག་གིས་མཛེས་པར་བརྒྱན་པའི་གཞལ་ཡས་ཁང་རྒྱ་ཆེ་ཞིང་ཁྱོན་ཡངས་པ༔ བཀོད་ལེགས་ཤིང་རྒྱན་རྫོགས་པ༔ འཇའ་དང་འོད་ཕུང་གིས་བརྒྱན་པའི་དབུས་སུ་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ༔ གཟུགས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ༔ རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར་བར་དོ་མེད་པར་སྣང་བ་འཕོས་ཏེ་བརྟན་པ་ཐོབ་པར་འགྱུར་བ་ཡིན༔ ལམ་གྱི་གནས་སྐབས་སུའང་སྐབས་སྐབས་སུ་ཞིང་ཁམས་དེ་ཡིད་ལ་བྱེད་པ་གནད་དུ་ཤེས་པར་བྱའོ༔ ཀྱཻ་རིག་པའི་རྡོ་རྗེ་ལམ་སྦྱངས་པའི་སྐྱེས་བུ་དེ་ཉིད་ས་མཚམས་དེ་ལས་འདས་མཐར༔ རང་གི་མགྲིན་པ་ནས་འོད་གདངས་དམར་པོ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ་ཐིག་ལེ་ལྔ་ཚོམས་སུ་ཤར་བའི་དབུས་སུ༔ སྣང་བ་མཐའ་ཡས་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་དམར་པོ་པདྨ་རཱ་གའི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་མགྲིན་པར་ཟུག་པའི་རྒྱུད་དུ་ཐིག་ལེ་དམར་པོ་པདྨ་རཱ་གའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་ཡང་ཞག་ཉེར་གཅིག་གམ་བདུན་ནམ་ལྔ་ནས་རང་གི་མགྲིན་པར་ཐིམ་པའི་སྣང་བ་འཆར་རོ༔ མི་འགག་པ་གསུང་གསང་བ་རྡོ་རྗེའི་དབང་ནོད་ཅིང་གདིང་ཐོབ་པར་འགྱུར་རོ༔ འདིའི་དུས་སུ་མཚམས་ཆད་དེ་འཕོ་བའི་དབང་དུ་གྱུར་ནའང་སྐད་ཅིག་གིས་ས་གཞི་ཐམས་ཅད་པདྨ་རཱ་ག་ལས་གྲུབ་པ་རྒྱ་ཆེ་ལ་ཁྱོན་ཡངས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤངས་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་པདྨོ་བཞད་པས་ཡོངས་སུ་ཁེབས་པ༔ ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པས་རྒྱ་ཡོངས་སུ་མ་ཆད་པར་བསྐོར་བ༔ བདུད་རྩིའི་རྫིང་བུ་དང་༔ རིན་པོ་ཆེའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ དཔག་བསམ་གྱི་ཤིང་དང་༔ བདུད་རྩིའི་ཆུ་མིག་དང་༔ འཇའི་བླ་བྲེ་དང་༔ གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་རྣམས་རང་ཤར་བ་དང་༔ མཆོད་པའི་ལྷ་མོ་བསམ་ཡས་པས་མཆོད་ཅིང་བཀུར་སྟི་རྒྱུན་མི་ཆད་པར་བྱེད་པའི་དབུས་སུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་༔ ནང་གི་ལོགས་ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་༔ ཡ་ཕུབ་མཐིང་གའི་ཁ་དོག་འབར་བ༔ རྒྱན་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ༔ རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དྲུང་དུ་སྣང་བ་འཕོས་ཏེ་ངང་བརྟན་ཅིང་གདིང་ཐོབ་པར་འགྱུར་རོ༔ ཡང་ས་མཚམས་དེ་ལས་འདས་པའི་དུས་སུ་རང་གི་སྙིང་ག་ནས་འོད་གདངས་མཐིང་ག་སྤྲིན་ཕུང་ལྟ་བུ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ༔ ཐིག་ལེ་མཐིང་ག་རྒྱ་ཆེ་ལ་ཁྱོན་ཡངས་པ་ལྔ་ཚོམས་སུ་ཤར་བའི་དབུས་སུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་རྒྱན་རྫོགས་པར་འཆར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་མཐིང་ག་མུ་མེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་མཐིང་ག་རང་གི་སྙིང་གར་ཟུག་པའི་རྒྱུད་དུ་བཻ་ཌཱུཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་ཏེ༔ དེ་ཡང་ཞག་བཅུ་ཕྲག་སོགས་ནས་རང་གི་སྙིང་གར་ཐིམ་པར་སྣང་ངོ་༔ མི་འཁྲུལ་པ་ཐུགས་ཤེས་རབ་ཡེ་ཤེས་རྡོ་རྗེའི་དབང་ནོད་ཅིང་གདིང་ཐོབ་པར་འགྱུར་རོ༔ དེའི་དུས་སུ་མཚམས་ཆད་ནའང་བར་དོ་མེད་པར་སྣང་བ་གནས་སུ་འགྱུར་ཏེ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ༔ མེ་ལོང་གི་བྱད་ལྟར་ངོས་འཇམ་ཤིང་དྭངས་པ༔ ཁ་དོག་མཐིང་ག་བཻ་ཌཱུཪྻ་ལྟ་བུ༔ འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ སྨན་གྱི་སྤངས་རི་ལ་རབ་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་པས་བརྒྱན་པ༔ དཔག་བསམ་གྱི་ཤིང་དང་༔ ཡན་ལག་བརྒྱད་ལྡན་གྱི་ཆུ་མཚོ༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ རིན་པོ་ཆེའི་གྲམ་པ་དང་༔ མཆོད་པའི་ལྷ་མོ་བསམ་ཡས་པས་མཆོད་བསྟོད་བཀུར་སྟི་བྱེད་པ༔ ནམ་མཁའ་དང་བར་སྣང་མཛེས་པའི་རྒྱན་ཐམས་ཅད་རྫོགས་པའི་དབུས་སུ༔ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ༔ ཕྱི་བཻ་ཌཱུཪྻའི་ཁ་དོག་ལྟ་བུ་མཐིང་ལ་འོད་འབར་བ༔ ནང་ཡེ་ཤེས་ལྔའི་ཁ་དོག་བཀྲ་ཞིང་གསལ་བའི་དབུས་སུ་གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་སྐུ་མདོག་མཐིང་ནག་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་རྫོགས་ཤིང་ཕྱག་གཉིས་ས་གནོན་དང་མཉམ་བཞག་མཛད་པ༔ འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་འདུས་ཤིང་སྟོན་པ་ལས་ཆོས་ཉན་ཅིང་འདུད་པ་དེར་སྣང་བ་འཕོས་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ས་མཚམས་དེ་ལས་འདས་ཚེ་རང་གི་ལྟེ་བ་ནས་འོད་ཕུང་སེར་པོ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུ་ཞིག་མདུན་གྱི་ནམ་མཁར་འཕྲོས་ཏེ༔ འཕྲོས་མ་ཐག་ཏུ་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟ་བུ་འོད་གདངས་སེར་པོ་དང་༔ གཞན་ཡང་སྣང་བ་ཐམས་ཅད་འོད་གདངས་སེར་པོའི་རོལ་པར་འཆར་རོ༔ འོད་ཕུང་དེའི་ཀློང་དུ་ཐིག་ལེ་ཆེན་པོ་ཕུབ་ཀྱི་སྦ་འཁོར་ལྟ་བུ་ལྔ་ཚོམས་སུ་ཤར་བའི་དབུས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་སེར་པོ་རིན་པོ་ཆེ་སྦུར་ལེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་འཕྱང་བའི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་སེར་པོ་རང་གི་ལྟེ་བར་ཟུག་པར་སྣང་ངོ་༔ འོད་ཀྱི་སྣམ་བུ་དེའི་རྒྱུད་དུ་གསེར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་ཞག་ལྔའམ་བདུན་དུ་འཆར་ཏེ༔ མཐར་རང་ལ་ཐིམ་པར་འགྱུར་རོ༔ ཡོན་ཏན་ཡོངས་སུ་རྫོགས་པ་མཚན་མ་ཚིག་དང་བྲལ་བ་ཡེ་ཤེས་རྡོ་རྗེའི་དབང་ནོད༔ འདིའི་དུས་སུ་མཚམས་ཆད་ནའང་བར་དོ་མེད་པར་སྣང་བ་གནས་སུ་འགྱུར་ནས༔ དཔལ་ལྡན་རིན་པོ་ཆེའི་ཞིང་ཁམས་ས་གཞི་ཐམས་ཅད་བཙོ་མ་གསེར་གྱི་ཁ་དོག་ལྟ་བུ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ༔ ངོས་འཇམ་ཞིང་ཁོད་སྙོམས་པ༔ སྨན་གྱི་སྤངས་རི་ལ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ༔ བདུད་རྩིའི་རྫིང་བུ་དང་༔ དག་བྱེད་ཀྱི་ཆུ་མིག༔ དཔག་བསམ་གྱི་ལྗོན་ཤིང་ལ་སོགས་པ་མཆོད་པའི་སྤྲིན་རྒྱ་མཚོས་ཡོངས་སུ་གང་བའི་དབུས་སུ་ཡེ་ཤེས་འཕྲུལ་གྱི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་གསེར་གྱི་ཁ་དོག་ལྟ་བུ༔ ནང་ཡེ་ཤེས་ལྔའི་རང་མདངས་ལས་ལས་བཞིའི་ཁ་དོག་དང་ལྡན་པའི་དབུས་སུ་རྟ་མཆོག་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་ཚོར་བའི་ཕུང་པོ་གནས་སུ་དག་པའི་ངོ་བོ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་ལ་རྟག་ཏུ་ཆོས་སྟོན་པ་དེར་སྣང་བ་མཆེད་དེ་གྲོལ་བ་ཐོབ་པར་འགྱུར་རོ༔ ས་མཚམས་དེ་ལས་འདས་ཚེ་རང་ལུས་འོད་ལྔར་སྣང་ཏེ་དེ་ལས་འོད་ཕུང་ལྗང་ནག་མདུན་གྱི་ནམ་མཁར་འཕྲོས་པའི་ཀློང་དུ་འོད་ལྔའི་ཁ་དོག་ལྔ་ལྡན་བསེ་ཕུབ་ཙམ་ལྔ་ཚོམས་ཀྱི་ནང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་སྐུ་སྐྱེ་མཆེད་དྭངས་ཤིང་རྒྱན་རྫོགས་པ་འོད་དང་འོད་ཕུང་བལྟར་མི་བཟོད་པར་འབར་བ༔ དེ་དག་ཐོ་ཕྱི་ཐམས་ཅད་དུ་རྡོ་རྗེ་ལུ་གུ་རྒྱུད་གཡུའི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མར་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་ལྗང་གུ་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུ་རང་གི་གསང་གནས་སུ་ཟུག་པའི་རྒྱུད་དུ་གཡུའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པ་འཆར་ཏེ༔ དེ་ཡང་ཞག་བཅུ་ཕྲག་སོགས་ཚད་རྫོགས་པའི་རྗེས་སུ་རང་ལ་ཐིམ་པར་སྣང་ངོ་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ལ་མངའ་དབང་བསྒྱུར་བའི་དབང་ནོད༔ འདིའི་དུས་སུ་སྣང་བ་གནས་སུ་འགྱུར་ནའང་ལས་རབ་རྫོགས་པའི་ཞིང་ཁམས་ས་གཞི་ཐམས་ཅད་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་ལྟར་འབར་བ༔ ཁོར་ཡུག་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཕྱི་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་ལྟར་ལྗང་བ༔ ནང་ཡེ་ཤེས་ལྔའི་རང་མདངས་ལས་བཞིའི་ཁ་དོག་གསལ་ཞིང་བཀྲ་བ༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཤང་ཤང་ཏེའུ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་བྱ་གྲུབ་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར་སྣང་བ་འཕོས་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ལྷུན་རྫོགས་ཀ་དག་རྡོ་རྗེའི་དབང་ནོད་དེ་ཉམས་སྣང་དག་པའི་མཐར་ཐུག་དེ་ལས་འདས་ཚེ་དུང་ཁང་དུ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་སྣང་སྟེ༔ སྟེང་གི་ནམ་མཁའ་ལ་འཕགས་ནས་འཇིགས་པའི་གད་རྒྱངས་དང་གར་གྱི་རྣམ་འགྱུར་སྣ་ཚོགས་བསྒྱུར་བས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་འགུལ་ཞིང་ས་ཆེན་གཡོ་བ་དང་༔ སྒྲ་ཆེན་པོ་འུར་བ་ལ་སོགས་པའི་རྐྱེན་ལས་སྣོད་བཅུད་ཐམས་ཅད་འོད་ཀྱི་ངང་དུ་ཡལ་ཏེ་རང་ལུས་ཀྱང་འོད་ཀྱི་ཀློང་དུ་ལག་པའི་སོར་མོ་བཀྲམ་པ་ཙམ་ལས་མི་སྣང་ངོ་༔ འདིའི་དུས་སུ་མི་འཇིགས་པའི་གདིང་ཆེན་པོ་བཞི་ཐོབ་པར་འགྱུར་ཏེ༔ བཞི་གང་ཞེ་ན༔ རང་གཞི་ཆོས་སྐུ་གདོད་མའི་མགོན་པོ་ཡེ་སངས་རྒྱས་པའི་དོན་གཤིས་ཐོག་ཏུ་ཕེབས་པས་སངས་རྒྱས་ནམ་མཁའ་གང་བ་ཙམ་གྱི་ཞལ་མཐོང་ཡང་དད་པ་དང་མོས་གུས་ཅུང་ཟད་ཙམ་ཡང་མེད་པའི་གདིང་ཆེན་པོ་དང་༔ རང་ངོར་སངས་རྒྱས་པ་ལས་རྒྱུ་འབྲས་གཞན་གྱིས་ཕན་གནོད་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་ཆེན་པོ་དང་༔ རང་གཞི་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་གཤིས་ཐོག་ཏུ་ཕེབས་པས་སྲོག་གཅོད་ཀྱི་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་བ་ཅུང་ཟད་ཙམ་མེད་པའི་གདིང་ཆེན་པོ་དང་༔ ཀ་དག་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་གྱུར་ཏེ་གདོད་ནས་འཁྲུལ་མི་ཤེས་པའི་དོན་གཤིས་ཐོག་ཏུ་ཕེབས་པས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་ཆེན་པོ་དང་བཞི་ཐོབ་པ་ཡིན་ནོ༔ དེ་ནས་དབྱིངས་དང་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཐམས་ཅད་རིམ་གྱིས་ནུབ་པ་ནི་ཟླ་བ་ཉ་གང་བ་ནས་གནམ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་བཞིན་དུ་ཡལ་བའོ༔ མཐར་མ་རིག་པ་གཞི་ལ་སངས་ནས་ཆོས་ཉིད་ཀྱི་དོན་གཤིས་ཐོག་ཏུ་ཕེབས༔ བདག་འཛིན་གྱི་གཞི་རྩ་ཞིག་ནས་འཛིན་པའི་སེམས་ཟད༔ གཟུང་འཛིན་གྱི་ཟེར་ཐག་ཆད་པས་གཟུང་བའི་ཡུལ་ཟད༔ གཉིས་སྣང་གི་རྟོག་པ་ཟད་པས་འཁོར་འདས་དག་མཉམ་དུ་ཕྱམ་བརྡལ་བའི་ངང་དུ་འབྱམས་ཀླས་པ་ཡིན༔ ལུས་དུར་ཁྲོད་ཀྱི་མི་རོ་ལྟ་བུར་སྲོག་གཅོད་ཀྱི་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་བ་མི་སྐྱེ་བ་དང་༔ ངག་བྲག་ཅ་ལྟ་བུར་སོང་ནས་ཕ་རོལ་པོའི་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཟློ་བ་དང་༔ སེམས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཆོས་ཉིད་སྤྲོས་མཐའ་དང་བྲལ་བ་ཁྱབ་བརྡལ་ཕྱོགས་ཡན་ཆེན་པོའི་ངང་དུ་འབྱམས་ཀླས་པའོ༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་པའི་སྐྱེས་བུ་དེ་ལ་མདོ་ལམ་གྱི་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བ་ལས་ཆེས་ཆེར་འཕགས་པ་དང་༔ སྔགས་ལམ་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་མཆོག་དོན་གྱིས་ཐོབ་པ་ཡིན་ནོ༔ ད་དུང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་བག་ལ་ཉལ་བ་ལངས་ཏེ་མཁའ་ལ་གློག་འཁྱུག་པས་སྣང་བ་སྟོན་པ་བཞིན་དུ་སྐབས་རེ་ལ་རང་ལུས་འོད་ཀྱི་ཀློང་དུ་འོད་ལག་སོར་བཀྲམ་པ་ཙམ་སྣང་སྟེ༔ སྣང་སེམས་སྐབས་འབྱེད་ཅིང་གཏམ་དང་ཆོས་ཚིག་སྔར་བཞིན་སྨྲ་བའི་སྐབས་འགའ་མཆིས་པས་ཤེས་པར་གྱིས་ཤིག༔ དེ་ལྟར་ཞག་བཅུའམ་ཟླ་བ་བཅུའི་ཚད་རྫོགས་པའི་ཚེ་ཤེས་སྒྲིབ་ཕྲ་བའི་ཕྲ་བ་དབྱིངས་སུ་དེངས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་རྫོགས་ཏེ་གཞི་ཀ་དག་གདོད་མའི་ཆོས་སྐུ་ལ་མངའ་དབང་བསྒྱུར༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་མངའ་དབང་བསྒྱུར་ཏེ་ཀ་དག་གཞོན་ནུ་བུམ་སྐུར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཕོས་ཏེ་འབྱམས་ཀླས་པར་འགྱུར་བ་ཡིན་ནོ༔ དབང་པོ་ཡང་རབ་ཏུ་གྱུར་པ་དག་ཆུ་ལ་ཆུ་ཐིམ་པའམ་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་བརྡལ་ཁྱབ་ཆོས་ཀྱི་སྐུར་འབྱམས་ཀླས་པ་འཕོ་བ་ཆེན་པོའི་སྐུར་གྲོལ་བ་དང་༔ དབང་པོ་འབྲིང་རྣམས་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འཇའ་ལུས་ཆེན་པོར་སངས་རྒྱས་པར་འགྱུར༔ དབང་པོ་ཐ་མ་གཞིའི་འོད་གསལ་ཤར་བའི་དུས་སུ་དབྱིངས་ལས་འཇའ་ཚོན་འཁྲིགས་ཏེ་ལུས་ཀྱི་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་ཕུང་པོ་ལྷག་མ་མེད་པར་འཇའ་ལུས་སུ་དེངས་པ་འཇའ་ལུས་ཆུང་ངུ་ཞེས་བྱ་བ་ཡིན་ནོ༔ འགའ་ཞིག་གཞིའི་འོད་གསལ་ཤར་བའི་གནས་སྐབས་སུ་ཞག་གྲངས་བདུན་ཕྲག་ཚུན་ཆད་དུ་ལུས་ཀྱི་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་སྐྲ་དང་སེན་མོ་ཙམ་སྙིགས་མར་ལུས་ཏེ་ལུས་རྡུལ་ཕྲན་དུ་དེངས་པ་འཕོ་བ་ཆུང་ངུ་ཞེས་བྱའོ༔ དབང་པོ་ཡང་རབ་ལ་ཁྲེགས་ཆོད་དུའང་ལུས་རྡུལ་ཕྲན་དུ་དེངས་པ་འདི་འབྱུང་བ་ཡིན་ནོ༔ ཀྱཻ༔ རིག་པའི་རྡོ་རྗེ་ལ་སོགས་པའི༔ འདུས་པའི་འཁོར་རྣམས་གསན་ཅིང་དགོངས༔ ལྷུན་གྲུབ་གཞོན་ནུ་བུམ་སྐུ་ལ༔ ཁྱད་དུ་འཕགས་པའི་ཡོན་ཏན་ནི༔ མ་རིག་སྒྲིབ་པ་དབྱིངས་སངས་ཏེ༔ ཀུན་གཞི་ལས་ནི་ཆོས་སྐུར་འཕགས༔ གདངས་ཀྱི་ཡེ་ཤེས་མངོན་གྱུར་ཏེ༔ གདངས་གསལ་ལས་ནི་ཁྱད་དུ་འཕགས༔ བདག་མེད་ཆེན་པོ་མངོན་གྱུར་ཏེ༔ བདག་སྣང་ལས་ནི་ཁྱད་དུ་འཕགས༔ སྐུ་དང་ཡེ་ཤེས་མངོན་གྱུར་ཏེ༔ སྣང་བ་ལས་ནི་ཁྱད་དུ་འཕགས༔ ཇི་སྙེད་གཟིགས་པ་མངོན་གྱུར་ཏེ༔ སེམས་ལས་ཡེ་ཤེས་ཁྱད་དུ་འཕགས༔ རང་ཐོག་རང་སངས་རྒྱས་པ་ལ༔ ཞིང་ཁམས་བགྲོད་ལས་ཁྱད་དུ་འཕགས༔ སྤྲོས་མཐའ་ཀུན་དང་བྲལ་བ་སྟེ༔ རྟེན་འབྲེལ་རྒྱུ་ལས་ཁྱད་དུ་འཕགས༔ རྣམ་ཐར་བརྒྱད་དང་ལྡན་པ་ལ༔ ལམ་འབྲས་ཀུན་ལས་ཁྱད་པར་འཕགས༔ དབྱིངས་དང་ཡེ་ཤེས་མཉམ་བརྡལ་ཏེ༔ སྲིད་པ་ལས་ནི་ཁྱད་དུ་འཕགས༔ ཁྱད་འཕགས་ཆེ་བ་དགུ་ལྡན་པའི༔ ཡང་དག་རྫོགས་པའི་སངས་རྒྱས་ལ༔ རྒྱལ་བ་ཀུན་གྱིས་མངོན་པར་བསྟོད༔ ཅེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེ་ལ་སོགས་པའི་འཁོར་ཚོགས་ཐམས་ཅད་ཀྱིས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས༔ དེང་སྙིགས་མ་ལྔ་བདོ་བའི་དུས་འདིར་སེམས་ཅན་དམུ་རྒོད་པའི་དབང་གིས༔ ལ་ལ་ནི་ཟས་དང་ནོར་གྱིས་ཕོངས་པའི་དབང་གིས་དེ་དོན་དུ་གཉེར་ནས་མི་ཚེ་སྟོང་ཟད་དུ་འགྲོ་བ་དང་༔ ལ་ལ་ནི་རྣམ་གཡེངས་དང་ལེ་ལོའི་དབང་དུ་ཤོར་ནས་མི་ཚེ་དེར་འདའ་བ་དང་༔ ལ་ལ་ནི་དགྲ་འདུལ་གཉེན་སྐྱོང་གི་ཕྱིར་འབྲངས་ཏེ་ཁེ་འདོད་དང་གྲགས་འདོད་ཀྱི་བསམ་པ་རྒྱུན་མི་ཆད་པས་མི་ཚེ་དེར་འདའ་བ་དང་༔ ལ་ལ་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལ་ཁ་འཆོལ་ཏེ་སྲིད་པའི་ཕུན་ཚོགས་ཀྱི་དབང་དུ་ཤོར་བ་དང་༔ ལ་ལ་ནི་བདུད་དང་བར་ཆད་ཀྱི་དབང་དུ་སོང་ནས་སྒོམ་ཐ་མལ་དུ་འཆོལ་བ་ལ་སོགས་པའི་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བའི་དབང་གིས་ཇི་ལྟར་གྲོལ་བའི་ས་ལ་ཕེབས་པ་ནི་ཤིན་ཏུ་ཉུང་སྟེ༔ དེར་མ་གྲོལ་ན་བར་མ་དོའི་གནས་སུ་འགྲོ་དགོས་པས་ན་དེར་ཉམས་ལེན་གྱི་གནད་ཇི་ལྟ་བ་བཞིན་དུ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ལ་སོགས་པ་འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག༔ བར་དོ་ཞེས་བྱ་བའི་ངོ་བོ་ནི༔ ད་ལྟའི་ཐ་མལ་གྱི་ཤེས་པ་དྭངས་ཤིང་གསལ་ལ་བཟོ་མ་བཅོས་པ་བསླད་མ་ཞུགས་པའི་ཟང་ཀ་མ་འདི་ཀ་ཡིན་ནོ༔ དེ་ཅིའི་ཕྱིར་ཞེ་ན༔ འདི་མ་རྟོགས་པའི་དབང་གིས་འཁོར་བ་མཐའ་མེད་དུ་འཁྱམས་པར་བྱེད་པ་དང་༔ རྟོགས་པའི་དབང་གིས་མྱ་ངན་ལས་འདའ་བར་བྱེད་པ་ཡིན༔ ཤེས་པ་འདི་ཉིད་ནི་དུས་གསུམ་དུ་གྲོལ་བས་སངས་རྒྱས་སུ་མ་སོང་༔ མ་གྲོལ་བས་འཁོར་བར་མ་འཁྱམས་པར་བར་དོར་ལུང་མ་བསྟན་པར་གནས་པ་ནི་སེམས་ཅན་གྱི་མཚན་ཉིད་དོ༔ གཞི་མ་རིག་པ་ལས་སེམས་ཅན་མཆེད་པ་ནི་ཉི་མ་ལྟ་བུའོ༔ སེམས་ལས་སེམས་བྱུང་གི་རྟོག་པ་མཆེད་པ་ནི་ཉི་ཟེར་ལྟ་བུ༔ སེམས་བྱུང་ལས་སྣང་བ་མཆེད་པ་ནི་ཉི་འོད་ལྟ་བུ་ཡིན་ཏེ༔ སེམས་ཀྱི་ངོ་བོ་དྭངས་ཤིང་གསལ་བའི་ཆ་མངོན་དུ་བྱེད་པ་ནི་མིག་ལྟ་བུ་དེ་ཀ་ཡིན་ནོ༔ སེམས་ཀྱི་ངེས་ཚིག་ནི་སྣང་བའི་ཕྱིར་སེམས་པ་ལ་བྱའོ༔ དེ་ལྟར་སེམས་ཀྱི་གཞི་བར་དོའི་ངོ་བོར་རང་བྱུང་བ་ཡིན་ནོ༔ བར་དོའི་ངེས་ཚིག་ནི་སྲིད་པ་སྔ་མ་ལས་ནི་འདས་ཕྱི་མའི་སྲིད་པ་མ་བྱུང་གི་བར་དུ་འཁྲུལ་སྣང་རྟེན་གནས་མེད་པའི་རྨི་ལམ་ལྟ་བུ་ཞིག་ཤར་བ་ལ་བྱའོ༔ དེ་ལ་དབྱེ་ན༔ སྐྱེ་སྲིད་འཛིན་པའི་བར་དོ་དང་གཅིག༔ བསྒོམ་པ་བསམ་གཏན་གྱི་བར་དོ་དང་གཉིས༔ རྨི་ལམ་འཁྲུལ་པའི་བར་དོ་དང་གསུམ༔ འཆི་ཁ་ཐིམ་རིམ་གྱི་བར་དོ་དང་བཞི༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བར་དོ་དང་ལྔ༔ སྲིད་པ་ལས་ཀྱི་བར་དོ་དང་དྲུག་ཏུ་ཡོད་པ་ལས༔ དང་པོ་སྐྱེ་གནས་བར་དོའི་དཔེ་ནི༔ ཤིང་ཁའི་བྱེའུ་དང་འདྲ་སྟེ་ཡུན་རིང་དུ་མི་སྡོད་པར་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ཆོས་ཅན་ཡིན་ཏེ༔ འདིའི་རང་བཞིན་ལ་བསམ་ནས་ཡུན་རིང་དུ་སྡོད་གྲབ་བྱེད་པའི་བློ་སྣ་བསྟུངས་ཏེ་དང་པོ་བུང་བ་བཅུད་ལ་རྒྱུ་བ་བཞིན་དུ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ཅིང་ཉམས་ལེན་གྱི་དུས་སུ་ཐེ་ཚོམ་དང་ཡིད་གཉིས་ཆོད་པ་ཐི་བྱ་ཚང་ལ་འཇུག་པ་ལྟ་བུ་ཞིག་དགོས་པ་ཡིན༔ ཐི་བྱ་འདབ་ཆགས་ནང་ནས་དཔྱོད་པ་ལ་མཁས་པས་དང་པོ་ཚང་བཅའ་བའི་དུས་སུ་གནས་ལ་སྲོག་ཆགས་གཞན་གྱི་རྒྱུ་འགྲུལ་དང་འཚེ་བ་ཡོད་མེད་ཡུན་རིང་པོར་ཞིབ་ཏུ་བརྟག་ནས་ཐག་ཆོད་པའི་རྗེས་སུ་ཚང་བཅའ་བ་ཡིན་ལ༔ ཚང་བཅས་ཟིན་ཕན་ཆད་ཐེ་ཚོམ་དང་ཡིད་གཉིས་མེད་པར་མདའ་ལྟར་ཤར་གྱིས་ཡོང་ནས་ཚང་དུ་འཇུག་པ་ལྟར༔ དང་པོ་སློབ་དཔོན་མཚན་ཉིད་དང་ལྡན་པ་བསྟེན་ཏེ་ཐོས་པ་རྒྱ་ཆེ་ཞིང་གཏིང་དཔོག་པས་ལམ་གྱི་གནད་ལ་གོལ་འཕྱུག་མེད་པར་རང་སྟོབས་ཀྱིས་བགྲོད་ནུས་པ་ཞིག་དགོས་པ་ཡིན༔ དེ་ལ་དང་པོ་ལྟ་སྒོམ་ཉམས་རྟོགས་དང་ས་ལམ་གྱི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཉམས་འོག་ཏུ་ཆུད་པར་བྱས༔ དེའི་མཐར་ཚེ་འདིའི་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པའི་ངང་དང་མི་འབྲལ་བར་ཚོང་འདུས་ཀྱི་མགྲོན་པོས་རང་དོན་གཉེར་བ་བཞིན་དུ་བརྩོན་འགྲུས་དང་སྙིང་སྟོབས་དྲག་པོས་ཆོས་ལ་ཆོག་ཤེས་མེད་པར་ཉམས་སུ་ལེན་པ་དང་༔ ཐག་རིང་མགྲོན་པོས་དོན་གཉེར་ཆེན་པོ་ཐོབ་ནས་ལམ་དུ་ཞུགས་ཚེ་དགྲ་རྐུན་ལ་ཤོར་བ་ལྟ་བུའི་གེགས་ཆེན་འདུ་འཛི་རྣམ་གཡེངས་དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བའི་དབང་དུ་མ་ཤོར་བ་གནད་ཀྱི་ཡང་གཅེས་དམ་པར་བཟུང་བ་ནི་ཆོས་པ་ཀུན་གྱི་སྙིང་རྡོ་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ དེ་ལྟར་ཉམས་སུ་བླངས་པས་དབང་པོ་རབ་ཏུ་གྱུར་པ་རྣམས་འཆི་བ་ཚེ་ཚད་ལ་མི་ལྟོས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་འཚང་རྒྱ་བ་དང་༔ འབྲིང་རྣམས་འཆི་ཁ་བར་དོ་མེད་པར་ཆོས་ཉིད་རང་ཐོག་ཏུ་གྲོལ་བར་འགྱུར་བ་དང་༔ ཐ་མ་བར་དོར་འོད་གསལ་མ་བུ་འདྲེས་ཏེ་གྲོལ་བ་ཐོབ་པ་ཡིན་ནོ༔ བར་སྐབས་འདི་ལྟར་འཕོ་བའི་ལམ་ལ་སྦྱང་བ་ཐོབ་པར་བྱ་བ་གཅེས་ཏེ༔ ཨཿརང་གི་སྤྱི་བོར་ཨ་ཡིག་དཀར་པོ་བསྒོམ༔ དེ་ལས་འོད་ཕུང་དཔག་མེད་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ཆེན་པོའི་ཞིང་༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ལ༔ བཀོད་ལེགས་རྒྱན་མཛེས་གཞལ་ཡས་ཡངས་པའི་དབུས༔ ཨ་ལས་གདོད་མ་གཞི་ཡི་ཆོས་སྐུ་ནི༔ མཐིང་ནག་བཻ་ཌཱུཪྻ་ཡི་ལྷུན་པོ་ལྟར༔ རྒྱན་མེད་གཅེར་བུ་པད་ཟླར་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་མཚན་དཔེའི་འོད་ཕུང་འབར༔ ཞིང་ཁམས་རྒྱ་མཚོའི་བཀོད་པ་སྐུ་ལ་རྫོགས༔ སྐད་ཅིག་རྨི་ལམ་དབྱིངས་སུ་སད་པ་ལྟར༔ རང་གི་སྣང་སེམས་དབྱེར་མེད་རོ་གཅིག་ཏུ༔ འོག་མིན་བདེ་བ་ཆེན་པོའི་དབྱིངས་སུ་འཕོས༔ ཨ་ཞེས་ཁམས་གསུམ་གྱི་སྣོད་བཅུད་ཞིང་ཁམས་དེར་ཐིམ་པས་དབྱེར་མེད་དུ་གྱུར༔ ཨ་ཞེས་པས་ངོ་ཤེས་པར་ཡིད་ལ་བྱ༔ ཨ་ཞེས་གདིང་ཆེན་པོ་ཐོབ་པར་བསམ༔ ཤར་ཕྱོགས་སུ་ཞིང་ཁམས་མངོན་པར་དགའ་བ་ནམ་མཁའ་བར་སྣང་ཐམས་ཅད་བཅོ་ལྔའི་དུང་ཟླ་ལྟར་དཀར་ཞིང་གསལ་ལ་རྒྱ་ཆེ་བ་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ ལྷོ་ཕྱོགས་སུ་དཔལ་དང་ལྡན་པའི་ཞིང་ཁམས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟར་འབར་ཞིང་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ ནུབ་ཕྱོགས་སུ་བདེ་བ་ཅན་གྱི་ཞིང་ཁམས་པདྨ་རཱ་གའི་ཁ་དོག་ལྟ་བུ་རྒྱ་ཆེ་ཞིང་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ བྱང་ཕྱོགས་སུ་ལས་རབ་རྫོགས་པའི་ཞིང་ཁམས་མརྒད་ཀྱི་ཁ་དོག་ལྟ་བུ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཞིག་ཡིད་ལ་བྱ༔ རང་ཉིད་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་རྩལ་ཤུགས་དང་ལྡན་པ་ཞིག་ཡིད་ལ་བྱས་ཏེ༔ ཤར་ཕྱོགས་ནས་རིམ་པར་ཞིང་དེ་དག་ཏུ་དཔག་ཆེན་གྱིས་མདའ་འཕང་བ་ལྟར་སོང་ནས་རིགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་རྣམས་ལ་བསྐོར་བ་ལན་གསུམ་རེ་བྱས༔ ཕྱག་འཚལ་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་དབང་ཞུས་གདམས་པ་ཉན་ལུང་ནོད་ཅིང་བྱིན་གྱིས་བརླབས་ཏེ་སླར་ཡང་དབུས་ཕྱོགས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དེར་སླེབས་ཤིང་གདོད་མ་གཞིའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཉིད་རང་གི་མདུན་གྱི་ནམ་མཁར་བཞུགས་པར་བསམ་པ་ནི་རང་སྣང་ཞིང་ཁམས་སུ་འཕོ་བ་དང་འཇུག་པ་ཞེས་བྱ་བའི་གདམས་པ་ཡིན་ཏེ༔ བར་དོའི་སྐབས་སུ་ཤི་བ་ཡིན་པར་ངོ་ཤེས་ཏེ་འདི་ལྟར་ཡིད་ལ་བྱས་པ་ཙམ་གྱིས་བར་དོའི་སྣང་བ་ཞིང་ཁམས་སུ་འཕོས་ཏེ་གྲོལ་བ་ཐོབ་པའི་གནད་ཡོད་དོ༔ གཉིས་པ་བསམ་གཏན་གྱི་བར་དོ་ནི༔ མི་ཐང་ཆད་པ་ངལ་གསོ་བའི་གནས་སྐབས་ལྟ་བུ་ཡིན་ཏེ༔ ཅིའི་ཕྱིར་ན༔ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཁམས་གསུམ་གྱི་གནས་རིགས་ཐམས་ཅད་དུ་གར་འགྲོ་གཟའ་གཏད་མེད་པ་སྲང་ཁའི་ཁྱི་གླེན་ལྟ་བུར་འཁྱམས་ཏེ་དལ་བའི་སྐབས་སྐད་ཅིག་ཙམ་ཡང་མི་བྱེད་པའི་ངང་ཚུལ་ཤེས་ཏེ་སྐྱོ་བ་དང་སུན་པ་སྐྱེད་པའི་ཚུལ་ནི༔ སྔོན་ཆད་བདག་ཇི་ལྟར་འཁྲུལ་པའི་རྒྱུ་རྐྱེན་ལ་བརྟག་པས་མ་རིག་པའི་གཞི་བྱས་ཏེ་གཟུང་འཛིན་གྱི་གདོན་ཆེན་པོས་བཏབ་པས་སྨྱོས་ཤིང་རང་དབང་བརྟན་པ་དང་བྲལ་བར་གྱུར་པའི་ངང་ཚུལ་ཤེས་ཏེ་རླུང་སེམས་དབང་དུ་སྡུད་ཅིང་དྲན་ཤེས་བརྟན་པོའི་སྟེང་དུ་གདིང་འཆའ་བ་དང་༔ རིག་པ་རང་ཐོག་ཏུ་རང་ས་བཟུང་སྟེ་བསྒོམ་པ་ཉམས་ལེན་ལ་བརྩོན་པ་ནི་འཁྲུལ་པ་བསམ་གཏན་གྱི་ཐོག་ཏུ་ངལ་གསོ་བ་དེ་ཀ་ཡིན་པས་སོ༔ འདིའི་དུས་སུ་བཀྲེས་སྐོམ་གྱིས་གདུང་བའི་མི་བཟའ་བཏུང་དང་འཕྲད་ཚེ་མ་འགྲང་བར་དུ་ཆོག་ཤེས་མེད་པར་བཟའ་བ་ལྟར་སྐྱེ་བུ་རབ་འབྲིང་ཐ་མ་གསུམ་གྱི་དཔེ་བེའུ་ལྟ་བུས་མཚོན་ཏེ༔ དང་པོ་འོ་མས་འཚོ་བ་དང་༔ ཅུང་ཟད་ནར་སོན་ཚེ་རྩྭ་དང་འོ་མ་གཉིས་ཀས་འཚོ་བ་དང་༔ མཐར་འོ་མ་སྤངས་ཏེ་རྩྭ་ཤ་སྟག་གིས་འཚོ་བ་གོ་རིམ་བཞིན་དུ༔ དང་པོ་རླུང་སེམས་རྣམ་པར་རྟོག་པ་དགག་པ་དང་གཅུན་པ་དང་ལྷོད་དེ་རྣམ་རྟོག་མངོན་དུ་བྱེད་པ་དང་༔ བསྒྲིམ་ལྷོད་རེས་མོས་སུ་བྱེད་པ་དང་བཅས་པ་རྣམས་ནི་བེའུ་འོ་མས་འཚོ་བའི་གནས་སྐབས་ལྟ་བུ་སྟེ༔ དེའི་ཐོག་ཏུ་ལུས་ཚེ་རྩྭ་དང་མ་འཕྲད་ན་མུ་གེས་འཆི་བ་ལས་འོས་མེད་པ་བཞིན་དུ་རྣམ་པ་མངོན་གྱུར་གྱི་ལམ་དང་མ་འཕྲད་ན་སྲིད་པ་འོག་མ་ལས་འཕགས་པར་མི་འགྱུར་ཏེ་དེར་འཕྲད་པར་འགྱུར་བ་ཡིན༔ ཤེས་པ་མངོན་དུ་བྱས་ཏེ་རྩེ་གཅིག་ཏུ་ཉམས་སུ་བླངས་མཐར་ཁྱབ་བརྡལ་གྱི་རིག་པ་མཐའ་གྲོལ་རྫོགས་པ་ཆེན་པོ་ཀ་དག་གཞིའི་རིག་པ་ཉིད་དང་མ་འཕྲད་པར་དེའི་ཐོག་ཏུ་ལུས་ན་རྩྭ་དང་འོ་མ་འཛོམ་དགོས་པའི་དུས་སྐབས་སུ་རྩྭའམ་འོ་མ་གང་རུང་གཅིག་མ་འཛོམ་ན་མུ་གེས་འཆི་བ་ལྟར༔ སྲིད་པ་གསུམ་ལས་མི་འཕགས་པར་སྔར་བཞིན་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཁ་འཁྱོལ་བ་ཡིན་ནོ༔ འཁོར་འདས་སྟོང་ཉིད་ཆེན་པོར་ཐག་བཅད་དེ་ཆོས་སྐུའི་རིག་པ་ངོ་འཕྲོད་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་བྱ་བ་དགུ་ཕྲུགས་སུ་བཏང་སྟེ་བྱར་མེད་རང་བབས་ཀྱི་སྤྱོད་པས་ཉམས་སུ་བླང་བ་ནི་འོ་མ་ལ་མི་ལྟོས་པར་རྩྭ་ཤ་སྟག་གིས་འཚོ་བའི་གནས་སྐབས་ལྟ་བུ་སྟེ༔ ངོ་འཕྲོད་ཙམ་གྱི་ཐོག་ཏུ་ལུས་པར་གྱུར་ན་ཟས་རང་ལ་ཡོད་ཀྱང་མ་ཟོས་ན་བཀྲེས་སྐོམ་མི་སེལ་བར་འཆི་བ་ལས་འོས་མེད་པ་ལྟར་ཉམས་ལེན་ཤི་བའི་མཐའ་ལ་མ་གཏུག་ན་ད་ལྟའི་བདེ་སྡུག་བཟང་ངན་ཐམས་ཅད་ལ་རེ་དོགས་ཉེར་ལེན་གྱི་སེམས་ཡིད་འདི་མཆིས་ན་མ་འོངས་པ་ནའང་བདག་གཞན་གཉིས་སུ་སྣང་བ་དང་༔ རེ་དོགས་བཟང་ངན་ཉེ་བར་ལེན་པའི་རྣམ་རྟོག་འདིས་འཁོར་བ་མཐའ་མེད་དུ་འཁྲུལ་པར་འགྱུར་བ་ཡིན་པས་ཤེས་པར་གྱིས་ཤིག༔ དེའི་ཕྱིར་ན་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་མངོན་དུ་མ་གྱུར་གྱི་བར་དུ་བརྩོན་འགྲུས་དང་སྙིང་སྟོབས་དྲག་པོའི་སྒོ་ནས་ཉམས་སུ་བླང་བར་བྱ་བ་གནད་ཀྱི་དམ་པར་བཟུང་དགོས་པ་ཡིན་ནོ༔ སྐྱེ་སྲིད་དང་བསམ་གཏན་གཉིས་ཀ་ཤེས་པ་བར་མ་དོར་གཞི་བྱས་པས་ན་བར་དོ་ཞེས་བརྗོད་པ་ཡིན་ནོ༔ གསུམ་པ་རྨི་ལམ་འཁྲུལ་པའི་བར་དོའི་སྣང་ཚུལ་ནི༔ འགའ་ཞིག་ན་རེ་ཉིན་གྱི་སྣང་བ་རྨི་སྣང་དུ་ཤར་བ་ཡིན་ཟེར་བ་སྲིད་ཀྱང་༔ ཡེ་ཐོག་མའི་དུས་ནས་གཞི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་དེ་ཉིད་ཀྱི་རང་ཞལ་མ་རིག་པས་བསྒྲིབས་ནས༔ ཁམས་གསུམ་འཁོར་བའི་སྨྱོ་འདྲེ་ལས་རླུང་གི་གདོན་ཆེན་པོས་བཏབ་ནས་ནང་འཛིན་པ་སེམས་ཀྱིས་རྒྱུ་བྱས༔ ཕྱི་གཟུང་བ་ཡུལ་གྱིས་རྐྱེན་བྱས༔ འདོད་ཡོན་ལྔའི་སྣང་བ་ལ་བདེན་ཞེན་གྱི་དབང་གིས་ཉིན་སྣང་མཆེད་པ་དང་༔ དེ་དབྱིངས་སུ་ཞིག་ནས་རྨི་ལམ་གྱི་སྣང་བ་མཆེད་པ་ལས༔ ཉིན་སྣང་བདེན་པ་དང་རྨི་སྣང་རྫུན་པ་མ་ཡིན་པའི་ཚུལ་འདི་དང་ཕྱི་མའི་སྣང་བས་སྟོན་ཏེ༔ ཉིན་སྣང་དང་རྨི་སྣང་གཉིས་ཀ་མཆེད་པའི་རྒྱུ་རྐྱེན་འབྲེལ་བདག་མེད་པ་ལ་ཡོད་པར་སྣང་བའི་ཤེས་པ་བག་ལ་ཉལ་བ་དེ་ལ་རྒྱུ་བྱས༔ ཡུལ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྐྱེན་བྱས༔ རྒྱུ་རྐྱེན་དུས་འཛོམ་པ་ལས་གཉིས་མེད་ལུ་གུ་རྒྱུད་ཀྱི་ཚུལ་དུ་འབྲེལ་བས་འཁྲུལ་པའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན༔ དེའི་ངང་ཚུལ་ཤེས་པ་གཞིར་བཞག་སྟེ༔ སྣང་བ་ཐམས་ཅད་རྨི་ལམ་དུ་སྦྱངས་ནས་རྨི་ལམ་གྱི་སྣང་བ་ངོས་ཟིན་པས་རིག་པའི་རང་ས་བཟུང་བ་ལ་གོམས་འདྲིས་ཀྱིས་གདིང་ཐོབ་ན་བར་དོའི་སྣང་བ་ཆོད་ཅིང་ཆོས་ཉིད་ཀྱི་ཡོ་ལངས་ཆེན་པོར་དབང་འབྱོར་བར་འགྱུར་རོ༔ བཞི་པ་འཆི་ཁ་བར་དོ་ཞེས་བྱ་བ་ནི༔ ཉེས་ཅན་གཤེད་མའི་ལག་ཏུ་འཕྲད་པ་ལྟ་བུ་ཡིན་ཏེ༔ འཆི་རྐྱེན་ནད་ཀྱིས་བཏབ་པ་ནས་ནང་དབུགས་ཁྲོག་གིས་ཆད་པའི་བར་ཚུན་ལ་བྱའོ༔ དེ་ཡང་དང་པོ་ནད་ཀྱིས་ཐེབས་པའི་དུས་སུ་དགེ་སྦྱོང་དུ་བ་ཆད་དམ་མ་ཆད༔ གནམ་ས་འབྲེལ་ཐག་ཆད་དམ་མ་ཆད༔ ནམ་མཁའི་ཚེ་གཟུགས་ཡལ་ལམ་མ་ཡལ༔ རི་རྩེའི་ཉི་མ་ནུབ་བམ་མ་ནུབ༔ རྣ་བའི་རང་སྒྲ་ཡལ་ལམ་མ་ཡལ༔ དེ་རྣམས་ཞིབ་ཏུ་དཔྱད་དེ་རིམ་གྲོ་ཚོགས་བསགས་སོགས་ལ་བརྩོན༔ དེས་ཀྱང་མ་ཕན་ན་རབ་མི་མེད་ལུང་སྟོང་རྐྱེན་དང་བྲལ་བའི་གནས་སུ་གྲོགས་བཟང་པོ་དམ་ཚིག་ལ་སེལ་མེད་པ་ཞིག་ཁྲིད་ཅིང་སོང་ནས༔ རང་གི་སྙིང་གར་ཡི་གེ་ཨ་དཀར་པོ་ཆེ་བ་ཞིག་བསམ་སྟེ་དེའི་སྟེང་དུ་ཨ་དཀར་པོ་ཉི་ཤུ་རྩ་གཅིག་བརྩེགས་མར་གནས་པ་དེ་རིམ་གྱིས་ཨ་ཉི་ཤུ་རྩ་གཅིག་བརྗོད་པ་དང་ཆབ་གཅིག་ཏུ་ཡར་བསྡུས་ཏེ་ཨ་དཀར་ཐོག་མ་འོག་མིན་བདེ་བ་ཆེན་པོ་གདོད་མ་གཞིའི་སངས་རྒྱས་ཀུན་ཏུ་བཟང་པོའི་མཁའ་ཀློང་དུ་ཕཊ་ཀྱིས་བསྲེས་ཏེ་ཁྱབ་བརྡལ་དུ་བཞག་པས་འཕོ་བ་ནམ་མཁའ་གོ་འབྱེད་དུ་གྲོལ་བ་ཐོབ་པའི་རྟགས་ཚངས་བུག་ཏུ་རླངས་པ་ཕྱུ་རུ་རུ་འབྱུང་སྟེ་དབུགས་ཆད་པ་ཡང་ཡོད༔ དེས་ཀྱང་འཕོ་མ་ཐུབ་ན་སེང་གེ་ཉལ་སྟབས་ཀྱིས་འདུག་སྟེ་ཤེས་པ་མིག་ལ་གཏད་མིག་བར་སྣང་ལ་ཧ་རེ་གཏད་ནས་ལུས་སེམས་སྣང་བ་ཐམས་ཅད་ཆབ་གཅིག་ཏུ་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་མེར་གྱིས་ཞིག་པར་བསམ་ལ་འོད་སྣང་ལམ་དུ་བྱས་ཏེ་མཉམ་པར་བཞག་པས་དབུགས་ཆད་དེ་བར་དོ་མེད་པར་གྲོལ་བའང་ཡོད༔ ཡང་ན་གྲོགས་དེས་སྐད་ཆེར་གཏོན་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཀྱི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་བཅོམ་ལྡན་འདས་གདོད་མ་གཞིའི་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་སྲིད་ཞིའི་མཐའ་ལ་མི་གནས་པའི་སངས་རྒྱས་སྐུ་གཅེར་བུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་བཞུགས་ནས་ཡོད་པས་ཁྱོད་ཀྱི་རྣམ་པར་ཤེས་པ་དེའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བསྲེས་ཤིག༔ ཅེས་ལན་གསུམ་བརྗོད་ཅིང་ཧིཀ་སྒྲ་ཡང་ལན་གསུམ་རེ་བྱས་པས་མིག་སྐྱ་ལོག་གིས་འགྲོ་ན་ཐེབས་པའི་ཚད་ཡིན་ནོ༔ དེས་མ་ཤི་ན་དབུགས་ཕྱིར་ལ་འཕེན་ཅིང་ཕྱི་རོལ་གྱི་ཡུལ་སྣང་ནུབ་པའི་དུས་སུ་རྣ་གོང་དུ་སྨྱུག་སྦུག་གམ་ཤོག་སྦུག་བཙུགས་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ལ་ཐིམ་རིམ་གྱི་སྐབས་དཀར་ལམ་དམར་ལམ་འཆར་ན་དེ་ཀ་འཁོར་བ་ལུགས་སུ་ལྡོག་པ་ཡིན་ཏེ་གཞི་དབྱིངས་སྤྲོས་པ་དང་བྲལ་བ་ཀ་དག་གདོད་མའི་གཞི་རུ་བསྲེས་ཤིག་འཕོས་ཤིག༔ ཅེས་ལན་གསུམ་བརྗོད་དེ་ཕཊ་སྒྲ་ཡང་ལན་གསུམ་བྱ༔ ཡང་དེས་ཀྱང་དབུགས་མ་ཆད་ན༔ རིགས་ཀྱི་བུ་ཁྱོད་རང་གི་རྣམ་པར་ཤེས་པ་ཡི་གེ་ཨ་དཀར་པོ་ཞིག་ཏུ་གསལ་ལ་དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་ཚངས་བུག་ནས་སོང་ལ་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འཕོས་ཤིག༔ ཅེས་གདམས་པ་ནི་འཆི་ཁ་མི་གསལ་བ་གསལ་བར་བྱེད་པ་རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུ་ཡིན་ནོ༔ དེ་ལྟར་རང་སྟོབས་ཀྱིས་འཕོ་བ་དང་གཞན་གྱིས་གསལ་བཏབ་པ་གང་གིས་ཀྱང་ཕན་པ་མ་བྱུང་ན༔ ཁྱབ་བྱེད་ཀྱི་རླུང་བྲོས་པའི་རྟགས་སུ་ལུས་ཀྱི་བཀྲག་མདངས་ཉམས་པ་དང་༔ མེ་མཉམ་གྱི་རླུང་བྲོས་པའི་རྟགས་སུ་རྐང་ལག་ལ་སོགས་ལུས་ཀྱི་དྲོད་ཐམས་ཅད་ཤོར་ཏེ་རྡོ་ལྟར་གྲང་བ་དང་༔ ཐུར་སེལ་གྱི་རླུང་བྲོས་པའི་རྟགས་སུ་ལུས་ཀྱི་བཅུད་ཐམས་ཅད་ཕྱི་རུ་ཤོར་བ་དང་༔ གྱེན་རྒྱུའི་རླུང་བྲོས་པའི་རྟགས་སུ་དབུགས་རྣམས་ཕྱི་རུ་འཕེན་པ་དང་༔ ཟས་སྐོམ་ཁ་ནས་བཏུང་བ་སྣ་ནས་འབྱུང་བ་དང་༔ ཁ་ཆུ་དང་སྣ་ཆུ་འཛག་པར་བྱེད་དོ༔ རྩ་ཁམས་ཀྱི་རླུང་དང་ཁྲག་རྣམས་འཐབ་པས་འཁྲུལ་པའི་སྣང་བ་སྣ་ཚོགས་འབྱུང་སྟེ་མཐར་ཁྲག་རྣམས་སྲོག་རྩར་འདུས་ཤིང་རླུང་རྣམས་ཕྱིར་ཐོན་ཏེ་རིག་པ་སྙིང་གི་དཀྱིལ་དུ་བརྒྱལ་བ་ནི་རླུང་སེམས་རྒྱབ་གྱེས་པ་ཞེས་བྱ་བའི་ཐོག་ཏུ་ཕེབས་པ་ཡིན༔ དེར་མ་ཐུག་གི་བར་དུ་རིམ་པ་བཞིན་དུ་རྣམ་ཤེས་སྣང་བ་ཐིམ་པས་དམར་ལམ་གློག་འཁྱུག་པ་ལྟ་བུ་ཞིག་བྱུང་བ་དང་༔ སྣང་བ་མཆེད་པ་ལ་ཐིམ་པའི་རྟགས་སུ་དཀར་ལམ་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་མཐར༔ མཆེད་པ་ཉེར་ཐོབ་ལ་ཐིམ་པའི་རྟགས་ནག་ལམ་སྲོད་མུན་འཁྲིགས་པ་ལྟ་བུ་ཞིག་འབྱུང་སྟེ་དེའི་ངང་དུ་བརྒྱལ་བ་ནི་ཤི་བ་ཡིན་ཏེ༔ འདི་དག་གི་དུས་སུ་ཐིམ་རིམ་ངོ་ཤེས་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གནད་མཆོག་ཏུ་གཅེས་ཏེ༔ རབ་ཀྱིས་འོད་གསལ་སྦུབས་འཇུག་གི་གདམས་པ་དང་༔ འབྲིང་གིས་མ་དག་པ་འཁོར་བའི་སྣང་སེམས་འོད་གསལ་ཆོས་ཉིད་ཀྱི་རོལ་པར་ལུགས་སུ་ལྡོག་པར་བྱ་བ་དང་༔ ཐ་མས་ཀྱང་ཐིམ་རིམ་ངོས་བཟུང་ནས་ཐོག་ཕེབས་ཀྱི་འོད་གསལ་གདིང་ཚུགས་པར་བྱ་བ་གནད་ཀྱི་དམ་པ་ཡིན་ནོ༔ དབང་པོའི་བྱེད་ལས་ཀྱིས་འགའ་ཞིག་ནི་ཉིན་ཕྱེད་དང་༔ འགའ་ཞིག་ཞག་གཅིག་གམ༔ འགའ་ཞིག་ཞག་གཉིས་སམ༔ འགའ་ཞིག་ཞག་གསུམ་དུ་དེར་བརྒྱལ་བའང་ཡོད༔ དེ་དག་གང་ཡང་ཐོག་ཕེབས་ཀྱི་ཀུན་གཞི་མཚན་ཉིད་པར་ཐིམ་པའི་གནས་སྐབས་ཡིན་ནོ༔ དེ་མཐར་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ་དཔེར་ན་བུམ་ནང་གི་ནམ་མཁའ་ཕྱིའི་དབྱིངས་དང་འདྲེས་པ་བཞིན་དུ་བདག་ཏུ་སྣང་བ་རྡུལ་ཙམ་མེད་པར་བརྡལ་ཁྱབ་ནམ་མཁའ་ལྟ་བུའི་དབྱིངས་དྭངས་གསལ་རྙོག་མ་དང་བྲལ་བ་མཁའ་ལ་ནམ་ལངས་པ་ལྟ་བུ་ཞིག་འཆར་ཏེ༔ འདིའི་གནས་སྐབས་སུ་སྔོན་ཁྲེགས་ཆོད་གཞིའི་རིག་པ་ལ་གོམས་ཤུགས་ཆེ་བ་དང་གདིང་ཐོབ་པ་རྣམས་ཀྱིས་སྔོན་གྱི་སྦྱངས་པའི་རིག་པ་སྔར་འདྲིས་ཀྱི་མི་ལྟ་བུ་དེ་ཉིད་ཕྱིས་ཐོག་ཕེབས་ཀྱི་འོད་གསལ་དང་འཕྲད་པའི་དུས་སུ་ངོ་ཤེས་པ་དང་༔ དེའི་ཐོག་ཏུ་རང་ས་འཛིན་པ་རྒྱལ་པོ་ཁྲི་ཁར་འཁོད་པ་ལྟ་བུ་ཞིག་དགོས་སོ༔ ཐོད་རྒལ་ལ་རྒྱུས་མེད་པ་དང་སྦྱངས་པ་མ་ཐོན་པར་ཁྲེགས་ཆོད་ལ་ལམ་བྱེད་པ་རྣམས་ཀྱིས་གནས་སྐབས་འདི་ཉིད་དུ་བབས་ཚེ་སྙིང་ལ་གསེར་ཐུར་འདྲེན་པ་ལྟ་བུའི་དུས་ཚིགས་ཡིན་ཏེ༔ ངོ་ཤེས་ཐོག་ཏུ་གདིང་ཚུགས་ན་འཆི་སྲིད་ཆོས་སྐུའི་འོད་གསལ་དུ་གྲོལ་བ་ཞེས་བྱ་བ་ཡིན་ཏེ་སྙིང་ཆུ་འདྲེན་ནས་འཚོ་བ་ལྟ་བུའོ༔ ངོ་མ་ཤེས་ཤིང་གདིང་མ་ཚུགས་ན་འཁྲུལ་པའི་འཁོར་ལོར་ཁ་འཁྱོལ་ཏེ་མཐའ་མེད་དུ་འཁྲུལ་པ་ནི་གསེར་ཐུར་སྙིང་ལ་ཕོག་ན་འཆི་བ་ལས་འོས་མེད་པ་ལྟ་བུ་ཡིན་ནོ༔ འཆི་སྲིད་ཀྱི་འོད་གསལ་འདིར་བསམ་གཏན་གྱི་ཞག་ནི་ད་ལྟའི་ཉམས་ལེན་ལ་ཇི་ཙམ་བརྟན་པ་དང་གནས་པ་དེའི་ཡུན་ཙམ་མོ༔ ཉིན་མཚན་ཁོར་ཡུག་ཏུ་བརྟན་པ་ཐོབ་པ་རྣམས་ལ་མིའི་ཞག་བདུན་དུ་བརྟན་པ་ཐོབ་པ་ཡིན་ཏེ་ལམ་དུ་མ་ཞུགས་པ་རྣམས་ལ་ཟན་ཕོར་པ་གང་བཟའ་བའི་ཡུན་ཙམ་དུ་འཆར་བ་ལས་མི་གནས་སོ༔ ལྔ་པ་ཆོས་ཉིད་ཀྱི་བར་དོ་ནི༔ འོད་གསལ་ཐོད་རྒལ་ཆེན་པོའི་སྒོ་མཐོང་ནས་ཉམས་ལེན་ལ་སྐབས་སྐབས་སུ་བརྩོན་པ་དག་ལ་འོད་གསལ་ལྷུན་གྲུབ་ལ་ཐིམ་པ་ཞེས་བྱ་བའི་བདག་སྣང་ཙམ་གྱིས་ཤེས་པ་ཞིག་ལངས་ཏེ༔ ཕྱོགས་གང་དུ་བལྟས་པའི་ཡུལ་སྣང་ཐམས་ཅད་འཇའ་རིས་ཀྱིས་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ་འོད་ཀྱི་གདངས་ཆེན་པོས་ཡོངས་སུ་གང་ཞིང་ཁྱབ་པར་འཆར་རོ༔ དེ་འབྲས་ཀྱི་ལྗང་པ་ལྟ་བུ་སྟེ་དེའི་ཐོག་ཏུ་སྙེ་མ་འབྱུང་བ་ལྟར་ཐིག་ལེ་ཆེ་བ་གནམ་ས་ཁེབས་པ་ཙམ་དང་ཆུང་བ་ཉ་མིག་ཙམ་གྱི་བར་དུ་གྲངས་མང་བ་སྣང་བས་གར་ཁྱབ་ཐམས་ཅད་གང་བར་འཆར་རོ༔ སྙེ་མ་ལ་འབྲས་བུ་སྨིན་པ་བཞིན་དུ་དང་པོ་ཐིག་ལེ་ཆེན་པོ་གཅིག་གི་ཀློང་དུ་རྣམ་པར་སྣང་མཛད་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་འཆར་ཏེ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་བལྟར་མི་བཟོད་པ་རང་གི་སྤྱི་བོར་ཟུག་པའི་སྟེང་དུ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་ནི་རྣམ་པར་སྣང་མཛད་ཁོང་གསེང་གི་ལམ་ཞེས་བྱ་བ་ཡིན་ནོ༔ དེ་དང་མཉམ་དུ་དུད་འགྲོའི་རྒྱུ་ལམ་སྔོ་ལ་བཀྲག་མདངས་ཆུང་བ་ཞིག་གཤིབ་སྟེ་འཆར་རོ༔ གནས་སྐབས་འདིར་བབས་ཚེ་སྔར་གྱི་སྦྱངས་པའི་འོད་གསལ་བུ་ལྟ་བུ་དང་སླད་ནས་ཤར་བའི་སྣང་བ་མ་ལྟ་བུ་གཉིས་དུས་འཛོམ་པས་ཐེ་ཚོམ་མེད་པར་མ་པང་དུ་བུ་འཇུག་པ་ལྟ་བུར་ཤེས་པ་འོད་གསལ་ལ་འཇུག་པའི་གནད་དང་ལྡན་ན་ཟུང་འཇུག་བདེ་བ་ཆེན་པོར་གྲོལ་བ་ཐོབ་པར་འགྱུར་རོ༔ དེར་ངོ་མ་ཤེས་པའི་དབང་གིས་མ་གྲོལ་ན་སྣང་བ་ཐམས་ཅད་འོད་དམར་གྱི་རོལ་པར་འཕོས་པའི་ཀློང་དུ་ཐིག་ལེ་གནམ་ས་འབྲེལ་བ་ཙམ་གྱི་ནང་དུ་སྣང་བ་མཐའ་ཡས་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པར་འཆར་རོ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་མགྲིན་པར་ཟུག་པའི་སྟེང་དུ་པདྨ་རཱ་གའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་ཡི་དྭགས་ཀྱི་རྒྱུ་ལམ་དམར་སྐྱ་བཀྲག་མདངས་མེད་པ་ཞིག་འཆར་སྟེ༔ འདི་དུས་རང་སྣང་རང་ངོ་ཤེས་པ་སྐུ་དང་འོད་གདངས་ཆེན་པོར་བསྲེ་འཕོ་བྱས་ཏེ་གཞན་དུ་མ་ཡེངས་པར་གདིང་ཚུགས་ན་གྲོལ་བ་ཐོབ་པ་ཡིན་ནོ༔ དེར་ངོ་མ་ཤེས་པའི་དབང་གིས་མ་གྲོལ་ན་སྣང་བ་ཐམས་ཅད་འོད་གདངས་མཐིང་ནག་གིས་ཡོངས་སུ་ཁེབས་ཤིང་ཁྱབ་པའི་ཀློང་དུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པའི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་མཐིང་ནག་བལྟར་མི་བཟོད་པ་རང་གི་སྙིང་གར་ཟུག་པའི་སྟེང་དུ་བཻ་ཌཱུཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་དེའི་འོག་ན་དམྱལ་བའི་རྒྱུ་ལམ་འོད་ནག་པོ་བཀྲག་མེད་པ་ཞིག་འཆར་ཏེ༔ འདི་དུས་ཀྱང་ཤེས་པ་སྐུའི་དབྱིངས་སུ་བསྲེས་ཏེ་གདིང་རང་སར་བཟུང་བས་མངོན་པར་དགའ་བའི་ཞིང་ཁམས་སུ་གྲོལ་བ་ཐོབ་པར་འགྱུར་བ་ཡིན༔ དེར་མ་གྲོལ་ན་སྣང་བ་ཐམས་ཅད་འོད་གདངས་སེར་པོའི་རོལ་པར་འཕོས་ཤིང་མཆེད་པའི་ཀློང་དུ་ཐིག་ལེ་སེར་པོ་བསེ་ཕུབ་ལྟ་བུ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་ཟླའི་སྟེང་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་ཏེ་ཡུམ་དང་འཁྲིལ་བ་གཟི་བརྗིད་འོད་ཕུང་བལྟར་མི་བཟོད་པར་འབར་བའི་གཡས་སུ་སེམས་དཔའ་ཀུན་ཏུ་བཟང་པོ་དང་གཡོན་དུ་སེམས་དཔའ་ནམ་མཁའི་སྙིང་པོ༔ མདུན་དུ་སེམས་མ་མཱ་ལེ་མ་དང་རྒྱབ་ཏུ་དྷུཥྤེ་མ་རྣམས་གསེར་བཙོ་མ་ལ་ཉི་འོད་ཕོག་པ་ལྟ་བུ་འོད་ཕུང་རབ་ཏུ་འབར་བ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་སེར་པོ་རང་གི་ལྟེ་བར་ཟུག་པའི་སྟེང་དུ་ཐིག་ལེ་སེར་པོ་སྦུར་ལེན་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་དེའི་འོག་ན་ལྷ་ཡི་རྒྱུ་ལམ་དཀར་པོ་འོད་དང་བཀྲག་མདངས་མེད་པ་ཞིག་གཤིབ་སྟེ་འཆར་རོ༔ རིན་ཆེན་འབྱུང་ལྡན་ཁོང་གསེང་གི་ལམ་དུ་ངོ་ཤེས་ཤིང་བསྲེ་འཕོ་བྱེད་པའི་གནད་དང་ལྡན་ན་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ལ་དབང་བསྒྱུར་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ དེ་དག་ནི་ཡེ་ཤེས་བཞི་སྦྱོར་གྱི་ལམ་ཞེས་བྱ་བ་ཡིན་ཏེ་གསང་ཆེན་བླ་ན་མེད་པའི་མྱུར་ལམ་སྐད་ཅིག་མ་དང་པོར་ངོ་ཤེས་གཉིས་པར་གདིང་ཐོབ་གསུམ་པར་གྲོལ་བར་འགྱུར་རོ༔ དག་པའི་ལམ་སྣང་བལྟར་མི་བཟོད་ཅིང་གཏད་མི་ཚུགས་ཏེ་མ་དག་པའི་ལམ་བཞི་རུ་བསྲེ་ཞིང་གཏད་པས་གནས་རིས་དེ་དག་ཏུ་སྐྱེ་སྲིད་འཛིན་པར་འགྱུར་རོ༔ ཉམས་སྣང་གོང་འཕེལ་གྱི་རྩལ་མ་རྫོགས་ཀྱི་བར་དུ་དོན་ཡོད་གྲུབ་པ་ཁོང་གསེང་གི་ལམ་ནི་སྣང་བར་མི་འགྱུར་ཏེ་རྩལ་རྫོགས་ཕན་ཆད་ནས་རིག་པ་ཚད་ཕེབས་ཀྱི་སྐབས་ཚུན་ཆད་དུ་བར་དོ་མེད་པར་སངས་རྒྱས་ཏེ་སྣང་བར་མི་འགྱུར་རོ༔ དེ་ནས་སྐུ་དང་ཐིག་ལེའི་སྣང་བ་ཇེ་ཉུང་དུ་སོང་སྟེ༔ དུང་ཁང་ནས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ་སྟེང་ཕྱོགས་ཀྱི་ནམ་མཁར་འཕྲོས་ཤིང་ཁྱབ་པས་རེ་རེ་ལས་ཀྱང་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཁྱབ་ཅིང་གང་ནས་སྤྱན་མིག་ནས་ཉི་ཟླ་འབུམ་གྱི་འོད་ཟེར་ལྟ་བུ་མཆེད་པ༔ ཞལ་གདངས་ཤིང་མཆེ་བ་ཟླ་ལྟར་གཙིགས་པ་སྨ་ར་ལས་མེ་འབར་ཞིང་སྨིན་མ་ནས་གློག་འཁྱུགས་པ་དུར་ཁྲོད་ཀྱི་ཆས་རྫོགས་པ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་ནས་མཚོན་ཆ་སྣ་ཚོགས་གདེངས་ཤིང་ཧཱུྃ་ཕཊ་དང་རྒྱོབ་སོད་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་སྒྲོགས་པ་དང་༔ མགོ་བརྙན་ཅན་རྣམ་པ་སྣ་ཚོགས་ཀྱིས་མཚོན་ཆ་གདེངས་ཤིང་གར་བྱེད་པ་སྐུ་འཇིགས་པའི་ཆ་ལུགས་མཐོང་ཞིང་གསུང་དྲག་པོའི་ང་རོ་ཐོས་པའི་ཚེ་ན་འཆི་བདག་གཤིན་རྗེའི་ཚོགས་རྣམས་དཔའ་བཀོང་ཞིང་ཉམ་ཐག་པར་བྱེད་པའི་སྣང་བ་མཆེད་དོ༔ དེ་དག་ཐམས་ཅད་རང་གི་རྡོ་རྗེའི་ཕུང་པོའི་གྲོང་ཁྱེར་གྱི་ཞི་ཁྲོ་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་སྣང་བ་ཡིན་པར་ངོ་ཤེས་ནས་གཉིས་མེད་མཉམ་པ་ཉིད་དུ་འཇོག་པའི་དབང་སྐལ་དང་ལྡན་ན་འོག་མིན་དུར་ཁྲོད་མེ་རི་འབར་བར་གྲོལ་བ་ཐོབ་པར་འགྱུར་རོ༔ འོད་དང་ཐིག་ལེ་ཞི་བ་དང་ཁྲོ་བོའི་སྣང་བ་དེ་དག་ཐམས་ཅད་འོད་གསལ་ཐོད་རྒལ་ཆེན་པོའི་ལམ་ལ་རབ་ཏུ་གོམས་པ་དང་སྦྱངས་པ་ཐོན་པ་རྣམས་ལ་བསམ་གཏན་གྱི་ཞག་གྲངས་བདུན་ཕྲག་བདུན་དུ་འཆར་ཏེ་ཡུན་རིང་བའི་སྟོབས་ཀྱིས་ངོ་ཤེས་པ་དང་གྲོལ་ལོང་ཡོད་དེ༔ འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་སྒོ་མ་མཐོང་བ་དང་༔ སྒོ་མཐོང་ཡང་དད་པའི་ངེས་ཤེས་མ་སྐྱེས་པ་དང་ལེ་ལོ་དང་རྣམ་གཡེངས་འདུ་འཛིའི་དབང་དུ་གྱུར་ནས་ཉམས་སུ་མ་ལོན་ཅིང་སྦྱངས་པ་མ་ཐོན་པ་རྣམས་ལ་ནམ་མཁའ་ལ་སྒྲ་གཅན་དལ་གྱིས་འགྲོ་བ་ཙམ་གྱི་ཡུན་ལས་མི་སྣང་བས་ངོ་ཤེས་ལོང་དང་གྲོལ་ལོང་ཡོད་པ་སྨོས་ཅི་དགོས༔ དེ་ལྟར་ཤར་བའི་ཞི་ཁྲོའི་སྣང་བ་ཐམས་ཅད་དབྱིངས་སུ་ཡལ་ཚེ་སྔར་གྱི་ཐོས་པའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་དྲན་ཅིང་དྲན་མ་ཐག་ཏུ་བརྗེད་ནས་འགྲོ་བ་དང་༔ ཐོས་མ་མྱོང་ཞིང་རྒྱུས་མེད་པའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པར་འཆར་ཞིང་ཤར་བ་དང་བརྗེད་པ་དུས་མཉམ་དུ་འབྱུང་བའི་གནས་སྐབས་ལ་ཐུག་སྟེ༔ གང་ཟག་སྤྱི་མཐུན་ལ་འོད་གསལ་གྱི་སྣང་བ་ཡུན་ཐུང་ཞིང་གནས་སྐབས་འདིའི་ངང་དུ་ཅུང་ཟད་གནས་ཏེ་བླ་མ་ལ་དད་གུས་དང་གདུང་བ་ཆེན་པོ་ཡོད་པ་རྣམས་ཀྱིས་བླ་མ་དྲན་པའི་མོད་ལ་གདུལ་བྱ་རང་སྣང་གི་སྟོན་པ་བླ་མར་ཤར་ནས་གྲོལ་ལམ་སྟོན་ཅིང་གྲོལ་བ་ཐོབ་པའང་ཡོད༔ རྡོ་རྗེའི་བླ་མ་ལ་དམ་ཚིག་ཉམས་པ་དང་མཚམས་མེད་ཀྱི་ལས་སྤྱོད་པ་རྣམས་ནི་མར་གྱི་ཟང་ཐལ་དུ་འགྲོ་སྟེ༔ ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཀྱི་མཚམས་ཤི་དང་མ་ཤིའི་མཚམས་མི་ཕྱེད་པར་བར་དོ་མེད་པར་རྡོ་རྗེའི་དམྱལ་བར་ལྟུང་བ་དང་༔ བླ་མ་དང་རྡོ་རྗེའི་མཆེད་ལྕམ་ལ་དམ་ཚིག་མ་ཉམས་ཤིང་ཁྲེགས་ཆོད་དང་ཐོད་རྒལ་ལ་སྦྱངས་པ་ཤིན་ཏུ་ཐོབ་པ་རྣམས་ནི་ཡར་གྱི་ཟང་ཐལ་དུ་འགྲོ་བ་སྟེ་ཕྱི་དབུགས་ཆད་དེ་ནང་དབུགས་མ་ཆད་ཀྱི་མཚམས་ནས་ཤི་དང་མ་ཤིའི་མཚམས་མི་ཕྱེད་པར་བར་དོ་མེད་པར་རང་ཐོག་ཏུ་རང་གྲོལ་བ་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་གདོད་མ་གཞིའི་ཆོས་སྐུར་སངས་རྒྱས་པ་ཡིན་ནོ༔ དེ་མ་གཏོགས་པ་ཐམས་ཅད་ལ་བར་དོའི་སྣང་བ་འདི་དག་འབྱུང་ངེས་པ་ཡིན་ཏེ༔ དེང་སང་གི་དུས་སྐབས་ནས་རྒྱུད་ལུང་མན་ངག་གི་ནང་ནས་བར་དོའི་འཆར་ཚུལ་བསྟན་པ་རྣམས་ལ་བལྟས་ཤིང་དཔྱད་ནས་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཉམས་འོག་ཏུ་ཆུད་པ་ཞིག་ཤིན་ཏུ་གལ་ཆེ་བ་ཡིན་པས་ཤེས་པར་བྱའོ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བར་དོ་རྫོགས་ནས༔ དྲུག་པ་སྲིད་པ་ལས་ཀྱི་བར་དོར་ཁ་འཆོལ་བའི་ཚུལ་ནི༔ རྣམ་པར་ཤེས་པ་ལས་རླུང་གིས་བསྐྱོད་པའི་དབང་གིས་ཆོས་དབྱིངས་རྡོ་རྗེའི་གདན་དང་༔ མའི་མངལ་གཉིས་ཀ་ལ་ཐོགས་པ་ཡིན་ཏེ༔ དེ་མ་གཏོགས་པའི་ས་རྡོ་རི་བྲག་ཤིང་གི་ཁོངས་ལ་སོགས་པ་དངོས་པོ་ཐོག་རེག་གི་གནས་ཐམས་ཅད་ལ་ཐོགས་པ་མེད་པར་ཟང་ཐལ་དུ་རྒྱུ་བ་རང་སྣང་སྟོང་པའི་གཟུགས་བརྙན་སྔོན་གྱི་ཤ་གཟུགས་ཇི་ལྟ་བ་བཞིན་དུ་ཚང་བ་དང་༔ དབང་པོའི་སྒོ་ཐམས་ཅད་ཚང་བའི་ཡུལ་ལྔ་ཇི་ལྟ་བ་བཞིན་དུ་སྣང་ཞིང་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་བ་དང་༔ རང་དང་རིགས་མཐུན་པ་སྣ་ཚོགས་མཐོང་བའི་ལྷའི་མིག་དང་ལྡན་ཏེ་ཕ་རོལ་རྣམས་ཀྱི་ཤེས་རྒྱུད་དེར་ཆགས་སྡང་གི་བསམ་པ་ཇི་ལྟར་སྐྱེས་པ་རྣམས་ཤེས་པ་ཡིན༔ རེས་འགའ་མི་གྲལ་ན་འདུག་སྟེ་མི་རྣམས་ཀྱིས་གཏམ་སྨྲ་བ་གོ་ཞིང་ཕར་སྨྲ་བ་མི་གོ་བར་ལན་མི་སྟེར་བ་ལ་ཐམས་ཅད་ང་ལ་ཁྲོས་འདུག་སྙམ་དུ་ཞེ་སྡང་སྐྱེ་བ་དང་༔ བཟའ་མིའི་གྲལ་དུ་ཡོད་ཀྱང་རང་ལ་བཟའ་བཏུང་མི་སྟེར་བ་དང་༔ ཉི་མ་དང་མེ་འོད་དུ་གྲིབ་མ་མི་འབྱུང་བ་དང་༔ བྱེ་མ་ས་འབོལ་ཁ་བ་རྣམས་ཀྱི་ནང་དུ་རྐང་རྗེས་མི་འབྱུང་བ་ལ་སོགས་པ་ལ་ཐེ་ཚོམ་ནས་ཤི་བ་ཡིན་པར་ཤེས་ཏེ་འཇིགས་སྐྲག་དང་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་སྟེ༔ བླ་མཆོད་ཀྱི་ཚལ་དུ་སྐྱབས་འཚོལ་ལ་ཕྱིན་ཚེ་དེ་དག་གིས་ཆོ་ག་མ་དག་པ་དང་༔ བསྐྱེད་རྫོགས་མེད་པ་དང་༔ དམ་སྡོམ་ཉམས་པ་ལ་སོགས་པའི་སྐྱོན་ཐམས་ཅད་མཐོང་སྟེ༔ འདི་དག་གིས་ང་བསླུས་ཏེ་ངན་སོང་དུ་འཕེན་པར་འདུག་སྙམ་དུ་ལོག་ལྟ་སྐྱེས་ནས་མྱུར་དུ་ལུས་ཞིག་ལེན་པར་གདུང་བས་ཕྱོགས་ཐམས་ཅད་དུ་རྒྱུག་ནས་མངལ་སྒོ་འཚོལ་མོད་ཀྱི༔ བར་སྲིད་ཀྱི་ཚེ་ཚད་མ་རྫོགས་ཀྱི་བར་དུ་མངལ་སྒོ་མི་མཐོང་ཞིང་མི་རྙེད་དེ་ཞག་བདུན་རེའི་མཚམས་སུ་སྔར་འཆི་རྐྱེན་གྱི་སྣང་བ་རེ་འཆར་བས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་དང་༔ རི་བོ་སྟོང་ཉིལ་གྱི་སྒྲ་དང་༔ རྒྱ་མཚོ་འཁྲུགས་པའི་སྒྲ་དང་༔ མེ་ཆེན་འབར་བའི་སྒྲ་དང་༔ རླུང་ཆེན་འུར་བའི་སྒྲ་སྟེ་འཇིགས་པའི་སྒྲ་བཞི་དང་༔ གཡང་ས་དཀར་པོ་དང་དམར་པོ་དང་ནག་པོ་དུག་གསུམ་རང་གཟུགས་ཀྱི་གཡང་ས་ཤར་ཏེ་དེར་ལྷུང་བའི་འཇིགས་སྐྲག་བཟོད་གླག་མེད་པར་འཆར་བ་དང་༔ དམག་དང་གཤེད་མས་བདས་པ་དང་༔ རི་ཆེན་པོ་ཉིལ་བས་དེད་དེ་བྱུང་བ་དང་༔ ཐོག་སེར་དྲག་པོ་སྟེང་དུ་འབབ་པ་ལ་སོགས་པའི་འཁྲུལ་པའི་སྣང་བ་བཟོད་མེད་དུ་འཆར་བ་ཡིན་ནོ༔ རེས་འགའ་ནི་ཡར་ཕྱེད་སྔ་མའི་ལུས་ཏེ་མར་ཕྱེད་ཕྱི་མའི་ལུས་སུ་སྣང་བ་དང་༔ ལྷ་དང་མིའི་གནས་གཉིས་སུ་སྐྱེ་བའི་ལྟས་ནི་མགོ་བོ་སྟེང་དུ་ལྟ་བ༔ ལྷ་མ་ཡིན་དང་བྱོལ་སོང་དུ་སྐྱེ་བའི་ལྟས་སུ་འཕྲེད་དུ་ལྟ་བ་དང་༔ དམྱལ་བ་དང་ཡི་དྭགས་ཀྱི་ལྟས་སུ་མཐུར་དུ་ལྟ་བ་ཡིན་ནོ༔ དམྱལ་བར་སྐྱེ་བའི་ལྟས་སུ་འོད་ནག་སྡོང་དུམ་ལྟ་བུ་དང་༔ ཡི་དྭགས་ལ་བལ་ནག་གཡེངས་པ་ལྟ་བུ་དང་༔ བྱོལ་སོང་ལ་ཁྲག་མཚོ་ལྟ་བུ་དང་༔ མི་ལ་འོད་དཀར་པོ་དང་༔ ལྷ་མ་ཡིན་ལ་འོད་ལྗང་གུ་དང་༔ ལྷ་ལ་འོད་དཀར་འདོམ་གང་དུ་སྣང་བ་ཡིན་ཏེ༔ ཤེས་རྒྱུད་གཟུགས་མེད་པའི་ཁམས་སུ་སྟོང་པ་ལ་དགའ་གདུང་ཆེ་བ་དང་༔ གཟུགས་ཁམས་གསལ་བ་ལ་གདུང་བ་དང་༔ འདོད་ལྷ་བདེ་བ་ལ་གདུང་བ༔ མི་རྣམས་ཡུལ་ལ་གདུང་བ༔ ལྷ་མིན་ཁ་ཆར་ལ་གདུང་བ༔ དུད་འགྲོ་འོད་ནག་ལ་གདུང་བ༔ ཡི་དྭགས་འོད་དམར་སྐྱ་ལ་གདུང་བ༔ དམྱལ་བ་མེ་ལྕེ་ལ་གདུང་བ༔ ཡུལ་དེ་དག་ཐམས་ཅད་མཛེས་ཤིང་ཡིད་དུ་འོང་བར་སྣང་ནས་དེ་ལ་དགའ་གདུང་དྲག་པོ་བློ་ཡིད་འགོག་མི་ནུས་པ་ཙམ་འཆར་ཏེ༔ འདི་དག་གི་ངང་ཚུལ་དེང་སང་གི་གནས་སྐབས་ནས་ཤེས་པར་བྱས་ཏེ་ཉམས་འོག་ཏུ་ཚུད་ན་ད་གཟོད་སྐྱེ་བའི་ལྟས་འདི་དག་ངོ་ཤེས་ཏེ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་བྱས་ཤིང་དེར་གདིང་ཚུགས་གཞིའི་འོད་གསལ་ཀ་དག་གི་ཆོས་སྐུ་སླར་ཡང་འཆར་བ་ནི་ཡུར་བ་རྐང་ཆད་པ་ལ་ཝ་འཛུག་པ་ལྟ་བུ་ཡིན་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ཡང་རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་ཁམས་མངོན་དུ་བྱས་ཏེ་བག་ཆགས་ཡིད་ལ་བཞག་པ་ཡོད་ན་དེ་དྲན་ནས་ཚུལ་བཞིན་ཡིད་ལ་བྱས་པས་སྣང་བ་དེར་འཕོས་ཏེ་བརྟན་པ་ཐོབ་པར་འགྱུར་རོ༔ དེ་ལྟར་སྦྱངས་པའི་བག་ཆགས་མེད་པ་དག་གིས་མེ་དཔུང་མཛེས་པ་མཐོང་ནས་ཁྲོད་དུ་སླེབས་མ་ཐག་ཏུ་དམྱལ་བའི་སྣང་བ་མཆེད་དེ་སྡུག་བསྔལ་དང་༔ ཕུག་སྡུག་གི་ནང་དུ་ཕྱིན་པས་ཡི་དྭགས་ཀྱི་སྣང་བ་དང་༔ ཆུ་བོ་དང་འདམ་རྫབ་ཏུ་ཕྱིན་པས་དུད་འགྲོའི་སྣང་བ་མཆེད་པ་དང་༔ སྦྲང་ཆར་དང་ཁ་བ་བུ་ཡུག་འཚུབ་པའི་ནང་དུ་ཕྱིན་པས་ལྷ་མ་ཡིན་གྱི་སྣང་བ་མཆེད་པ་དང་༔ སྐྱེད་མོས་ཚལ་དང་གཞལ་ཡས་ཁང་ལ་སོགས་པ་སྣང་བས་ལྷའི་མངལ་སྒོར་ཞུགས་པ་དང་༔ མི་ཡུལ་འཛིན་པ་ལའང་ཤར་ལུས་འཕགས་པོ་ཉ་གཟུགས༔ བ་ལང་སྤྱོད་ངང་པ༔ སྒྲ་མི་སྙན་ཁྲུང་ཁྲུང་༔ འཛམ་བུའི་གླིང་པ་མི་ཕོ་མོ་ཆགས་སྦྱོར་བྱེད་པར་སྣང་སྟེ༔ དེའི་དུས་སུ་མངལ་སྒོ་བཀག་ནས་གོང་གི་གནད་ཡིད་ལ་བྱས་པས་གྲོལ་བ་ཐོབ་པ་ཡང་ཡོད༔ ཡང་ན་ནི་མངལ་གྱི་སྒོ་འདམ་སྟེ་གླིང་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་དུ་ཆོས་དར་བ་དང་དགེ་བའི་བཤེས་གཉེན་བཟང་པོའི་ཉེ་འདབས་སུ་རིགས་རུས་ཕུན་སུམ་ཚོགས་པའི་མི་ཕོ་མོ་སྦྱོར་བ་བྱས་པའི་ཚལ་དུ་མ་ལ་ཆགས་ཤིང་ཕ་ལ་སྡང་བའི་སེམས་ཀྱིས་མའི་བཤང་ལམ་ནས་ཐེ་ཚོམ་མེད་པར་འཇུག་པའི་ཚེ་རང་བླ་མའམ་ཡི་དམ་གྱི་སྐུར་གསལ་ཏེ་འགྲོ་དོན་རྒྱ་ཆེན་པོ་འབྱུང་བར་ཡིད་སྨོན་བྱེད་ནུས་ན་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པར་ངེས་སོ༔ ཕ་ལ་ཆགས་ནས་མ་ལ་སྡང་བའི་སེམས་ཀྱིས་ཞུགས་ན་བུ་མོར་སྐྱེ་བ་ཡིན་པས་ཤེས་པར་བྱ་བ་གནད་དུ་ཆེའོ༔ དེང་སང་གི་གནས་སྐབས་འདིར་བར་དོ་སྦྱོང་བའི་གདམས་པ་ཉམས་སུ་ལེན་པ་ལ༔ ཨེ་ཨེ་ང་ཤི་བ་རེད་སྣང་བ་འདི་ནི་བར་དོའི་སྣང་བའོ༔ ཞེས་ཞེ་ཐག་པ་ནས་ཡིད་ལ་འཆར་བར་བྱས་ཏེ༔ འཁོར་འདས་སྟོང་ཉིད་ཆེན་པོ་ངོ་ཤེས་པའི་ངང་དུ་ཡུན་ཅིག་བཞག༔ སླར་ཡང་ང་ནི་ཤི་བ་དངོས་རེད་སྣང་བ་འདི་ནི་སྲིད་པ་བར་དོའོ༔ དེ་ནི་འཁོར་བ་སྡུག་བསྔལ་གྱི་བཙོན་དོང་༔ འདི་ལས་ཐར་བའི་ཐབས་ཤིག་བྱ་དགོས་སྙམ་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཡིད་ལ་བྱས་ཏེ་འོད་དཀར་པོ་སྤྲིན་ཕུང་ལྟ་བུ་ཞིག་ཤར་ཕྱོགས་ཀྱི་དཔག་ཚད་གྲངས་མེད་པའི་ཕ་མཐར་སྟེང་གི་ནམ་མཁའ་ལ་མཐོང་སྣང་བྱས་ཏེ༔ ཞིང་ཁམས་དེ་ནི་རྒྱ་ཆེ་ཞིང་ཁྱོན་ཡངས་པ་བློ་དང་ཡིད་ཀྱིས་དཔག་ཏུ་མེད་པ་ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་ངོས་ལྟར་དྭངས་ཤིང་གསལ་བ༔ ཁ་དོག་སྣ་ཚོགས་པའི་མེ་ཏོག་པདྨོས་ཡོངས་སུ་གང་ཞིང་ཁེབས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ་ཕྱོགས་བཞི་མཚམས་བརྒྱད་དུ་དཔག་བསམ་གྱི་ལྗོན་ཤིང་རྒྱས་པ༔ དག་བྱེད་བདུད་རྩིའི་ཆུ་མིག་འབབ་པ༔ ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་མཚོ་དང་རྫིང་བུ་འཁྱིལ་བ་ལ་རིན་པོ་ཆེའི་གྲམ་དང་གཡུའི་ནེའུ་སིང་དང་གསེར་གྱི་བྱེ་མ་བརྡལ་བ༔ ཕྱོགས་དང་ཁོར་ཡུག་ཐམས་ཅད་འཇའ་ཚོན་གྱི་དྲྭ་བ་མིག་མང་རིས་སུ་བྲེས་པ་ལས་འདོད་ཡོན་གྱི་མཆོད་སྤྲིན་སྤེལ་བའི་ལྷ་མོ་མང་པོ་དང་༔ སྤྲུལ་པའི་བྱ་ཚོགས་མཛེས་སྡུག་ཡིད་དུ་འོང་བ་སྐད་སྙན་པ་མང་པོས་ཆོས་ཀྱི་སྒྲ་དབྱངས་གླུ་རུ་ལེན་པ༔ ནམ་མཁའ་ལ་འཇའ་ཚོན་ལས་གྲུབ་པའི་བླ་བྲེ་དང་དར་གདུགས་འཕན་ལ་སོགས་པའི་གཟུགས་སྣང་འཆར་བ༔ ཞིང་ཁམས་དེའི་དབུས་སུ་ཡེ་ཤེས་འོད་གདངས་ལས་གྲུབ་པའི་གཞལ་ཡས་ཁང་དཀར་སེར་དམར་ལྗང་མཐིང་གའི་ཁ་དོག་རྣམ་པར་བཀྲ་ཞིང་རྒྱ་ཆེ་ལ་ཁྱོན་ཡངས་པ༔ བཀོད་ལེགས་ཤིང་ཡིད་དུ་འོང་བའི་རྒྱན་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ༔ གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་སྤྲས་པ༔ ཡེ་ཤེས་སྒྱུ་མའི་སྐུ་མཆོག་ཉིད་ལ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ་ཡིད་ལ་བྱས་ཏེ༔ ཞིང་ཁམས་དེར་དཔག་ཆེན་གྱི་མདའ་འཕངས་པ་བཞིན་དུ་སོང་ནས་གཞལ་ཡས་ཁང་དེ་ལ་བསྐོར་བ་ལན་གསུམ་བྱས༔ སྡིག་པ་མི་དགེ་བ་བཤགས༔ སྒོ་བ་ལ་གསོལ་བ་བཏབ་པས་སྒོ་ཕྱེས་ཏེ་ནང་དུ་ཞུགས་ནས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ༔ མཆོད་པ་འབུལ༔ སྡིག་པ་བཤགས༔ གསོལ་བ་བཏབ༔ དེ་བཞིན་གཤེགས་པ་དེའི་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་བྱིན་གྱིས་བརླབས༔ ལུང་བསྟན་དབང་བསྐུར་ཆོས་གསུངས་པའི་ཆོས་གྲལ་དུ་འཁོད་པ་དང་བཅས་པ་རྣམས་ཡིད་ལ་བྱས་ཏེ༔ སྣང་བ་གནས་འགྱུར་སྦྱངས་པ་ཐོན་ན་སྲིད་པ་བར་དོའི་སྐབས་སུ་རང་ཤི་བ་ངོ་ཤེས་མ་ཐག་ཏུ་སྔོན་སྦྱངས་ཀྱི་བག་ཆགས་དེའི་སྟོབས་ཀྱིས་འཁོར་བ་ལས་ཐར་འདོད་ཀྱི་བསམ་པས་ཞིང་ཁམས་རྗེས་སུ་དྲན་ཅིང་ཚུལ་བཞིན་ཡིད་ལ་བྱེད་པའི་ཤེས་པ་ལངས་ཏེ་དེར་གྲོལ་བའི་འདུན་པ་གཏད་པས་དཔག་ཆེན་གྱི་མདའ་བཞིན་བགྲོད་པ་དང་སླེབས་པའི་སྐལ་བ་ཐོབ་ནས་ཞིང་ཁམས་དེར་བརྟན་པ་ཐོབ་པར་འགྱུར་རོ༔ རེས་འགའ་ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་ནམ་མཁའ་དང་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟར་འབར་བའི་དབུས་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་ལྟ་བུ་རིན་ཆེན་རིགས་ཀྱི་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བའི་དྲུང་དུ་གོང་ལྟར་བགྲོད་སླེབས་ཡིད་ལ་བྱ་བ་དང་༔ རེས་འགའ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་པདྨ་རཱ་ག་ལྟ་བུའི་དབུས་ན་སྣང་བ་མཐའ་ཡས་དམར་པོ་པདྨ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་དྲུང་དུ་བགྲོད་སླེབས་ཡིད་ལ་བྱ་བ་དང་༔ རེས་འགའ་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུའི་དབུས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པ་ལ་འཁོར་ཀརྨ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་བསྐོར་བ་ཞིང་ཁམས་ཀྱི་བཀོད་པ་མངོན་སུམ་མིག་གིས་མཐོང་བ་ལྟ་བུར་ཡིད་ལས་བྱས་ཏེ་དེར་དཔག་ཆེན་གྱི་མདའ་བཞིན་དུ་བགྲོད་པ་དང་༔ ཉེས་ཅན་བཙོན་ནས་ཐར་ཏེ་རང་ཡུལ་ལ་སླེབས་པ་བཞིན་དུ་འཁོད་དེ་དེ་བཞིན་གཤེགས་པ་ལ་ཕྱག་མཆོད་གསོལ་བ་འདེབས་པ་ལ་སོགས་གོང་བཞིན་ཡིད་ལ་བྱ་བ་དང་༔ སྐབས་འགར་སྣང་བ་ཐམས་ཅད་ཡི་དམ་ལྷའི་ཞིང་ཁམས་སུ་གསལ་ཏེ་དཔེར་ན་ཡུལ་ཡངས་པའི་དབུས་ནས་ཤར་ལྷོ་ནུབ་བྱང་གི་ས་ཆ་མིག་གིས་མཐོང་བ་བཞིན་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་མེ་ཏོག་དཀར་པོས་བརྒྱན་པར་འོད་དཀར་པོ་ནམ་མཁའ་ལ་འཕགས་པ་དང་༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་མེ་ཏོག་སེར་པོས་བརྒྱན་པར་འོད་སེར་པོ་ནམ་མཁའ་ལ་འཕགས་པ་དང་༔ ནུབ་བདེ་བ་ཅན་གྱི་ཞིང་ཁམས་མེ་ཏོག་དམར་པོས་བརྒྱན་པར་འོད་དམར་པོ་ནམ་མཁའ་ལ་འཕགས་པ་དང་༔ བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་མེ་ཏོག་ལྗང་གུས་བརྒྱན་པར་འོད་ལྗང་ནག་ནམ་མཁའ་ལ་འཕགས་པ་རྣམས་མངོན་སུམ་མིག་གིས་མཐོང་བ་བཞིན་དུ་ཡིད་ལ་བྱས་ཏེ་དེའི་ངང་དུ་གདིང་བསྐྱེད་དེ་འདུག་ཅིང་༔ རེས་འགའ་དཔག་ཆེན་གྱི་མདའ་འཕང་བ་བཞིན་དུ་ཞིང་ཁམས་དེ་དག་ཏུ་བགྲོད་པ་དང་སླེབས་པའི་སྣང་བ་སྦྱོང་བ་ནི་བར་དོར་དབུགས་ཆེན་པོ་འབྱིན་པའི་སྟོབས་ནུས་རྒྱུད་ལ་འཇོག་པ་ཡིན་པས༔ གདམས་པ་འདི་ལ་སྦྱངས་པ་ཐོན་ཅིང་རྒྱུད་ལ་བརྟན་པ་ཐོབ་པ་ཞིག་གནད་མཆོག་ཏུ་བཟུང་བར་བྱའོ༔ ཆོས་ཉིད་བར་དོའི་དུས་སུ་བླ་མའམ་མཆེད་གྲོགས་དམ་ཚིག་ལ་སེལ་མེད་པ་ཞིག་གིས་འདི་སྐད་བརྗོད༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཞེས་མིང་ནས་ལན་གསུམ་བོས་ཏེ༔ མ་དག་པ་འཁོར་བའི་སྒོ་དག་པ་ཆོས་ཉིད་དུ་ཐིམ་པས་སྟོན་གནམ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་གནས་སྐབས་ལྟ་བུ་ཁྱབ་བརྡལ་ཕྱོགས་མཐའ་དང་བྲལ་བ་དྭངས་གསལ་རྙོགས་པ་མེད་པ་ཞིག་འཆར་བ་དེ་ནི་ཁྱེད་རང་གི་གདོད་མའི་ཡེ་གཞི་ཀ་དག་གི་ངོ་བོ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཤེས་ཐོག་ཏུ་གདིང་བསྐྱེད་ཅིག༔ གདིང་ཐོག་ཏུ་ས་ཟུངས་ཤིག་དང་༔ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཕྱིན་ཅི་མ་ལོག་པའི་དབྱིངས་སུ་འཚང་རྒྱ་བར་འགྱུར་རོ༔ ཞེས་ལན་གསུམ་གདབ༔ དེ་ཞག་གསུམ་རེ་ལ་ལན་གྲངས་གསུམ་རེ་བརྗོད༔ གསུམ་པ་ནས་བདུན་པ་ཚུན་ཆད་དུ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱེད་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་༔ འོད་དང་ཟེར་དང་ཐིག་ལེ་དང་སྐུ་ཞི་བ་དང་ཁྲོ་བོའི་སྣང་བ་འཆར་བ་དེ་རྣམས་ནི་ཀ་དག་ལྷུན་གྲུབ་ཏུ་ཐིམ་པ་ཞེས་བྱ་བ་ཡིན་ཏེ༔ འབྱུང་བའི་སྙིགས་མ་དྭངས་མར་མཆེད་པས་འོད་ལྔའི་དྭངས་མ་བཅུད་དུ་སྨིན་པའི་ཐིག་ལེའི་བཅུད་འབྲས་བུར་སྨིན་པ་སྐུ་རུ་སྣང་བ་ཡིན་ཏེ༔ ཤེས་པ་གཞན་དུ་མ་ཡེངས་པར་མ་པང་དུ་བུ་འཇུག་པ་ལྟ་བུར་སྣང་བ་འོད་དང་བསྲེས་ཤིག༔ སེམས་སྐུ་དང་ཐིག་ལེ་རུ་བསྲེས་ཤིག༔ རང་སྣང་འོད་གསལ་བདེ་བ་ཆེན་པོའི་རང་བཞིན་མངོན་དུ་གྱུར་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དེར་བསྲེས་ཤིང་འཕོས་ཏེ་གདིང་ཚུགས་པར་གྱིས་ཤིག༔ གདིང་ཐོག་ཏུ་ས་ཟུང་ལ་གཞན་དུ་མ་ཡེངས་མ་འཁྲུལ་པར་ས་ཟིན་ན་ཁྱོད་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་འགྱུར་རོ༔ རང་སྣང་ཁྲོ་བོའི་དཀྱིལ་འཁོར་ལ་མ་སྐྲག༔ རང་སྒྲ་རང་ལ་སྣང་བ་ལ་མ་འཇིགས༔ སྣ་ཚོགས་སྣང་བའི་ཟེར་ལ་མ་དངངས་པར་གཞིའི་རིག་པ་འཁོར་འདས་འུབ་ཆུབ་ཀྱི་རོལ་པར་ངང་བརྟན་ཅིང་འབྱམས་ཀླས་པར་གྱིས་ཤིག༔ ཅེས་གདབ་བོ༔ བདུན་ཞག་དྲུག་ལའང་རང་གི་མདུན་དུ་རྟེན་བཙུགས་པ་ལ་འགུག་གཞུག་ལན་དགུར་བསྐྱར་ནས་འོད་ཀྱི་གྭའུར་ཚུད་པར་བསམ་སྟེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ཉོན་ཅིག༔ ཁྱོད་ངེས་པར་ཤི་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཁྱོད་ལ་སྲིད་པ་བར་དོའི་སྣང་བ་གར་བསམ་པ་དེར་སྐད་ཅིག་གིས་སླེབས་པ་དང་༔ འཁྲུལ་སྣང་འཇིགས་སྐྲག་གི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་འདུག་པ་དེ་སྲིད་པ་ལས་ཀྱི་བར་དོ་ཞེས་བྱ་བ་ཡིན་གྱི༔ འཁོར་འདས་ཀྱི་ས་མཚམས་ལ་ཐུག་པ་རེད་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་བདེ་བའི་གནས་སྐབས་ཏིལ་འབྲུ་ཙམ་ཡང་མེད་པ་འདི་ལ་སྐྱོ་ཞིང་སུན་པར་གྱིས་ལ༔ ལྷ་དང་མི་སོགས་གནས་རིས་དྲུག་གི་འཇིག་རྟེན་འདི་དག་འཁྲུལ་སྣང་སྒྱུ་མ་དང་རྨི་ལམ་གྱི་གནས་ཡུལ་ལྟ་བུ་ཡིན་པས༔ ཞེན་པ་དང་ཆགས་པ་བཙན་ཐབས་སུ་ཆོད་ལ་འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་མངོན་པར་དགའ་བ་ཞེས་བྱ་བ་དགའ་བདེ་དང་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པའི་ཞིང་ཁམས་ཞིག་ཡོད་ཀྱི༔ དེ་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་འཁོར་ཚོགས་དཔག་ཏུ་མེད་པ་ལ་ཆོས་སྟོན་ཅིང་བྱིན་གྱིས་རློབས་པ་ཡོད་དེ༔ དེ་ཡིད་ལ་གྱིས་ཤིག༔ ཁྱོད་ལ་གདོས་བཅས་ཤ་ཁྲག་གི་ཕུང་པོ་ནི་མེད་དེ༔ སྟོང་གཟུགས་ཡིད་ཀྱི་ལུས་དེ་ཤར་ཕྱོགས་ཀྱི་ཞིང་ཁམས་དེར་དཔག་ཆེན་གྱི་མདའ་བཞིན་དུ་སོང་ཞིག༔ ཅེས་ཕཊ་བརྗོད་པས་སྐར་མདའ་བཞིན་དུ་སོང་བར་བསམ༔ ཡང་ཕཊ་བརྗོད་པས་ཞིང་དེར་སླེབས་པར་བསམ༔ ཡང་ཕཊ་བརྗོད་པས་ཞིང་ཁམས་ཀྱི་སྣང་བ་མཆེད་ངོ་ཤེས་གདིང་ཐོབ་རྩལ་རྫོགས་བརྟན་པ་ཐོབ་པར་བསམ༔ ཡང་གོང་བཞིན་ཁ་བསྒྱུར་ཏེ་འདི་ནས་ལྷོ་ཕྱོགས་སུ་དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ་བདེ་སྐྱིད་ཡོན་ཏན་གྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པ་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞེས་བྱ་བས་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ལ་སོགས་དང་༔ ཡང་འདི་ནས་ནུབ་ཕྱོགས་ཀྱི་དཔག་ཚད་གྲངས་མེད་པའི་ཕ་མཐའ་ན་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་བདེ་སྐྱིད་དཔག་ཏུ་མེད་པའི་ཞིང་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པ་ཞེས་བྱ་བས་འཁོར་སོགས་དང་༔ ཡང་འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྲངས་མེད་པའི་ཕ་མཐར་ན་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་རབ་ཏུ་རྫོགས་པའི་ཞིང་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཞེས་བྱ་བས་འཁོར་སོགས་དང་༔ ཞེས་བསྐྱེད་རྫོགས་ལ་གོམས་འདྲིས་ཅུང་ཟད་ཡོད་པ་མ་གཏོགས་ངོ་སྤྲོད་ཀྱིས་ཕན་ཐོགས་པ་ཤིན་ཏུ་དཀའ་སྟེ༔ བསྐྱེད་རྫོགས་ལ་གོམས་འདྲིས་ཅུང་ཟད་ཡོད་པའི་སྐྱེས་བུ་ལ་ངོ་སྤྲོད་འདི་དག་ཐེབས་ན་མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པར་འགྱུར་བ་ཡིན་ནོ༔ འདྲེན་པ་པོ་ལྟ་དགོངས་དང་ལྡན་ན་མཆེད་པ་ཉེར་ཐོབ་ཐིམ་པའི་གནས་སྐབས་སུ་ཁོའི་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་དྲི་མ་མེད་པ་གསལ་ལ་འཚེར་བ་ཞིག་ཏུ་སྒོམ་ལ་མིང་ནས་ལན་གསུམ་བོས་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཀྱི་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་དྲི་མ་མེད་པ་ཞིག་ཏུ་བསྒོམ་ཞིག་ཅེས་ལན་གསུམ་གདབ༔ ཀྱཻ་རིགས་ཀྱི་བུ་ཁྱོད་རང་གི་སྤྱི་བོ་ཚངས་པའི་བུ་ག་རྒྱ་སྐར་ལྟ་བུ་དེ་ཉིད་ཡར་གྱི་ཟང་ཐལ་དུ་འགྲོ་བའི་ལམ་ཡིན་ཏེ་དེར་སྐར་མདའ་རྒྱུག་པ་བཞིན་དུ་འཕོས་ཤིག༔ ཅེས་བརྗོད་དོ༔ འདྲེན་པ་པོ་རང་གི་རིག་པ་དང་ཕ་རོལ་པོའི་རྣམ་པར་ཤེས་པ་གཉིས་མེད་དུ་བསྲེས་ནས་ཡུན་ཅིག་མཉམ་པར་བཞག་སྟེ་སྐར་མདའ་རྒྱུག་པ་བཞིན་དུ་ཚངས་པའི་བུ་ག་ནས་ཐོན་སྟེང་ཕྱོགས་འོག་མིན་གྱི་གནས་སུ་ཐིམ་པར་བསམ་ལ་ཨ་ལྔ་ཚར་བརྗོད་པ་དང་ཆབ་གཅིག་ཕཊ་སྒྲ་གསུམ་གྱིས་སྤར༔ འདྲེན་པོ་ཡེ་ཤེས་ཡོན་ཏན་གྱི་དཔལ་དང་ལྡན་པས་ཕ་རོལ་པོའི་ཚངས་བུག་ཏུ་རླངས་པ་ཕྱུ་རུ་རུ་སོང་ན་ཐེབས་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་ན་རང་གི་སྙིང་ག་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་མེར་གྱིས་ཞུ་ནས་ཐིབས་ཀྱིས་འདུས་ཏེ་ཚེ་འདས་དེའི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་སངས་རྒྱས་འོད་དཔག་ཏུ་མེད་པ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་གསལ་ཞིང་དེ་བཞིན་གཤེགས་པའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་ཆེ་ཆུང་མཐོ་གང་བ་གཅེར་བུ་གོས་རྒྱན་མེད་པ་ཞིག་གི་ཐུགས་ཀར་ཨ་ཡིག་དཀར་པོ་ཟླ་བ་ལྟར་གསལ་བ་བསྒོམ༔ དེ་དག་གི་སྐུ་ལས་འོད་ཕུང་ཁ་དོག་ལྔ་ལྡན་སྤྲིན་ཕུང་གཏིབ་པ་བཞིན་དུ་ཚེ་འདས་དེའི་ལུས་ངག་ཡིད་གསུམ་ལ་ཞུགས་པས་སེམས་དང་སྣང་བ་ཐམས་ཅད་འོད་དུ་ཞིག་ནས་ལུས་འོད་ལུས་སྟོང་རའི་གུར་ཁྱིམ་དུ་གྱུར་པའི་དབུས་སུ་འོད་ཕུང་དེ་དག་གིས་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་དང་བཅས་པ་བསྡུས་ཏེ་བྱིན་རླབས་འོད་ཀྱི་སྦུ་གུ་ཁང་སྟོང་དུ་ཀྭ་བ་བཙུག་པ་ལྟ་བུར༔ ཡར་སྣ་ཀུན་ཏུ་བཟང་པོའི་ཐུགས་ཀའི་ཨ་ལ་ཟུག་པ་མར་སྣ་སྙིང་གར་ཟུག་ཅིང་འགག་པ༔ དེའི་ནང་དུ་སྤྱི་བོ་མན་ཆད་སྙིང་ག་ཡན་ཆད་ཀྱི་བར་དུ་ཨ་དཀར་པོ་ཉི་ཤུ་རྩ་གཅིག་བརྩེགས་མར་གནས་པ་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་གྱི་ངོ་བོར་བསམ་སྟེ༔ ཨ་ཕཊ་ཉི་ཤུ་རྩ་གཅིག་བརྗོད་པས་རིམ་པ་བཞིན་དུ་ལུགས་སུ་ལྡོག་ནས་ཨ་ཐོག་མ་ནམ་མཁའི་སྐར་མདའ་ཆད་པ་བཞིན་དུ་ཀུན་ཏུ་བཟང་པོའི་ཐུགས་ཀའི་ཨ་ལ་བསྟིམ་སྟེ་ཕཊ་གཅིག་བརྗོད་པས་བདེ་བ་ཅན་གྱི་ཞིང་ཁམས་ཇི་ལྟ་བ་བཞིན་དུ་མཆེད་པར་བསམ༔ གཉིས་བརྗོད་པས་ངོ་ཤེས་པར་བྱས༔ གསུམ་བརྗོད་པས་རྩལ་རྫོགས་བརྟན་པ་ཐོབ་པར་བསམ་ལ་ཞིང་ཁམས་དེ་ཡིད་ལ་བྱས་ནས་ཅི་གནས་སུ་བཞག་པ་འདི་མཆོག་དམན་ཀུན་ལ་སྦྱར་ཀྱང་གནད་ཟབ་ལ་ཆོད་ཆེ་བ་ཡིན་ནོ༔ འདྲེན་པ་པོ་བསྐྱེད་རིམ་གྱི་གནད་མི་ཤེས་ཤིང་གོམས་འདྲིས་མེད་ན་ཇི་ལྟར་བྱས་ཀྱང་ཐ་མལ་གྱི་སྨོན་ལམ་བཏབ་པ་ཙམ་ལས་ཕན་སྐྱོབས་ཀྱི་ནུས་པ་ཟད་དེ༔ དེའི་ཕྱིར་གཤིན་པོའི་འདྲེན་སྟོན་བྱེད་པ་རྣམས་ཀྱིས་ལྟ་སྒོམ་གྱི་གདིང་དང་ལྡན་པར་བྱ་བ་དང་གཞན་དོན་བསྒྲུབ་པ་ལ་བསྐྱེད་རིམ་དང་འཕོ་བའི་གནད་ལ་བསླབ་ནས་སྦྱངས་པ་ཐོན་པ་རེ་མ་བྱས་ན༔ རྔོན་ཇག་དོན་གཉེར་ལ་ཆས་ཏེ་དོན་ཐོབ་པ་ཙམ་དུ་གྱུར་ནས་གཞན་མགོ་བསྐོར་བས་རང་འཆིང་བ་ནི་སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བ་ལྟ་བུར་འགྱུར་ཏེ༔ རང་ངན་སོང་གི་སྡུག་བསྔལ་མྱོང་བར་བྱེད་པའི་རྒྱུ་རིན་གྱིས་ཉོ་བ་ཡིན་པས་དེའི་ངང་ཚུལ་ཤེས་དགོས་སོ༔ རྒྱུད་ཀྱི་ཡང་སྙིང་གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཀློང་མཛོད་ཀ་དག་གཞོན་ནུ་བུམ་སྐུའི་ཡེ་ཤེས་ཀྱི་སྒོ་དུ་མར་སྣང་ཚུལ་དང་ཆོས་ཉིད་རང་གི་ངང་དུ་རང་གྲོལ་བར་བྱེད་པའི་ཐབས་ཀྱི་སྒོ་འདི་ལྟར་གདོད་མ་གཞིའི་སྟོན་པ་མཚོ་སྐྱེས་རྡོ་རྗེ་བདག་ལས་མི་གཞན་པར་རོལ་པའི་འཁོར་ཚོགས་རྣམས་ལ་བསྟན་པའི་དགོས་ཆེད་ནི༔ སྔོན་བྱུང་གི་དུས་སུ་རྫོགས་པ་ཆེན་པོའི་བསྟན་པ་ཉི་མ་ལྟར་ཤར་ཏེ་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ལ་སྟོན་མཆོག་དམ་པ་རྣམས་ཀྱིས་འཆད་པའི་ཚེ་ན༔ དང་པོ་ལྟ་བས་ཐག་བཅད༔ བར་དུ་སྒོམ་པས་ངོ་སྤྲོད་ཅིང་སྐྱོན་བསལ༔ ཐ་མ་སྤྱོད་པ་བྱར་མེད་དུ་གནས་ཤིང་ཉམས་སུ་བླངས་པས་གྲུབ་ཐོབ་ཤ་སྟག་བྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་ནི་ཟབ་ལམ་རྡོ་རྗེ་སྙིང་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ༔ དེང་སང་གི་དུས་ན་ལྟ་བ་ལ་ཉམས་རྒྱུས་མེད་པར་ཤེས་པ་རང་གསལ་ཙམ་ངོ་སྤྲད་དེ་ཇི་ལྟར་བསྒོམས་ཀྱང་ཐ་མལ་པ་ལས་མི་འཕགས་ཤིང་རྣམ་མཁྱེན་སངས་རྒྱས་ཀྱི་འབྲས་བུ་ལ་ཐོབ་དུས་མེད་པ་དང་༔ སློབ་དཔོན་འགའ་ཞིག་ཁ་བཤད་ལ་མཁས་ཀྱང་རྣམ་པར་གྲོལ་བའི་ལམ་སྟོན་མི་ནུས་པས་གཞན་རྒྱུད་ལ་ཕན་ཐོགས་པ་ཡང་དེ་ཙམ་ལས་མི་སྲིད་དོ༔ དེ་ལྟར་རིམ་པ་ཇི་བཞིན་དུ་འཆད་པའི་སློབ་དཔོན་དཀོན་པ་དང་ཉམས་སུ་ལེན་པའི་སྐྱེས་བུ་མེད་པའི་དབང་གིས་རྫོགས་པ་ཆེན་པོའི་བསྟན་པ་རི་མོའི་མར་མེ་ལྟར་སོང་བ་ལ་ཕངས་ནས་དུས་སྐབས་འདི་ཀ་ཙམ་དུ་སྣོད་བཅུད་ཀྱི་རྟེན་འབྲེལ་འགྲིགས་པའི་ཕྱིར་བསྟན་པ་ཡིན་ཏེ༔ འདི་ཡང་སྤྲིན་བར་གྱི་ཉི་ཞུར་ཙམ་ལས་ཡུན་དུ་གནས་པར་འགྱུར་བ་ནི་མ་ཡིན༔ དེ་ཅིའི་ཕྱིར་ཞེ་ན༔ འཆད་མཁན་གྱི་སློབ་དཔོན་མེད་པ་དང་༔ ལས་སྨོན་སྐལ་བར་ལྡན་པའི་སྐྱེས་བུ་དཀོན་པའི་ཕྱིར་དབྱིངས་ལས་བྱུང་ཞིང་དབྱིངས་སུ་སྡུད་པ་ཡིན་ནོ༔ ཞེས་གསུངས་པ་ལ་རིག་པའི་རྡོ་རྗེ་ལ་སོགས་པའི་འཁོར་འདུས་པ་ཐམས་ཅད་ཡི་རང་སྟེ་མངོན་པར་བསྟོད་དོ༔ དེ་མ་ཐག་ཏུ་སྟོན་པ་མཚོ་སྐྱེས་རྡོ་རྗེ་འོད་ཕུང་དུ་དེངས་ཤིང་འཁོར་རྣམས་ཀྱང་འོད་དེར་དེངས་ནས་འོད་ཆེར་མཆེད་པས་སྣང་བ་ཐམས་ཅད་ཁྱབ་བོ༔ སྣང་བ་ཐམས་ཅད་འོད་དུ་དེངས་ནས་འོད་ནམ་མཁའ་དང་འདྲེས༔ ནམ་མཁའ་ཁྱབ་བརྡལ་དུ་འབྱམས་ཀླས་སོ༔ སླར་ཡང་ཡུལ་མེད་སྟོང་པའི་དབྱིངས་ནས་སྒྲ་འདི་སྐད་བྱུང་སྣང་༔ ཀྱཻ་འོད་གསལ་རྡོ་རྗེ་སྙིང་པོ་བསྒོམ་པའི་སྐྱེས་བུ་རྣམས་ཉོན་ཅིག༔ རྟོགས་པས་བདག་གྲོལ་ཐུགས་རྗེས་གཞན་གྲོལ་གཉིས་མེད་དག་མཉམ་གྱི་རོལ་པར་སངས་རྒྱས་པའི་ཚུལ་ནི་དེ་ལྟ་བུ་ཞིག་ཡིན་ནོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁམས་གསུམ་གྱི་དབང་ཕྱུག་མ་ཧཱ་དཱེ་ཝ༔ དེའི་སྲས་མཆོག་མགོན་པོ་ཡོངས་ཀྱི་སྤྲུལ་གཞི་ཚོགས་ཀྱི་བདག་པོ༔ འཁོར་འདས་སྟོང་ཆེན་དུ་རོལ་པ་དབྱིངས་ཀྱི་རྗེ་མོ༔ ཁམས་གསུམ་དབང་སྡུད་ཀྱི་རྒྱལ་པོ་གནོད་སྦྱིན་བཤན་པ་དམར་ནག༔ སྣང་སྲིད་ཡོངས་ཁྱབ་ཀྱི་བདག་པོ་གཟའ་བདུད་དུག་གི་སྤུ་གྲི༔ འབྱུང་བ་ལྔའི་བྱེད་པོ་རྒྱལ་བཙན་དྲག་ཤུལ་དཔལ་འབར་དང་བཅས་པ་རྣམས་ལ༔ དུས་གསུམ་རྒྱལ་བ་ཡོངས་ཀྱི་སྲོག་གི་ཏི་ཀ་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་བཅུད་དུ་དྲིལ་བ་རྒྱུད་ཀྱི་རྒྱལ་པོ་གནས་ལུགས་རང་བྱུང་གི་རྒྱུད་ཆེན་པོ་འདི་ཉིད་བཀས་གཏད་དོ༔ དམ་ཚིག་གིས་གཉེར་རོ༔ སྣོད་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ལ་སྤྲོད་ལ་ཐར་པ་དང་རྣམ་མཁྱེན་གྱི་ས་ལ་སྦྱོར་བའི་བྱེད་པོ་གྱིས་ཤིག༔ སྣོད་མེད་ལོག་པར་ལྟ་བའི་རིགས་རྣམས་ལ་གསང་རྒྱས་ཐོབས་ཤིག༔ སྒྲོ་འདོགས་སྐུར་འདེབས་བྱེད་པའི་བསྟན་དགྲ་རྣམས་ཀྱི་དབང་པོ་བསྣུབ་ལ་དུས་མཐའ་བསྟུངས་ཤིག༔ འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྲིང་ལ་མཐུན་རྐྱེན་སྒྲུབས་ཤིག༔ གདུལ་བྱ་དང་བསྟན་པ་ཆབ་སྲིད་སྟོབས་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་བསྐྱེད་ཅིང་སྤེལ་བའི་ཕྲིན་ལས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་པའི་ཚེ་སློབ་བུ་ཚེས་བཅུ་དང་།ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས།ལྷ་རྗེ་རིག་འཛིན་བཟང་པོ་རྣམས་ཀྱིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་དང་།མགོ་ལོག་ཕྱོགས་ཀྱི་ལྷ་རྗེ་རིག་འཛིན་བཟང་པོ་གཉིས་ཀྱིས་བགྱིས་པའོ།།།།དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་།།གསང་སྔགས་རྡོ་རྗེ་ཐེག་པའི་མཐུ་བྱིན་གྱིས།།འདི་མཐོང་ཚུལ་བཞིན་ཉམས་སུ་ལེན་པ་ཡི།།བརྒྱུད་འཛིན་སྐལ་ལྡན་ཕོ་མོ་མ་ལུས་པ།།ཆོས་སྐུ་གདོད་མའི་མགོན་པོའི་འོད་ཀློང་དུ།།གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག།།།༈ཨོཾ་སྭསྟི་སིདྡྷཾ།ཀུན་ཁྱབ་གདོད་ནས་ཀ་དག་གཉུག་མའི་གཤིས།།མ་འགགས་ཟུང་འཇུག་བདེ་ཆེན་རྡོ་རྗེའི་སྤྲིན།།གང་གདུལ་ཐུགས་རྗེ་རང་སྣང་སྟོན་པ་རུ།།ཡོངས་ཤར་ཁྲག་འཐུང་བདུད་འཇོམས་དཔའ་བོ་རྒྱལ།༡།ཁྱོད་ཐུགས་འོད་གསལ་ཀློང་ཆེན་ནམ་མཁའི་བབས།།བློས་བྱས་སྒོམ་ལས་རབ་འདས་རྫོགས་པ་ཆེ།།བརྗོད་བྲལ་བདེ་བ་ཆེན་པོའི་ལྷུམས་ཞུགས་པས།།ཀུན་བཟང་བླ་མའི་དགོངས་པར་རོ་གཅིག་འདྲེས།༢།གང་ཚེ་ལྷུན་གྲུབ་སྒྱུ་འཕྲུལ་དྲྭ་བའི་གར།།ཞིང་དང་སྟོན་འཁོར་མི་ཟད་རྒྱན་འཁོར་ལོར།།ཡོངས་སྣང་སྐད་ཅིག་བསྐལ་པར་བསྒྱུར་བའི་སྟོབས།།ངོ་མཚར་དག་པའི་གཟིགས་མོ་འབྱམས་སུ་ཀླས།༣།དེ་ཚེ་ཆོས་ཉིད་མི་ཤིགས་ནཱ་དའི་དབྱངས།།གནས་ལུགས་རང་བྱུང་རྡོ་རྗེ་གསང་བའི་རྒྱུད།།ཟབ་ལས་ཆེས་ཟབ་ཀུན་བཟང་དགོངས་པའི་བཅུད།།འབུམ་ཕྲག་རྒྱུད་སྡེའི་སྙིང་པོའི་ཆོས་ཆར་ཕབ།༤།ལུང་རིག་བཤད་ཡམ་ཚིག་གིས་མ་རྙོགས་པའི།།ཀློང་བརྡོལ་གཏམ་གྱི་བདུད་རྩིའི་ཉིང་ཁུ་ནི།།གདམས་ངག་ཚེ་གཅིག་སངས་རྒྱས་ལག་བཅངས་སུ།།ལེགས་གཏོད་སྐལ་བཟང་སྙིང་གི་ཟུངས་སུ་སྨིན།༥།མཁས་པའི་གཞུང་ལུགས་ཕལ་དང་འདི་མི་འདྲ།།གྲུབ་པའི་དོ་ཧ་ཕལ་དང་འདི་མི་འདྲ།།ཟབ་ཟབ་གདམས་པ་ཕལ་དང་འདི་མི་འདྲ།།ཡིན་ཡིན་ཉམས་ལེན་ཕལ་དང་འདི་མི་འདྲ།༦།རྗོད་བྱེད་ཚིག་ཉུང་བརྗོད་བྱ་དོན་ཟབ་པ།།དུས་གསུམ་རྙེད་དཀའ་ཨུ་དུམ་ཝ་ར་བཞིན།།ལེགས་བྱོན་ཀུན་ཏུ་བཟང་པོ་དངོས་མཇལ་ཡང་།།འདི་ལས་གཞན་དུ་ཚིག་གཅིག་ཡོད་རེ་ཀན།༧།ཤིན་ཏུ་ལྔ་བདོ་ཐ་མའི་དུས་འདིར་ཡང་།།ཀུན་བཟང་ཐུགས་ཀྱི་བསྟན་པ་འབྱུང་ངོ་ཞེས།།རྡོ་རྗེའི་ལུང་གིས་དྲིལ་ཆེན་བསྒྲགས་པའི་དོན།།བསླུ་མེད་མངོན་སུམ་མཐོང་བའི་དགེ་མཚན་ཤར།༨།སྙིང་ནས་ཐར་འདོད་སྐལ་བཟང་གྲོགས་རྣམས་ཀྱཻ།།ཟབ་ཟབ་མང་པོས་འགྲམ་ཆུ་མ་ལྡང་བར།།གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདིར་གཟིགས་ལ།།སྣ་ཚོགས་གདམས་པའི་སྤྲོས་པ་འདི་རུ་ཆོད།༩།ཐ་སྙད་རྟོག་གེ་རིག་པའི་བསྟན་བཅོས་བཞིན།།ཚིག་དོན་འཚོལ་ལ་དཀའ་ངལ་མི་འཚལ་གྱི།།མོས་གུས་བསྐྱེད་ལ་མ་ཡེངས་རང་བབ་ངང་།།མཇལ་ན་བྱིན་བརྒྱུད་ཡེ་ཤེས་འཐོབ་པར་ངེས།༡༠།མི་བསླུ་ཉག་གཅིག་གདམས་པ་རིན་པོ་ཆེ།།འདི་འདྲ་ཚིག་གཅིག་ཐོས་དང་མཇལ་བས་ཀྱང་།།ཆོས་སྐུའི་ཡེ་ཤེས་རྗེན་པར་རྟོགས་གྱུར་ན།།ཚུལ་བཞིན་འཛིན་རྣམས་རྒྱལ་བ་དངོས་མིན་ནམ།༡༡།དེ་ལས་སྲིད་པ་རིན་ཐང་མེད་བགྱིད་པའི།།ཆོས་སྐུའི་འདྲ་འབག་ཆོས་ཀྱི་རིང་བསྲེལ་མཆོག།སྙིང་པོ་མེད་པ་སྒྱུ་མའི་ནོར་རྫས་ལས།།སྙིང་པོའི་དབྱིག་ཏུ་བསམ་ཕོ་ཐའི་ཇིས་བསྐྲུན།༡༢།རིང་ནས་གོམས་པའི་རྣམ་དཔྱོད་གྲུང་པོ་ནི།།ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པ་ལ།།རིམ་གྲོར་བགྱི་བའི་གཡར་དམ་རྡོ་རྗེ་བཞིན།།དུས་སུ་ངོམས་འདི་སངས་རྒྱས་ཉིད་ཀྱི་མཐུ།༡༣།འདུས་བྱས་རྣམ་དཀར་ཕྲ་མོའི་དགེ་ཚོགས་ཀྱང་།།དཔག་པར་དཀའ་ན་ཟག་མེད་འདུས་མ་བྱས།།ཁམས་གསུམ་ཆོས་དབྱིངས་ཀློང་དུ་བཟླུམ་པ་ཡི།།བསོད་ནམས་ཕ་མཐའ་སུ་ཞིག་གཞལ་བར་ནུས།༡༤།བློ་ཡི་ཡུལ་མིན་བརྗོད་བྲལ་གཉུག་མའི་དོན།།རྗོད་བྱེད་གླེགས་བམ་འཕྲུལ་གྱིས་གསལ་བྱེད་གང་།།རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པའི་གནས།།གདུལ་བྱའི་ཁམས་ལ་འཇུག་པའི་ཚུལ་ཁོ་ན།༡༥།ལེགས་བྱས་དྲི་མ་མེད་ལས་འགྲོ་ཀུན་གྱི།།མེད་སྣང་གློ་བུར་འཁྲུལ་པ་རང་སངས་ཏེ།།གནས་ལུགས་མ་བཅོས་རང་བྱུང་གདོད་མའི་གཞི།།སྤངས་ཐོབ་བྲལ་བའི་དེ་ཉིད་མངོན་གྱུར་ཤོག༡༦།ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན།།ནམ་མཁའ་ཇི་སྲིད་རྟག་ཅིང་ཡོངས་སུ་ཁྱབ།།ཐེག་མཆོག་སེང་གེའི་ང་རོ་ཆེར་སྒྲོགས་པས།།ལོག་རྟོགས་ཝ་སྐྱེས་ཀླད་པ་འགེམས་བྱེད་ཤོག༡༧།ཀུན་ཁྱབ་གན྄༷ས་ལུག྄༷ས་ཀ་དག་རྫོགས་པ་ཆེ།།མ་བཙལ་རང྄༷་བྱུང྄༷་ལྷུན་གྲུབ་རིག་པའི་གཤིས།།འཕོ་བྲལ་རྟག་པ་དམ་པའི་བདེན་པ་ཡིས།།བཀྲ་ཤིས་ཀུན་ཏུ་བཟང་པོ་གྲུབ་གྱུར་ཅིག༡༨།ཅེས་པའང་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཐུགས་བསྐྱེད་ཕྲིན་ལས་ཀྱི་ཆ་ལས་ཆོས་སྐུའི་རིང་བསྲེལ་ཆོས་སྦྱིན་མི་ཟད་པའི་གཏེར་དུ་བསྐྲུན་ཏེ་ངོ་མཚར་བསམ་རྒུ་འགྲུབ་པའི་གནྡྷོ་ལ་འོག་མིན་ཀུན་ཏུ་བཟང་པོའི་ཕོ་བྲང་གི་ཆོས་སྡོང་ཆེན་པོར་བཞུགས་སུ་གསོལ་བའི་སྐབས།ཕྱི་མོའི་ཡིག་སྡེབས་ཡུལ་སྐད་དུ་ཤོར་བ་སོགས་མ་དག་ནོར་བ་རྒྱུན་འབྱམས་ཀྱི་སྐྱོན་རྣམས་བསལ་ཏེ་ལེགས་པར་དཔྱད་པའི་སྒོ་ནས་གཙང་དག་ཏུ་གཏན་ལ་ཕབ་པ་དང་འབྲེལ་སྤར་བྱང་སྨོན་པའི་ཚིག་ཕྲེང་ཅུང་ཟད་བསྟར་བ་པོ་ནི་གཏེར་འབྱིན་རིག་འཛིན་ཆེན་པོ་གང་གི་སྐྱེ་བའི་སྒྱུ་གར་དུ་རློམ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ།འདིས་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་ལ་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེར་སྤྱོད་པས་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་ནང་དབྱིངས་གདོད་མའི་གཞི་ཐོག་ཏུ་གྲོལ་བའི་རྒྱུར་གྱུར་ཅིག།།།༈པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ།།ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་།།གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར།།མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།སརྦ་དཱ་མངྒ་ལཾ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|fulltitletib=དག་སྣང་ཡེ་ཤེས་དྲྭ་བ་ལས་གནས་ལུགས་རང་བྱུང་གི་རྒྱུད་རྡོ་རྗེའི་སྙིང་པོ།
|fulltitle=dag snang ye shes drwa ba las gnas lugs rang byung gi rgyud rdo rje'i snying po
|citation=Khrag 'thung [[Bdud 'joms gling pa]]. ''Dag snang ye shes drwa ba las gnas lugs rang byung gi rgyud rdo rje'i snying po''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 17: 1-511. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|tibgenre=Dzogchen - rdzogs pa chen po
|terma=Yes
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|language=Tibetan
|volumenumber=17
|volnumtib=༡༧
|volyigtib=ཙ
|totalvolumes=21
|textnuminvol=001
|pagenumbers=1-511
|totalpages=511
|beginfolioline=1a1
|endfolioline=256a6
|totalfolios=256
|multivolumework=No
|rectonotes=rdzogs chen
|versonotes=bdud 'joms gnas luT rang byung gi rgyud
|colophontib=ཞེས་པ་འདི་ནི་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་པའི་ཚེ་སློབ་བུ་ཚེས་བཅུ་དང་།  ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས།  ལྷ་རྗེ་རིག་འཛིན་བཟང་པོ་རྣམས་ཀྱིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་དང་།  མགོ་ལོག་ཕྱོགས་ཀྱི་ལྷ་རྗེ་རིག་འཛིན་བཟང་པོ་གཉིས་ཀྱིས་བགྱིས་པའོ།
|colophonwylie=zhes pa 'di ni mi lo bco brgyad bar du bka' rgya byas mthar rten 'brel dus la babs pa'i tshe slob bu tshes bcu dang /__hor gyi bla ma phun tshogs bkra shis/__lha rje rig 'dzin bzang po rnams kyis bskul ba don yod par bya ba'i phyir:_khrag 'thung bdud 'joms rdo rjes 'od gsal sgyu 'phrul drwa ba'i dbyings las bsgyur ba'i yi ge pa ni hor gyi bla ma phun tshogs bkra shis dang /__mgo log phyogs kyi lha rje rig 'dzin bzang po gnyis kyis bgyis pa'o/
|pdflink=File:TTDL-ZABTER-17-TSA-001.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=TSA
|InitCategories=Dudjom Tersar Project; TTDL-ZABTER-Volume-17-TSA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།།དག་སྣང་ཡེ་ཤེས་དྲྭ་བ་ལས་གནས་ལུགས་རང་བྱུང་གི་རྒྱུད་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
 
 
༁ྃ༔ ({{TibChung|བརྡ་ཡིག་}}) ཁྱབ་བདག་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་པ་ལ་ཕྱག་འཚལ་ལོ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དགོངས་པ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་རྒྱལ་བ་དགོངས་པའི་བརྒྱུད་པ༔ བསླབ་པ་དང་སྦྱངས་པའི་རིམ་པ་ལ་མ་ལྟོས་པར་ཆོས་ཉིད་ནམ་མཁའ་མཛོད་ཀྱི་བརྡ་རང་བྱུང་དུ་གྲོལ་བས་རིག་འཛིན་བརྡ་ཡི་བརྒྱུད་པ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་སྣང་ཆ་མི་མིན་རང་སྣང་གི་སྟོན་པས་གདམས་ངག་བུམ་པ་གང་བྱོས་ཀྱི་ཚུལ་དུ་གདུལ་བྱའི་ལམ་གྱི་འཇུག་སྒོར་སྙན་བརྒྱུད་དུ་རང་ཤར་བས་གང་ཟག་སྙན་ཁུང་གི་བརྒྱུད་པ༔ རྣམ་གསུམ་གཅིག་ཏུ་དྲིལ་བའི་བདག་ཉིད་ཆེན་པོ་འགྲོ་བའི་བླ་མར་ཆས་པ་ལ༔ རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་རློབ་ཅིང་༔ རྩ་གསུམ་དམ་ཅན་རྒྱ་མཚོས་གནང་བ་སྩལ་ཏེ་བརྩམ་པ་མཐར་ཕྱིན་པར་མཛད་དུ་གསོལ༔ གདོད་མའི་གནས་ལུགས་ཀ་དག་སྤྲོས་པ་དང་བྲལ་བའི་ཆོས་ཉིད་བློ་འདས་ཆེན་པོ་བདག་རྟོག་གཉིས་འཛིན་གྱི་སྒྲིབ་པས་བསྒྲིབས་ཤིང་ཁམས་གསུམ་འཁྲུལ་པའི་འཁོར་ལོར་བདེན་ཞེན་གྱིས་བཅིང་པའི་གང་ཟག་ཏུ་གྱུར་ཀྱང་༔ བསྐལ་པ་མང་པོར་བསོད་ནམས་རྒྱ་ཆེར་བསགས་ཤིང་སྨོན་ལམ་རྣམ་པར་དག་པའི་སྟོབས་དང་ལྡན་ཏེ་རང་བྱུང་གི་ཡེ་ཤེས་ཆེན་པོར་བྱར་མེད་ཀྱི་བྱ་བ་བྱས་པའི་ལས་འཕྲོ་སད་པས་ཆོས་ཉིད་ནམ་མཁའ་མཛོད་ལ་དབང་བའི་སྐལ་པ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་དུ༔ རྒྱུད་ཀྱི་རྒྱལ་པོ་གཞི་རྒྱུད་བདེ་གཤེགས་སྙིང་པོའི་གནས་ལུགས་རང་བྱུང་གི་རྒྱུད་འདི་འགོད་པར་བྱ་སྟེ༔ དེ་ལ་ཐོག་མར་བྱུང་བའི་ཚུལ་བཤད་པ་ནི༔ ཆུ་ཕོ་ཁྱིའི་ལོ་ཧོར་ཟླ་དང་པོའི་ཚེས་ལྔ་ལ་བབས་པའི་ནུབ་མོ་ཐོད་རྒལ་མྱུར་ལམ་ཟབ་མོའི་སྟོབས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཤར་བ་དང་༔ བསྐྱེད་རིམ་ཐབས་ཀྱི་ལམ་ལ་ཅུང་ཟད་སྦྱངས་པའི་མཐུས་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ལ་སླེབས་པའི་སྟོབས་དབང་གིས་སྣང་སེམས་ཐམས་ཅད་ཆོས་ཉིད་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་སུ་འབྱམས་ཀླས་ནས་ཆོས་སྐུའི་རང་ཞལ་མངོན་དུ་གྱུར་ཏོ༔ རེ་ཞིག་གི་ཚེ་ལྷུན་གྲུབ་ཀྱི་སྣང་བ་ཞིང་ཁམས་ཀྱི་བཀོད་པ་རུ་མཆེད་པ་ནི་འདི་ལྟ་སྟེ༔ རང་བྱུང་ཀ་དག་བདེ་བ་ཆེན་པོའི་དུས་དེ་ཉིད་དུ༔ གནས་རང་སྣང་དོན་གྱི་འོག་མིན་སྒྱུ་འཕྲུལ་རོལ་པའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ངོས་འཇམ་ཞིང་ཁོད་སྙོམས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་མཐིང་ག་དང་ཁྲ་བོ་སོགས་བཀྲག་མདངས་འོད་དུ་འབར་བ་གསལ་ལ་འཚེར་ཞིང་སྣུམ་ལ་མཛེས་པ་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་པས་ས་གཞི་ཐམས་ཅད་ཡོངས་སུ་ཁེབས་པ༔ ཕྱོགས་བཞི་རུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་བཞི་ཡོད་པ༔ རྒྱ་མཚོ་ཆེན་པོ་དེ་དག་གི་འགྲམ་ན་རིན་པོ་ཆེའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ འཇའ་ཡི་འོད་ཁྱིམ་འཁྲིགས་པ༔ མཚམས་བཞི་ན་དཔག་བསམ་ལྗོན་ཤིང་གི་ནགས་ཚལ་རྒྱས་ཤིང་ལྗོན་ཤིང་ལས་འདོད་ཡོན་གྱི་སྤྲིན་ཕུང་སྣ་ཚོགས་འཕྲོ་བ༔ སྤྲུལ་པའི་བྱ་རིགས་སྣ་ཚོགས་ཀྱིས་མཛེས་པའི་གཟུགས་ངོམས་ཤིང་སྙན་པའི་དབྱངས་ཀྱིས་ཆོས་སྒྲ་སྒྲོགས་པ༔ སྤྲུལ་པའི་སྲོག་ཆགས་སྣ་ཚོགས་ཀྱིས་རྩེ་འཇོ་རོལ་ཞིང་མཛེས་པའི་རྣམ་འགྱུར་ངོམས་བཞིན་ཆོས་ཉན་པའི་ཚུལ་སྟོན་པ༔ ནམ་མཁའ་ཐམས་ཅད་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ བར་སྣང་གི་ཁོར་ཡུག་ཀུན་ཏུ་དཔའ་བོ་དང་དཔའ་མོས་བྲོ་གར་བསྒྱུར་བ༔ ལྷ་མོ་མང་པོས་འདོད་ཡོན་སྤེལ་ཞིང་བཀུར་སྟི་བྱེད་པའི་གནས་དེ་ཉིད་ཀྱི་དབུས་སུ་མངོན་པར་དགའ་བའི་སྐྱེད་མོས་ཚལ་ཆེན་པོ་ན༔ སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བ༔ ལྗོན་ཤིང་ལོ་འདབ་མེ་ཏོག་རྒྱས་པ་ལ་ལོགས་གཏད་པ༔ ལྗོན་པའི་ཡལ་ག་ལ་དར་སྣ་ཚོགས་པའི་དཔྱངས་པ་འཕྱང་བ༔ རིན་པོ་ཆེའི་ཕྲེང་བའི་དྲྭ་བ་དང་དྲྭ་ཕྱེད་དྲིལ་གཡེར་སིལ་སྙན་མང་པོས་དམ་པའི་ཆོས་ཀྱི་སྒྲ་རང་བྱུང་དུ་གྲགས་པ༔ སེང་ཁྲི་དེའི་ཁར་པད་མ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་གཞིའི་ངང་མདངས་རང་སྣང་དོན་གྱི་སྟོན་པ་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་མཐིང་ནག་གཞོན་ནུ་ལོ་བརྒྱད་ལོན་པའི་རྣམ་པ་ཅན༔ ཕྱག་གཡས་པས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང་༔ གཡོན་པས་མཉམ་བཞག་མཛད་པ༔ མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ སྐུ་དྭངས་གསལ་རྒྱ་མཚོ་ལྟ་བུའི་དབྱིངས་སུ་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཞིང་དང་བཀོད་པ་ཐམས་ཅད་མཚོ་ལ་གཟའ་སྐར་གྱི་གཟུགས་བརྙན་བཀྲ་བ་ལྟར་རང་ཤར་བ༔ འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་འབར་བའི་རྩེ་ནས་བརྡ་ཡིག་སྣ་ཚོགས་འཆར་བ༔ སྟོན་པ་དེ་ལ་རང་རྩལ་སྒྱུ་འཕྲུལ་རོལ་པའི་འཁོར་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་དང་༔ བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ཡེ་ཤེས་རྡོ་རྗེ་དང་༔ བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་དང་༔ བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་བཀོད་པ་ལྷུན་གྲུབ་དང་༔ བྱང་ཆུབ་སེམས་དཔའ་གཞན་སྣང་དབང་བྱེད་དང་༔ བྱང་ཆུབ་སེམས་དཔའ་མིག་གི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་རྣ་བའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་སྣའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ལྕེའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ལུས་ཀྱི་དབང་པོ་ལ་སོགས་པའི་འཁོར་འདུས་པ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཐམས་ཅད་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ༔ དེ་ཐམས་ཅད་ཀྱིས་སྟོན་པ་ཉིད་ཀྱི་ཞལ་ལ་བལྟ་ཞིང་གུས་པས་འདུད་དེ་ཅང་མི་སྨྲ་བར་འདུག༔ སྟོན་པ་ཉིད་ཀྱང་སྤྱན་ནམ་མཁའི་དབྱིངས་སུ་གཟིགས་ནས་ཅི་ཡང་མི་གསུང་བར་བཞུགས་སོ༔ དེའི་ཚེ་ན་ནམ་མཁའ་རྣམ་པར་དག་པའི་དབྱིངས་ནས་ཆོས་ཉིད་ཀྱི་རང་སྒྲ་འདི་བྱུང་ངོ་༔ ཨ༔ འཁོར་འདས་ཐམས་ཅད་གཞི་རྩ་བྲལ༔ རྡོ་རྗེ་བཙུན་མོ་ནམ་མཁའ་ཆེ༔ སྟོང་ཆེན་ནམ་མཁའ་ཡུམ་ཆེན་མོ༔ ཆོས་རྣམས་ཐམས་ཅད་ཆོས་ཉིད་ངང་༔ བདག་ཉིད་གཅིག་པུའི་ཆོ་འཕྲུལ་ལས༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེ་བའི་ཆོ་འཕྲུལ་འབྱུང་འགྱུར་འགག༔ རྒྱུ་རྐྱེན་རང་མལ་གསོད་པའི་ཕྱིར༔ སྟོན་དང་བསྟན་པ་ལམ་འབྲས་བུ༔ ཆོས་ཉིད་མཚན་མ་ཚིག་བྲལ་ལས༔ ཐབས་དང་ཤེས་རབ་དུ་མའི་སྒོ༔ རང་བྱུང་རང་ཤར་ཆེན་པོར་སྣང་༔ ཡུལ་མེད་ཟང་ཐལ་ཆེན་པོའི་མཁའ༔ དྭངས་གསལ་རྙོགས་མ་བྲལ་བ་ལས༔ ཞིང་དང་སྟོན་འཁོར་བཀོད་པ་ཀུན༔ མེད་བཞིན་མེད་ལས་ཡོད་སྣང་བ༔ ངོ་མཚར་ཆེན་པོས་མངོན་པར་བསྟོད༔ ཅེས་སྒྲ་དེ་བྱུང་མ་ཐག་ཏུ་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ འདིར་ཞིང་དང་སྟོན་པ་འཁོར་འདུས་པའི་ཚོགས་དང་བཅས་པ་ཐམས་ཅད་ཅིའི་ཕྱིར་ཅི་ལས་བྱུང་བའི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་སོ༔ སྟོན་པ་ཉིད་ཀྱིས་བཀའ་སྩལ་པ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ཉོན་ཅིག༔ འདིར་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཞིང་དང་སྟོན་འཁོར་ཅིའི་ཕྱིར་བྱུང་ཞེ་ན༔ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀྱི་དབང་སྐལ་དུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པའི་སྒོ་སྟོན་པའི་ཕྱིར༔ རང་སྣང་དོན་གྱི་འོག་མིན་ཞིང་ཁམས་ཀྱི་བཀོད་པ་རུ་སྣང་བ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་ཆོས་ཉིད་ཀྱི་མཐོང་ཆེན་པོ་ཕྱེས་པའོ༔ ང་ནི་ཡེ་གཞི་བདེ་གཤེགས་སྙིང་པོའི་རང་གདངས་ལས་རང་སྣང་གི་སྟོན་པ་རང་ལ་སྣང་བ་དང་༔ རིག་སྟོང་སྤྲོས་པ་དང་བྲལ་བའི་རང་གདངས་རིག་པའི་རྡོ་རྗེ་དང་༔ བདག་མེད་ཤེས་རབ་ཀྱི་རང་གདངས་ཤེས་རབ་དབང་པོ་དང་༔ རྣམ་པར་ཤེས་པ་ཚོགས་བརྒྱད་སེམས་བྱུང་དང་བཅས་པའི་རང་གདངས་འདུས་པའི་འཁོར་གྱི་ཚོགས་སུ་སྣང་བའོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཉིད་བདེ་གཤེགས་སྙིང་པོའི་རང་མདངས་སུ་ཤར་བ་དང་༔ བདག་ཤེས་རབ་དབང་པོ་ཤེས་རབ་ཀྱི་རང་གདངས་དང་༔ རིག་པའི་རྡོ་རྗེ་རིག་པའི་རང་གདངས་ལས་སྣང་བ་དང་༔ རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་ལས་བྱང་ཆུབ་སེམས་དཔའ་དང་༔ སེམས་མའི་ཚོགས་སུ་སྣང་བ་ཡིན་ན༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དེ་ལྟར་སྣང་དགོས་པ་ལས་འཁྲུལ་པ་བདེ་སྡུག་དགྲ་གཉེན་གྱི་སྣང་བ་མཆེད་ནས་ཁམས་གསུམ་དུ་ཁ་བརྒྱུད་དེ་སྡུག་བསྔལ་བ་ལས༔ དག་པའི་སྣང་བ་མི་འབྱུང་བ་དེ་ཅིའི་ཕྱིར་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་གཞི་ལུང་མ་བསྟན་དུ་སོང་བའི་སེམས་ཅན་རྣམས་ཀྱིས་དག་པའི་སྣང་བ་མཐོང་བ་མ་ཡིན་ཏེ༔ མ་དག་འཁྲུལ་པའི་སེམས་སྣང་དགྲ་གཉེན་བདེ་སྡུག་ཏུ་སྣང་བ་སེམས་ཅན་རང་ཀ་མ་དག་གི་མཚན་ཉིད་ཡིན་ནོ༔ འདིར་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་མཆེད་པ་ནི་སྔོན་མི་མིན་རང་སྣང་གི་སྟོན་པ་རྫོགས་པའི་སངས་རྒྱས་དང་༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཞལ་སྔར་འཁོད་ཅིང་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོར་ཞུགས་ཏེ་སྒྲུབ་པ་ལྷུར་ལེན་བྱས་པས་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་ཁམས་རྒྱ་མཚོ་མ་སྟོང་གི་བར་དུ་སྨོན་ལམ་རྣམ་པར་དག་པའི་སྟོབས་བསྐྱེད་པས་ཡང་ཡང་འགྲོ་བའི་དོན་དུ་གདུལ་བྱ་རང་རྒྱུད་དང་མཐུན་པའི་སྟོན་པར་བཞེངས་ཏེ་སྔོན་གྱི་ལས་འཕྲོ་སད་ནས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ཤིང་ཤེས་རབ་ཀློང་ནས་བརྡོལ་བའི་སྐྱེས་བུ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་དག་པའི་སྣང་བ་ཤར་ཡང་སེམས་དང་སེམས་བྱུང་མ་ཡིན་ཏེ༔ ངོ་བོ་མངོན་གྱུར་གྱི་དབྱིངས་ལས་རྩལ་དུ་སྣང་བ་ནི་སེམས་ཚོགས་བརྒྱད་ཀྱང་མིན་ཅིང་དེ་ལས་མི་གཞན་པའི་ཕྱིར་དེ་ལ་དེའི་མིང་བཏགས་པའོ༔ སྟོན་འཁོར་གཉིས་སུ་མེད་པ་ལས་སྣང་བའི་སྒོ་དུ་མ་རུ་ཤར་བ་ཡིན་ཏེ༔ བྱང་ཆུབ་སེམས་དཔའ་ཞེས་སུ་གྲགས་པ་ཡང་སངས་མ་རྒྱས་ཀྱང་སྲིད་པ་ལས་རབ་ཏུ་འཕགས་པ་ལ་དེ་ལྟར་དུ་གྲགས་པ་ཡིན༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལགས་སོ༔ དེ་ལྟར་སྒྱུ་འཕྲུལ་རོལ་པའི་སྟོན་འཁོར་ཐམས་ཅད་གཉིས་སུ་མེད་ཅིང་ཐ་མི་དད་ན་སྟོན་པ་དང་འཁོར་ཚོགས་འཆད་ཉན་ཐམས་ཅད་ལ་དགོས་པ་མེད་ཅིང་༔ ཐམས་ཅད་ཀྱི་ཡེ་ཤེས་ཡོན་ཏན་ལ་ཁྱད་པར་མ་མཆིས་པས་འདིར་འཆད་ཉན་གྱི་ཚུལ་སྟོན་པ་ལ་དགོས་པ་ཅི་ཞིག་ཡོད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་ཤེས་རབ་དབང་པོ་སྔོན་འདས་པའི་དུས་སུ་གདུལ་བྱ་རང་སྣང་གི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཉི་མ་ལྟ་བུའི་སྟོན་པ་ཉིད་ཀྱིས༔ ཉི་འོད་ལྟ་བུའི་སྤྲུལ་པ་ཤར་ཏེ༔ སྟོན་པ་དང་༔ ཞུ་བ་པོ་དང་༔ འཁོར་ཉན་པ་པོའི་ཚུལ་དུ་གདུལ་བྱ་འདུལ་བའི་ལམ་ཐེག་པའི་རྣམ་གྲངས་སོ་སོར་འཆད་ཉན་གྱི་རྣམ་པར་སྣང་བ་ནི་སྟོན་འཁོར་གཉིས་སུ་མེད་ཀྱང་གདུལ་བྱའི་ཆེད་དུ་ཐབས་ཀྱི་རྣམ་འགྱུར་སྣ་ཚོགས་པ་སྒྱུ་མ་མཁན་དང་སྒྱུ་འཕྲུལ་ལྟ་བུར་བསྟན་པ་ཡིན་ནོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས་བཅོམ་ལྡན་འདས་ལ་གུས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ཏེ་འདི་སྐད་དོ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ལ་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་པར་གྲོལ་བའི་ས་ལ་སྦྱོར་བའི་ཕྱིར་ཚེ་གཅིག་ལུས་གཅིག་ཉིད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་འཐོབ་པར་བྱེད་པའི་གདམས་ངག་ཟབ་མོ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ སྟོན་པ་ཉིད་ཀྱིས་བཀའ་སྩལ་པ༔ ཀྱཻ་སྟོང་ཆེན་མཐའ་ཡས་པ་ལ་སོགས་འཁོར་འདུས་པའི་ཚོགས་ཐམས་ཅད་ཉོན་ཅིག༔ སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་ས་ལམ་ལ་སྦྱོར་བ་ལམ་གྱི་ལམ་མཆོག་དམ་པ་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་དམ་པ༔ ལམ་ཐམས་ཅད་ཀྱི་སྤྱི་ཆིངས༔ ཐེག་པ་ཐམས་ཅད་ཀྱི་མདོ་འགགས༔ གསང་སྔགས་ཐམས་ཅད་ཀྱི་ཀློང་མཛོད་ཟབ་མོ་ཞིག་ཡོད་ཀྱང་༔ དེ་ནི་བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་ཀྱི་སྒོ་དུ་མ་ནས་ཚོགས་རྒྱ་ཆེན་པོ་བསགས་ཤིང་༔ ཡང་ནས་ཡང་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དང་༔ སྔོན་ཡང་ཐེག་པ་གཞན་ནས་ལམ་ངེས་པར་རྙེད་པའི་ཕྱིར༔ ལམ་བཙལ་ནས་ལམ་ལ་བག་ཆགས་བཞག་པའི་སྐྱེས་བུ་མ་གཏོགས་པ་ལམ་འདི་དང་འཕྲད་པར་མི་འགྱུར་རོ༔ ཅིའི་ཕྱིར་ཞེ་ན༔ ལས་ངན་པའི་དབང་དང་ཉོན་མོངས་པའི་བསླུ་བདུད་སྟོབས་ཆེ་བའི་ཤུགས་ཀྱིས་ཐེག་པ་འདི་འཆད་ཉན་གྱི་ཁྲོད་ན་ཡོད་ཀྱང་སྐལ་མེད་རྣམས་ཀྱི་བློ་ཡིད་ཆོས་འདི་ལས་དཔག་ཚད་ལྔ་བརྒྱའི་ཕ་མཐར་འབྲོག་དགོན་པ་རུ་གནས་པ་དང་༔ སྐལ་མེད་སྨོན་ལམ་ལོག་པའི་བདུད་འབངས་རྣམས་ཀྱིས་གཤེ་བ་དང་༔ སྒྲོ་འདོགས་དང་༔ སྐུར་འདེབས་ཕྲག་དོག་སོགས་ཟབ་ཆོས་འདི་ལ་འགལ་ཟླ་བསྒྲུབ་པར་འགྱུར་བ་ལས༔ འདིའི་སྒོར་འཇུག་ཅིང་དོན་ཉམས་སུ་ལེན་པ་ནི་ཉིན་མོའི་སྐར་མ་ཙམ་ལས་ཡོངས་མི་སྲིད་དོ༔ ལ་ལ་སྒོ་འདིར་ཞུགས་ན་ཡང་གོ་ཙམ་ཐོས་ཙམ་གྱི་ཐོག་ཏུ་བཞག་ནས་བག་མེད་པར་ཁ་འཆོལ་ཏེ་ཉམས་སུ་མི་ལོན་པར་འཆི་ཁ་ཐ་མལ་དུ་ལུས་ནས་གྲོལ་བ་མི་འཐོབ་བོ༔ སྤྱིར་ཐེག་པ་འདིའི་སྒོར་འཇུག་ཅིང་ཉམས་སུ་ལེན་པ་ལ་མཚན་ཉིད་འདི་དག་ཚང་དགོས་ཏེ༔ ཆོས་དང་བླ་མ་ལ་ཡིད་ཆེས་པ༔ ལམ་ལ་ཐེ་ཚོམ་མེད་ཅིང་བློ་གཏད་པ༔ འཆི་བ་སྙིང་ནས་དྲན་ཅིང་འདུས་བྱས་མི་རྟག་པའི་རང་བཞིན་དུ་ཐག་ཆོད་ནས་འཁོར་བའི་བྱ་བ་ལ་ཆགས་ཞེན་ཆུང་བ༔ ཟས་ནོར་ལོངས་སྤྱོད་ལ་ཆོག་ཤེས་ཡོད་པ༔ བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོས་ཆོས་ལ་ཆོག་མི་ཤེས་པ༔ སྡུག་ཡུས་མེད་པས་རྟག་ཏུ་ཚེ་དང་སྒྲུབ་པ་མཉམ་པར་བྱེད་པ༔ ལོ་ཟླའི་མཚམས་སྒྲུབ་ཙམ་ལ་བྱས་ཡུས་མེད་པར་བློ་རྒྱུད་བརྟན་པ་རྣམས་ཀྱིས་སྒོ་འདི་མཐོང་ནས་ཉམས་སུ་བླངས་ན་ཚེ་འདི་ཉིད་ལ་རྒྱལ་བ་རྡོ་རྗེ་འཆང་གི་ས་མཆོག་ངེས་པར་འཐོབ་པར་གདོན་མི་ཟ་བ་ཡིན༔ ཐེག་པ་གཞན་རྣམས་ལ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་ནས་མཐར་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་ཀྱང་༔ བསྐལ་པ་དུ་མར་ལས་ཉོན་བག་ཆགས་ཀྱི་དབང་གིས་སྐྱེ་བ་མང་པོར་ཁ་བརྒྱུད་ཚེ་བསམ་སྤྱོད་ལས་ཀྱི་སྣ་ཁ་རྐྱེན་གྱིས་བསྒྱུར་ནས་ཚོགས་བསགས་སྒྲིབ་སྦྱང་གི་ལམ་དང་འཕྲད་དཀའ་བའི་ཚུལ་བསམ་མནོ་ཞིབ་ཏུ་ཐོང་དང་གསལ་ངེས་པ་ཅན་ཡིན་མོད༔ དེང་དུས་སྔོན་གྱི་ལས་འབྲེལ་བཟང་པོའི་སྟོབས་ཀྱིས་མི་ལུས་དམ་པ་དལ་འབྱོར་ཐོབ་པ་དང་༔ ཆོས་ཀྱི་དམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དང་འཕྲད་པའི་དུས་འདིར་ཡུན་རིང་པོའི་བར་དུ་ཚོགས་བསགས་ནས་མཐར་འཚང་རྒྱ་བར་རེ་བ་དོན་དམ་པ་རུ་མི་འཛིན་པར་ཚེ་འདིར་གྲོལ་བའི་ལམ་ཡེ་གཞི་བདེ་གཤེགས་སྙིང་པོའི་རང་ངོ་མངོན་དུ་གྱུར་ཏེ་རང་ཐོག་ཏུ་རང་ས་ཟིན་པ་ཞིག་བྱེད་དགོས་པ་ཡིན༔ དེ་མ་གཏོགས་སྐྱེ་བ་གཞན་ནས་གཞན་དུ་ཁ་བརྒྱུད་དེ་ལས་མང་པོ་བསགས་པའི་འབྲས་བུ་རྣམ་པར་གྲོལ་བའི་ས་འཐོབ་ཏུ་ཡོད་པར་བསྟན་པ་རྣམས་ནི་སེམས་ཅན་གྱི་རྒྱུད་ལ་གནས་སྐབས་ཀྱི་བདེ་འབྲས་འཇོག་པ་ཙམ་ལས་སངས་རྒྱས་པ་ནི་ཤིན་ཏུ་དཀའ་སྟེ་དྲང་དོན་ཙམ་དུ་ཟད་པ་ལ་ལྟོས་ཤིག༔ ཅེས་གསུངས་པ་ལ༔ བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས་འདི་སྐད་དུ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ད་རེས་མི་ཚེ་འདིར་སེམས་རྒྱ་བསྐྱེད་པའི་བསམ་བཟང་དང་ལུས་ངག་གི་དགེ་བ་ལ་འབད་པར་བྱ་བ་ལས༔ གསང་སྔགས་རྡོ་རྗེ་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་མ་འོངས་པའི་དུས་ཤིག་ཏུ་ཉམས་སུ་བླངས་པས་གྲོལ་བ་ཐོབ་པར་འགྱུར་སྲིད་ཀྱང་༔ ད་ལྟའི་ཚེ་འདིར་ཉམས་སུ་བླངས་པ་ཙམ་གྱིས་གྲོལ་བ་ཐོབ་དཀའ་བར་འཆད་པ་དང་༔ ཉན་རང་སོགས་སེམས་ཅན་བློ་ཆུང་རྣམས་རྡོ་རྗེ་ཐེག་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་བློར་མི་ཤོང་ཟེར་བ་བདེན་པ་ཡིན་ནམ་མིན༔ གལ་ཏེ་ཡིན་ན་ནི་སེམས་ཅན་གྱི་སེམས་ལ་བཟང་ངན་དང་ཆེ་ཆུང་ཡོད་སྲིད་དེ༔ ཐེག་པ་ཆེན་པོའི་རིགས་ཅན་དུ་བསྒྱུར་དགོས་ན་ཆུང་བ་ཆེ་རུ་འགྲོ་བས་སྐྱེ་བ་དང་༔ ཆེ་བ་བསྐྱེད་དུ་མེད་པས་ཡངས་པ་རྣམས་མཆིས་ན་རང་གི་རྒྱུད་ལ་མི་གནས་པའི་གསང་སྔགས་ཞིག་གཞན་ངོས་ནས་འབྱུང་དགོས་པར་སོང་བས་འདིའི་དོན་མ་ཤེས་ཏེ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྟོང་ཆེན་མཐའ་ཡས་ཁྱོད་དེ་ལྟར་སེམས་ན་དུས་ད་ལྟའི་ཚེ་ལུས་འདི་ལ་གསང་སྔགས་ཀྱི་སྒོ་དང་འཕྲད་དེ༔ དེ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་དང་༔ ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོ་ཞིག་ཡོད་ན་ཉམས་སུ་ལེན་པའི་དུས་ལ་བབས་པ་ཡིན་པ་ལས༔ ལས་སྐལ་དང་ལྡན་པའི་སྐྱེས་བུ་རྣམས་ལ་གསང་སྔགས་ཟབ་མོའི་སྒོ་དང་འཕྲད་ཚེ་ཡིད་ཆེས་པའི་དད་པ་བརྟན་པོ་ཐོབ་པ་ཙམ་ལས་ད་རེས་གསང་སྔགས་ཉམས་སུ་ལེན་པའི་དུས་ལ་བབས་པ་རེད་སྙམ་པའི་མངོན་ཤེས་དང་རྟགས་དང་རྟེན་འབྲེལ་གཞན་འབྱུང་རྒྱུ་ནམ་ཡང་མེད་དེ༔ མི་ལུས་ཐོབ་ནས་གསང་སྔགས་ཀྱི་ཆོས་དང་བླ་མ་འཕྲད་ཚེ་རྫོགས་ཆེན་ཉམས་སུ་ལེན་པའི་དུས་མ་ཡིན་ན༔ རྟེན་འབྲེལ་དེ་ཙམ་ལས་སྐྱེ་བ་གཞན་དུ་ཡང་འབྱུང་རྒྱུ་མེད་ངེས་པ་ཅན་ཡིན༔ ཉན་རང་དང་སོ་སྐྱེ་ལ་སོགས་པ་བློ་སེམས་ཆུང་བ་ཡང་མ་ཡིན་ཏེ༔ སྔོན་ལས་ཀྱི་དབང་གིས་གསང་སྔགས་ཀྱི་སྒོ་དང་མི་འཕྲད་པ་དང་༔ འཕྲད་ཀྱང་མི་དད་པ་དང་༔ ཡིད་མི་ཆེས་པ་དང་༔ ལེ་ལོ་དང་རྣམ་པར་གཡེང་བའི་དབང་གིས་ཉམས་སུ་མི་ལེན་པ་ལས་སེམས་ཆེ་ཆུང་གི་བྱེ་བྲག་མ་ཡིན་པའི་ངང་ཚུལ་ཤེས་པར་གྱིས་ཤིག༔ སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཆེ་ཆུང་ཡོད་པར་མ་སེམས་ཤིག༔ སེམས་བདག་འདོད་ཀྱིས་བཅིངས་པ་རྣམས་ལ་རང་དོན་དུ་མི་དམིགས་པར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སེམས་རྒྱ་ཆེར་བསྐྱེད་ན་དེའི་འབྲས་བུ་བདག་གཞན་གཉིས་སུ་མེད་པའི་དོན་མཐོང་བར་འདོམས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟ་ན་དེ་རྣམས་ཀྱིས་ཟབ་གསང་རྫོགས་པ་ཆེན་པོ་བསྒོམ་པའི་བློ་རྒྱ་བསྐྱེད་མི་ནུས་པ་ཡིན་ནམ༔ རྫོགས་པ་ཆེན་པོ་བསྒོམ་ཡང་བྱང་ཆུབ་ཀྱི་སེམས་ལོགས་ནས་བསྐྱེད་དགོས་པ་ཡིན༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་རྫོགས་པ་ཆེན་པོ་འདི་ནི་འབྲས་བུ་བླ་ན་མེད་པའི་ཐེག་པ་ཡིན་ཏེ༔ འཁོར་འདས་ཡོངས་ཁྱབ་ཀྱི་བདག་ཉིད་ཆེན་པོ་དེ་ཉིད་མངོན་དུ་བྱེད་པ་དོན་དམ་གཞིའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ༔ དེ་ཉིད་དུ་རང་ས་བཟུང་བ་ལས་གཞན་དུ་བྱ་རྩོལ་བློ་ཡིད་ཀྱིས་བཟོ་བཅོས་བྱས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཅེས་བྱ་བ་དེ་ནི་བསྐྱེད་པ་པོ་བདག་དང་བསྐྱེད་ཡུལ་སེམས་ཅན་གཞན་ལ་དམིགས་པའི་བློ་ཕུར་ཁུངས་ལྟ་བུ་ཡིན་ནོ༔ རྫོགས་པ་ཆེན་པོའི་དབྱིངས་ན་གདོད་ནས་འཁོར་འདས་དག་མཉམ་ཆེན་པོའི་རང་བཞིན་ཡིན་པའི་ངང་ཚུལ་ཀུན་མཁྱེན་ཡེ་ཤེས་ཆེན་པོས་གཞི་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་༔ ཀུན་གཟིགས་ཡེ་ཤེས་ཆེན་པོས་གཟིགས་པ་ལས་ལྷག་པའི་སེམས་བསྐྱེད་ཞིག་ཡོད་པར་འཆད་ན་ཆུ་རང་ལ་ཡོད་ཀྱང་རླན་གཞན་ནས་འཚོལ་དགོས་ཟེར་བ་དང་འདྲ་མཚུངས་ངེས་པ་ཡིན་ནོ༔ གདོད་ནས་ཡེ་གཞི་ཀ་དག་འཁོར་འདས་ཡོངས་ཁྱབ་ཀྱི་བདག་ཉིད་ཆེན་པོ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པར་མ་ཤེས་ན༔ ཕ་མས་བུ་ལ་སྙིང་རྗེ་དང་བྱམས་སེམས་བྱས་པ་ཙམ་གྱི་བསམ་བཟང་གཅིག་པུ་ནི་རྣམ་པར་རྟོག་པའི་བསམ་པ་དམིགས་བཅས་ཡིན་ཏེ༔ མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བ་ཙམ་ལས་སངས་རྒྱས་ཀྱི་ས་ལ་རེ་བ་ནི་མོ་གཤམ་གྱི་བུ་ཁྱིམ་གྱི་བདག་པོར་རེ་བ་ཙམ་དུ་ཟད་དོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གདུལ་བྱ་རྣམ་པར་གྲོལ་བའི་ལམ་ཟབ་མོ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས་བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ཐབས་དང་ཤེས་རབ་ཀྱི་སྒོ་དུ་མར་སྣང་ཡང་༔ དོན་དམ་པར་སེམས་ལ་ལམ་བྱས་ནས་ཡང་དག་པའི་ལམ་འཚོལ་བ་དང་༔ གཞི་གཏན་ལ་དབབ་ནས་ཆོས་ཉིད་རང་ལ་ལམ་བྱེད་པ་གཉིས་ཡོད་པ་ལས༔ དང་པོ་སེམས་ལ་ལམ་བྱེད་པའི་ཚུལ་ནི༔ ཐོག་མར་དམ་ཚིག་དང་ལྡན་པའི་སློབ་མ་རྣམས་ལ༔ དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་དང་༔ ཐུན་མོང་མ་ཡིན་པ་ནང་གི་སྔོན་འགྲོ་རྣམ་པ་བདུན་གྱི་སྒོ་ནས་རྒྱུད་ཐུལ་བར་བྱས་ཏེ༔ མཐར་དངོས་གཞི་ལམ་འཚོལ་བའི་རིམ་པ་ལ་འཇུག་ཚུལ་ནི་འདི་ལྟ་སྟེ༔ དང་པོ་གནས་རབ་ཏུ་དབེན་པའི་ཚལ་དུ་ཕྱིན་ནས་བླ་མ་ལ་གསོལ་བ་གདབ་ཅིང་ཐུགས་ཡིད་བསྲེས་ཏེ་ཡུན་ཅིག་བབས་ཀྱིས་བཞག༔ ཀྱཻ་སྟོང་ཆེན་མཐའ་ཡས་ཁྱོད་ཀྱི་ལུས་དང་༔ ངག་དང་༔ ཡིད་གསུམ་པོ་གཙོ་གང་གིས་ཆེ༔ བྱེད་པ་པོ་སུ་ཡིན༔ འགྱུར་བ་མེད་པའི་རང་དབང་རྒྱལ་པོ་དེ་གང་ཡིན་ང་ལ་སྨོས་ཤིག་དང་༔ གདུལ་བྱའི་དོན་ཆེན་པོ་རུ་འཆད་ཉན་དང་ཁྲིད་ཚུལ་ཇི་བཞིན་པ་གསལ་བར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལུས་ནི་སེམས་ཀྱིས་བཟོས་པ་ཡིན་ཏེ༔ ཤི་ནས་བེམ་རིག་སོ་སོར་གྱེས་ཚེ་སེམས་ལས་ཀྱི་རྗེས་སུ་འབྲངས་ནས་འཁྲུལ་ཏེ་ཡང་ལུས་སྣང་བཟུང་༔ གཞན་ཡང་ཉིན་མོའི་ལུས་དང་༔ རྨི་ལམ་གྱི་ལུས་དང་༔ ཕྱི་མའི་ལུས་རྟེན་ཐམས་ཅད་སེམས་བདག་འཛིན་གྱིས་བཟོས་ཏེ་སེམས་ལ་སྣང་བ་ཙམ་ལས་ཡོད་མ་མྱོང་བར་འཕྲལ་དུ་གནས་འགྱུར་བྱེད་པས༔ སེམས་ནི་ཀུན་བྱེད་ཀྱི་རྒྱལ་པོ་ཡིན་པས་དེ་གཙོ་ཆེ༔ སེམས་མེད་པའི་ལུས་རོ་རུ་སོང་བས་དེ་ལ་ནུས་སྟོབས་མེད་པ་དང་༔ ལུས་སེམས་སོ་སོར་གྱེས་ཚེ་བདེ་སྡུག་མྱོང་ཚོར་དང་༔ སངས་རྒྱས་ཀྱི་ས་ལ་སླེབ་པའམ༔ ཁམས་གསུམ་འཁོར་བར་འཁྱམས་ཡང་སེམས་རྣམ་པར་ཤེས་པ་ཡུལ་དུ་འཁྲུལ་པ་ལས་སྣང་བས་མཁན་པོ་དེར་ངེས་པའོ༔ ངག་ནི་སྨྲ་བརྗོད་ཀྱི་སྣང་བ་ཇི་ལྟར་ཤར་ཡང་སེམས་ལ་སྣང་བ་ཙམ་ལས་མེད༔ སེམས་རྣམ་པར་རྟོག་པས་སྨྲ་བརྗོད་ཀྱི་སྣང་བ་བཟོས་པ་ཙམ་ལས་ངག་གཞན་ན་མ་གྲུབ་པས་སེམས་གཙོ་ཆེ་བ་དང་༔ ལུས་ངག་ཡིད་གསུམ་སོ་སོར་གྱེས་པའི་ཚེ་སེམས་ཕ་རོལ་དུ་སོང་༔ ལུས་རོ་རུ་སོང་༔ ངག་ཡུལ་མེད་དུ་ཡལ་བ་དེ་ཡིན་པས་སེམས་གཙོ་ཆེ་ངེས་པ་ཡིན༔ སྒོ་གསུམ་ཐ་དད་དུ་མ་གྲུབ་པའི་ཚུལ་ནི་བསྐྱེད་རིམ་གྱི་སྐབས་སུའང་སྒོ་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རོལ་པར་སྦྱངས་པས་དེར་གནས་སུ་དག་ནས་གྲོལ་བ་ཐོབ་པ་ཡིན་ཏེ༔ ཐ་དད་པ་ཡིན་ན་སྐུ་མི་འགྱུར་བའི་རྡོ་རྗེ་དང་༔ གསུང་མི་འགགས་པའི་རྡོ་རྗེ་གཉིས་ཤུལ་དུ་ལུས་ཏེ་ཐུགས་གཞན་ཡུལ་དུ་དེངས་ནས་རྡོ་རྗེ་གསུམ་གྱི་ཚོགས་པ་གྱེས་ཚེ་ལྷ་ཤི་བ་མིན་ནམ༔ དེའི་ཕྱིར་ཐ་དད་དུ་མ་གྲུབ་པས་དུ་མ་རོ་གཅིག་ཏུ་ཐག་ཆོད་པར་གྱུར་ལགས་སོ༔ དེ་ལྟར་གསུམ་ཀ་སེམས་ལས་མེད་དེ་སེམས་གཅིག་པུ་རུ་ཐག་ཆོད་པ་ནི་མཆོག་ཏུ་ཆེ་བ་བླ་ན་མེད་པ་ཡིན་ནོ༔ ཞེས་ཞུས་སོ༔ ཡང་སྟོན་པའི་ཞལ་ནས༔ ཀུན་བྱེད་ཀྱི་རྒྱལ་པོ་ཁྱོད་ལ་གཟུགས་མཆིས་སམ་མ་མཆིས༔ གལ་ཏེ་མཆིས་ན་སྲོག་ཆགས་གང་དང་གང་གི་གཟུགས་ལྟ་བུར་ངེས༔ དེ་ལ་མིག་དང་༔ རྣ་བ་དང་༔ སྣ་དང་༔ ལྕེ་དང་༔ ཡིད་རྣམས་མཆིས་སམ་མ་མཆིས༔ གལ་ཏེ་ཡོད་ན་དེང་སང་དེ་དག་གང་དུ་མཆིས༔ གར་གནས༔ གཞན་ཡང་ཁྱོད་ལ་དབྱིབས་ཟླུམ་པོའམ༔ གྲུ་བཞི༔ ཟླ་གམ༔ གྲུ་གསུམ༔ ཟུར་མང་ལ་སོགས་པ་མཆིས་སམ་མ་མཆིས༔ ཁ་དོག་ཀྱང་དཀར་པོ༔ སེར་པོ༔ དམར་པོ༔ ལྗང་གུ༔ སྔོན་པོ༔ ཁྲ་བོ་རྣམས་ཡོད་དམ་མེད༔ ཡོད་ན་མངོན་སུམ་མིག་གིས་མཐོང་བ་དང་༔ རེག་པ་ལག་པས་བཟུང་སྟེ་ང་ལ་ངེས་པར་སྟོན་ཅིག༔ གལ་ཏེ་ཅི་ཡང་མེད་ངེས་པ་ཞིག་ཡིན་ན་ཆད་པའི་མཐར་ལྟུང་བས་ད་ལྟ་འཁོར་འདས་བདེ་སྡུག་སྣང་སེམས་ཉེར་ལེན་ཐམས་ཅད་ཆོས་ཅན༔ དེ་དོན་ང་ལ་སྨོས་ཤིག༔ ཅེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདག་ལ་གཟུགས་མ་མཆིས་པས་གཟུགས་ཀྱིས་སྟོང་༔ དེ་བཞིན་དུ་སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་མ་མཆིས་པས་དེ་དང་དེས་སྟོང་༔ དབྱིབས་དང་ཁ་དོག་གིས་སྟོང་སྟེ་སྟོང་པའོ༔ མིག་དང་༔ རྣ་བ་དང་༔ སྣ་དང་༔ ལྕེ་དང་༔ ཡིད་རྣམས་ཐམས་ཅད་ཤེས་པ་དྭངས་གསལ་ཉིད་ལས་མ་གྲུབ་པར་ངེས་པའོ༔ མེད་པ་ཆད་པ་རུ་མ་སོང་བར་འཁོར་འདས་ཀྱི་རྣམ་འགྱུར་མ་ངེས་པ་སྒྱུ་མ་མཁན་དང་སྒྱུ་མའི་འཕྲུལ་ལྟ་བུར་སྣང་བས་མཁན་པོ་གོ་མ་འགག་པ་ཙམ་དུ་ངེས་ལགས་སོ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཁྱོད་དང་པོ་བྱུང་བའི་ཁུངས་གང་ཡིན་པ་དེ་ང་ལ་སྨྲོས་ཤིག༔ ས་ལས་བྱུང་ངམ༔ ཆུ་དང་མེ་ལས་བྱུང་ངམ༔ རླུང་དང་ནམ་མཁའ་ལས་བྱུང་ངམ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གང་ལས་བྱུང་༔ བྱུང་ས་དང་བྱུང་མཁན་ལ་བརྟག་ཅིང་དཔྱོད་ཅིག༔ དེ་བཞིན་དུ་བར་དུ་གནས་པའི་ས་དང་གནས་མཁན་ལ་ཡང་བརྟག་ཅིང་དཔྱོད་ཅིག༔ སེམས་ཞེས་བྱ་བ་འདི་མགོ་བོ་ལ་གནས་ན་རྐང་པ་ལ་ཚེར་མས་བཏབ་པ་ལྟ་བུ་ལའང་ན་ཚ་ཟུག་རྔུ་འབྱུང་བའི་དོན་མ་མཆིས་པ་དང་༔ རྐང་པ་ལ་གནས་ན་མགོ་དང་ཡན་ལག་གཞན་རྣམས་བཅད་ཀྱང་ན་ཚ་སོགས་ཅི་ལ་འབྱུང་༔ ལུས་སྤྱི་ལ་གནས་ན་ཕ་རོལ་གྱི་ལུས་ཆས་དང་ཁམ་ཕོར་གནས་ཁང་དང་ནོར་རྫས་ལ་སོགས་པ་གཞན་གྱིས་ཁྱེར་བ་དང་རྐྱེན་གྱིས་འཇིག་པ་ལ་སོགས་པ་ཅི་བྱུང་ཡང་སེམས་ལ་མི་བཟོད་པའི་འགྱོད་སེམས་དང་སྡུག་བསྔལ་འབྱུང་ན་དེར་གནས་དགོས་པ་དང་༔ ནང་ལ་གནས་ན་ནང་ལས་ཕྱི་ལ་བདག་ཏུ་འཛིན་མཁན་མེད་པ་དང་༔ ཕྱི་ལ་གནས་ན་ནང་གི་ལུས་ལ་ཞེན་འཛིན་མི་འབྱུང་བ་དང་༔ དེང་སང་ལུས་ལ་གནས་པ་བདེན་ན་ལུས་དང་བྲལ་བའི་ཚེ་ཅི་ལ་གནས༔ གང་ལ་བརྟེན༔ གནས་མཁན་གྱི་ལུས་དང་བྱད་དང་༔ གནས་རྣམས་མངོན་སུམ་དུ་སྟོན་ཅིག༔ གནས་ས་གནས་མཁན་གྱི་ཡུལ་དང་བདག་པོའི་ཆེ་ཆུང་གི་ཚད་ལ་སོགས་པ་ལ་བརྟག་ཅིག༔ ལྟོས་ཤིག༔ ཡང་ཐ་མ་འགྲོ་ས་དང་འགྲོ་མཁན་ལ་བརྟག་དགོས་པས༔ སེམས་ཀུན་བྱེད་ཀྱི་མཁན་པོ་དེ་འགྲོ་བའི་ཡུལ་དང་༔ ལམ་དང་༔ སྒོ་དང་༔ ཇི་ལྟར་འགྲོ་བའི་ཚུལ་རྣམས་ལ་ལྟོས་ཤིག༔ གལ་ཏེ་འགྲོ་ས་དང་འགྲོ་མཁན་མཐོང་ན༔ འགྲོ་མཁན་གྱི་ངོ་བོའི་ཆེ་ཆུང་དང་གཟུགས་དང་དབྱིབས་ཁ་དོག་ང་ལ་སྟོན་ཅིག༔ ཅེས་གསུངས་སོ༔ སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ང་ལ་མིག་མེད༔ མིག་མ་མཆིས་པས་གཟུགས་སུ་སྣང་བ་མ་མཆིས༔ དེ་བཞིན་དུ་རྣ་བ་མེད༔ རྣ་བ་མ་མཆིས་པས་སྒྲ་རུ་སྣང་བ་མ་མཆིས༔ སྣ་མེད༔ སྣ་མ་མཆིས་པས་དྲི་རུ་སྣང་བ་མ་མཆིས༔ ལྕེ་མེད༔ ལྕེ་མ་མཆིས་པས་རོ་རུ་སྣང་བ་མ་མཆིས༔ ལུས་མེད༔ ལུས་མ་མཆིས་པས་རེག་བྱར་སྣང་བའང་མ་མཆིས་སོ༔ དེ་ལྟར་སྒོ་ལྔ་སྣང་བ་དང་བཅས་པ་མེད་པས་བྱུང་མཁན་མེད་དོ༔ བྱུང་མཁན་གྲུབ་ན་དུས་འདི་ཕན་ཆད་དུ་སེམས་ཞེས་བྱ་བ་མ་གྲུབ་ཅིང་མེད༔ འདི་ཚུན་ཆད་དུ་ཡོད་པ་འདི་ཞེས་ངོས་བཟུང་མཚན་མ་ཅན་ཡོད་དགོས་པས༔ ང་ནི་མ་བྱུང་བའི་སྟོང་པ་ཉིད་ཡིན་པས་བྱུང་བའི་ཁུངས་སྟོང་༔ བྱུང་ས་བཙལ་ནས་ནི་ང་རང་གིས་བཟོས་པ་ཡིན༔ དེ་བཞིན་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལ་སོགས་པའི་སྣང་བ་ཐམས་ཅད་བདག་འཛིན་གཅིག་པུའི་ཆོ་འཕྲུལ་ལས་གཞན་གཅིག་ཀྱང་མ་མཆིས་པས་བྱུང་མཁན་ཡུལ་མེད་དུ་ཐག་ཆོད་པ་ཡིན༔ ང་ནི་མི་གནས་པའི་སྟོང་པ་ཉིད་ཡིན་ཏེ་གནས་པའི་ས་མེད༔ ལུས་ཞེས་བྱ་བ་ཉིན་མོར་སྣང་བའི་ལུས་ལ་རྨ་དང་སྐྲང་པ་དང་ལྦ་བ་དང་ཕོལ་མིག་ལ་སོགས་པ་སྣང་ཡང་རྨི་ལམ་གྱི་ལུས་ལ་དེ་མ་གྲུབ༔ རྨི་ལམ་གྱི་ལུས་དང་ཡན་ལག་ལ་རྨ་དང་སྐྲང་པ་དང་ལྦ་བ་དང་ཕོལ་མིག་རྡོལ་བར་སྣང་ཡང་ཉིན་སྣང་ན་མ་གྲུབ༔ ཉིན་སྣང་ལ་ལུས་སྨས་པ་རྒྱལ་པོའི་ཆད་པས་གདུང་བར་སྣང་ཡང་རྨི་ལམ་གྱི་ལུས་ལ་དེ་མི་སྣང་༔ རྨི་ལམ་ན་དེ་ལྟར་བྱུང་བ་ཉིན་སྣང་གི་ལུས་ལ་མ་གྲུབ༔ དེ་བཞིན་དུ་ཕྱི་རུ་སྣང་བ་དང་ནང་དུ་འཛིན་པའི་གནས་ཡུལ་བདག་པོ་ཐམས་ཅད་ང་གཅིག་པུའི་ཆོ་འཕྲུལ་ལས་མེད་དེ༔ དེའི་ཕྱིར་ང་ཕྱི་ནང་སྣང་བ་ལ་མི་གནས༔ ཕྱི་ནང་གི་སྣང་བ་ང་ལ་མི་གནས༔ བདག་ཏུ་འཛིན་པའི་ཆོ་འཕྲུལ་སྒྱུ་མ་དང་སྒྱུ་འཕྲུལ་ལྟ་བུའོ༔ སྒྱུ་མ་མཁན་དང་སྒྱུ་འཕྲུལ་ལྟ་བུར་བསམ་བཞིན་དུ་བཟོས་པའང་མ་ཡིན་ཏེ༔ བདག་ཤར་བས་གཞན་སྣང་རང་བྱུང་དུ་ཤར་བ་ཙམ་ལས་གནས་པའི་ས་མེད་པའོ༔ འགྲོ་བའི་ཡུལ་དང་བདག་པོ་ལ་བརྟག་ཀྱང་འགྲོ་ས་འགྲོ་ཡུལ་ཐམས་ཅད་ཡུལ་མེད་དུ་སོང་བས་བདག་དང་བདག་གི་ངང་ལ་མི་འགྲོ༔ སྣང་སྲིད་ཐམས་ཅད་བདག་གི་ངང་ལས་མེད་བཞིན་དུ་སྣང་༔ ལུས་ངག་ཡིད་གསུམ་པོའང་ཡེ་ནས་སོ་སོར་མ་གྲུབ་བཞིན་དུ་སྣང་བ་རོ་གཅིག་པའི་ཚུལ༔ ཉིན་སྣང་དང་རྨི་སྣང་དང་ཕྱི་མའི་སྣང་བ་ཐམས་ཅད་ང་ལས་སྒོ་གསུམ་ཐ་དད་དུ་མ་གྲུབ་པས་འགྲོ་བའི་བདག་པོ་དང་འགྲོ་ཡུལ་མ་གྲུབ་པར་ཐག་ཆོད་པ་ཡིན་ནོ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཁྱོད་ཀྱི་སེམས་ཞེས་བྱ་བའི་ཆེ་ཆུང་གི་ཚད་ལ་བརྟག་ནས་ངོ་བོ་གཏན་ལ་ཕོབ་ལ་ངོས་ཟུངས་ཤིག༔ ཕྱིའི་ནམ་མཁའ་དང་ནང་གི་སེམས་གཉིས་ཀ་གཅིག་ཡིན་ནམ༔ སོ་སོར་ཐ་དད་ཡིན༔ གཅིག་ཡིན་ན་སེམས་ཀྱི་ངོ་བོ་ནམ་མཁའ་ཡིན་དགོས་པ་དང་༔ ཐ་དད་ཡིན་ན་རྨི་ལམ་གྱི་ནམ་མཁའ་དང་༔ ཉིན་སྣང་གི་ནམ་མཁའ་དང་༔ ཕྱི་མའི་ནམ་མཁའ་རྣམས་གཅིག་མ་ཡིན་པར་ཐ་དད་ཡིན་པར་འདོད་དགོས་ཏེ༔ ནམ་མཁའ་སྔ་མ་འགག་སྟེ་ཕྱི་མ་རྣམས་རིམ་པ་བཞིན་དུ་འབྱུང་བ་ཡིན་ན་ནམ་མཁའ་ཐམས་ཅད་འཕོ་འགྱུར་སྐྱེ་འགག་ཅན་དུ་འགྱུར་བས་དེའི་རྒྱུ་རྐྱེན་ཅི་ལས་བྱུང་བ་ཡིན་ཁོ་ཐག་ཆོད་པར་གྱིས་ཤིག༔ ཉིན་མོ་ཉི་མའི་རྐྱེན་གྱིས་ནམ་མཁའ་ནམ་ལངས་ནས་སྣང་བ་མངོན་དུ་བྱེད་པ་ཡིན་ན༔ རྨི་ལམ་དང་ཕྱི་མའི་དུས་རྣམས་སུ་སྣང་བ་མངོན་དུ་བྱེད་མཁན་ཉི་མ་ཡིན་ནམ༔ རང་སེམས་ཀྱི་འོད་གསལ་ཡིན༔ ཁ་ཙམ་མིན་པར་གཏིང་དཔོག་པར་ཐག་ཆོད་ཅིག༔ ཅེས་གསུངས་སོ༔ སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ནམ་མཁའ་ནི་བདག་གི་སེམས་ཀྱི་ངོ་བོ་ངེས་པར་གདོན་མི་ཟ་བ་ཡིན་ཏེ༔ ཉིན་སྣང་དུ་ནམ་མཁའི་ཀློང་དུ་ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ བདག་དང་༔ གཞན་དང་༔ གཟུགས་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་རྣམ་པར་མཆེད་དེ་སེམས་རྣམ་པར་རྟོགས་པས་ཉེ་བར་ལེན་པ་དང་༔ རྨི་སྣང་ནའང་སེམས་ཀྱི་གཞི་ནམ་མཁའ་རུ་སྣང་ནས་དེ་བཞིན་སྣོད་བཅུད་འདོད་ཡོན་ཐམས་ཅད་སྔར་བཞིན་དུ་ཡང་མཆེད་པ་དང་༔ ཚེ་ཕྱི་མར་ཡང་སེམས་ཀྱི་ངོ་བོ་ནམ་མཁར་སྣང་བའི་ཀློང་དུ་སྣོད་བཅུད་འདོད་ཡོན་ཐམས་ཅད་གོང་བཞིན་སྣང་ནས་ཉེ་བར་ལེན་ཅིང་ཡང་ནས་ཡང་དུ་འཁྲུལ་པ་ཡིན༔ དེའི་ཕྱིར་ནམ་མཁའ་དང་བདག་གཞན་འདོད་ཡོན་ཐམས་ཅད་རོ་གཅིག་ཅིང་ཐ་དད་པ་མ་ཡིན་པར་ཐག་ཆོད༔ སྣང་བ་མངོན་དུ་བྱེད་མཁན་ཡང་ནམ་མཁའ་གསལ་ཆ་ཉིད་ལས་གཞན་མ་ཡིན༔ སེམས་གཞིའི་ངོ་བོ་ནམ་མཁའ་ཉིད་ཡིན་ཏེ༔ ཡིད་ཡེ་གནས་ཀྱི་ཤེས་པ་དྭངས་གསལ་གྱི་དབྱིངས་སུ་སྣ་ཚོགས་སྣང་བ་ནི་དཔེར་ན་མེ་ལོང་དང་ཆུ་དྭངས་གསལ་གྱི་ནང་དུ་གཟུགས་བརྙན་དང་གཟའ་སྐར་མཆེད་པ་བཞིན་དུ་སྣང་བ་མཆེད་པ་ཡིན༔ ཤེས་པ་དྭངས་གསལ་དབུ་མ་ནམ་མཁའ་སྟོང་ཁྱབ་ཀྱི་དབྱིངས་སུ་ཞུགས་ནས་ཁ་ནང་ལྟ་རུ་སོང་ཚེ་སྣང་སེམས་ཐམས་ཅད་མི་མངོན་པར་སྟོང་ཁྱབ་ལུང་མ་བསྟན་དུ་འབྱམས་ཀླས་པ་ཡིན་ཏེ༔ གཞི་དབྱིངས་ངོ་བོ་སྟོང་ཁྱབ་ཆེན་པོ་བདག་འཛིན་གྱི་དབང་གིས་སེམས་དང་སེམས་བྱུང་དུ་ཤར་བ་ཡིན་པར་ཐག་ཆོད་པ་ཡིན༔ ནམ་མཁའ་གཞན་མ་ཡིན་ཅིང་གསལ་ཆ་གཞན་མ་ཡིན་པར་སེམས་ཉིད་དྭངས་གསལ་གྱི་བདག་ཉིད་རྐྱེན་གྱི་དབང་གིས་བདག་གཞན་དུ་སོང་བ་ཡིན༔ སེམས་རང་ལ་ལམ་བྱས་ནས་དབང་པོ་རབ་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་འགྱུར་བ་དང་༔ འཁོར་འདས་འུབ་ཆུབ་ཀྱི་ལྟ་བ་རྟོགས་ཏེ་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་གྲོལ་བ་ཐོབ་པ་དང་༔ འབྲིང་གཟུགས་མེད་ཀྱི་ཁམས་སུ་བརྟན་པ་ཐོབ་པ་དང་༔ ཐ་མ་གཟུགས་ཁམས་སུ་བདེ་བ་ཉམས་སུ་མྱོང་བ་དང་༔ དབང་ཐ་འདོད་ཁམས་སུ་དགའ་བདེར་སྣང་བའི་ལམ་གྱི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་སེམས་འདི་དང་པོ་ཕྱིའི་ནམ་མཁའ་ལ་བསྲེས་ཏེ་ཞག་བདུན་དུ་མཉམ་པར་ཞོག༔ ཡང་རྡོ་དང་ཤིང་བུ་དང་སྐུ་གཟུགས་དང་ཡི་གེ་གང་ཡང་རུང་བ་ལ་སེམས་བཟུང་སྟེ་ཞག་བདུན་དུ་མཉམ་པར་བཞག༔ ཡང་རང་གི་སྙིང་གར་འོད་ལྔའི་ཐིག་ལེ་གསལ་འཚེར་ཞིག་བསྒོམ་ནས་དེ་ལ་སེམས་བཟུང་སྟེ་ཞག་བདུན་དུ་མཉམ་པར་བཞག་པས་འགའ་ཞིག་ལ་སེམས་བདེ་ཀྱི་ལེ༔ གསལ་སང་ངེ་༔ སྟོང་ཧད་དེ་བར་གནས་ཤིང་རྣམ་པར་རྟོག་པ་གང་ཡང་མེད་པར་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུར་འཆར་བ་ནི་མཚན་མ་ཅན་གྱི་ཞི་གནས་ཞེས་བྱ་བ་ཡིན༔ འགའ་ཞིག་སེམས་རྣམ་པར་རྟོག་པ་ཧ་ཅང་རྒོད་དྲག་པས་མི་ནོན་པ་དང་༔ སྙིང་དང་སྲོག་རྩ་ལ་སོགས་པ་ལ་མི་བདེ་བའི་ནད་དང་ཟུག་རྔུ་འབྱུང་བ་དང་༔ འགའ་ཞིག་ལ་བརྒྱལ་བ་རྨུགས་འཐིབས་འབྱུང་བ་སོགས་ནི་བློ་རྒྱུད་མི་བརྟན་པ་རླུང་ཁམས་པ་དང་བློ་རྩིང་པོ་རྣམ་ལ་མ་ངེས་པར་འབྱུང་བ་ཡིན༔ དེའི་ཚེ་རྣམ་པར་རྟོག་པ་རང་ཀར་ལྷོད་ཅིང་༔ མ་བརྗེད་པའི་དྲན་པ་དང་༔ ལྐོག་ཏུ་མ་གྱུར་པའི་ཤེས་བཞིན་གྱིས་བལྟ་ཞིང་སྐྱོང་སྟེ༔ ཅི་ཡང་མི་སེམས་པར་གནས་པ་ལ་ངོ་བོའི་ངང་དུ་གནས་པ་ཞེས་བྱ་བ་དང་༔ རྣམ་པར་རྟོག་པ་སྣ་ཚོགས་འགྱུ་ཞིང་ཤར་བ་ལ་འགྱུ་བ་ཞེས་པ་དང་༔ རྣམ་པར་རྟོག་པ་གང་ཤར་ལྐོག་གྱུར་དུ་མ་སོང་བར་དྲན་ཤེས་ཀྱིས་རིག་པ་ལ་རིག་པ་ཞེས་ངོ་སྤྲད་དེ༔ ད་ངོ་བོའི་ངང་དུ་གནས་པ་ཡུན་བསྲིང་བའི་ཆེད་དུ་འགྱུ་བ་ལ་ལྟོས་ལ་ལུས་དྲང་པོར་བསྲང་དྲན་པ་མངོན་དུ་ཞོག་ལ་ལྟོས་ཤིག༔ ཅེས་བརྗོད་དེ་དེ་ལྟར་ཉམས་སུ་བླངས་པའི་ཚེ་ན་འགྱུ་རྟོག་ཐམས་ཅད་བཀག་པ་ཡང་མ་ཡིན༔ རང་ཁར་ཤར་བ་ཡང་མ་ཡིན་པར་དྲན་རིག་གིས་མངོན་དུ་བྱས་པ་ཡིན༔ དེ་ལ་ཐུན་དང་ཐུན་མཚམས་ཐམས་ཅད་དུ་བར་མ་ཆད་པར་བརྩོན་པས་མཐར་རྣམ་རྟོག་ཕྲ་རགས་ཐམས་ཅད་ངོ་བོ་སྟོང་པའི་དབྱིངས་སུ་ཞི་ནས་མི་གཡོ་བའི་ངང་ལ་གནས་ཤིང་བརྟན་པར་འགྱུར་ཏེ༔ བདེ་བ་མེ་དྲོད་ལྟ་བུ་དང་༔ གསལ་སྣང་ནམ་ལངས་པ་ལྟ་བུ་དང་༔ མི་རྟོག་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུ་མྱོང་ཞེན་ཅན་ཡིད་ལ་འབྲལ་མི་ཕོད་པ་ཡིད་ཆེས་ཤིང་མངོན་ཞེན་བསླང་བར་བྱེད་པ་ཞིག་འཆར་སྟེ༔ བདེ་བ་ལ་གོལ་ན་འདོད་ཁམས༔ གསལ་བ་ལ་གོལ་ན་གཟུགས་ཁམས༔ མི་རྟོག་པར་གོལ་ན་སྲིད་པའི་རྩེ་མོར་འཕེན་པས་ལམ་ལ་འཇུག་པའི་སྐྱེས་བུ་རྣམས་ཀྱི་ལམ་རྟགས་སུ་མེད་ཐབས་ཀྱང་མེད་དེ་རྟག་ཏུ་གོལ་མི་རུང་བའི་གནས་སུ་ཤེས་པར་བྱའོ༔ དེ་ལ་ཡང་ལམ་གྱི་ཞི་གནས་རང་ཀ་མ་ཞེས་བྱ་སྟེ༔ དེ་ལ་ཡུན་རིང་པོར་བརྟན་པ་ཐོབ་ན་སེམས་རྒྱུད་ལ་བརྟན་པ་ཐོབ་པའི་གནད་ཡོད་ཀྱང་༔ སྙིགས་མའི་དུས་འདིར་སེམས་ཅན་དམུ་རྒོད་ལ་ཡུན་ཐུང་ཙམ་ལས་བརྟན་ཐོབ་ཅན་འབྱུང་བ་ཤིན་ཏུ་དཀོན་པ་ཡིན་པས་ཤེས་པར་གྱིས་ཤིག༔ འདིའི་དུས་འགའ་ཞིག་ལ་ལྷག་པའི་ལྷ་ཤར་ནས་དེར་སེམས་གནས་པ་དང་༔ འགའ་ཞིག་ལ་ཞིང་ཁམས་ཀྱི་བཀོད་པ་སྣང་ནས་དེར་བརྟན་ཅིང་གནས་པ་དང་༔ འགའ་ཞིག་ལ་བདེ་གསལ་མི་རྟོག་པ་གང་ཡང་རུང་བ་ཁྱད་པར་བ་བྱུང་ནས་དེར་གནས་པ་དང་༔ འགའ་ཞིག་ལ་བླ་མ་དང་འཇའ་དང་འོད་དང་ཐིག་ལེའི་སྣང་བ་ཤར་བས་དེར་གནས་པ་སོགས་གང་ཟག་རང་རང་གི་རྩ་ཁམས་ཀྱི་བྱེད་ལས་ཀྱིས་མཐའ་གཅིག་ཏུ་ངེས་པ་མེད་པའང་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་བཅོམ་ལྡན་འདས་ཉམས་སུ་བླངས་པས་ཉམས་རྟོགས་ཇི་ལྟར་སྐྱེ་བའི་ཚུལ་རྣམས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་སྔོན་རྒྱུད་ལུང་མན་ངག་ཐམས་ཅད་དུ་རིག་པ་རྗེན་ལ་ཕྱུངས་ནས་བསྟན་པ་ལས་ཉམས་ཀྱི་རྟགས་འབྱུང་ཚུལ་ཙམ་ལས་མི་སྟོན་པ་ནི་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས་ཉམས་ཀྱི་མྱོང་བའང་བསམ་གྱིས་མི་ཁྱབ་པ་ཡོད་པས་མཐའ་གཅིག་ཏུ་མ་ངེས་པ་ལ་དགོངས་ནས་སྤྱི་མཐུན་དུ་དེ་ཙམ་ལས་མ་གསུངས་པ་ཡིན་པས་ཤེས་པར་གྱིས་ཤིག༔ འདི་ལ་ཉམས་ཀྱི་འཆར་སྒོ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་མ་ངེས་པར་འཆར་བ་ནི་བརྗོད་ཀྱིས་མི་ལངས་ཏེ༔ སློབ་དཔོན་ཉམས་མྱོང་ཆེ་ཞིང་ས་ལམ་གྱི་ལོ་རྒྱུས་ཤེས་པ་མངོན་པར་ཤེས་པ་དང་ལྡན་པ་རྣམས་ཀྱིས་ཤེས་རབ་ཆེན་པོའི་སྟོབས་ཤུགས་ཀྱིས་མཁྱེན་ཅིང་གསལ་བ་ཡིན༔ ཡང་ན་རྣམ་པར་སྨིན་པའི་རིག་འཛིན་དང༔ ཚེ་ལ་དབང་བའི་རིག་འཛིན་ཡན་ཆད་ཀྱིས་ཉམས་ཀྱི་འབྱུང་ཚུལ་ལ་རྒྱུས་མེད་ཀྱང་ཐད་ཀར་མངོན་པར་ཤེས་པས་མཁྱེན་པ་དང་༔ མིན་ཀྱང་ཁྲིད་ཀྱི་སྡེབ་ཁ་བསྒྱུར་ཏེ་དགོངས་པ་གཏད་པས་ཉམས་ལས་གྲོལ་ནུས་ཏེ༔ དཔེར་ན་ཏིང་འཛིན་གྲུབ་པའི་ལྷ་དང་དྲང་སྲོང་བྲམ་ཟེ་ཨ་ཙཱཪྻ་སོགས་ཀྱིས་ཡིག་འབྲུ་འགའ་རེ་ཡིད་ལ་བྱས་ཏེ་ཏིང་འཛིན་བསྒོམ་པས་ལས་གང་གི་ཕྱིར་བསྒོམ་ཀྱང་ཕྱིས་དེའི་ཕྱིར་བཟླས་པས་ལས་དེ་འགྲུབ་པ་དང་༔ ནད་གང་གི་ཕྱིར་དམིགས་ཀྱང་ཕྱིས་སྐྱེ་བོ་ཕོ་མོ་དག་གིས་ནད་དེའི་ཕྱིར་བཟླས་པས་ཕན་ཐོགས་པ་ལྟར༔ རིག་པ་འཛིན་པ་རྣམས་ཀྱིས་ནད་ཐམས་ཅད་ཉམས་སུ་ངོ་སྤྲོད་པའམ༔ དེའི་ཕྱིར་བསྒོམ་བཟླས་ཀྱི་ཐབས་བསྟན་པས་སྔོན་ལས་བཟློག་ཐབས་མེད་པ་རེས་འགའ་ཙམ་མ་གཏོགས་སེལ་བར་འགྱུར་ན་རྣལ་འབྱོར་པའི་ཉམས་ལམ་དུ་སློང་བ་ལྟ་ཅི་སྨོས༔ དེ་དག་གང་ཡང་མ་ཡིན་པར་སློབ་མ་ལ་ཁྲིད་འདེབས་པའི་སློབ་དཔོན་བླུན་པོ་དག་གིས་གང་ཟག་གཅིག་གི་རྒྱུད་ལ་ཉམས་ཐམས་ཅད་འབྱུང་བར་འདོད་ན་རང་གཞན་གཉིས་ཀ་མགོ་འཁོར་ནས་སློབ་མའི་སྲོག་གི་བདུད་དུ་བབས་པ་ཡིན༔ ཅིའི་ཕྱིར་ན་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་༔ ནང་སློང་ལུས་ཀྱི་ན་ཚ་སྣ་ཚོགས་དང་༔ གསང་སློང་སེམས་ཀྱི་བདེ་སྡུག་སོགས་ཉམས་མ་ངེས་པར་འབྱུང་སྲིད་དེ༔ སློབ་དཔོན་བླུན་ཅིང་རྨོངས་པ་རྣམས་ཀྱིས་ཉམས་སློང་བའི་རྒྱུ་སེམས་ཁྲིད་འཆད་ཅིང་༔ ཉམས་བྱུང་ན་ཉམས་ངོ་མི་ཤེས་པར་ཉམས་ནད་དུ་བཟུང་༔ རྒྱབ་བརྟེན་འདྲེ་རུ་གོལ༔ དོགས་པ་འཆི་བ་ལ་བྱ༔ བློ་གཏད་མོ་རྩིས་སྨན་དཔྱད་ལ་བྱེད་དགོས་པ་བྱུང་ཚེ༔ དེ་དག་ཏུའང་འདྲེ་གདོན་གནོད་བྱེད་ཀྱི་ངོ་ཤར་བས༔ ལས་ཀ་རིམ་གྲོ་དང་ཐབས་སྣ་ཚོགས་ལ་བརྩོན་སྲིད་དེ༔ ལས་ཅི་བྱས་ཀྱང་གནོད་པར་འགྲོ་བ་ལས་ཕན་པ་ཏིལ་འབྲུ་ཙམ་མི་འབྱུང་ཞིང་མཐར་འཆི་བ་ལས་འོས་མེད་པས་སྲོག་གཅོད་ཀྱི་དུག་ཁོང་དུ་བླུད་པ་ལྟར་གྱུར་ན་སློབ་མའི་བདུད་དུ་འབབ་པ་དེ་ཉིད་ཡིན༔ འདིའི་དོན་ཞིབ་ཏུ་དཔྱོད་ལ་ཐབས་མཁས་པར་གྱིས་ཤིག༔ ད་ལྷག་མཐོང་ལ་སོགས་པ་མིང་གི་བྱེ་བྲག་དུ་མས་སྒོམ་ངོ་སྤྲོད་ཕྱིར་ལམ་གྱི་རིམ་པ་མང་པོར་བཤད་པ་ཡོད་ཀྱང་༔ འདིར་རང་ལམ་ལ་དྲན་པ་ཕྱུགས་རྫི་ལྟ་བུ་དང་༔ རྣམ་པར་རྟོག་པ་ཕྱུགས་ལྟ་བུར་མངོན་དུ་བཞག་སྟེ༔ ཧྲིག་ཧྲིག་དང་ལྷག་ལྷག་ཏུ་མངོན་ཅིང་རེ་དོགས་དགའ་སྡུག་གི་སྣང་བ་སྣ་ཚོགས་པར་མཆེད་པར་འབྱུང་བ་ལ་འཇུར་བུའི་དྲན་པ་ཞེས་བརྗོད་པ་ཡིན༔ ལར་ཤར་རིག་ལམ་དུ་བྱེད་པ་རྣམས་ལ་རང་རང་གི་ལམ་རྟགས་སུ་རེས་འགའ་འགྱུ་རྟོག་གང་ཤར་ཐམས་ཅད་རི་གཟར་གྱི་རྦབ་རྡོ་ཕོག་པའི་ས་ལ་དོང་དང་བཤིག་རལ་ཆེན་པོ་འབྱུང་བ་བཞིན་དུ་སྒོ་གསུམ་གྱི་སྟེང་དུ་ཕུང་ཁྲོལ་ཆེན་པོ་བྱས་པའི་སྣང་བ་དང་༔ རྣམ་པར་རྟོག་པ་ཤར་ཚད་ཐམས་ཅད་ཀྱིས་སྙིང་ལ་མི་བདེ་བའི་ཟུག་རྔུ་ཆེན་པོ་མཚོན་རྩེ་བཙུག་པ་ལྟ་བུ་གནོད་པར་འཆར་བ་དང་༔ གནས་དགའ་འགྱུ་སྡུག་གི་སྣང་བ་དགའ་ཡ་ལེ་བ་དང་༔ བདེ་ཀྱི་ལེ་བ་དང་༔ སྣང་བ་ཐམས་ཅད་རྡུལ་གྱི་རྣམ་པར་སྣང་བའི་ཁ་དོག་གསལ་ལམ་བྱེད་པར་སྣང་བ་དང་༔ མགོའི་སྐྲ་རྩེ་མན་ཆད་ནས་རྐང་པའི་སེན་རྩེ་ཡན་ཆད་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ན་ཚ་སོ་ཟིན་མེད་པར་འབྱུང་རེས་བྱེད་པ་དང་༔ ཡང་ན་ནི་ནད་ངེས་པ་ཅན་རླུང་མཁྲིས་བད་ཀན་ལ་སོགས་པ་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་གང་རུང་གི་རྣམ་པས་ཟུག་རྔུ་སྣ་ཚོགས་ཀྱིས་གདུང་བས་བཟའ་བཏུང་ཡང་གནོད་པའི་སྣང་བ་དང་༔ མི་སོགས་གཞན་ལ་ཐུག་འཕྲད་དང་༔ ཁྱིམ་བགྲོད་ཁྲོམ་ཚོགས་ལ་སོགས་པས་གནོད་པའི་སྣང་བ་སྣ་ཚོགས་ཀྱིས་ན་ཚ་མ་ངེས་པར་འབྱུང་སྲིད་དེ་སྨན་དཔྱད་མོ་རྩིས་ལ་རེ་དགོས་པའི་དུས་འབྱུང་བ་དང་༔ སེམས་ཀྱི་ཐོག་ཏུ་སྡུག་བསྔལ་བཟོད་གླག་མེད་པ་སྙིང་གས་འགྲོ་བ་ཡིན་ནམ་སྙམ་པ་དང་༔ མཚན་མོ་གཉིད་མི་འབྱུང་བ་དང་༔ གལ་ཏེ་འབྱུང་ཡང་ནད་ཚབ་ཆེན་པོས་བཏབ་པའི་ནད་པ་ལྟར་གཉིད་མི་ཟིན་པ་དང་༔ སད་པའི་དུས་ཡང་རྨངས་པོ་གཅེས་ཕྲུག་དང་བྲལ་བའི་སྙིང་སྡུག་ལྟ་བུས་སེམས་རྒྱུད་གང་སྟེ་སྡུག་བསྔལ་ཉམས་སུ་མྱོང་བ་དང་༔ ད་དུང་བདག་ལ་ཁོ་ཐག་ཆོད་པའི་གོ་རྒྱུའམ་རིག་རྒྱུ་ཞིག་ཡོད་སྙམ་ནས་སྐོམ་པ་ཆུ་ལ་གདུང་བ་ལྟ་བུ་འབྱུང་བ་དང་༔ ཉོན་མོངས་པ་དུག་ལྔའི་རྟོག་པ་ཐམས་ཅད་རེས་མོས་སུ་འབྱུང་ཞིང་༔ བཟོད་གླག་མེད་པར་རྗེས་སུ་འབྲང་དགོས་པའང་ཡོད༔ སྐད་འགག་པ་དང་༔ དབུགས་མི་བདེ་བ་ལ་སོགས་པའི་ཉམས་ཀྱི་མྱོང་བ་སྣ་ཚོགས་མ་ངེས་པ་འབྱུང་བར་སྲིད༔ སེམས་ཀྱི་རྩལ་རྣམ་པར་རྟོག་པ་ཐམས་ཅད་བདེ་སྡུག་གང་སྣང་དེ་རུ་ཉམས་པས་ཉམས་ཞེས་བྱ་སྟེ་བརྗོད་མེད་དུ་གནས་པ་ཡིན༔ བདེ་སྡུག་གང་སྣང་ཐམས་ཅད་བརྗེད་པ་དང་ཡལ་བ་དུས་མཉམ་དུ་འབྱུང་བ་ཡིན༔ ཕྱི་འབྱུང་བའི་སྒྲ་དང་གཟུགས་མཐོང་ཚད་ཀྱི་བཞིན་ལའང་ང་ལ་གོ་རྒྱུའམ་ཤེས་རྒྱུ་ཡོད་སྙམ་པ་དང་༔ བྱ་དང་བྱིའུའི་སྐད་སོགས་མཐོང་ཚོར་ཐམས་ཅད་ང་ལ་རྟགས་དང་རྟེན་འབྲེལ་དུ་གོ་རྒྱུའམ་ཤེས་རྒྱུ་ཞིག་རེད་སྙམ་ནས་བསམ་མནོ་སྣ་ཚོགས་བྱེད་དགོས་པ་དང་༔ ཡང་ཕ་རོལ་གྱི་མི་ཁྱི་བྱ་ལ་སོགས་པའི་སྐད་སྒྲ་ཐམས་ཅད་སྙིང་ལ་ཚེར་མས་བཏབ་པ་ལྟ་བུར་སྣང་བ་དང་༔ གཞན་གྱི་གཏམ་ཚིག་ལབ་པ་ཐམས་ཅད་རང་ལ་གཤེ་ཞིང་གོལ་བར་སྣང་བས་ཁོང་ཁྲོ་བཟོད་མེད་དུ་སྐྱེ་བ་དང་༔ གཞན་དག་གིས་བྲེ་མོ་དང་གད་མོ་བྱེད་པ་ཐོས་པ་དང་མཐོང་ཡང་དེ་ལ་མི་དགའ་ཞིང་རང་ལ་གཤེ་སྐུར་དུ་སྣང་ནས་ཚིག་ངན་སྨྲ་བ་དང་༔ རང་གི་སྡུག་བསྔལ་ཉམས་སུ་མྱོང་བའི་དབང་གིས་གཞན་དག་མཐོང་ཚེ་དེ་རྣམས་ཀྱི་བདེ་སྐྱིད་ལ་ཡིད་སྨོན་བྱེད་དགོས་པ་འབྱུང་བ་དང་༔ དོགས་པ་རྒྱུན་མི་ཆད་པས་རྒྱུད་གང་ནས་མཚོན་དང་གྲོགས་ལའང་སྐྲག་ཅིང་འཇིགས་སྣང་འཆར་བ་སོགས་སྣང་བ་ཐམས་ཅད་རེ་དོགས་སྣ་ཚོགས་ངེས་པ་མེད་པར་འཆར་བ་ཡིན༔ འདི་དུས་དོ་ནུབ་མལ་དུ་ཞུགས་ཚེ་སང་གི་ཉིན་མོ་མི་གཞན་འོང་བར་སྣང་བ་དེའི་བྱད་དང་གཟུགས་དང་ཤེས་རྒྱུད་དང་གཏམ་བརྗོད་དང་འདྲེ་ལ་སོགས་པ་མཐོང་བའི་སྣང་བ་ཤར་ནས་དེར་འཇིགས་སྐྲག་དང་ཁོང་ཁྲོ་ཆགས་སྡང་གི་ཞེན་པ་དབང་མེད་དུ་སྐྱེས་ཏེ་གཉིད་མི་འབྱུང་བ་དང་༔ རེས་འགའ་ནི་བླ་མ་ལ་མོས་གུས་དང་༔ དཀོན་མཆོག་ལ་དད་མོས༔ འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་སེམས་ཅན་ལ་སྙིང་རྗེ་དྲག་པོ་མིག་ནས་མཆི་མ་ཐོར་ཐོར་དུ་འཆོར་བ་ཡང་འབྱུང་༔ རེས་འགའ་ནི་སྡུག་བསྔལ་ཐམས་ཅད་ཡུལ་མེད་དུ་སོང་ནས་ནམ་མཁའ་གཡའ་དག་པ་ལྟ་བུར་ཤེས་རྒྱུད་དྭངས་ཤིང་དགའ་བདེས་གང་བའང་འབྱུང་སྲིད༔ རྩུབ་ཉམས་དྭངས་པའི་སྔ་ཐོག་ཏུ་ལྷའམ་འདྲེ་གང་ཡང་རུང་བས་མགོ་དང་ཡན་ལག་དོན་སྙིང་མངོན་སུམ་དུ་ཁྱེར་བའི་ཤུལ་དུ་རླངས་པ་ཕྱུ་རུ་རུ་ཐོན་པ་དངོས་སམ་ཉམས་སམ་རྨི་ལམ་ལ་སྣང་བའི་རྗེས་སུ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཡུལ་མེད་དུ་སོང་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་སྣང་བ་དགའ་བདེ་ཡལ་ལེ་བ་འབྱུང་༔ འདིའི་ཁོངས་སུ་དྲན་པ་རྣམ་པ་བཞི་དང་བདེ་རྩུབ་ཀྱི་ཉམས་མ་ངེས་པར་འབྱུང་སྲིད་དེ༔ མཐའ་གཅིག་ཏུ་མ་ངེས་པའི་ཚུལ་རྣམས་ཇི་ལྟ་བ་བཞིན་དུ་ལམ་འདི་འཆད་པའི་བཤེས་གཉེན་རྣམས་ཀྱིས་ཤེས་ཤིང་རྟོགས་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ མེ་ཁམས་པ་ལ་བདེ་ཉམས་ཤས་ཆེ་བ་དང་༔ ས་ཁམས་པ་ལ་འཐིབས་ཉམས་ཤས་ཆེ་བ་དང་༔ ཆུ་ཁམས་པ་ལ་གསལ་ཉམས་དང་༔ རླུང་ཁམས་པ་ལ་རྩུབ་ཉམས་དང་༔ ནམ་མཁའི་ཁམས་ལ་སྟོང་ཉམས་ཤས་ཆེ་བ་ཡིན་ནོ༔ ཉམས་ཀྱི་བདེ་རྩུབ་ཐམས་ཅད་དབྱིངས་སུ་ནུབ་པའི་རྗེས་སུ་རྣམ་པར་རྟོག་པ་ལ་བཟོ་བཅོས་མི་དགོས་པར་རང་བབས་སུ་བཞག་པས་གང་ཤར་ཐམས་ཅད་ཕན་མེད་གནོད་མེད་དུ་སོང་ནས་དེར་གནས་ཤིང་༔ བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་བ་དང་ལྷར་སྣང་འདྲེར་སྣང་མངོན་ཤེས་ཕྲ་མོ་འབྱུང་བའང་ཡོད༔ རྩ་ཁམས་ཀྱི་བྱེད་ལས་ཐ་དད་དུ་ཡོད་པས་མངོན་ཤེས་དང་གསལ་སྣང་མི་འབྱུང་བ་ཤས་ཆེ་བ་རླུང་ཁམས་དང་ས་ཁམས་པའི་བྱེད་ལས་སོ༔ མངོན་ཤེས་མཐོང་སྣང་ནི་མེ་ཁམས་པ་དང་ཆུ་ཁམས་པ་ལ་ལྷག་པར་འབྱུང་བར་འགྱུར་རོ༔ ད་ས་མཚམས་ཀྱི་རིམ་པ་མིང་གིས་ཐ་དད་དུ་དབྱེ་ན༔ འགྱུ་དྲན་གཉིས་ཀ་གཅིག་ཏུ་འདྲེས་ཏེ་དྲན་པ་རྩེ་གཅིག་ཏུ་ལྷག་པར་མཐོང་བ་ལ་ལྷག་མཐོང་ཞེས་བྱ་སྟེ༔ འདི་དུས་ཡང་གནས་ཉམས་ཤས་ཆེ་ན་ཞི་ལྷག་ཟུང་འབྲེལ་ཞེས་བརྗོད་དོ༔ ལྷག་པར་ཇི་ལྟར་མཐོང་ཞེ་ན་སྔར་ཤིན་ཏུ་འབད་རྩོལ་གྱིས་བལྟས་ཀྱང་འོག་འགྱུ་དང་བྱིང་རྨུག་གིས་བསྒྲིབས་ནས་མཐོང་དཀའ་བ་ལ༔ འདིར་འབད་རྩོལ་ཆེན་པོ་མ་བྱས་ཀྱང་རྣམ་པར་རྟོག་པ་གང་ཤར་མངོན་དུ་གྱུར་ཏེ་ལྷག་པར་མཐོང་བ་ཡིན༔ འདིའི་ཉམས་སྣང་གི་རྣལ་འབྱོར་པ་འགའ་ཞིག་ལ་གར་བལྟས་གང་ཤར་ཐམས་ཅད་སྐུ་དང་ཐིག་ལེར་ཤིག་ཤིག་ཏུ་སྣང་༔ འགའ་ཞིག་ལ་ཡིག་འབྲུ་མི་འདྲ་བ་སྣ་ཚོགས་དང་༔ འོད་སྣ་ཚོགས་དང་༔ གཟུགས་འདྲ་མིན་སྣ་ཚོགས་པ་མ་ངེས་པར་འཆར་རོ༔ འགའ་ཞིག་ལ་ཞིང་ཁམས་དང་༔ ཡུལ་ངོ་ཤེས་པ་དང་༔ སྲོག་ཆགས་ངོ་མི་ཤེས་པ་སྣ་ཚོགས་ཀྱིས་གླུ་དང་མགུར་མ་གཏམ་བརྗོད་བྱེད་པ་དང་༔ དཔའ་བོ་དང་མཁའ་འགྲོ་མང་པོས་གར་བྱེད་ཅིང་རྣམ་འགྱུར་སྣ་ཚོགས་མ་ངེས་པར་སྟོན་པ་དང་༔ འགའ་ཞིག་ལ་མཐོང་ཚོར་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་བརྡ་དང་རྟེན་འབྲེལ་དུ་སྟོན་པའི་སྣང་བ་མ་ངེས་པར་འཆར་རོ༔ འགའ་ཞིག་ལ་གཟུགས་ཡོད་དང་གཟུགས་མེད་མང་པོ་མངོན་ཤེས་ཀྱིས་མཐོང་བའི་སྣང་བ་འཆར་རོ༔ དེར་རབ་ཏུ་གོམས་པའི་མཐར་བདེ་སྡུག་གི་ཉམས་མ་ངེས་པ་ཞིག་ལ་རྐྱེན་བྱས་ནས་དྲན་པ་དང་རྣམ་པར་རྟོག་པ་གཉིས་ཀ་གཅིག་ཏུ་འདྲེས་ནས་གང་ཤར་ཐམས་ཅད་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་ཕྱིའི་ཡུལ་ལ་དུམ་བུར་འཕྲོས་ནས་རང་ཡལ་དུ་འགྲོ་བར་སྣང་བས་རང་གྲོལ་དང་༔ ཤར་རིག་དུས་མཉམ་དུ་སོང་བས་རིག་པ་ཙམ་ནས་གྲོལ་བར་སྣང་བ་ཤར་གྲོལ་དུས་མཉམ་དང་༔ རང་ཀློང་ལས་ཤར་ཙམ་ནས་རང་ཀློང་དུ་གྲོལ་བ་མཁའ་ལས་གློག་འཁྱུག་པ་མཁའ་ཀློང་དུ་གྲོལ་བ་ལྟ་བུར་ཁ་ནང་ལྟ་རུ་སྣང་བས་ཀློང་གྲོལ་ཞེས་པ་སྟེ༔ འདི་དག་ཐམས་ཅད་དོན་ལ་དྲན་པ་དང་ཤར་བ་གཅིག་ཏུ་འདྲེས་ཏེ་རྩེ་གཅིག་ཏུ་གྱུར་པ་ཡིན༔ དེ་ལྟར་ཉམས་ཀྱི་སྣང་བ་བདེ་སྡུག་ཐམས་ཅད་དབྱིངས་སུ་སངས་པའི་རྗེས་སུ་ཤེས་པ་དྭངས་སང་ངེ་བའི་ངང་དུ་རང་སར་བཞག་པས་དྲན་བསམ་གང་ཤར་ཐམས་ཅད་མྱོང་ཞེན་བཟོ་བཅོས་རྩིས་གདབ་མེད་པར་ཤུགས་འབྱུང་གི་ངང་དུ་ཡན་པས་མངོན་དུ་གྱུར་པ་ལ་འཇུར་དྲན་གྱི་རྣམ་པར་རྟོག་པ་ལྟར་གསལ་གསལ་ཧྲིག་ཧྲིག་གི་འཛིན་རྩོལ་རང་ཞིག་པས་བློ་ཡིད་མི་ཚིམ་པར་ཡིད་ཡུལ་དུ་འབད་རྩོལ་བྱེད་དགོས་པ་དང་༔ མ་ཚང་བ་དང་༔ མ་རྙེད་པ་ཞིག་ཡོད་པར་སྣང་ནས་བློ་ཡིད་བསྒྲིམ་པ་ལ་སོགས་པའི་ཡིད་དཔྱོད་མང་པོ་བར་སྐབས་སུ་བྱེད་དགོས་པ་འབྱུང་སྟེ༔ འདི་འདུ་ཤེས་པ་རང་གི་ངང་ལ་གནས་ཤིང་དྲན་པ་མངོན་དུ་གྱུར་ཏེ་མྱོང་ཞེན་ཆུང་བ་རང་བབ་ལས་བཟོ་བཅོས་མེད་པའི་ངང་དུ་གྱུར་པས་ན་རང་བབས་ཀྱི་དྲན་པ་ཞེས་བྱ་བའི་ཐོག་ཏུ་ཕེབས་པ་ཡིན་ནོ༔ དེའི་ཉམས་སྣང་ཡང་བདེ་ལྷོད་ལྷོད་འབོལ་འབོལ་བ་ཤེས་པ་གསལ་དྭངས་སེ་བ་རྣམ་པར་རྟོག་པས་ཕན་གནོད་མེད་ཅིང་བཟོ་བཅོས་སྤོང་ལེན་མི་དགོས་པར་གནས་ཉམས་ཤས་ཆེ་བ་ཞིག་འབྱུང་བས༔ འདི་དུས་བཤེས་གཉེན་བཟང་པོས་མ་ཟིན་ན་ད་ནི་བདག་གིས་ལྟ་སྒོམ་ཁྱད་པར་ཅན་གཞན་ལས་ཁྱད་པར་དུ་འཕགས་པ་སུ་ལའང་མེད་པ་རྟོགས་དཀའ་བ་ཞིག་རྒྱུད་ལ་སྐྱེས་ཡོད་སྙམ་ནས་བློ་གཏད་དང་ཡིད་ཆེས་ཀྱི་ངང་དུ་དུས་འདས་ནས་གཞན་ལ་བགྲོ་གླེང་མི་བྱེད་ཅིང་རང་མགོ་འཁོར་བ་དང་༔ བཤེས་གཉེན་གཞན་ལ་སྨྲས་ཀྱང་གང་ཟག་སྨྲ་མཁས་པ་དང་༔ བཤེས་གཉེན་ཉན་དཔྱོད་མཁས་པ་མ་གཏོགས་སྐབས་འདི་ལ་བབས་ཚེ་ལམ་གྱི་རིག་པ་དང་ནོར་ས་ཆེ་བས་དེའི་ཐོག་ཏུ་ལུས་ནས་མི་ཚེ་དེར་འདས་ན་སྲིད་པའི་ཁམས་ལས་མི་འདའ་བའི་སྐྱོན་དེས་འཆིང་བ་ཡིན་པས་ཤེས་པར་གྱིས་ཤིག༔ ཁྱད་པར་དུ་གསལ་ཉམས་ཀྱིས་ལྷ་འདྲེན་མཐོང་བ་དང་༔ རྣམ་པར་རྟོག་པ་ལ་འདྲེ་གནོད་གློ་བུར་དུ་ཤར་བ་རེས་འགའ་བདེན་སྲིད་ཅིང་༔ དེ་མངོན་ཤེས་སུ་བཟུང་ནས་ལྷ་འདྲེ་ཡིད་ལ་ཡང་ཡང་བྱས་པའི་མཐར་སྣང་བ་འདྲེ་གདོན་དུ་མཆེད་ནས་རྟོག་པས་ལྷ་འདྲེ་བཟོས་པས་གཞན་ལ་མངོན་ཤེས་བཤད་པའི་མཐར་འདྲེ་བསྒོམ་པ་འགྲུབ་སྟེ་རྒྱུད་འདྲེ་གདོན་གྱིས་བརླམ་ནས་སྡོམ་པ་དང་དམ་ཚིག་ཉམས༔ ཆོས་དང་གང་ཟག་རིང་དུ་འགྲོ་སྟེ་འཇིག་རྟེན་ཚེ་འདིའི་བྱ་བ་ལ་འབྱམས་ཤིང་གཏོ་ཡས་ལ་མགོ་འཁོར༔ ཆོག་ཤེས་སྤུ་ཙམ་མེད་པར་ཟས་ནོར་གྱི་ཕྱིར་འབྲངས་ནས་ཞེན་ཆགས་འདོད་སྲེད་ཀྱིས་རྒྱུད་འཆིང་བཞིན་འཆི་བའི་ནང་པར་གཏུགས་པའི་ཚེ་འདྲེ་གདོན་གདུག་པ་ཅན་དུ་སྐྱེས་ཏེ་མཁའ་རྒྱུའི་ཡི་དྭགས་ཀྱི་ཡུལ་དང་སྡུག་བསྔལ་ཉེ་བར་ལེན་པའི་རྒྱུ་བསགས་པས་ལྟ་སྒོམ་ལོག་པར་སོང་ནས་འཁོར་བ་མཐའ་མེད་དུ་འཁྲུལ་པ་ཡིན༔ དབང་པོ་འབྲིང་དང་ཐ་མ་རྣམས་ལམ་འདིར་ཞུགས་ཚེ་ལམ་རྟགས་སུ་མི་འབྱུང་བའི་ཐབས་མེད་པ་ཡིན་ཀྱང་༔ གང་ལའང་ཞེན་ན་ནི་ཞེན་པས་སླར་འཆིང་སྟེ༔ ཉམས་རྫུན་པོ་ཆེ་ལ་བློ་གཏད་མེད་པར་ཤེས་ནས་མངོན་ཞེན་རེ་དོགས་དགག་སྒྲུབ་གང་ཡང་མི་བྱེད་པར་རང་སར་བཞག་པས་རང་ངོར་རང་གྲོལ་བ་ན་བུན་ནམ་མཁའ་ལ་ཡལ་བ་ལྟ་བུར་འགྲོ་བ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཉམས་བཟང་ངན་གྱི་བྱེ་བྲག་ལ་ངེས་པ་མེད་དེ་ཞི་གནས་ཀྱི་དུས་ནས་བརྩམ་ཤེས་རིག་མངོན་དུ་མ་གྱུར་གྱི་བར་དུ་ཉམས་བསྒྲུབ་པའི་ཐབས་ཁོ་ན་ཡིན་ཕྱིར་འདི་མི་འབྱུང་བྱ་བ་གཅིག་ཀྱང་མེད་པས་ཐམས་ཅད་ཉམས་སུ་ཐག་བཅད་པ་གནད་ཀྱི་དམ་པ་དང་གདམས་པའི་ཡང་སྙིང་དུ་ཤེས་ནས་རྟོགས་ཤིག༔ ཟུངས་ཤིག༔ ཅེས་གསུངས་སོ༔ དེ་ནས་སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་བཅོམ་ལྡན་འདས་དེ་ལྟར་ཉམས་བདེ་རྩུབ་ཐམས་ཅད་རྣམ་མཁྱེན་གྱི་ལམ་ལ་མི་ཉེ་ཞིང་ཕན་པ་མེད་ན་ཅིའི་ཕྱིར་བསྒོམ་སྒྲུབ་བྱེད་དགོས་པ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་གང་ཟག་བློ་རྩིང་པོ་རྣམ་པར་རྟོག་པ་རྒོད་ཅིང་ལས་སུ་མི་རུང་བ་རྣམས་ཐོག་མར་ལམ་འདིའི་སྒོར་གཞུག་སྟེ་རྣམ་རྟོག་གི་ངར་བཅག་པས་བློ་ཡིད་ཇེ་བརྟན་དུ་སོང་ནས་བརྗེད་མེད་དུ་བརྟན་པ་ཐོབ་པར་བྱ་བ་ལས༔ གཞན་དུ་ཤེས་རིག་ངོ་སྤྲད་ཀྱང་ཉམས་སུ་མི་ལེན་ཅིང་ལེ་ལོ་དང་༔ རྣམ་གཡེངས་སུ་ཁ་འཆོལ་བའི་སྐྱོན་དང་༔ གལ་སྲིད་ཉམས་སུ་བླངས་ཀྱང་བརྗེད་ངས་ཀྱི་དབང་གིས་འཁྲུལ་པ་རྒྱ་འབྱམས་སུ་འཆོར་བའི་སྐྱོན་ཡོད་པའི་ཕྱིར༔ སེམས་མི་འཕྱེ་བོ་ལྟ་བུ་དང་རླུང་རྟ་རྒོད་ལོང་བ་ལྟ་བུ་ཉིད་ཉམས་དང་འཛིན་པའི་རྟོད་ཕུར་གྱིས་བཅིངས་ནས་འདུལ་བར་བཀོལ་བའི་ཆེད་དང་༔ དབང་པོ་རྟུལ་པོས་སེམས་གཏན་ལ་ཕབ་ནས་དྲན་ཤེས་བཞིན་གྱི་ཆིངས་ཀྱིས་བཅིངས་པས་ཉམས་དང་གོམས་འདྲིས་ཀྱི་དབང་གིས་རྣམ་པར་རྟོག་པ་ཕྲ་རགས་ཐམས་ཅད་ཟད་པའི་སྣང་བ་ཤར་མཐར་ཤེས་པ་བཟོ་མེད་བསྒོམ་རྒྱུ་བྲལ་བའི་ངང་མངོན་དུ་གྱུར་ནས་རིག་པ་སྒོམ་མེད་ཆེན་པོའི་ཐོག་ཏུ་སླེབ་ཚེ་བླ་མས་དེ་ངོ་སྤྲད་པས་ནོར་སར་མི་འཆོར་བའི་ཆེད་དུ༔ དང་པོ་དཀའ་ཚེགས་ཆེན་པོས་ལམ་བཙལ་བ་རྣམ་རྟོག་འགྱུ་བ་ལ་ལམ་བྱེད་པ་དང་༔ མཐར་ཐུག་ཤེས་པ་རང་ཐོག་ཏུ་ཕེབས་ཚེ་ལམ་དུ་ངོ་སྤྲད་པ་ཡིན༔ ལམ་གྱི་རིག་པའམ་ཤེས་པ་བཟོ་མེད་མངོན་གྱུར་རང་ཐོག་ཏུ་ཕེབས་པའི་སྔོན་དུ་ཉོན་ཡིད་སློང་བས་ཉམས་སྔོན་དུ་བཤད་ཟིན་པའི་རྩུབ་ཉམས་དང་འདྲ་མཚུངས་པ་ཞིག་རིམ་བཞིན་བགྲོད་དགོས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་བཅོམ་ལྡན་འདས་རྣམ་པར་རྟོག་པ་དག་བྱ་ཡིན་ནམ་མིན༔ གལ་ཏེ་དག་བྱ་ཡིན་ན་སེམས་དག་ནས་ཤེས་པ་སླར་སྐྱེ་དགོས་པ་ཡིན་ནམ༔ བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པ་ལ༔ སྟོན་པས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་དྲན་པ་དང་འཛིན་པའི་འཆིང་བ་ཉམས་སྟོབས་ཀྱིས་རིམ་པ་བཞིན་དུ་ཞིག་ནས་མཐར་སེམས་ཅན་རང་ཀ་མ་ལྟ་བུར་སེམས་རང་ཀར་ཡན་པས་རྣམ་པར་རྟོག་པ་བག་ཉལ་དུ་སོང་ནས༔ འགྱུ་རྟོག་དབྱིངས་སུ་ནུབ་སྟེ་ཀུན་གཞི་སྟོང་ཧད་དེ་བ་བདག་གཞན་ཡུལ་གསུམ་མི་སྣང་བའི་ངང་ཐོག་ཏུ་ཕེབ་པ་དང་༔ སྟོང་གསལ་མྱོང་ཞེན་ཅན་ཁ་ནང་བལྟ་བདག་གཞན་ཡུལ་གསུམ་གྱི་སྣང་བ་མི་མངོན་པ་ཞིག་འཆར་བ་ནི་ཀུན་གཞིའི་རྣམ་ཤེས་ཡིན་ཏེ༔ ཐོག་ཕེབ་ཀྱི་ཀུན་གཞི་ལ་སློབ་དཔོན་འགའ་ཞིག་གིས་རོ་གཅིག་དང་སྤྲོས་བྲལ་དུ་འཆད་པ་དང་༔ ལ་ལས་ལུང་མ་བསྟན་དུ་འཆད་པའང་ཡོད་དེ༔ གང་ལྟར་སྨྲ་ཡང་དོན་ལ་ངོ་བོའི་སྟེང་དུ་ཕེབས་པ་ཡིན༔ སླར་ཡང་གང་ཟག་བརྩོན་འགྲུས་དང་ལྡན་པས་འདི་ལམ་ཡང་དག་པ་མ་ཡིན་པར་ཐག་བཅད་དེ་བསྒོམ་པས་དེ་ལྟར་མྱོང་ཞེན་ཅན་གྱི་སྟོང་དང་སྟོང་གསལ་ཐམས་ཅད་གཉིད་ལས་སད་པ་བཞིན་དུ་དབྱིངས་སུ་དྭངས་ནས་ཕྱི་ཡི་སྣང་བ་གོ་མ་འགགས་ཤིང་ནང་གི་དྲན་འཛིན་གྱི་སྤུན་ཐག་ཆད་ནས༔ སྒོམ་པ་བཟང་པོའི་ཆིངས་ཀྱིས་མ་བཅིང་༔ མ་རིག་པ་ངན་པས་རང་ཀར་མ་སོང་༔ ལྟ་སྒོམ་སྤྱོད་པའི་ཐ་སྙད་ལས་འདས་པའི་ཡེ་གནས་ཀྱི་ཤེས་པ་དྭངས་ས་ལེ་བ༔ ཤེས་དང་ཤེས་བྱ་འདི་ཞེས་བདག་དང་ཡུལ་དུ་མ་གྲུབ་པ༔ ཡེ་གནས་རང་བྱུང་ཡིད་ལ་མྱོང་བ་ཡོད་པའི་ངང་དུ་ཞེན་པ་བྲལ་བ༔ བསམ་མནོ་དང་གཏད་སོ་མེད་པ་ཡང་ཁྲོལ་ལེ་བ་ཞིག་གི་ཐོག་ཏུ་ཕེབས་ཚེ་རྩལ་གོ་མ་འགག་པས་སྣང་བ་ཐམས་ཅད་མངོན་དུ་གྱུར་པ༔ རྣམ་པར་རྟོག་པ་ཡུལ་ལ་འདྲེས་ཤིང་ཡུལ་དང་གཉིས་མེད་དུ་ཡལ་བ༔ དུམ་བུར་འཕྲོ་བ༔ དམིགས་པ་དང་བཅས་པ་ནི་གཅིག་ཀྱང་མེད་པས་དེ་སེམས་ཅན་གྱི་རྣམ་པར་རྟོག་པ་ཡང་མ་ཡིན་པར༔ ཡིད་ཤེས་རབ་ཏུ་གོ་འཕོས༔ རྩལ་ཡེ་ཤེས་སུ་གོ་འཕོས་ནས་དེར་བརྟན་པ་ཐོབ་པ་ཡིན་ཏེ༔ དཔེར་ན་རྙོགས་མ་དྭངས་པའི་ཆུ་ལྟ་བུ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་གསལ་ཁྱབ་ཀྱི་དབང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ འདིར་གསལ་རིག་བསམ་བརྗོད་དང་བྲལ་བ་ཁོ་ན་བསྒོམ་པས་ཡེ་ནས་རང་བྱུང་རྣམ་པར་གྲོལ་བའི་ས་འཐོབ་བམ་མི་འཐོབ༔ འཐོབ་ན་ཇི་ལྟར་འཐོབ༔ མི་འཐོབ་ན་འདི་སྒོམ་པའི་དགོས་ཆེད་གང་ལགས༔ ཡོན་ཏན་ཇི་ལྟ་བུ་འབྱུང་བར་གྱུར༔ གདུལ་བྱ་རྣམས་ཀྱི་དོན་དུ་བསྟན་དུ་གསོལ༔ ཅེས་ཞུས་པས༔ སྟོན་པས་བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་ཁྱོད་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་༔ ངས་ཁྱོད་ལ་ཡང་དག་པར་བཤད་དོ༔ ལམ་ཟབ་མོ་ཤེས་རིག་སྤྲོས་པ་དང་བྲལ་བ་འདི་ཉིད་ཀྱི་ངང་དུ་བརྟན་པ་ཐོབ་པར་ཉམས་སུ་བླངས་ཀྱང་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་མ་རྟོགས་ན་ཚེ་འཕོས་མ་ཐག་ཏུ་གཟུགས་ཀྱི་ཁམས་དང་མུ་བཞིའི་ཁམས་སུ་འཕེན་པའི་སྟོབས་ཡོད་པ་ལས་འདི་རང་གིས་རྣམ་མཁྱེན་གྱི་སངས་རྒྱས་ཐོབ་མི་སྲིད་དོ༔ ལམ་འདི་དང་པོ་ངོ་འཕྲོད་ནས་ནན་ཆེར་བསྒོམ་པའི་སྟོབས་ཀྱིས་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་ངོ་འཕྲོད་པར་གྱུར་ན་ལམ་ཤེས་རབ་དང་ཡེ་ཤེས་ཀྱི་རྩལ་ཡིན་པས༔ ཡོན་ཏན་ཡང་འདི་ལྟ་སྟེ༔ བུམ་ནང་གི་ནམ་མཁའ་ལས་གཞན་པའི་ནམ་མཁའ་ལོགས་ན་མེད་པ་དང་༔ ཆུ་ཕོར་གང་གི་ཆུ་ལས་ལྷག་པའི་ཆུ་གཞན་ན་མེད་པ་ལྟར་ཤེས་རིག་མངོན་གྱུར་གྱི་ལམ་འདི་ལས་གཞན་པའི་ལམ་གཞན་ན་མེད་དོ༔ མར་མ་དག་པ་འཁོར་བར་འཁྱམས་ཡང་ཤེས་པ་རྒྱུན་ཆགས་ཀྱིས་བཟོས་པ་དང་༔ ཡར་བསོད་ནམས་ཀྱི་ལས་དཀར་པོ་དགེ་བ་ལྷ་བསྐྱེད་བསྒོམ་བཟླས་སོགས་བསྒྲུབ་ཀྱང་ཤེས་པ་རྒྱུན་ཆགས་ཀྱིས་བསྒྲུབ་པ་དང་༔ རྩ་ཐིག་རླུང་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སྦྱོང་བ་ཡང་ཤེས་པ་རྒྱུན་ཆགས་ཀྱིས་གྲོལ་བར་བྱེད་པ་ཡིན༔ གཞི་ཀ་དག་རང་བྱུང་གི་ཡེ་ཤེས་དྭངས་གསལ་གཉིས་སུ་མེད་པའང་འདི་ཉིད་མངོན་དུ་གྱུར་པ་སྟེ༔ ལར་ཐེག་པ་གང་དུ་འཇུག་ཀྱང་ཡེ་གནས་ཀྱི་ཡེ་ཤེས་རྒྱུན་ཆགས་པ་ཞིག་ལས་འཇུག་པའི་སྒོ་མ་མཆིས་པ་ཡིན༔ ཐ་མལ་འཁྲུལ་པའི་སེམས་ཅན་གྱིས་ངག་འདོན་གྲངས་མང་པོ་བརྗོད་ནས་དགེ་བར་དམིགས་པའང་གཞིའི་ཤེས་པ་རྒྱུན་ཆགས་པའི་ཆེད་དུ་བསྟན་པ་དེའི་ཕྱིར་ཤེས་པ་རྒྱུན་ཆགས་པས་ལས་ཐམས་ཅད་བསགས་པ་ཡིན་པས་ཤེས་པ་མངོན་གྱུར་འདི་ཀ་ཟག་བཅས་ཀྱི་དགེ་བ་གང་གིས་ཀྱང་འགྲན་ཟླ་དང་བྲལ་བ་ཡིན༔ ཡང་ཤེས་པ་རྒྱུན་ཆགས་པའི་ཐབས་ཙམ་བསྒྲུབ་པ་དང་༔ ཤེས་པ་མངོན་དུ་བྱེད་པ་གཉིས་ལ་ཁྱད་པར་གནམ་ས་ཙམ་ཡོད་པས༔ མངོན་གྱུར་འདིའི་ཁྱད་པར་འཕགས་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ཡིན༔ ཀྱཻ་རིགས་ཀྱི་བུ་ཡེ་གནས་ཀྱི་ཡེ་ཤེས་ནི་སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་སྣང་སེམས་ཐམས་ཅད་ལ་དམིགས་པ་མེད་ཅིང་མངོན་དུ་བྱེད་པ་འདི་ཀ་སྟེ་ཤེས་རབ་ཀྱི་ཕྱི་གདངས་ཡིན༔ དེ་མངོན་གྱུར་གྱི་རང་བཞིན་ནི་ཤེས་རབ་ཀྱི་ནང་མདངས་ཡིན་ཏེ་ཁྱད་ཤིན་ཏུ་ཆེ་བ་མཁའ་ལ་ནམ་ལངས་པ་ལྟ་བུའོ༔ བརྩོན་འགྲུས་ཅན་དབང་རབ་ཏུ་གྱུར་པ་རྣམས་ཀྱིས་བར་མཚམས་མེད་པར་རྩེ་གཅིག་ཏུ་སྙིང་པོ་མི་འགྱུར་བའི་སྒྲུབ་པ་ལ་བརྩོན་ན་མཐར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྩལ་དུ་འབར་བས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་ཡོན་ཏན་ཕྱིན་ཅི་མ་ལོག་པ་མངོན་དུ་གྱུར་ཏེ་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོར་སངས་རྒྱས་པར་འགྱུར་བ་ཡིན༔ དེ་ལྟར་མ་ཡིན་པའི་གང་ཟག་རྣམས་ཀྱིས་ཀྱང་མ་བཅོས་རང་བྱུང་གི་ཤེས་པ་མ་བསྒོམ་མངོན་དུ་གྱུར་པའི་གནད་འདི་ངོ་འཕྲོད་ཅིང་འདི་ལ་ཅུང་ཟད་བརྟན་པ་ཐོབ་ན་དེ་ཉིད་ལས་གཞན་པའི་ལུས་ངག་གི་དགེ་བ་ནི་སྟོང་གསུམ་གྱི་བསགས་པ་ཐམས་ཅད་གཅིག་ཏུ་བསྡུས་ཀྱང་༔ དེའི་བསོད་ནམས་ཀྱི་ཚད་བརྒྱ་སྟོང་ཁྲི་འབུམ་གྱི་ཆར་ཡང་ཉེ་བ་མ་ཡིན་ཏེ༔ སྲིད་པའི་རྩེ་མོར་ཡུན་རིང་དུ་བརྟན་པ་ཐོབ་པར་ངེས་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ དེ་ལྟར་སེམས་དང་ཤེས་པ་ལ་ལམ་བྱས་ཏེ་ཇི་ཙམ་བསྒོམ་ཀྱང་འབྲས་བུ་གྲོལ་བའི་ས་ལ་མ་འཕང་༔ སངས་རྒྱས་པའང་མ་ཡིན་ན༔ དེ་ལྟ་བུའི་ལམ་རིང་བ་དང་ལམ་བགྲོད་དཀའ་ཞིང་བདེ་སྡུག་སྣ་ཚོགས་མྱོང་བ་ལས་འབྲས་བུ་མ་གྲུབ་པ་འདི་ལ་མི་ལྟོས་པར༔ ཀ་དག་རྫོགས་པ་ཆེན་པོ་མཐའ་གྲོལ་རིག་པའི་རྒྱལ་པོ་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་པའི་ཐབས་དང་༔ ལམ་གྱི་རིམ་པ་ལ་དཀའ་ཚེགས་མེད་ཅིང་ནོར་འཁྲུལ་དུ་མི་འཆོར་བའི་གདམས་པ་ཟབ་མོ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་ཟབ་མོ་སྟོང་པ་ཉིད་ཡིན་ཏེ༔ ཟབ་མོ་སྟོང་པ་ཉིད་ཀྱི་དོན་གཏན་ལ་དབབ་པའི་ཚུལ་ངས་བཤད་ཀྱི་ལེགས་པར་ཉོན་ཅིག༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་པའི་གཞི་ནི་བདག་ཉིད་གཅིག་པུའི་མ་རིག་པ་ཡིན་ཏེ༔ འདིའི་བྱུང་གནས་འགྲོ་གསུམ་གྱི་གཞི་རྩ་ལ་ལྟོས་ཤིག༔ ང་ཞེས་བྱ་བ་འདི་དང་པོ་བྱུང་བའི་གཞི་དང་རྩ་བ་ལ་བརྟག་པས༔ གཞི་ཁྱབ་གདལ་ནམ་མཁའི་ཁོར་ཡུག་ལ་བདག་ཏུ་འཛིན་པའི་ཤེས་པ་རྒྱུན་ཆགས་ཏེ་སྣང་སེམས་ཐམས་ཅད་མེད་བཞིན་དུ་སྣང་ཙམ་ལས་མ་གྲུབ་པ་ཡིན་པས་བྱུང་བའི་ཁུངས་སྟོང་༔ བར་དུ་གནས་པའི་ས་ལ་བརྟག་པས་མགོ་བོ་ལ་མགོ་བོ་ལས་ང་ཞེས་པའི་མིང་མི་གནས་པ་བཞིན་དུ༔ སྐྲ་ནི་སྐྲ་ལས་ང་མ་ཡིན༔ མིག་ནི་མིག་ལས་ང་མ་ཡིན༔ རྣ་བ་ནི་རྣ་བ་ལས་ང་མ་ཡིན༔ སྣ་ནི་སྣ་ལས་ང་མ་ཡིན༔ ལྕེ་ནི་ལྕེ་ལས་ང་མ་ཡིན༔ སོ་ནི་སོ་ལས་ང་མ་ཡིན༔ སོག་པ་ནི་སོག་པ་ལས་ང་མ་ཡིན༔ དེ་བཞིན་དུ་དཔུང་པ་ནི་ང་མ་ཡིན༔ ལག་ངར་ནི་ང་མ་ཡིན༔ ལག་མཐིལ་ལག་རྒྱབ་སོར་མོ་རྣམས་ནི་ང་མ་ཡིན༔ རྒལ་ཚིག་ནི་ང་མ་ཡིན༔ རྩིབ་མ་རྣམས་ནི་ང་མ་ཡིན༔ གློ་བ་དང་སྙིང་ནི་ང་མ་ཡིན༔ མཆིན་པ་དང་མཆིན་ཁྲི་ནི་ང་མ་ཡིན༔ རྒྱུ་མ་དང་མཚེར་པ་མཁལ་མ་རྣམས་ནི་ང་མ་ཡིན༔ བརླ་དང་དཔྱི་དང་རྗེ་ངར་བོལ་བ་སོར་ཚིག་ཐམས་ཅད་ཀྱང་རང་རང་གི་མིང་ལས་ང་མ་ཡིན༔ པགས་པ་དང་ཚིལ་དང་ཤ་ཁྲག་ཆུ་སེར་རྩ་རྒྱུས་བ་སྤུ་ཐམས་ཅད་ལའང་རང་རང་གི་མིང་ལས་ང་མ་གྲུབ༔ ང་ཞེས་བྱ་བ་ལུས་ཀྱི་སྨད་དུ་གནས་ན་མགོ་སོགས་སྟོད་ཀྱི་ཡན་ལག་བཅད་ཀྱང་ན་ཚ་ཟུག་རྔུ་མི་འབྱུང་བས་དེར་མི་གནས༔ སྟོད་དུ་གནས་ན་རྐང་པ་སོགས་རོ་སྨད་ལ་གནོད་པ་བྱུང་ཡང་ན་ཚ་མི་འབྱུང་༔ ནང་ན་གནས་ན་ཕྱིའི་བ་སྤུ་དང་པགས་པ་བྲེག་པས་ཚ་བའི་ཟུག་རྔུ་འབྱུང་དོན་མེད་པར་དེར་ཡང་མི་གནས༔ ལུས་ལ་གནས་སྙམ་ན་གོས་རྒྱན་ཟས་ནོར་ལོངས་སྤྱོད་ཐམས་ཅད་གཞན་གྱིས་ཁྱེར་བ་དང་སྤྱོད་པར་སྣང་ན་མི་བདེ་བའི་ཟུག་རྔུ་དང་ཆགས་སྡང་བཟོད་མེད་དུ་འབྱུང་བས་དེར་ཡང་མི་གནས༔ ཕྱིའི་ཡུལ་ལ་གནས་སམ་སྙམ་ན་སྣོད་བཅུད་ཐམས་ཅད་ང་ཡི་བར་འཛིན་ཅིང་དོན་ལའང་རང་རང་གི་མིང་ཐ་དད་པ་ལས་ང་མ་གྲུབ༔ ང་ལས་གཞན་པའི་སྣོད་བཅུད་སྣང་བ་ཐམས་ཅད་སོ་སོར་གྲུབ་པར་སྣང་ནའང་རྨི་སྣང་དང་འདི་སྣང་དང་ཕྱི་མའི་སྣང་བ་ཀུན་ཏུ་བདག་དང་སྣང་བ་ཐམས་ཅད་ལུས་དང་གྲིབ་མ་ཆུ་དང་རླན་མེ་དང་ཚ་བ་བཞིན་དུ་སྣང་བས༔ སྣོད་བཅུད་ཐམས་ཅད་ང་ཡིས་དབང་བྱས་ཀྱང་ང་ནི་ཅི་ལའང་མི་གནས་པའོ༔ ཐ་མ་འགྲོ་བའི་ཡུལ་ལ་བརྟག་ཅིང་དཔྱད་ན༔ སྣང་སྲིད་ཐམས་ཅད་ང་ཞེས་བྱ་བའི་འཕྲུལ་མོ་ཆེའི་གཞི་དང་ངོ་བོར་གྱུར་པས་ན་འགྲོ་བའི་ཡུལ་རང་སྟོང་པ་དང་༔ ཁམས་གསུམ་ཐམས་ཅད་ངར་འཛིན་གྱི་ཆོ་འཕྲུལ་ལས་ཤར་བས་ན་དེ་ལས་གཞན་པའི་འགྲོ་ཡུལ་ཟད་པ་ཡིན༔ འགྲོ་བའི་བདག་པོ་ཡང་མ་བྱུང་ཞིང་མི་གནས་པས་ཡུལ་མེད་དུ་རང་ཐལ་བའོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ དེ་ལྟར་བྱུང་གནས་འགྲོ་གསུམ་མེད་ཅིང་མ་གྲུབ་པར་ངེས་ན་སྣང་བ་ནས་སྣང་བ་བརྒྱུད་པ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངར་འཛིན་གྱི་ཤེས་པ་མངོན་དུ་གྱུར་ནས་རང་ཀློང་ལས་ང་དང་ང་ཡི་བ་མཆེད་ཅིང་༔ སླར་ཡང་རང་ཀློང་དུ་ཡལ་ནས་གཞི་སྟོང་ཉིད་ལུང་མ་བསྟན་དུ་འབྱམས་ཀླས་པ་རེས་མོས་སུ་མཆེད་སྡུད་བྱས་པས་རྨི་སྣང་དང་ཉིན་སྣང་ཁམས་གསུམ་གྱི་སྣང་བ་ཐམས་ཅད་མེད་བཞིན་སྣང་ཙམ་དུ་ཤར་བ་ཡིན་པས་འགྲོ་ས་དང་འགྲོ་མཁན་གྱི་ཡུལ་དང་བདག་པོ་མ་གྲུབ་པར་ཤེས་པར་གྱིས་ཤིག༔ ཅེས་གསུངས་པ་ལ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ངར་འཛིན་དབྱིངས་སུ་ནུབ་པའི་ཚེ་རྒྱུན་ཆད་པ་མིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངར་འཛིན་གྱི་སྣང་སེམས་དབྱིངས་སུ་ནུབ་པའི་ཚེ་ནའང་གཞི་རང་གི་ཡོན་ཏན་མངོན་དུ་མ་གྱུར་པའི་ལུང་མ་བསྟན་དེ་བདག་འཛིན་གྱི་རྒྱུ་ཡིན་པས་རྒྱུ་མ་རིག་པ་ང་བདག་གི་འཛིན་པ་རྒྱུན་མ་ཆད་པ་དེ་ཀ་གང་ཟག་གི་བདག་འཛིན་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་ཕྱི་ཡུལ་གྱི་སྟོང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ང་ལས་གཟུང་བ་ཆོས་ཀྱི་བདག་འཛིན་མཆེད་པ་འདི་དག་གི་མིང་དང་དངོས་པོ་མཚན་མ་ཐམས་ཅད་མ་གྲུབ་པའི་ཚུལ་བརྟག་པ་ལས༔ དང་པོ་མིང་གི་གདགས་གཞི་བརྟག་པས་ལུས་ཀྱི་མིང་རྣམས་སྟོང་པར་གཏན་ལ་དབབ་པ་ནི༔ མགོ་བོ་ཞེས་བྱ་བ་དེ་གང་ལ་གདགས་བརྟག་པས༔ སྐྲ་ནི་སྐྲ་ལས་མགོ་མ་ཡིན༔ མིག་ནི་མིག་ལས་མགོ་མ་ཡིན༔ རྣ་བ་ནི་རྣ་བ་ལས་མགོ་མ་ཡིན༔ སྣ་ནི་སྣ་ལས་མགོ་མ་ཡིན༔ ལྕེ་ནི་ལྕེ་ལས་མགོ་མ་ཡིན༔ དེ་བཞིན་དུ་པགས་པ་དང་༔ ཤ་དང་༔ རུས་པ་དང་༔ ཁྲག་དང་༔ ཆུ་སེར་རྩ་རྒྱུས་སོགས་ཐམས་ཅད་ལ་རང་རང་གི་མིང་སོ་སོར་སྣང་བ་ལས་མགོ་བོ་ཞེས་མ་གྲུབ་པའོ༔ ཞེས་གསུངས་པ་ལ༔ གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་སོ་སོར་དབྱེ་ན་མ་གྲུབ་ཀྱང་༔ ལྷན་ཅིག་ཏུ་འཚོགས་པ་ལ་མགོ་ཞེས་བྱ་བ་མ་ཡིན་ནམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ རིགས་ཀྱི་བུ་སྤྱིར་རྒྱུ་དེ་དག་ལྷན་ཅིག་འཚོགས་པ་ལ་མགོ་མི་བཏགས་པ་མང་པོ་འདུག་པ་ལ་ལྟོས་ཤིག༔ གཞན་གྱི་མགོ་ཞིག་རྡུལ་ཕྲན་ཏུ་བཏང་སྟེ་རྡུལ་ཚོགས་པར་བྱས་ནས་གཞན་སུ་ལ་བསྟན་ཀྱང་མགོ་ཞེས་མི་སྨྲ་བ་དང་༔ ཡང་ཆུས་སྦྲུས་ཏེ་རིལ་པོར་བྱས་ཀྱང་མགོའི་མིང་མི་འདོགས་པ་དང་༔ རྨི་ལམ་གྱི་དུས་སུ་སྣང་བའི་མགོ་བོ་དང་༔ ཉིན་སྣང་གི་དུས་ཀྱི་མགོ་བོ་དང་༔ འདས་པའི་དུས་སུ་སྣང་བའི་མགོ་བོ་དང་༔ མ་འོངས་པའི་དུས་སུ་སྣང་བར་འགྱུར་བའི་མགོ་བོ་རྣམས་གཅིག་ཏུ་འདུག་པ་ལ༔ རྨ་དང་སྐྲང་པ་དང་ལྦ་བ་དང་རྨེན་བུ་དང་སྨེ་ཤ་རྣམས་གང་ཡོད་ཀྱང་དུས་རྣམ་ཀུན་ཏུ་སྣང་དགོས་པ་ལས་དེ་འདྲ་མི་སྣང་ཞིང་༔ མགོ་བོ་སོ་སོ་ཐ་དད་པ་ཡིན་ན༔ མགོ་བོ་སྔ་མ་ཐམས་ཅད་བོར་བའམ༔ ཡང་ན་ནི་ཡེ་ནས་མ་གྲུབ་པའི་མཚང་སྟོན་ཏོ༔ སྟེང་གི་ཕྱོགས་སུ་གྱེན་དུ་བལྟ་བའི་ཕྱིར་མགོ་བརྗོད་པ་ཡིན་ཞེ་ན༔ ནམ་མཁའི་སྟེང་འོག་ལ་དཔྱད་དགོས་པས་ནམ་མཁའ་ལ་མགོ་མཇུག་སྟེང་འོག་ཇི་ལྟར་གྲུབ་བརྟག་པས་དེར་གང་ཡང་མ་གྲུབ་པའོ༔ དེ་བཞིན་དུ་མིག་ཅེས་བྱ་བ་གང་ལ་གདགས་ཞེ་ན༔ ཆུ་བུར་ཐམས་ཅད་ལ་མིག་གི་མིང་མི་གྲགས༔ པགས་པ་དང་༔ ཁྲག་དང་༔ ཚིལ་དང་༔ རྩ་རྒྱུས་རྣམས་ལ་མིག་གི་མིང་མ་གྲུབ་སྟེ༔ གོང་བཞིན་ལྷན་དུ་ཚོགས་པ་ལའང་མིག་མ་གྲུབ༔ གཟུགས་མཐོང་བའི་ཆུ་བུར་ལ་མིག་སྨྲའོ་སྙམ་ན༔ འདས་མ་འོངས་ད་ལྟ་རྨི་སྣང་ཉིན་སྣང་ཐམས་ཅད་དུ་གཟུགས་མཐོང་མཁན་དེ་ཉིད་ད་ལྟའི་ཆུ་བུར་འདི་ཡིན་ནམ་ལྟོས་ཤིག་དང་༔ ཡེ་གནས་ཀྱི་ཤེས་པས་རང་སྣང་མངོན་དུ་བྱེད་པ་ཉིད་ལས་ད་ལྟའི་ཆུ་བུར་འདི་མ་ཡིན་ཏེ༔ མིག་རྡོག་དུང་ཕྱུར་ལག་ཏུ་ཐོགས་ནས་ཕྱོགས་སུ་བལྟས་ཀྱང་གཟུགས་མི་མཐོང་༔ དེ་བཞིན་དུ་རྣ་བ་ཡང་ཤ་ལྤགས་རྩ་རྒྱུས་ཁྲག་དང་ཆུ་སེར་སྦུ་གུ་དང་བཅས་པ་ལ་རང་རང་གི་མིང་ལས་རྣ་བའི་མིང་མ་གྲུབ་ན་རྣ་བ་གང་ལ་གདགས༔ སྒྲ་ཐོས་པས་རྣ་བར་གདགས་ཞེ་ན་འདི་སྣང་དང་ཕྱི་སྣང་རྨི་སྣང་ཉིན་སྣང་ཀུན་ཏུ་སྒྲ་ཐོས་མཁན་རྣམས་འདི་ཡིན་ནམ་བརྟག་པས་ཐོས་མཁན་སེམས་ཀྱི་ཤེས་པས་གོ་བ་ལས་ད་ལྟའི་རྣ་བའི་གཟུགས་འདི་མ་ཡིན་པའི་ཚུལ་རྣ་བ་གྲངས་མེད་པ་ལག་ཏུ་ཐོགས་ནས་ཉན་ཀྱང་སྒྲ་མི་ཐོས་ན་རྣ་བ་ཡེ་ནས་མ་གྲུབ༔ སྣ་ཡང་དེ་བཞིན་དུ་མིང་དང་དངོས་མཚན་ལ་བརྟག་ཅིང་དཔྱད་པས་ཤ་དང་རུས་པ་ཁྲག་དང་ཆུ་སེར་རྩ་རྒྱུས་སྦུ་གུ་ཐམས་ཅད་ལ་རང་རང་གི་མིང་ཐ་དད་པ་ལས་སྣ་མ་གྲུབ་པ་དང་༔ ལྷན་ཅིག་ཚོགས་པ་ལའང་མ་གྲུབ་སྟེ༔ དྲི་ཚོར་བ་པོར་སྣ་ཞེས་བརྗོད་དེ་བུག་སྒོ་འདི་ནས་དྲི་ཚོར་བ་ཡིན་སྙམ་ན༔ རྨི་ལམ་དང་སྐྱེ་ལུས་གཞན་ལ་བུག་སྒོ་འདི་མི་དགོས་ཏེ་བར་དོའི་རྣམ་པར་ཤེས་པས་ཀྱང་དྲི་ཚོར་བས་སེམས་ཀྱི་ཤེས་པ་ལ་སྣ་མེད་པས་སྣ་ཡུལ་མེད་དུ་ཐག་ཆོད་པར་འགྱུར༔ ལྕེ་ཡང་དེ་བཞིན་དུ་ཤ་ཁྲག་པགས་པ་རྩ་རྒྱུས་སོ་སོར་ཕྱེས་ཀྱང་ལྕེ་མ་གྲུབ་པ་དང་༔ དེ་དག་ལྷན་ཅིག་ཏུ་ཚོགས་པ་ལའང་ལྕེའི་མིང་མ་གྲུབ་སྟེ༔ རོ་མྱོང་མཁན་འདི་ཉིད་ལྕེ་ཡིན་པར་འདོད་ན་རྨི་ལམ་དང་བར་དོ་སྐྱེ་ལུས་གཞན་གྱི་དུས་སུ་རོ་མྱོང་མཁན་འདི་ཀ་ཡིན་མིན་ལ་བརྟག་པས་ཤེས་པར་འགྱུར༔ ལུས་ཞེས་བྱ་བའང་པགས་པ་དང་ཚིལ་དང་ཤ་དང་ཁྲག་དང་རྐང་དང་རུས་པ་རྩ་རྒྱུས་ཐམས་ཅད་ལ་སོ་སོར་བརྟག་པས་ལུས་མ་གྲུབ༔ དེ་རྡུལ་དང་རྡུལ་ཕྲན་དུ་བཏང་ནས་ལྷན་ཅིག་ཚོགས་པར་བྱས་ཀྱང་ལུས་ཀྱི་མིང་མི་གནས༔ ཆུས་སྦྲུས་ནས་ལྷན་ཅིག་ཧྲིལ་པོར་བྱས་ཀྱང་ལུས་མ་ཡིན༔ རེག་བྱ་མྱོང་མཁན་ལ་ལུས་སུ་བཏགས་པ་ཡིན་ཞེ་ན་རྨི་ལམ་དང་བར་དོའི་སྐབས་ཀྱི་རེག་བྱ་མྱོང་མཁན་དེ་སུ་ཡིན་བརྟག་པས་སེམས་རྣམ་པར་ཤེས་པ་ཉིད་ཡིན་པར་ཐག་ཆོད་པའི་ཕྱིར་སེམས་ལ་ལུས་ཀྱི་མིང་མི་ཐོགས་པས་ལུས་མེད༔ ཡང་ལག་པ་ཞེས་བྱ་བའི་གནས་ལ་བརྟག་པས་སོག་པ་ནི་ལག་པ་མ་ཡིན༔ དཔུང་པ་ནི་ལག་པ་མ་ཡིན༔ ལག་ངར་ནི་ལག་པ་མ་ཡིན༔ མཐིལ་དང་སོར་མོ་ཡང་མ་ཡིན་པས༔ ལག་པ་གང་ཡིན་ངོས་ཟུངས་དང་ཞེས་བརྗོད་པས༔ ལག་པའི་བྱ་བ་བྱེད་པ་འདི་ལ་ལག་པར་སྨྲ་བ་ཡིན་ཞེ་ན༔ འོ་ན་རྨི་ལམ་དུ་ལག་པའི་བྱ་བ་བྱེད་པའི་ལག་པར་སྣང་བ་དང་༔ བར་དོར་དེ་ལྟར་སྣང་བ་ཐམས་ཅད་འདི་ཡིན་ནམ་བརྟག་ན་དེ་ཡང་མ་ཡིན་ཏེ་སེམས་ལ་སྣང་བ་ཙམ་ཡིན་པར་ཐག་ཆོད་པས་སེམས་ལ་ལག་པ་གདགས་པ་ལས་ལག་པ་མ་གྲུབ་པའོ༔ ཡང་སོག་པ་ལ་བརྟག་པས་ཤ་ནི་སོགས་པ་མ་ཡིན༔ རུས་པ་དང་རྩ་རྒྱུས་ནི་སོག་པ་མ་ཡིན༔ སོ་སོར་ཕྱེས་ཀྱང་མ་གྲུབ༔ རྡུལ་ཕྲན་དུ་བཏང་བའི་ཕྱེ་མ་ལྷན་ཅིག་ཚོགས་ཀྱང་མ་ཡིན༔ ཆུས་སྦྲུས་ཏེ་ལྷན་ཅིག་བསྒྲིལ་ཀྱང་མ་ཡིན་པ་དེ་བཞིན་དུ་ལྷུ་ཚིགས་ཐམས་ཅད་ལ་ཞིབ་ཏུ་བརྟག་སྟེ་མིང་གི་གདགས་གཞི་ཡུལ་མེད་དུ་གཏན་ལ་དབབ་པར་བྱའོ༔ གཞན་ཡང་ཕ་རོལ་ན་མི་སྣང་བའི་མིང་གང་ལ་གདགས༔ མགོ་བོ་ནི་མི་མ་ཡིན༔ དབང་པོ་ལྔ་ནི་མི་མ་ཡིན༔ ཤ་ཁྲག་རུས་པ་རྐང་དང་རྩ་རྒྱུས་ཡན་ལག་དང་ཉིང་ལག་རྣམ་པར་ཤེས་པ་དང་བཅས་པ་ལ་མིའི་མིང་མ་གྲུབ༔ དེ་བཞིན་དུ་ཁང་པ་ཞེས་བྱ་བ་གདགས་པའི་གཞི་གང་ལགས༔ ས་ནི་ཁང་པ་མ་ཡིན༔ རྡོ་ལ་ནི་རྡོ་ཉིད་ལས་ཁང་པའི་མིང་མ་གྲུབ༔ ཀྭ་བ་དང་ཕྱམ་དང་དྲལ་མ་དང་ས་འཛིན་རྣམས་ལའང་ཁང་པ་ཞེས་པའི་མིང་མ་གྲུབ༔ དེ་དག་ལྷན་ཅིག་ཏུ་སྤུངས་ཀྱང་ཁང་པའི་མིང་མ་གྲུབ༔ དཔེར་ན་ཁམ་ཕོར་ལའང་ཕྱི་ནི་ཁམ་ཕོར་མ་ཡིན༔ ནང་ནི་མ་ཡིན༔ ཁ་དང་མཐིལ་ཡང་མ་ཡིན༔ ཤིང་ཡང་མ་ཡིན༔ སོ་སོར་ཕྱེས་པའམ་ལྷན་ཅིག་ཚོགས་ཀྱང་གདགས་གཞི་ཡུལ་མེད་པའོ༔ རི་བོ་ཞེས་བྱ་བ་ཡང་༔ ས་ནི་རི་བོ་མ་ཡིན༔ རྡོ་ནི་མ་ཡིན༔ རྩྭ་དང་ཤིང་ནི་མ་ཡིན༔ དེ་དག་ལྷན་ཅིག་ཏུ་ཚོགས་ཀྱང་རི་བོ་མ་ཡིན་པས་རི་བོའི་མིང་སྟོང་པའོ༔ དབྱུག་པ་གཅིག་པུ་ལའང་མིང་གི་གདགས་གཞི་བརྟག་པས་རྩེ་མོ་ལ་རྩེ་མོ་ལས་དབྱུག་པ་མ་གྲུབ༔ རྟིང་པ་ལ་རྟིང་པ་ལས་མ་གྲུབ༔ ཤིང་ལའང་ཤིང་ལས་མ་གྲུབ༔ བསྲེགས་པའི་ཐལ་བ་ལ་ཐལ་བ་ལས་མ་གྲུབ༔ བརྡུངས་པའི་རྡུལ་ལ་རྡུལ་ལས་དབྱུག་པ་མ་གྲུབ་པས་མིང་དེའང་ཡུལ་མེད་དུ་ཡལ་བ་ལས་མ་འདས་པའོ༔ ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱང་རྡུལ་གྱི་ཁུང་ན་མ་གྲུབ༔ རྡུལ་ཕྲན་གྱི་ཁུང་ན་མ་གྲུབ༔ རྡུལ་ཕྲན་ཆ་མེད་ཀྱི་ཁུང་ནའང་མ་གྲུབ་པར་ཤེས་པར་གྱིས་ཤིག༔ མིང་གི་རྣམ་གྲངས་ཐམས་ཅད་སྒྱུ་མ་ལ་སྒྱུ་མ་མེད་པར་སྒྱུ་མ་མིང་ཙམ་གྱིས་ཟད་པ་དང་༔ སྨིག་རྒྱུ་ལ་སྨིག་རྒྱུ་མེད་བཞིན་མིང་ཙམ་དུ་ཟད་པ་དང་༔ རྨི་ལམ་ལ་རྨི་ལམ་མེད་བཞིན་མིང་ཙམ་གྱིས་ཟད་པ་དང་༔ གཟུགས་བརྙན་ལ་གཟུགས་བརྙན་མ་གྲུབ་པར་མིང་ཙམ་དུ་ཟད་པ་དང་༔ དྲི་ཟའི་གྲོང་ཁྱེར་ལ་དྲི་ཟའི་གྲོང་ཁྱེར་མིང་ཙམ་གྱིས་ཟད་པ་དང་༔ བྲག་ཆ་ལ་བྲག་ཆ་ཞེས་མིང་ཙམ་ལས་ཡུལ་མེད་པ་དང་༔ ཆུ་ཟླ་ལ་ཆུ་ཟླ་ཞེས་ཚིག་ཙམ་དུ་ཟད་པ་དང་༔ ཆུ་ལྦུར་ཡང་ཆུ་ལྦུར་བརྗོད་པའི་ཚིག་ཙམ་ལས་ཡུལ་མ་གྲུབ་པ་དང་༔ མིག་ཡོར་ཡང་མིང་ཙམ་ལས་ཡུལ་མ་གྲུབ་པ་དང་༔ སྤྲུལ་པ་ཡང་མིང་ཚིག་བརྗོད་པ་ཙམ་ལས་མ་གྲུབ་པ་ལ་མིང་གི་སྒྲ་བརྗོད་པ་དེ་བཞིན་དུ་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ཀྱི་མིང་ཚིག་བརྗོད་པའི་གདགས་གཞི་ཐམས་ཅད་མེད་ཅིང་མ་གྲུབ་པའི་སྟོང་པ་ཉིད་ཡིན་ཏེ༔ སྟོང་པ་ཡུལ་མེད་དུ་ཐག་ཆོད་ཅིང་སྟོང་ཉིད་ནམ་མཁའི་ཀློང་ཡངས་སུ་འགག་བསྡམ་པ་ནི་མན་ངག་གོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གདུལ་བྱ་བློ་རྨོངས་པ་བདེན་ཞེན་གྱིས་བཅིང་བ་རྣམས་ཀྱིས་མིང་གི་གདགས་གཞི་མེད་པ་ཙམ་གྱིས་གཞི་ཆོས་ཉིད་ཀྱི་གནས་ལུགས་རྟོགས་མི་ནུས་པས་ན༔ རྟོག་པ་ཕྲ་རགས་གཉིས་ཀྱི་སྒོ་ནས་མེད་པའི་ངང་ཚུལ་གཏན་ལ་དབབ་པའི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་འདི་ལྟར་ཤིང་གི་སྡོང་པོ་ཞིག་སྣང་ན་སྡོང་པོ་འདི་ཡོད་པ་རྟག་པ་ཡིན་ནམ༔ མེད་པ་ཅང་མེད་ཡིན་ནམ་བརྟག་ཤིང་དཔྱད་པ་ནི༔ རྟག་པ་ཡིན་ན༔ མི་ཆོད་པ༔ མི་ཤིགས་པ༔ བདེན་པ༔ སྲ་བ༔ བརྟན་པ༔ ཐམས་ཅད་དུ་ཐོགས་པ་མེད་པ༔ ཐམས་ཅད་དུ་མ་ཕམ་པ་དང་ལྡན་དགོས་པ་ཡིན་ཏེ༔ སྡོང་པོ་འདི་ལ་སྟྭ་རེས་བཏབ་པས་རྨ་བྱུང་བས་ན་ཆོད་པ་དང་༔ མང་དུ་བཏབ་ནས་བཤིག་ཚེ་འཇིགས་པ་དང་༔ གཅིག་གིས་མང་པོར་འགྱུར་བས་མི་བདེན་པར་རྫུན་པ་དང་༔ དེ་དཀར་ནག་གི་ཁ་དོག་དང་རྡུལ་གྱིས་བསླད་འཇུག་ནུས་པས་མི་སྲ་སྟེ་སྙི་བ་དང་༔ དུས་དང་རྐྱེན་གྱིས་འཕོ་འགྱུར་ཅན་དུ་གྲུབ་པས་མི་བརྟན་པ་དང་༔ ཡུལ་གང་ལའང་ཐོགས་རྡུག་ཅན་དུ་གྱུར་པས་ཐོགས་པ་དང་༔ འདི་ལ་ཇི་ལྟར་བྱས་ཀྱང་ཤིང་འདི་ཕམ་པར་འགྱུར་བས་ཕམ་པ་སྟེ༔ རྡོ་རྗེའི་ཆོས་གཅིག་ཙམ་ཡང་མི་ཚང་ན་མེད་ངེས་པ་རུ་ཐག་གཅོད་པར་བྱའོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་རྡོ་རྗེའི་ཆོས་བདུན་ཚང་བའི་རྡོ་རྗེ་དེ་གང་ལགས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་ཀུན་རྫོབ་རྫས་ཀྱི་རྡོ་རྗེ་ཞེས་ཡོད་པར་གླེང་བ་ནི་མོ་གཤམ་གྱི་བུ་ལྟ་བུ་སྟེ༔ རྫས་ཀྱི་རྡོ་རྗེ་རུས་པ་ལས་གྲུབ་པར་བསྟན་པ་དང་༔ རྡོ་ཡི་རྡོ་རྗེ་བསྲེགས་པས་འཇིག་པར་ནུས་པ་དང་༔ ལྕགས་ཀྱི་རྡོ་རྗེ་མེས་ཞུ་བ་རྣམས་ནི་བདེན་པར་མ་གྲུབ་པ་ཀུན་རྫོབ་ཀྱི་རྡོ་རྗེ་འཇིག་པའི་ཆོས་ཅན་ནོ༔ ཀུན་གྱི་སྣང་ཡུལ་ནམ་མཁའི་རྡོ་རྗེ་འདི་ནི་མཚོན་སོགས་གཞན་གྱིས་མི་ཆོད་པ༔ ཡུལ་དང་རྐྱེན་གྱིས་མི་ཤིགས་པ༔ སྐྱོན་དང་དྲི་མ་མེད་པར་སྣང་སྲིད་ཀྱི་མཆེད་གཞི་ཆེན་པོར་གྱུར་པས་བདེན་པ༔ སྐྱོན་དང་ཡོན་ཏན་གྱིས་བསླད་མི་འཇུག་པས་སྲ་བ༔ དུས་གསུམ་འཕོ་འགྱུར་དང་བྲལ་བས་བརྟན་པ༔ ཐམས་ཅད་སྟོང་པར་འབིག་པས་ཐམས་ཅད་དུ་ཐོགས་པ་མེད་པ༔ གང་གིས་ཀྱང་བཅོས་བསྒྱུར་བྱར་མེད་པས་ཐམས་ཅད་དུ་མ་ཕམ་པ་སྟེ༔ འདི་ནི་ཀུན་སྣང་ནམ་མཁའི་རྡོ་རྗེའོ༔ འདི་རང་རྒྱུད་པར་འཛིན་པ་རྣམས་ལ་ཀུན་རྫོབ་ཀྱི་རྡོ་རྗེ་དང་༔ འདིའི་ངང་ཚུལ་རྣམ་པར་ཐར་པ་མ་འདྲེས་ཡོངས་སུ་རྫོགས་པར་ཤེས་པ་རྣམས་ལ་དོན་དམ་མི་ཤིགས་པའི་རྡོ་རྗེའོ༔ དེ་ལས་གཞན་པའི་རྡོ་རྗེའི་ཆོས་བདུན་ཚང་བའི་ཡུལ་ཞིག་མཆིས་ན་རྟག་པ་ཡིན་ཀྱང་དེ་མ་མཆིས་ན་ཐམས་ཅད་མ་གྲུབ་པའི་སྟོང་པ་ཉིད་དུ་ངེས་པའོ༔ དེ་ལྟར་ཤིང་གི་སྡོང་པོ་དང་༔ ས་དང་རྡོ་དང་ཁང་ཁྱིམ་དང་ཀ་ཆ་ལ་སོགས་པའི་རྫས་དངོས་པོར་སྣང་བ་རྣམས་བརྡུང་བཅག་བཏུལ་གསུམ་བྱས་ནས་རྡུལ་དུ་བཏང་བས་རྡུལ་ཕྱེ་དང་༔ རྡུལ་བདུན་ཆར་བཏུལ་བས་རྡུལ་ཕྲ་རབ་དང་༔ ཕྲ་རབ་བདུན་ཆར་བཏུལ་བས་ཆ་མེད་དུ་བཏང་ནས་ཅང་མེད་ནམ་མཁའི་རང་བཞིན་དུ་ཡལ་བ་དང་༔ གཞན་ཡང་དངོས་པོ་གང་རུང་མེ་ལ་བསྲེགས་པའི་ཐལ་བ་ནམ་མཁར་རང་ཡལ་དུ་འགྲོ་བ་དང་༔ སྲོག་ཆགས་ཀྱི་གཟུགས་སུ་སྣང་བ་ཞིག་བསད་ཅིང་མེར་བསྲེག་པར་བྱས་པས་ཡུལ་མེད་དུ་ཡལ་བ་སོགས་སྣང་བའི་ཆོས་ཐམས་ཅད་ལ་དེ་བཞིན་དུ་བརྟག་ཅིང་དཔྱད་པས་ཐམས་ཅད་ཡུལ་མེད་དུ་ཡལ་བ་ལས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་དོ༔ དེ་ལྟ་བུའི་ཚུལ་ལ་བརྟག་དཔྱད་ནན་དུ་བྱེད་པ་གནད་ཀྱི་སྙིང་པོར་གྱུར་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་མ་གྲུབ་ཅིང་མི་བདེན་ན་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཅི་ལས་བྱུང་ཞིང་སྣང་བ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་བདག་ཏུ་འཛིན་པའི་རྒྱུ་བྱས༔ རྣམ་པར་རྟོག་པས་རྐྱེན་བྱས་ནས་སྣང་ཙམ་དུ་གྲུབ་པ་སྟེ༔ ཤེས་པ་དང་པོ་ཡུལ་དུ་འཕོས་པས་སྣང་བ་གློ་བུར་དུ་བསླང་༔ མེད་པར་བྱེད་སྙམ་པའི་རྣམ་པར་རྟོག་པ་དང་༔ དེས་བཤིག་པར་བྱེད་སྙམ་པའི་སྣང་བ་དེས་གནས་སུ་འགྱུར་བའམ་ཡུལ་མེད་དུ་ཡལ་བ་ཡིན་ནོ༔ ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་སྣང་ཙམ་མ་གཏོགས་ངེས་པར་རང་གི་ངོས་ནས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་དེ༔ དཔེར་ན་རྒྱུ་ཕ་རོལ་པོའི་མིག་དང་ནམ་མཁའ་དྭངས་གསལ་ལ་གཞི་བྱས༔ རྐྱེན་སྒྱུ་མའི་རྫས་སྔགས་དང་སྤྲུལ་སེམས་རྣམས་དུས་འཛོམ་པ་ལས་རྟེན་འབྲེལ་སྒྱུ་མའི་སྤྲུལ་པ་མེད་བཞིན་དུ་སྣང་བ་དང་༔ རྒྱུ་ནམ་མཁའ་དྭངས་གསལ་དང་༔ རྐྱེན་དྲོད་གཤེར་འཛོམ་པའི་རྟེན་འབྲེལ་ལས་སྨིག་རྒྱུ་མ་གྲུབ་བཞིན་དུ་སྣང་བ་དང་༔ རྒྱུ་ཀུན་གཞིའི་རྣམ་ཤེས་དྭངས་གསལ་དང་༔ རྐྱེན་བདག་ཏུ་འཛིན་པའི་རྟེན་འབྲེལ་ལས་རྨི་སྣང་མེད་བཞིན་དུ་འབྱུང་བ་ལ་དངོས་འཛིན་བདེན་ཞེན་ཉིན་སྣང་ལྟ་བུར་འཁྲུལ་པ་དང་༔ རྒྱུ་མེ་ལོང་དྭངས་གསལ་དང་༔ རྐྱེན་ཕ་རོལ་པོའི་བྱད་དུས་འཛོམ་པའི་རྟེན་འབྲེལ་ལས་གཟུགས་བརྙན་མེད་བཞིན་དུ་སྣང་བ་དང་༔ རྒྱུ་བསམ་གཏན་བསྒོམ་པའི་ཏིང་ངེ་འཛིན་ལ་བརྟེན་ནས༔ རྐྱེན་སྣོད་དང་རླན་གཤེར་དུས་འཛོམ་པའི་རྟེན་འབྲེལ་ལས་ཡུལ་ལ་དྲི་ཟའི་གྲོང་ཁྱེར་སྣང་བ་དང་༔ རྒྱུ་བྲག་སོགས་སྲ་ཞིང་མཐོ་བ་དང་རྣ་བའི་རྣམ་པར་ཤེས་པ་ལ༔ རྐྱེན་ཀྭི་བཏབ་པ་སོགས་སྒྲ་སྐད་གྲགས་པའི་རྟེན་འབྲེལ་ལས་བྲག་ཆ་འབྱུང་བ་དང་༔ རྒྱུ་ཆུ་དྭངས་གསལ་དང་༔ རྐྱེན་ནམ་མཁའི་གཟའ་སྐར་ཤར་བ་དུས་འཛོམ་པའི་རྟེན་འབྲེལ་ལས་གཟུགས་བརྙན་སྣང་བ་དང་༔ རྒྱུ་ཆུ་ཉིད་ལ་བརྟེན་ནས༔ རྐྱེན་དེ་རྙོག་པའམ་དཀྲུག་པ་དུས་འཛོམ་པའི་རྟེན་འབྲེལ་ལས་ཆུ་ལྦུར་འབྱུང་བ་དང་༔ རྒྱུ་མིག་ལ་བརྟེན་ནས༔ རྐྱེན་མིག་རྩ་བཙིར་བ་དུས་འཛོམ་པའི་རྟེན་འབྲེལ་ལས་མིག་ཡོར་འབྱུང་བ་དང་༔ སྒྱུ་སྤྲུལ་པ་ལ་དབང་བ་རྣམས༔ རྐྱེན་སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་ཞུགས་པའི་རྟེན་འབྲེལ་ལས་སྤྲུལ་པ་མེད་བཞིན་དུ་སྣང་བའོ༔ དེ་ལྟར་དཔེ་བཅུ་པོ་རྒྱུ་ལ་བརྟེན་པས་རྟེན་དང་༔ རྒྱུ་རྐྱེན་གཉིས་སུ་མེད་པས་འབྲེལ་པ་དང་༔ མེད་བཞིན་དུ་སྣང་བ་འབྱུང་བས་འབྱུང་བའོ༔ དེ་བཞིན་དུ་གཞི་དབྱིངས་ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་གཞི་མེད་རྩ་བྲལ་གྱི་མཁའ་དབྱིངས་ཡུལ་མེད་ཟང་ཐལ་གྱི་རོལ་པ་ལ༔ ང་ཞེས་བདག་ཏུ་འཛིན་པའི་ཤེས་པ་རྒྱུན་ཆགས་པས་གཞི་དུམ་བུར་བཅད་དེ་བདག་ཚུར་ལ་བཅད་པས་གཞི་དབྱིངས་ཕྱི་རུ་སོང་སྟེ་གཞི་དྭངས་གསལ་མེ་ལོང་ལྟ་བུར་ཅིར་ཡང་འཆར་དུ་རུང་བ་ལས་ཁམས་གསུམ་གྱི་སྣང་བ་མཆེད་པ་ཡིན༔ དེའི་མཚོན་དཔེ་ནི་རྒྱ་མཚོ་གཉིས་སུ་མ་གྲུབ་པ་ལ་ལྦུ་བ་བརྡོལ་བས་རྒྱ་མཚོ་ཕ་གི་བར་སོང་བ་དང་༔ ནམ་མཁའ་ལ་ནམ་མཁའ་ཉིད་ལས་མེད་པ་ལ་འཇའ་ཚོན་སྣང་བས་ནམ་མཁའ་གཞན་དུ་སྣང་བ་ལྟ་བུའོ༔ ང་ལ་བརྟེན་པས་ན་རྟེན༔ བདག་གཞན་གཉིས་སུ་མེད་པས་ན་འབྲེལ༔ ཡུལ་ཕ་རོལ་ལ་མེད་བཞིན་དུ་འབྱུང་བས་ན་འབྱུང་ཞེས་བྱའོ༔ དེ་ལྟར་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ཀྱི་ངང་ཚུལ་ཡིན་ལུགས་ལ་བརྟག་ནས་ཆོས་ཉིད་ནམ་མཁའ་སྟོང་པའི་རོལ་པ་རུ་ཐག་ཆོད་པར་བྱ་བ་གནད་དུ་ཟུངས་ཤིག༔ དེ་ཡང་ཉིན་སྣང་གི་ཡུལ་སྣང་བ་སྣོད་ཀྱི་འཇིག་རྟེན་སྲིད་པ་བཅུད་ཀྱི་སེམས་ཅན་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་གཉིད་དུ་སོང་ཚེ་ཀུན་གཞི་སྟོང་ཧད་ནམ་མཁའི་རང་བཞིན་དུ་ཞིག་ནས་དེའི་ངང་དུ་འབྱམས་ཀླས་པ་དང་༔ སླར་ཡང་ལས་རླུང་གཡོས་པའི་ཆོ་འཕྲུལ་ལས་བདག་འཛིན་གྱི་ཤེས་པ་ལངས་པས་བདག་ཏུ་སྣང་བ་ལས་ཕྱི་ནང་སྣོད་བཅུད་འདོད་ཡོན་ཐམས་ཅད་གཞི་དབྱིངས་སུ་སྔར་བཞིན་རྨི་ལམ་གྱི་སྣང་བར་མཆེད་དེ་བདེ་སྡུག་བར་གསུམ་ཉེ་བར་ལེན་ཅིང་བདེན་པར་ཞེན་ནས་འཁྲུལ་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་ཀུན་སྣང་བཀོད་པའི་དབང་པོ་སྟན་ལས་ལངས་ཏེ་གུས་པས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་སྣང་བ་ཐམས་ཅད་ཞིག་པ་ནི་མི་འདོད་དེ༔ བདག་མལ་སར་ཞུགས་ནས་གོས་ཀྱིས་དྲོ་བར་གཡོགས་ཏེ་གཉིད་དུ་སོང་བའི་ཚེ་སྣང་བའི་བཀོད་པ་འདི་དག་ཤུལ་དུ་ལུས་པར་འདོད་ཀྱི༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་ཀུན་སྣང་བཀོད་པའི་དབང་པོ་དེ་ལྟར་ཁྱེད་མལ་དུ་ཞུགས་ནས་གོས་དྲོ་བར་གཡོགས་ཏེ་གཉིད་ལོག་པའི་ཚེ་ཉིན་སྣང་གི་སྣོད་བཅུད་འདོད་ཡོན་ཐམས་ཅད་ཤུལ་དུ་བོར་བ་ཡིན་ན༔ རྨི་ལམ་གྱི་ཡུལ་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ༔ གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་༔ འདོད་ཡོན་ལྔའི་སྣང་བ་བཀོད་ལེགས་པ་དེ་དག་མཆེད་པའི་ཡུལ་ཕྱི་ནང་གང་དུ་འདུག་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ ཀུན་སྣང་བཀོད་པའི་དབང་པོ་ན་རེ༔ ལུས་ཀྱི་ནང་དུ་མཆེད་པ་ཡིན་པར་འདོད༔ ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་རྡོ་རྗེ་ལུས་ཀྱི་མགོའི་ནང་ནས་བཟུང་སྟེ་གནས་ཐམས་ཅད་དུ་བསམ་མནོ་ཐོང་དང་༔ དེ་ལྟར་སྣང་བའི་ཆོས་རྒྱ་ཆེ་ལ་གྲངས་མང་བ་རི་དང་ལུང་པ་མང་པོ་དེ་དག་མཆེད་པའི་གནས་གང་ལགས་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་བརྟག་ཅིང་དཔྱད་ན་མགོ་བོ་ནི་དེ་ལྟར་སྣོད་བཅུད་སྣང་བ་མཆེད་པའི་རྒྱ་ཁྱོན་མེད་ལ༔ ཡན་ལག་ཀྱང་མ་ཡིན༔ བྱང་ཁོག་ཀྱང་མ་ཡིན་ཏེ༔ རྣམ་པར་ཤེས་པ་ལུས་ཀྱི་ཕྱི་རོལ་དུ་ཐོན་ནས་ཡུལ་གཞན་ཞིག་མཐོང་བ་ཨེ་ཡིན་སྙམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་ཁྱོད་ཀྱི་བེམ་རིག་བྲལ་ནས་རྣམ་པར་ཤེས་པ་ཕྱིར་ཐོན་པ་ཡིན་ན་སྒོ་གང་ནས་འགྲོ༔ སླར་ལུས་ལ་ཞུགས་པའི་དུས་སུ་ཡང་སྒོ་གང་ནས་ཞུགས་ངོས་ཟུངས་ཤིག༔ རྨི་ལམ་གྱི་ཡུལ་དེ་འདི་ནས་ཕྱོགས་མཚམས་སྟེང་འོག་གང་ལགས༔ རྨི་ལམ་གྱི་ཡུལ་སྣང་སྣོད་བཅུད་ཐམས་ཅད་ཉིན་སྣང་གི་དེ་དང་གཅིག་པར་འདོད་དམ༔ སོ་སོར་འདོད་ང་ལ་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ བྱང་ཆུབ་སེམས་དཔའ་ན་རེ༔ སྒོ་མ་མཐོང་སྟེ་ཤར་ལྷོ་ནུབ་བྱང་དུ་ངོས་ཡང་མ་ཟིན༔ ཡུལ་གཞན་ཞིག་ཡིན་སེམས་པ་ཡིན༔ ཅེས་ཞུས་པས༔ བཀའ་སྩལ་པ༔ སྒོ་འགྲིམ་པར་སེམས་ན་ཉིན་སྣང་དུ་གནས་ཁང་ཕྱི་ནང་དུ་བགྲོད་པའི་སྒོ་སྣང་ཞིང་ངོས་བཟུང་ཡང་ཡོད༔ ཡུལ་འདིའི་ཕྱོགས་མཚམས་ཞིག་ཏུ་ཕྱིན་པར་ངེས་ན་འབྱུང་བ་སྣོད་བཅུད་ཐམས་ཅད་ཉིན་སྣང་དང་རོ་གཅིག་པར་འདུག་པས་རྨི་སྣང་མ་ཡིན༔ བེམ་རིག་བྲལ་བའི་རྗེས་སུ་སླར་འཇུག་སྲིད་ན་སེམས་ཅན་ཤི་བ་ཐམས་ཅད་སླར་ཡང་རང་ལུས་ལ་ཞུགས་མི་ནུས་པའི་དོན་མ་མཆིས༔ མཚན་མོའི་ལུས་ལ་བེམ་རིག་བྲལ་བས་བེམ་པོ་དྲོད་དང་བྲལ་ནས་རོ་རུ་མི་འགྲོ་ན་ཤི་བའི་ཚེ་ནའང་དྲོད་དང་བྲལ་བའི་དོན་མ་མཆིས༔ དེ་ལྟར་ཉིན་སྣང་དང་མཚན་སྣང་གཅིག་པར་འདོད་ན་གཉིད་ཀྱིས་མཚམས་བཅད་དམ་མ་བཅད༔ ཐ་དད་དུ་འདོད་ན་གཅིག་ཐོག་ཏུ་གཅིག་སྟེང་ཞབས་སམ་ཕྱི་ནང་བྱས་ནས་མཆེད་པ་ཡིན་ནམ༔ གང་ལྟར་འདོད་པ་དེ་ང་ལ་སྨོས་ཤིག༔ ཅེས་གསུངས་པས༔ ཡང་ཞུས་པ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་བརྟག་ཅིང་དཔྱད་པས་ཡུལ་གཞན་དུ་ཕྱིན་པ་ཡིན་ན་ལུས་ཀྱང་རོ་རུ་འགྱུར་བ་དང་༔ སྣོད་བཅུད་སྣང་བ་ཐམས་ཅད་ཀྱང་གཅིག་དགོས་པས་གཉིད་ཀྱིས་མཚམས་མ་ཆད་པར་ཡོད་དགོས་པ་དང་༔ ཤི་བའི་ཚེ་ཡང་ལུས་ལ་སླར་འཇུག་པའི་ཐབས་ཡོད་དགོས་པ་དང་༔ ཉིན་སྣང་དང་མཚན་སྣང་ཐ་དད་པ་ཡིན་ན་སྣང་བ་གཅིག་ཐོག་ཏུ་གཅིག་མཆེད་དགོས་པ་དང་༔ གཅིག་པར་འདོད་ན་ཉིན་སྣང་དང་རྨི་སྣང་གི་དབྱེ་བ་མེད་པས༔ ཉིན་སྣང་དབྱིངས་སུ་ནུབ་ནས་རྨི་སྣང་མཆེད་པ་ལགས་སོ༔ ཞེས་ཞུས་སོ༔ ཡང་ཀུན་སྣང་བཀོད་པའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལུས་འདི་མཆིས་ན་ཕ་མའི་རྒྱུ་རྐྱེན་ལ་ལྟོས་པ་ཅན་ཡིན་དགོས་ཏེ༔ སྣང་བ་གནས་འགྱུར་མ་ཡིན་པའི་མཚང་ཐོན་པས་ཕ་མ་འདི་ཅིའི་ཕྱིར་སྣང་༔ ལུས་འདི་གང་གི་ཕྱིར་སྣང་༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ལུས་གྲུབ་པ་ལ་ཕ་མ་གཉིས་མཆིས་དགོས་པ་ཡིན་ན༔ བར་དོའི་ལུས་དང༔ རྨི་ལམ་གྱི་ལུས་དང༔ དྲོད་གཤེར་ལས་སྐྱེས་པ་དང་༔ བརྫུས་ཏེ་སྐྱེས་པ་དག་ལ་ལུས་སྣང་ཡང་ཕ་མ་མ་གྲུབ༔ ཁྱོད་ལུས་འདི་ཕ་མ་གཉིས་ལ་ལྟོས་གྲུབ་ཏུ་འདོད་ན་སེམས་ཅན་ལུས་ཅན་མ་བྱུང་བའི་གོང་རོལ་ན་ཕའི་ཐོག་མ་དེ་གང་ནས་བྱུང་༔ གནས་ས་གང་དུ་བཟུང་༔ མཐའ་མ་གང་དུ་སོང་༔ མ་ཡང་དེ་ལྟར་བྱུང་གནས་འགྲོ་གསུམ་གྱི་ཚུལ་ལ་ལྟོས་ཤིག༔ དེ་ལྟར་ད་ལྟའི་ལུས་འདིའི་ཕ་མ་ཡན་ཆད་ལ་རིམ་པ་བཞིན་དུ་དཔྱོད་ཅིག༔ རྟོགས་ཤིག༔ ཅེས་གསུངས་སོ༔ སྣང་བའི་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་ལགས་སོ༔ བདག་གིས་སྣང་བ་གཏན་ལ་ཕབ་པས་བདག་གཅིག་པུའི་སྣང་བ་ལ་མེད་པར་སྣང་ཙམ་ཡིན་ནམ་སེམས་པས༔ དེ་ལྟར་ལགས་སམ་མ་ལགས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་ཁྱོད་དེ་ལྟར་མ་སེམས་ཤིག༔ གལ་ཏེ་ཁྱོད་ཀྱིས་དེ་ལྟར་སྣང་བ་ཐམས་ཅད་གཏན་ལ་ཕབ་པས་ཐམས་ཅད་སྟོང་པར་མཐོང་བས་མཐར་ཁྱོད་གཅིག་པུ་ལ་མེད་པར་སྣང་བ་ཙམ་ལས་ངེས་པར་སྟོང་པ་མ་ཡིན་པར་ཐག་གཅོད་ན་མི་སྟོང་པ་ལ་སྟོང་པའི་རྒྱས་འདེབས་པ་དང་༔ ཡོད་པ་ལ་མེད་པར་བློ་སྦྱོང་བ་ཙམ་སྟེ༔ སྟོང་ཉིད་ཀུན་རྫོབ་ཏུ་ལ་བཟླས་ནས་ཡོད་པ་དོན་དམ་པར་འཛིན་པས་རང་གཅིག་པུའི་ངོས་ནས་མ་གྲུབ་པར་འདོད་ན་བདག་གཅིག་པུ་སྟོང་པར་གོ་བ་གང་ཟག་གི་བདག་མེད་ཙམ་ཉན་ཐོས་ཀྱི་ལྟ་བ་རུ་སོང་བ་ཡིན་ནོ༔ སྣང་སྲིད་ཐམས་ཅད་སྒྱུ་མའི་དཔེ་བཅུ་ལྟ་བུར་གཏན་ལ་དབབ་ནས་སྒྱུ་མ་མཁན་ལས་སྣང་ཡུལ་གཞན་མ་གྲུབ་པ་སྣང་དུས་ཉིད་ནས་སྣང་མཁན་རང་ངོར་ཡལ་བ་བཞིན་བདེན་པར་མ་གྲུབ་པ་ཉིད་དུ་ལ་བཟླ་བ་དོན་དམ་པའི་སྟོང་པ་ཉིད་དུ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ སྣང་བའི་དབང་པོ་ན་རེ༔ བདག་གིས་འདི་སྙམ་དུ་སེམས༔ སེམས་ཅན་གཅིག་གི་སྣང་བ་མ་ཡིན་ཏེ༔ གལ་ཏེ་ཁམས་གསུམ་ཐམས་ཅད་བདག་གི་སྣང་བ་ཙམ་ཡིན་ན༔ བདག་གཅིག་པུའི་སྣང་བ་འགྱུར་ཚེ་ཁམས་གསུམ་གྱི་སྣང་བ་ཐམས་ཅད་དེ་ཉིད་དུ་འགྱུར་བ་དང་༔ ཤི་བ་དང་༔ ཡལ་བ་དང་༔ དུབ་པ་རུ་ཐག་བཅད་དགོས་ཏེ༔ དེ་ཡང་མ་ཡིན་པས་བདག་གིས་ཡུལ་ཕ་གི་བ་རྣམས་སྣང་བ་དེ་ལས་ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་བདག་དང་མཉམ་དུ་ཤི་བ་དང་ཡལ་བར་མི་སེམས་པས༔ དེའི་དོན་ཡང་དག་པར་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཁྱོད་ཀྱིས་སེམས་པ་དེ་ལྟ་བུ་ཞིག་སེམས་ཅན་ཐམས་ཅད་ཀྱིས་ཤེས་ཤིང་བདེན་པར་འཛིན་པས་འཁྲུལ་པ་ཡིན༔ བདག་གིས་གཞན་ལ་སྤྱོད་པར་ཤེས་པ་ནི་སྟོང་ཉིད་རྟོགས་པ་མ་ཡིན་ནོ༔ ཚེ་འཁོར་བ་ཐོག་མ་མེད་པ་ནས་རང་སྣང་གཞན་དུ་བཟུང་སྟེ་ཉེ་བར་བླངས་ནས་འཁྲུལ་པ་ཡིན༔ རྨི་ལམ་གྱི་སྣང་སྲིད་འདོད་ཡོན་ཐམས་ཅད་སད་དུས་ཉིད་ནས་ཤུལ་དུ་ལུས་ཏེ་དོར་བ་མ་ཡིན་ཏེ༔ ཐམས་ཅད་སེམས་ཀྱི་ངང་དུ་ཡལ་བ་དེ་བཞིན་དུ་སྣང་བ་ཐམས་ཅད་རང་ལ་ཡལ་བ་ལས༔ གཞན་ཕ་རོལ་ན་སྣོད་བཅུད་འདོད་ཡོན་རང་རྒྱུད་ཅན་མེད་པར་ཐག་ཆོད་དགོས་པ་ཡིན༔ བདག་གཅིག་པུའི་ངོས་ན་རང་ལས་སེམས་ཅན་དང་སྣང་བ་མེད་པར་བཟུང་ནས་སྣང་བ་བདེན་པར་འཁྲུལ་པ་སེམས་ཅན་གྱི་འཁྲུལ་ལམ་ཡིན་པས༔ དེའི་ངང་ཚུལ་སེམས་ལ་ལྟོས་ཤིག་དང་༔ སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་ཚེ་སེམས་ཅན་དམུས་ལོང་རྣམས་ཀྱིས་སྟོང་ཉིད་གཏན་ལ་དབབ་ཅིང་བདག་གི་ངོས་ནས་མ་གྲུབ་ཀྱང་སྣོད་བཅུད་རང་རང་གི་ངོས་ན་རང་རྒྱུད་ཅན་ཞིག་ངེས་པར་གྲུབ་པ་ཙམ་གྱིས་ཐོག་ཏུ་ཕེབས་ནས་ཐག་དེར་བཅད་པ་ལས༔ དོན་དམ་པའི་ལམ་སྟོང་པ་ཉིད་ངོ་འཕྲོད་པ་ནི་ཤིན་ཏུ་དཀོན་པས་འདིའི་གནད་ཀྱི་ངང་ཚུལ་ལ་ཞིབ་ཏུ་ལྟོས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་མེད་པས་སྟོང་ཉིད་ངེས་ཅན་ཞིག་ཡིན་ན༔ སྣང་སྲིད་ཀྱི་ཁམས་སུ་བདེ་སྡུག་མྱོང་ཚོར་དང་ཡུལ་ནས་ཡུལ་དུ་ཁ་བརྒྱུད་པ་མེད་ངེས་ཡིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་སེམས་ཅན་ཆེན་པོ་འདིས་ཚེ་རབས་ཐོག་མ་མེད་པ་ཞིག་ནས་ཁམས་གསུམ་གྱི་འཁོར་བར་འཁོར་མ་མྱོང་༔ གཞན་ཡུལ་མང་པོར་ཁ་བརྒྱུད་ནས་འཕོ་བགྲོད་བྱས་པའང་མེད༔ མིག་གིས་གཟུགས་སྤུ་རྩེ་ཙམ་ཡང་མ་མཐོང་༔ རྣ་བས་སྒྲ་བྲག་ཆ་ཙམ་ཐོས་མ་མྱོང་༔ སྣས་དྲི་དང་༔ ལྕེས་རོ་དང་༔ ལུས་ཀྱིས་རེག་བྱ་རྣམས་ཀྱང་དེ་བཞིན་ཚོར་མ་མྱོང་༔ འཁོར་བའི་ཁམས་ལ་གོམ་པ་གཅིག་ཀྱང་འདོར་མ་མྱོང་༔ ལས་ཀ་སོ་ནམ་བྱ་བྱེད་འབད་རྩོལ་ཏིལ་འབྲུ་ཙམ་ཡང་བྱེད་མ་མྱོང་༔ འདུག་པ་དང་༔ ལངས་པ༔ ཡན་ལག་ཐམས་ཅད་ཀྱིས་འགུལ་བསྐྱོད་བྱས་པ་མེད༔ སྐྱེ་བ་དང་༔ གཞོན་པ་དང་༔ དར་བ་དང་༔ རྒུད་པ་དང་༔ ན་བ་དང་༔ འཆི་བ་ལ་སོགས་མྱོང་ཚོར་བྱུང་མ་མྱོང་ངེས་པ་རུ་ཐག་ཆོད་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཐོག་མཐའ་མེད་པར་འཁྲུལ་པ་འདི་ཡང་ངེས་པ་དང་༔ འཁོར་བ་མང་པོར་ཁ་བརྒྱུད་པའང་ངེས་པ་དང་༔ རྒྱལ་ཁམས་མིག་གིས་མཐོང་བ༔ སྒྲ་སྐད་རྣ་བས་ཐོས་པ༔ དྲི་ཚོགས་སྣས་ཚོར་བ༔ རོའི་བྱེ་བྲག་རྣམས་མངོན་སུམ་མིག་གིས་མཐོང་༔ དོན་དམ་ལག་པས་བཟུང་ནས་ཁ་རུ་ཟོས་པས་རོ་མྱོང་༔ རེག་བྱ་འཇམ་རྩུབ་ཐམས་ཅད་ལུས་ཀྱིས་མྱོང་བ་དང་༔ ས་སྟེང་རྐང་པས་བསྐོར་བ་དང་༔ སྐྱེ་རྒ་ན་འཆིའི་སྣང་བ་མངོན་སུམ་དུ་བྱུང་བ་དང་༔ འབད་རྩོལ་གཡོ་འགུལ་བྱས་པའི་སྒོ་ནས་ལས་ཀ་སོ་ནམ་ལ་བརྩོན་པ་འདི་མ་གྲུབ་པ་ཅིའི་ཕྱིར་བསྟན་པ་ཡིན༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རྨི་ལམ་གྱི་ཡུལ་ནས་ཉིན་སྣང་གི་ཡུལ་དུ་བགྲོད་པ་མིན་ཏེ་སྣང་བ་གནས་འགྱུར་ལྟ་བུ་དང་༔ རྨི་ལམ་ན་རྒྱལ་ཁམས་མཐོང་ཡང་དེ་རིང་བརྟག་པས་ཏིལ་མིག་ཙམ་མ་མཐོང་བ་དང་༔ རྨི་ལམ་ན་སྒྲ་སྐད་སྣ་ཚོགས་པ་དང་༔ དྲི་དང་༔ རོ་དང་༔ རེག་བྱར་སྣང་བ་སྣ་ཚོགས་ཤར་ཡང་༔ དེ་རིང་བརྟག་ན་རྣ་བས་རང་སྒྲ་རང་གིས་ཐོས་པ་དང་༔ སྣས་རང་དྲི་རང་གིས་ཚོར་བ་དང་༔ ལྕེས་རང་རོ་རང་གིས་མྱོང་བ་ལས་གཞན་པའི་ཟས་ཁམ་གཅིག་ཟ་མ་མྱོང་བ་དང་༔ རྨི་ལམ་ན་རྒྱལ་ཁམས་རྐང་པས་བསྐོར་བ་རྨིས་ཀྱང་དེར་གོམ་པ་གཅིག་དོར་བ་མེད་པ་དང་༔ རྨི་ལམ་ན་ལས་ཀ་སོ་ནམ་འབད་རྩོལ་སྣ་ཚོགས་བྱེད་པར་སྣང་ཡང་དེ་རིང་ལྟོས་དང་སྐད་ཅིག་ཙམ་བྱས་པ་མེད་པ་དང་༔ དེ་བཞིན་དུ་སྐྱེ་རྒ་ན་འཆི་འགྲོ་འདུག་འགུལ་བསྐྱོད་ཀྱི་སྣང་བ་ཐམས་ཅད་མེད་བཞིན་དུ་འཁྲུལ་པའི་སྣང་བ་སྣང་ཙམ་ཉིད་ལས་ཡུལ་མེད་གནས་མེད་རྟེན་མེད་མ་བྱུང་མ་སྐྱེས་པ་དེས་སྟོན་པ་ལ་ལྟོས་ཤིག༔ དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་སྣང་ཙམ་ལས་སྟོང་པ་བདེན་པར་མ་གྲུབ་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ རྨི་ལམ་དང་ཉིན་སྣང་མི་འདྲ་སྟེ༔ རྨི་ལམ་འཁྲུལ་སྣང་དང་༔ ཉིན་སྣང་བདེན་གྲུབ་ཅན་བློ་ཡིད་བརྟན་པ་བསྒྱུར་མི་ཐུབ་པ་ཞིག་ཡོད་པར་སྣང་བས་ན༔ དེའི་ངང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཁྱོད་ཀྱི་ལུས་འདི་སྣང་ནས་ཡིད་ལ་དྲན་ཚུན་ཆད་དུ་ཉིན་སྣང་གི་ལས་ཀ་བྱ་བྱེད་སོ་ནམ་རྙེད་པ་གསོག་འཇོག་འབད་རྩོལ་འདོད་ཡོན་གྱི་སྣང་བ་ཐམས་ཅད་ད་ལྟ་གང་ན་མཆིས༔ དོན་དང་བྱ་བ་གང་འགྲུབ༔ བདེན་པར་གྲུབ་པ་ཅི་ཡོད་གང་ཡིན་ངོས་ཟུངས་ཤིག༔ དེ་བཞིན་དུ་རྨི་ལམ་གྱི་སྣང་བ་དང་མཉམ་མི་མཉམ་གྱི་ཚུལ་དང་༔ དེ་གཉིས་ཀ་ལ་ཡུན་རིང་ཐུང་དང་གྲངས་མང་ཉུང་ལ་ཁྱད་པར་ཡོད་མེད་ལྟོས་ཤིག༔ འཁོར་འདས་གཉིས་ལ་འཁྲུལ་དང་མ་འཁྲུལ་གཉིས་ལས་བྱེ་བྲག་ཕྱེད་རྒྱུ་མེད་དེ༔ རྨི་ལམ་འཁྲུལ་པ་མི་བདེན་ཅིང་ཉིན་སྣང་མ་འཁྲུལ་པ་བདེན་པར་འཛིན་ན༔ ཉིན་སྣང་དུ་སངས་རྒྱས་མ་འཁྲུལ་པ་དང་༔ རྨི་སྣང་དུ་སེམས་ཅན་འཁྲུལ་པར་འདོད་པ་ཡིན་ནམ༔ དེ་ཡིན་ཞག་གཅིག་ལ་འཁོར་འདས་གཉིས་གནས་འགྱུར་བས་གཉིས་ཀ་གང་ལའང་རེ་སྨོན་མེད་པར་ཐག་ཆོད་པ་དང་༔ ཡང་ན་དེ་གཉིས་འཁྲུལ་པ་ཡིན་ཡང་འཁྲུལ་པ་ལ་བདེན་རྫུན་ཡོད་པར་སེམས་ན་འཁྲུལ་སྣང་ལ་ཁྱད་པར་ཡོད་པའི་དོན་མ་མཆིས༔ མ་ཡིན་པ་ལ་ཡིན་པར་བཟུང་བས་འཁྲུལ་སྣང་ཞེས་བྱའོ༔ ཁྱོད་ཀྱི་རྨི་ལམ་ན་འདི་རྨི་ལམ་མོ༔ འདི་ནི་འཁྲུལ་པའོ་སྙམ་ནས་བདེན་རྫུན་མི་བྱེད་པ་ཨེ་ཡིན༔ དགྲ་ལ་སྡང་སེམས་དང་༔ གཉེན་ལ་ཆགས་སེམས་དང་༔ བཟང་པོ་ལ་རེ་བ་དང་༔ ངན་པ་ལ་དོགས་པ་མེད་པ་ཡིན་ནམ༔ དེ་མ་ཡིན་པར་ཉིན་དུས་ཡང་བཟང་ངན་བདེ་སྡུག་འདོད་ཡོན་ཐམས་ཅད་ལ་བདེན་ཞེན་སྐྱེས་ནས་བདེན་པར་འཛིན་པ་དང་༔ རྨི་སྣང་ལའང་དེ་བཞིན་དུ་བདེན་པར་འཛིན་ཅིང་བདེན་ཞེན་ཉིན་མོའི་སྣང་བ་བཞིན་དུ་ཡོད་ན་ཁྱོད་ཀྱིས་རང་གིས་རང་ལ་རྫུན་དང་གཡོ་སྒྱུའི་སྣང་སེམས་བཀོད་ནས་དེར་བདེན་ཞེན་སྐྱེས་ཏེ་རང་བསླུས་པའི་ངང་ཚུལ་ལ་ལྟོས་ཤིག༔ ཀྱཻ་སྣང་བའི་དབང་པོ་རྣམ་པར་རྟོག་པའི་དབང་གིས་ཕྱོགས་ཐམས་ཅད་དུ་འགྲོ་བའི་སྣང་བ་ཤར་ཏེ་གོམ་པ་འདོར་ལེན་གྱི་སྣང་བ་ཙམ་ནས་གཟུགས་སྣང་སོགས་མ་ངེས་པར་མཆེད་ཅིང་དབྱིངས་སུ་ཡལ་བ་དུས་མཉམ་དུ་བྱེད་པ་དང་༔ རི་དང་ལུང་པ་གནས་དང་ནོར་རྫས་ཐམས་ཅད་སྔ་ནུབ་ཕྱི་འབྱུང་ལས་སྔ་མ་ཤུལ་དུ་བོར་ནས་ཕྱི་མ་སླེབ་པ་མ་ཡིན་པར་མིག་ཕྱེ་བཙུམ་གྱིས་ཀྱང་སྣང་བ་ཐམས་ཅད་དབྱིངས་སུ་ཞིག་ནས་ཕྱི་མ་མཆེད་པ་ཡིན་ཏེ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སྣང་བའི་ཆོས་འདི་ཀ་སྔོན་ནས་ཡོད་པའི་མི་དང་ས་ཆ་ཡུལ་རིས་ཐམས་ཅད་ཐ་དད་མ་ཡིན་པར་གཅིག་ཏུ་འདུག་པ་དེ་ཡང་དབང་པོའི་སྒོ་རུ་སྣང་བ་ཡིན་པར་སེམས་པ་ལས་སྔ་མ་དབྱིངས་སུ་ནུབ་ནས་ཕྱི་མ་སླར་མཆེད་པར་མི་སེམས་ཏེ༔ སྣང་བའི་ཆོས་ཐམས་ཅད་ཀྱི་བྱད་དང་ངང་ཚུལ་ཐམས་ཅད་འགྱུར་བ་མེད་པར་རོ་གཅིག་ཏུ་སྣང་བས༔ དེའི་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་མ་ལགས་ཏེ༔ སྔོན་ནམ་མཁའ་ལ་འཇའ་ཚོན་ཤར་བ་དང་༔ དེ་རིང་འཇའ་ཚོན་སྣང་བ་གཉིས་གཅིག་པར་འདོད་དམ༔ སྔོན་ནམ་མཁའ་ལ་སྤྲིན་དང་ན་བུན་འབྲུག་སྒྲ་གྲགས་པ་ཆར་དང་སྐྱི་སེར་འབབ་པ་རྣམས་དང་༔ དེ་རིང་དེ་འབྱུང་བ་གཉིས་གཅིག་ཡིན་པར་སེམས་མམ༔ རྨི་ལམ་ལུས་དང་འདོད་ཡོན་གྱི་སྣང་བ་ཐམས་ཅད་དང་ཉིན་སྣང་གི་དེ་དང་གཅིག་ཏུ་འདོད་དམ༔ དེ་ལྟར་འདོད་ན་དེ་དག་ཐམས་ཅད་མི་སྣང་བའི་དུས་ཡུལ་གང་ལ་འདུག་པའི་ངང་ཚུལ་ལ་ལྟོས་ཤིག༔ དེ་དག་ཐམས་ཅད་ཀྱི་གཟུགས་དང་དབྱིབས་དང་ཁ་དོག་ངང་ཚུལ་ཐམས་ཅད་ལ་ཁྱད་པར་རྡུལ་ཙམ་མ་མཆིས་པ་ཡིན༔ ཉིན་མོར་སྣང་བའི་མི་དང་སྲོག་ཆགས་རྨི་ལམ་ན་རྨིས་ཚེ་དེ་གཉིས་ཀ་གཅིག་ལས་ཐ་མི་དད་པར་འདོད་དམ༔ གལ་ཏེ་གཅིག་པུར་སེམས་ན་ཉིན་སྣང་དུ་མི་ལ་ན་ཚ་དང་མཚོན་ཆས་བཏབ་པ་དང་༔ ཤི་བ་རྣམས་སྣང་ཡང་༔ རྨི་སྣང་ན་དེ་ལྟར་མ་གྲུབ་པ་དང་༔ ས་ཆ་ཡུལ་རིས་རྣམས་ལ་ས་ཞིག་རི་ཉིལ་སྣ་ཚོགས་སྣང་ཡང་༔ དེ་མི་མཚུངས་པ་ལ་སོགས་པའི་རྟགས་རང་ས་ནས་སྟོན་པ་དེ་ཡིན༔ སྣང་བའི་ཆོས་ཐམས་ཅད་མེད་ཅིང་མ་གྲུབ་པ་ལ་རྟག་པར་བཟུང་ནས་འཁྲུལ་པ་ཡིན༔ དོན་ལ་མ་གྲུབ་ཅིང་མི་རྟག་པ་འགྱུར་བའི་ཆོས་ཅན་སྣང་ཙམ་ཉིད་ནས་སྟོང་པ་ཡུལ་མེད་ཀྱི་ངང་ཚུལ་ཤེས་པ་ནི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཡང་སྙིང་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་ཆོས་ཐམས་ཅད་མེད་བཞིན་སྣང་བ་ནི་ལགས་སོ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡེ་ནས་སྟོང་པར་ངེས་ན་གཏན་ལ་དབབ་དགོས་པའི་དོན་མེད་ཅིང་རང་གིས་སྟོང་པ་དེས་ཆོག་པར་སེམས་པས་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་སེམས་ཅན་ཐམས་ཅད་བདག་མེད་ཡུལ་མེད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ཀྱང་དེ་ངོ་མ་ཤེས་པའི་དབང་གིས་ཁམས་གསུམ་གྱི་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་བདེན་པར་ཞེན་པ་ཡིན༔ འདི་ལྟར་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གཏན་ལ་ཕབ་ནས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་ཏེ༔ ངང་མངོན་དུ་བྱས་ན་སྒོམ་པའི་ངོ་བོ་དང་ལམ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལུང་མན་ངག་བླ་ན་མེད་པའི་ཡང་བཅུད་ཡིན་པས་ཤེས་པར་གྱིས་ཤིག༔ དེ་མ་རྟོགས་ན་སྟོང་ཉིད་ལུང་མ་བསྟན་དུ་སོང་བས་ཕན་གནོད་མེད་པ་ཡིན༔ སྟོང་པ་ཉིད་ཀྱི་ངང་ཚུལ་ཤེས་ན་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་ཉིད་ཡིན་ཏེ་ས་ལམ་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་ཡང་དག་པའི་སྟོང་ཉིད་ཡིན་ཀྱང་འདི་རྟོགས་པ་ཙམ་གྱིས་སྣང་སྲིད་ཀྱི་ཆོས་ཐམས་ཅད་མེད་པར་མི་འགྱུར་བས་ལུས་ངག་གི་དགེ་བ་ཞིག་གིས་ལྷག་གམ་སྙམ་པས༔ དེའི་དོན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཁྱོད་དེ་ལྟར་མ་སེམས་ཤིག༔ ཀུན་རྫོབ་ཀྱི་དགེ་བ་ལུས་ཀྱིས་ཕྱག་བསྐོར་བྱས་པ་དང་༔ ངག་གིས་བཟླས་བརྗོད་བྱས་པ་ཙམ་གྱིས་མི་ཚེ་འདའ་བར་བྱས་ཀྱང་གྲོལ་བ་ག་ལ་ཐོབ༔ སེམས་ཀྱི་དགེ་བ་ཡང་ལྷ་བསྒོམ་པ་དང་༔ བསམ་གཏན་བསྒོམ་པ་དང་༔ རྣམ་པར་རྟོག་པ་རིག་པ་ཙམ་གྱིས་གྲོལ་བར་མི་འགྱུར་ན་སྟོང་ཉིད་ཤེས་པ་ཙམ་གྱིས་གྲོལ་བ་མི་འཐོབ་པ་ལ་བསམ་ནས་སུན་པའི་དོན་ཅི་ཡོད༔ དེ་སེམས་ན་ཤིན་ཏུ་བླུན་ཅིང་རྨོངས་པའི་མུན་པ་ཆེན་པོས་བསྒྲིབ་ནས་ཆོས་ཐམས་ཅད་ཀྱི་ངང་ཚུལ་ཡིན་ལུགས་ལ་དཔྱོད་པའི་ཤེས་རབ་ཀྱི་མིག་ལོང་བར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེང་སང་སྒོམ་པའི་སྒོར་ཞུགས་ཏེ་སྒྲུབ་པ་ལ་བརྩོན་པའི་སྐྱེས་བུ་འགའ་དང་སློབ་དཔོན་འགས་རྒྱལ་བའི་བཀའ་རྒྱུད་ལུང་མན་ངག་ལ་བལྟས་པས་ཤེས་པ་དང་༔ བསླབ་པས་ཤེས་པ་རྣམས་ཀྱིས་བསྒོམ་དང་རྟོགས་པའི་གོ་མི་ཆོད་དེ་གང་ཟག་རང་སྟོབས་ཀྱིས་ཤེས་དགོས་པ་ཡིན༔ བདེ་རྩུབ་ཀྱི་རིམ་པ་མང་པོ་ཉམས་སུ་མྱོང་ནས་མཐར་ཤེས་པ་ཞིག་ངོ་འཕྲོད་པ་དེ་ནི་ཡང་དག་པ་ཡིན་པར་འཆད་པ་དེ་ཡང་དག་པའི་དོན་ཡིན་ནམ་མ་ཡིན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རྒྱལ་བ་རྣམས་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣལ་འབྱོར་པ་རྣམས་ཀྱིས་ཤེས་ཤིང་རྟོགས་དགོས་པའི་ཕྱིར་བསྟན་པ་ཡིན་ཏེ༔ དེའི་ངང་ཚུལ་དང་མཐུན་པ་རྗེས་འཇུག་རྣམས་ཀྱི་ལམ་ཡིན་པས་རྒྱུད་ལུང་མན་ངག་ཐམས་ཅད་དང་མཐུན་པ་གནད་ཀྱི་དམ་པ་ཡིན་པ་ལས༔ སེམས་ཅན་རང་སྟོབས་ཀྱིས་ནི་བསྐལ་པ་ཐོག་མ་མ་མཆིས་པའི་དུས་ནས་ལམ་མ་རྙེད་ཅིང་བདེ་སྡུག་གི་སྣང་བ་རྒྱུན་མི་ཆད་པར་མྱོང་བ་ལ་ཞེན་ནས་འཁྲུལ་པ་ཡིན་པས༔ ད་དུང་ཡང་རྒྱལ་བའི་བཀའ་རྒྱུད་ལུང་མན་ངག་དང་མ་བསྟུན་ན་རང་སྟོབས་ཀྱིས་རྣམ་པར་གྲོལ་བའི་ས་ལམ་མི་རྙེད་ཅིང་བདེ་སྡུག་མྱོང་ཚོར་གྱི་སྣང་བས་རྣམ་མཁྱེན་གྱི་གོ་འཕང་ཐོབ་པ་རི་བོང་གི་རྭ་འདོད་པ་ལྟ་བུ་ཡིན་ཏེ༔ ཤིན་ཏུ་བླུན་ཅིང་རྨོངས་པའི་གཏམ་མ་བརྟག་མ་དཔྱད་མ་རྟོགས་པའི་ཚིག་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ མེད་པས་སྟོང་པར་གོ་ཡང་གཞན་གྱིས་རྒོལ་བ་དང་༔ གཡང་ཁར་མཆོང་བ་དང་༔ ཆུ་དང་མེ༔ མཚོན་གྱིས་བཏབ་པ་སོགས་ལ་དོགས་པ་དང་༔ འཇིགས་སྐྲག་དང་༔ ཟུག་རྔུ་ན་ཚ་ཕུང་འགྱོད་སོགས་འབྱུང་རྒྱུ་ཡོད་པ་དེས་ན་ཡོད་ངེས་པ་རུ་སེམས་པས་དེ་ཇི་ལྟ་བུ་ལགས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་རྒོལ་བ་པོ་དང་༔ བདག་མཚོན་དང་དབྱུག་པས་བསྣུན་ཡུལ་དང་༔ ཆུ་དང་མེ་དང་གཡང་སར་འཇིགས་ཡུལ་ཞིག་སྣང་ཚེ་གཉིས་འཛིན་གྱི་དབང་གིས་སྡུག་བསྔལ་དང་ཟུག་རྔུའི་སྣང་བ་འཆར་ངེས་ཏེ༔ ངེས་པར་ཕུང་ཞིང་གནོད་བྱེད་མ་ཡིན་པའི་ཚུལ༔ དམྱལ་བའི་མེས་མི་ཚིག༔ ཡི་དྭགས་བཀྲེས་སྐོམ་གྱིས་མ་ལྟོགས༔ ལྷ་མ་ཡིན་འཐབ་རྩོད་ཀྱིས་མཚོན་ཆས་མ་ཆོད་པ་དེ་བཞིན་དུ་སྡུག་བསྔལ་ཟུག་རྔུ་ཐམས་ཅད་སྣང་ངོས་ན་སྣང་ཙམ་ལས་སྟོང་ངོས་ན་ཅིར་ཡང་མ་གྲུབ་པའོ༔ ཀྱཻ་རིགས་ཀྱི་བུ་ཡེ་གཞི་ནམ་མཁར་སྣང་ནས་གཞན་དུ་བཟུང་༔ ནམ་མཁའ་ས་རུ་སྣང་ནས་ས་དངོས་པོར་བཟུང་༔ དེ་བཞིན་དུ་ནམ་མཁའ་ཆུ་དང་༔ མེ་དང་༔ རླུང་དང་༔ སེམས་ཅན་ལ་སོགས་པའི་འདོད་ཡོན་གྱི་སྣང་བ་སྣ་ཚོགས་སུ་སྣང་ནས་སྣང་བ་ལ་དངོས་པོར་བཟུང་བ་དཔེར་ན་རྒྱ་མཚོ་ལ་ཉི་ཟླ་དང་གཟའ་སྐར་ལ་སོགས་པའི་གཟུགས་བརྙན་སྣ་ཚོགས་སྣང་ཡང་རྒྱ་མཚོ་ལས་གཞན་མ་གྲུབ་པ་བཞིན་དུ་ཐམས་ཅད་ནམ་མཁའ་ཉིད་དུ་འགག་བསྡམ་པར་བྱའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཆོས་དབྱིངས་ནམ་མཁའ་རྣམ་དག་གི་རང་བཞིན་ལ་དགེ་བས་ཕན་བཏགས་པ་དང་༔ སྡིག་པས་གནོད་བྱས་པ་དང་༔ ལྷས་ཕན་བཏགས་པ་དང་༔ འདྲེ་དང་གནོད་བྱེད་ཀྱིས་གནོད་པ་བྱེད་པའི་ཡུལ་རྣམས་མཆིས་སམ་མ་མཆིས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ལུས་ངག་ཡིད་གསུམ་གྱིས་དགེ་བ་བྱས་པ་ཐམས་ཅད་གནས་གང་དུ་མཆིས༔ ཡུལ་གང་དུ་བསགས་ཤིང་འདུས་པའི་ཚུལ་ལ་ལྟོས་དང་༔ དགེ་བའི་ལས་བསགས་པ་ཐམས་ཅད་ཅང་མེད་སྟོང་པ་ཡུལ་མེད་ཟང་ཐལ་དུ་སོང་བ་ལས་གཅིག་ཀྱང་མ་གྲུབ་ན་དགེ་བ་བྱེད་པའི་སྣང་བ་ཙམ་དུ་ཟད་པའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སེམས་ལ་ཕན་པ་མ་ལགས་སམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ སེམས་ཀྱི་ཕྱི་ནང་མགོ་མཇུག་ལ་སོགས་གང་ལ་ཕན་བཏགས་པར་ལྟོས་དང་༔ ཕན་གདགས་མཁན་དང་གདགས་ཡུལ་མ་གྲུབ་ན་ཕན་མ་བཏགས་ངེས་པ་རུ་ཐག་ཆོད་པ་ཡིན་ནོ༔ སྡིག་པ་བསགས་པ་ཐམས་ཅད་ཀྱང་ཕྱོགས་དང་གནས་ཡུལ་གང་དུ་ཚོགས་པའམ༔ གནས་པའི་ངང་ཚུལ་ལ་ལྟོས་དང་༔ གདོད་ནས་མ་གྲུབ་ཅིང་མི་གནས་པས༔ སེམས་ལ་གནོད་པར་བྱས་སོ་སེམས་ན་ཕྱི་ནང་སྟོད་སྨད་མགོ་མཇུག་སོགས་ལ་བརྟག་ཅིང་དཔྱོད་པས་སྣང་ཙམ་ཉིད་ནས་སྟོང་པར་སོང་བ་ལས་གནོད་པ་བྱས་པ་ཏིལ་འབྲུ་ཙམ་ཡང་མེད་པར་ཐག་ཆོད་པའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཕན་གནོད་མེད་པར་སྣང་ཡང་ད་དུང་ཡོད་པར་སེམས་ཀྱི༔ དེའི་ཚུལ་མངོན་སུམ་དུ་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཚེ་གཅིག་ལུས་ངག་དགེ་བ་ལ་སྦྱོར་བའི་མི་རྒན་ཞིག་དང་༔ ཚེ་གཅིག་སྡིག་པ་མི་དགེ་བའི་ལས་ལ་སྤྱོད་པའི་མི་རྒན་གཉིས་ཀྱི་ཤེས་རྒྱུད་ལ་བརྟག་ན་དེ་གཉིས་ཀས་འདོད་རྒྱུ་བདེ་བ་དང་༔ མི་འདོད་པ་སྡུག་བསྔལ་དང་༔ རང་ཕྱོགས་ལྷ་རུ་མཐོང་ཞིང་གཞན་ཕྱོགས་འདྲེ་རུ་འཛིན་པ་དང་༔ བཟང་པོ་ལ་རེ་བ་བྱ་ཞིང་ངན་པ་ལ་དོགས་པ་བྱེད་པ་ལ་སོགས་པའི་བསམ་པ་དང་༔ འདོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་མཐུན་པ་ལས་བཟང་ངན་མེད་པ་ཡིན་ན༔ སྔོན་ཡང་བསམ་སྤྱོད་འདོད་ཕྱོགས་འདིས་འཁོར་བ་མཐའ་མེད་དུ་འཁྲུལ་པ་དང་༔ ཕྱིས་ནས་ཡང་འདི་ལྟར་འཁྲུལ་རྒྱུ་ཡིན་པས་ཁྱད་པར་མེད་པ་རུ་ཐག་ཆོད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དགེ་སྡིག་སྤྱད་པ་ལ་ལས་ཀྱི་རྣམ་པར་སྨིན་པ་མེད་པ་ཡིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་དགེ་སྡིག་གི་ལས་གང་བྱས་ཀྱང་རང་རང་གི་རྣམ་སྨིན་མ་ཟད་ཀྱི་བར་དུ་བདེ་བ་དང་སྡུག་བསྔལ་གྱི་སྣང་བ་རྒྱུན་མི་ཆད་པར་བྱུང་ནས་ལས་ཟད་པས་རྒྱུ་འབྲས་གཞན་ལ་སྤྱོད་པ་ཡིན་ཅིང་༔ ལུས་ངག་གི་དགེ་བས་གནས་སྐབས་སུ་བསོད་ནམས་བསགས་པ་ཙམ་གྱིས་འཁོར་བའི་བསྣོན་མར་འགྱུར་བ་ལས་གཏན་གྱི་བདེ་བ་འཐོབ་པར་མི་འགྱུར་ངེས་པ་ཅན་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་སྣང་བའི་དབང་པོ་སྟོང་ཉིད་སྤྲོས་པ་དང་བྲལ་བ་ལ་ཕན་བྱེད་ཀྱི་ལྷས་ཕན་བཏགས་པ་མེད་དེ༔ ལྷ་ཞེས་བྱ་བའི་ཕ་མ་རྒྱུ་རྐྱེན་བྱུང་གནས་འགྲོ་གསུམ་གཟུགས་དབྱིབས་ཁ་དོག་དང་བཅས་པ་དང་༔ ལྷ་གནས་པའི་ཡུལ་ཕྱོགས་ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་དང་བཅས་པ་ལ་ལྟོས་དང་དེར་མ་མཆིས༔ གནས་པའི་ས་དང་རྟེན་ཡུལ་མེད་པས་མིག་གིས་མཐོང་བའི་གཟུགས་མ་གྲུབ༔ རྣ་བས་ཐོས་པའི་སྒྲ་མ་མཆིས༔ སྣས་ཚོར་བའི་དྲི་མ་མཆིས༔ ལྕེས་མྱོང་བའི་རོ་མ་མཆིས༔ ལུས་ལ་མྱོང་བའི་རེག་བྱ་མ་མཆིས་པས་ཕན་ཇི་ལྟར་བཏགས༔ རང་གི་གནས་ཁང་གི་ཕྱི་ནང་བར་གསུམ་ལུས་ཀྱི་མགོ་མཇུག་སྟོད་སྨད་ཕྱི་ནང་ཐམས་ཅད་ལ་བརྟག་ཅིང་དཔྱད་པས་གང་དུའང་མི་གནས་ཤིང་མ་གྲུབ༔ རི་དང་རྩི་ཤིང་ནགས་ཚལ་ཐམས་ཅད་རྡུལ་དུ་ཕབ་པའི་ཁུང་ནས་ལྷ་བཙལ༔ རྡུལ་ཕྲ་རབ་དང་ཆ་མེད་ཀྱི་ཁུང་ནས་ལྷའི་གནས་ས་དང་གནས་མཁན་ལ་བརྟག་ཅིང་༔ གལ་ཏེ་ལྷ་ཡོད་པར་སྲིད་ན་ལྷ་དངོས་མེད་ཀྱིས་བདག་དངོས་ཅན་ལ་ཕན་ཇི་ལྟར་བཏགས༔ སྟོང་པས་སྟོང་པར་ཕན་གདགས་པའི་ནུས་པ་མེད་པའི་ངང་ཚུལ་ལ་བརྟག་སྟེ་ཡུལ་མེད་དུ་ཐག་ཆོད་པར་གྱིས་ཤིག༔ གནོད་པར་བྱེད་པའི་འདྲེ་གདོན་ལ་བརྟག་པའང་འདི་ལྟ་སྟེ༔ འདྲེ་ཞེས་བྱ་བའི་དགྲ་བོ་ཆེ་ཀུན་གྱིས་གནོད་བྱེད་དུ་འཛིན་པ་དོགས་པའི་ཡུལ་དུ་གྱུར་པ་དེ་དག་དང་པོ་གང་ལས་བྱུང་༔ ས་ལས་སྐྱེས་སམ༔ ཆུ་ལས་སྐྱེས་སམ༔ རླུང་ལས་བྱུང་ངམ༔ ནམ་མཁའ་ལས་བྱུང་བརྟག་པས་བྱུང་བའི་ཁུངས་ཡོད་པར་སེམས་ན་དངོས་པོ་དེ་དག་རྡུལ་དུ་ཕབ༔ རྡུལ་ཕྲ་རབ་ལ་ཕབ༔ ཕྲ་རབ་ཆ་མེད་དུ་བཏང་བའི་ཁུང་ཚུན་ཆད་དུ་བརྟག་པས༔ བྱུང་ས་བཙལ་བས་མ་རྙེད་པར་སྲོག་ཆགས་ལས་བྱུང་སྙམ་ན་དེའི་ཁམས་སྐྱེ་མཆེད་ཤ་ཁྲག་རུས་པ་རྐང་གི་ཁུང་ཡན་ཆད་དུ་བརྟག་ཅིང་དཔྱད་པས་ཡུལ་མེད་པར་མཐོང་ཡང་༔ ད་དུང་སེམས་ཅན་འཁྲུལ་པའི་རྣམ་པར་ཤེས་པ་འདྲེ་རུ་གྱུར་པ་ཡིན་སྙམ་ན་དེ་གནས་པའི་ས་བཙལ་ཏེ་ས་ཆུ་མེ་རླུང་འབྱུང་བ་གང་ལ་གནས་བརྟག་པས་གནས་པའི་ས་མི་རྙེད་ཅིང་༔ ད་དུང་ཡོད་པར་སེམས་ན་གནས་མཁན་དེའི་གཟུགས་དབྱིབས་ཁ་དོག་སྐྱེ་མཆེད་ཇི་ལྟ་བུ་ལགས༔ མིག་ལམ་དུ་སྣང་བའི་གཟུགས་དང་༔ རྣ་བའི་སྒོར་སྣང་བའི་སྒྲ་དང་༔ སྣའི་ཡུལ་དུ་སྣང་བའི་དྲི་དང་༔ ལྕེའི་ཡུལ་དུ་སྣང་བའི་རོ་དང་༔ ལུས་ཀྱི་ཡུལ་དུ་སྣང་བའི་རེག་བྱ་རྣམས་གྲུབ་བམ་མ་གྲུབ་བརྟག་པས་ཡུལ་མེད་དུ་མཐོང་སྟེ༔ ཐ་མ་འགྲོ་ས་དང་འགྲོ་མཁན་ལའང་བརྟག་པས་འགྲོ་བའི་ཡུལ་དང་བདག་པོ་མ་གྲུབ༔ གཞན་ཡང་འདྲེ་ཞེས་བྱ་བ་དེ་དག་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལས་འདས་པ་ཡིན་ན་བདག་དངོས་པོ་ཅན་ལ་ཇི་ལྟར་གནོད་པར་བྱེད༔ གནོད་བྱེད་སྟོང་པ་ཡུལ་མེད་ཅིང་གནོད་ཡུལ་ཡང་སྟོང་པ་ལས་མ་གྲུབ་ན་སྟོང་པས་སྟོང་པ་ལ་གནོད་པ་འབྱུང་བའི་ཐབས་མེད་པ་དང་༔ རྣམ་ཤེས་སྟོང་པས་གཞན་ལ་གནོད་པ་བྱེད་སྲིད་ན་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པས་གཅིག་གིས་གཅིག་ཟ་ཞིང་ཕུང་བར་འགྱུར་བ་ལས་འདྲེ་ཞེས་རང་མཚན་པ་མེད་པར་གོ་བར་འགྱུར་བ་ཡིན༔ དེ་ལྟར་འདྲེ་ཞེས་བྱ་བ་མཐོང་ཚོར་མ་གྲུབ་ཀྱང་སྒོ་གསུམ་གྱི་ཐོག་ཏུ་བདེ་སྡུག་གི་སྣང་བ་སྣ་ཚོགས་འབྱུང་བ་འདི་དག་ལྷ་དང་འདྲེ་ངེས་པ་ཞིག་ཡིན་པར་སེམས་ན༔ ནད་དང་སྡུག་བསྔལ་བྱུང་ཚེ་འདྲེ་དེ་དག་གིས་མཚོན་གྱིས་བཏབ་ན་རྨ་དང་༔ རྡོ་དང་དབྱུག་པས་བསྣུན་པ་ཡིན་ན་སྐྲང་དང་ལྦ་བ་འབྱུང་དགོས་པ་དང་༔ ཁོང་དུ་ནད་བཏབ་པ་ཡིན་ན་ཁོང་དུ་ལག་པ་བཅུག་པའི་དུས་སུ་གོ་ཚོར་མྱོང་བ་སོགས་ཡོད་དགོས་པས་དེ་ལྟར་ཞིབ་ཏུ་བརྟག༔ ལྟོ་གོས་འདོད་ཡོན་སྣ་ཚོགས་ཀྱིས་བདེ་བ་རྒྱུད་ལ་སྐྱེ་ཞིང་མྱོང་བ་ལྷས་བསྐྱབ་པ་མ་ཡིན་པ་དང་༔ ལུས་སྟོད་སྨད་ལ་ཚེར་མ་ཟུག་པ་དང་༔ མེ་སྟག་ཐེབས་པའི་ཟུག་རྔུ་དང་༔ ཉི་མའི་ཚ་རེག་གིས་སྡུག་བསྔལ་མྱོང་བ་དང་༔ རླུང་དང་ལྷག་པས་གྲང་བ་མྱོང་བའི་སྡུག་བསྔལ་ཡང་འདྲེས་གནོད་པ་མ་ཡིན་པ་བཞིན་དུ་ལས་ངན་པའི་འབྲས་བུ་དུས་སུ་སྨིན་ནས་ན་བ་དང་༔ དབུལ་ཕོངས་དང་༔ དགྲ་སྡང་བ་དང་༔ གཉེན་བྲལ་བ༔ དཀའ་ཚེགས་དང་བཀྲེས་སྐོམ་ཐམས་ཅད་ལས་སྔ་མའི་རྣམ་པར་སྨིན་པའི་སྡུག་བསྔལ་གྱི་ཉམས་ཤར་བ་ལས༔ འདྲེ་དང་གནོད་བྱེད་གཞན་གྱིས་གནོད་བྱ་དང་གནོད་ཡུལ་མེད་པར་ཐག་ཆོད་པར་བྱ་བ་གནད་དུ་ཤེས་པར་བྱའོ༔ ལར་འགྲོ་བ་རྣམས་ཀྱིས་རང་གིས་བྱས་པ་རང་གིས་མྱོང་བ་ནི་སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བ་དང་འདྲ་མཚུངས་པའོ༔ རྣམ་རྟོག་སྔ་མས་བཟོས་པའི་འདྲེ་གདོན་ལ་སྐྲག་ཅིང་དོགས་པ་ནི་དཔེར་ན་བྱིའུ་རང་གི་གཤོག་སྒྲ་ལ་སྐྲག་པ་དང་༔ རི་དྭགས་རང་གི་རྡོག་སྒྲ་ལ་འདྲོག་པ་ལྟ་བུ་ལས་འདྲེ་གདོན་གཞན་གཅིག་ཀྱང་མ་གྲུབ་པར་ཤེས་པར་བྱའོ༔ ལར་རང་སྣང་འདྲེར་ཤར་ཏེ་མགོ་བོ་ལྷ་རུ་སྣང་བའི་ལྟས་ཞྭ་སོགས་གཙང་མར་འཛིན་པ་དང་༔ ཁོག་སྨད་འདྲེ་གདོན་དུ་སྣང་བའི་ལྟས་གོས་ཀྱི་སྨད་ཆ་རྩོག་པ་རུ་འཛིན་པ་དང་༔ ཁྱད་པར་དུ་རྐང་པ་གདོན་ཚད་མ་རུ་བཟུང་བའི་ལྟས་ལྷྭམ་མགོ་ཐོག་ཏུ་སོང་ན་དེའི་གྲིབ་ཀྱིས་སྒོ་གསུམ་ལ་གནོད་པ་ཆེན་པོ་འབྱུང་བའི་འཁྲུལ་པ་ལ་མངོན་པར་ཞེན་པ་དང་༔ སྣབས་དང་མཆིལ་མ་ལ་སོགས་པ་རང་གི་ལུས་ནང་ནས་ཐོན་པའི་ཟག་རྫས་ཐམས་ཅད་ས་ལ་ལྷུང་ཚེ་གདོན་དང་དུག་ལྟ་བུར་འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱང་རང་སྣང་དགྲ་རུ་བཟུང་བའི་འདྲེར་འཛིན་ཡིན་པའི་ངང་ཚུལ་ལ་ལྟོས་ཤིག༔ ལྷ་མཆོད་པར་འདོད་ནས་ཕུལ་པའི་རྫས་ཐམས་ཅད་གྲྭ་མ་ཉམས་པར་ཡུན་རིང་པོར་ཟ་མཁན་དང་སྤྱོད་མཁན་མེད་པའི་ཚུལ་ལ་ལྟོས་ཤིག༔ འདྲེ་བཀར་བར་འདོད་ནས་ཟས་ནོར་མང་པོ་བསྐྱལ་ཡང་དེ་ལེན་མཁན་མེད་པར་བསྐྱལ་ས་དེར་གནས་པའི་ཚུལ་ལ་ལྟོས་ཤིག༔ ཁབ་དང་སྐུད་པ་ཡན་ཆད་ནས་གནས་ཁང་དང་མཚོན་ཆ་མན་ཆད་ཀྱི་རྒྱུད་ན་འདྲེ་གདོན་ཡོད་པར་འཛིན་པ་ལ་བསམ་ན་དེ་བསད་པ་དང་༔ བརྡུང་བ་དང་༔ བཏུལ་བ་ལ་སོགས་པའི་བྱ་བ་བྱས་ན་འདྲེ་གསོད་པ་དང་༔ གདོན་བརླག་པར་ཅིས་མི་འགྱུར༔ རང་གིས་བཟོས་པ་དང་༔ བརྩིགས་པ་དང་༔ བཞེངས་པའི་གོས་རྒྱན་སྦྲ་ཁང་སྣང་བརྙན་རྣམས་ཀྱི་ནང་ན་འདྲེ་གདོན་ཡོད་པར་བསམ་ནས་སྤངས་པ་མང་པོ་འདུག་པ་དེའི་ངང་ཚུལ་ལ་བརྟག་ཅིང་དཔྱད་ན་ཏེའུ་ལོས་རང་གི་དྲི་མ་ཁུང་བུ་ལ་མནམ་པར་སེམས་ནས་ཁུང་བུ་དེ་སྤངས་པ་དང་འདྲ་མཚུངས་པས༔ མི་རྣམས་ཀྱིས་རྣམ་པར་རྟོག་པས་འདྲེ་གདོན་བཟོས་པ་ཡིན་པའི་མཚང་རང་ཐོག་ནས་ཤེས་པར་བྱའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་དགེ་སྡིག་དང་ལྷ་འདྲེས་ཕན་གནོད་ལ་བརྟག་དགོས་པའི་རྒྱུ་མཚན་གང་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་དགེ་སྡིག་གིས་ཕན་གནོད་མེད་པའི་ཚུལ་གཏན་ལ་དབབ་དགོས་པའི་རྒྱུ་མཚན་ནི་འདི་ལྟ་སྟེ༔ ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་བྱེད་པ་ལམ་སྟོང་པ་ཉིད་ཡིན་ཀྱང་༔ གང་ཟག་བློ་རྨོངས་པ་མྱོང་ཞེན་ལ་དགའ་བ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་བསྒོམ་ཚེ་ཡིད་ལ་མྱོང་ཞེན་མ་གྲུབ་པའི་དབང་གིས་ཡིད་ཆེས་དང་བློ་གཏད་མེད་པར་གྱུར་ནས༔ ཡིད་ལ་བྱ་རྩོལ་དང་བཅས་བཅོས་མེད་པ་འདིས་མི་ཚེ་སྟོང་ཟད་དུ་འགྲོ་ཉེན་ཡོད་པ་ཨེ་ཡིན་སྙམ་ནས་ཕྱག་དང་བསྐོར་བ་མཆོད་འབུལ་བཟླས་བརྗོད་ལ་སོགས་པ་ལ་ནན་ཆེར་བརྩོན་པར་བྱེད་ཅིང་༔ ཡང་སྒོམ་འདིའི་ཡོན་ཏན་ལྷག་པར་བཤད་པས་དེ་ལ་འབད་པ་དགའ་འམ་སྙམ་ནས་ཅུང་ཟད་བསྒོམ་ཀྱང་གོ་རྒྱུའམ་མྱོང་རྒྱུ་གང་ཡང་མེད་པས་ཡང་སྒྲིབ་སྦྱོང་དང་བསོད་ནམས་བསགས་པའི་ཐབས་ལ་བརྩོན་པར་བྱེད་དེ༔ བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་པས་ཡུན་རིང་པོར་དེ་ལྟར་རེས་མོས་སུ་འབད་ཀྱང་མཐར་འཆི་ཁ་ཐ་མལ་དུ་ལུས་པ་ལས་འོས་མེད་པས༔ དེ་ཕྱིར་ཆོས་དང་ཆོས་མིན་གྱི་ཤན་དབྱེ་བ་མ་ཤེས་ན་སྒོམ་པ་ངོ་འཕྲོད་ཟེར་ཡང་ལྟ་བ་ལྐོག་ཏུ་གྱུར་ཏེ་དོན་དམ་པའི་ཆོས་ལ་ཡིད་ཆེས་པར་མི་འགྱུར་རོ༔ དགེ་སྡིག་ཐམས་ཅད་སེམས་ཀྱི་བྱེད་ལས་ཀྱི་དབང་གིས་བདེ་སྡུག་སྣ་ཚོགས་ཉམས་སུ་སྣང་བར་བྱེད་པ་ཙམ་ལས༔ དགེ་སྡིག་གི་ལས་ཐམས་ཅད་ལ་གཟུགས་མ་མཆིས༔ དངོས་པོ་མ་མཆིས༔ ཅིར་ཡང་མ་གྲུབ་ཅིང་མེད་པའི་ཚུལ་ཤེས་པ་ནི་སྒོམ་པ་ལ་ཡིད་ཆེས་པར་བྱེད་པའི་ཐབས་སུ་གྱུར་པ་དང་༔ དགེ་སྡིག་ཐམས་ཅད་ཀྱི་གཞི་སྟོང་པ་ཉིད་དུ་ཐག་ཆོད་པ་དང་༔ རང་ངོ་རང་གིས་མ་རིག་པས་བསྒྲིབ་པ་དང་༔ གཞི་སྟོང་ཉིད་ཆེན་པོ་འཁོར་འདས་ཡོངས་ཁྱབ་ཀྱི་རོལ་པར་མི་ཤེས་ཤིང་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་པ་ལ་ལུས་ངག་གི་དགེ་བ་སྤྱད་པ་ཙམ་གྱིས་སྒྲིབ་པ་དེ་མི་འདག་པར་ཤེས་ཏེ་རིག་པ་རང་ཐོག་ཏུ་ཡིད་ཆེས་ཤིང་བློ་གཏོད་པར་འགྱུར་བས་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བར་འབྱེད་པའི་དགོས་པ་ཡོད་དོ༔ ལྷ་འདྲེ་དང་དེ་དག་གིས་ཕན་གནོད་ལ་བརྟག་སྟེ་ཤེས་པར་མ་བྱས་ན་ངར་འཛིན་གྱི་ཕུང་པོར་གྲུབ་ཙམ་ནས་འགྲོ་བ་དྲུག་གི་སྣང་བ་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས་བསྒོམ་པ་དང་༔ ལྟ་བ་དང་༔ གཏད་སོ་དང་༔ བསྲེ་བ་དང་༔ ནང་དུ་བཀུག་པ་ལ་སོགས་པའི་སེམས་འཛིན་ཞུགས་ཕན་ཆད་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་༔ ནང་སློང་ལུས་ཀྱི་ན་ཚ་དང་༔ གསང་སློང་སེམས་ཀྱི་དགའ་སྡུག་མྱོང་ཚོར་སྣ་ཚོགས་རྒྱུན་མི་འཆད་པར་འབྱུང་བ་ཡིན༔ དེར་འདྲེར་འཛིན་དང་གདོན་འཛིན་གྱིས་རྣམ་པར་རྟོག་པའི་རྐྱེན་ཁར་ཤོར་ནས་དེར་ཞེན་ཅིང་ཡང་དག་པའི་ལམ་ལས་ལོག་སྟེ་གོལ་སར་འཆོར་བ་ཡིན་པས་དེའི་ཕྱིར་འདི་གཏན་ལ་དབབ་པར་བྱ་བ་གནད་དོ༔ གཅོད་ཀྱི་གདམས་པའི་སྒོར་ཞུགས་ནས་ཉམས་སུ་ལེན་པ་ལའང་ལྷ་འདྲེ་རང་སྣང་ལས་མི་གཞན་པའི་ངང་ཚུལ་འདི་གཏན་ལ་དབབ་སྟེ་ལྷ་མེད་འདྲེ་མེད་ཀྱི་ངང་ཚུལ་ཤེས་པ་གཅོད་ཀྱི་གདམས་པ་དང་དངོས་གཞི་ཡིན་པས་མཆོག་ཏུ་གལ་ཆེ་བ་དང་༔ བསྐྱེད་རིམ་གྱི་ལྷ་བསྒོམ་པ་ལའང་ལྷ་འདྲེ་རང་རྒྱུད་དུ་བཟུང་ན་འཁྲུལ་པའི་ལམ་དུ་ལོག་པར་འཆོར་བ་ཡིན་པས་དེ་ལའང་འདི་མཆོག་ཏུ་འཕགས་པ་ཡིན་ནོ༔ གཞན་ཡང་ཐེག་པ་གང་གི་སྒོར་ཞུགས་ཀྱང་གནད་འདི་དག་མ་ཤེས་ན་ལྷ་འདྲེ་དང་དགེ་སྡིག་ཡུལ་རང་མཚན་པར་གོལ་ནས་འཁྲུལ་པའི་དབང་དུ་འཆོར་ངེས་པ་ཡིན་པས་གདམས་ངག་གི་ཡང་བཅུད་དང་ལམ་གྱི་ངོ་བོ་རུ་ཐག་ཆོད་པར་གྱིས་ཤིག༔ དེ་ལྟར་ལྷ་འདྲེ་མེད་ཚུལ་མ་ཤེས་ན་རྨི་ལམ་གྱི་སྣང་བར་བན་བཙུན་རྨིས་པ་རྒྱལ་པོ་རུ་འཛིན་པ་དང་༔ བུད་མེད་རྨིས་པ་མོ་འདྲེ་དང་༔ བྱིས་པ་རྨིས་པ་ཐེའུ་རང་དང་༔ སྦལ་ལྕོང་རྨིས་ན་ཀླུ་གཉན་དུ་ངོས་འཛིན་བྱེད་པ་ཐམས་ཅད་འཁྲུལ་སྣང་ཁོ་ན་ལས་བདེན་པར་མ་གྲུབ་པའི་ཚུལ་ཟས་ནོར་ཁང་ཁྱིམ་ལ་སོགས་པ་རྙེད་པ་རྨིས་ཀྱང་ད་ནང་ཡུལ་མེད་དུ་ཡལ་བས་བདེན་མེད་རང་གིས་སྟོན་པའོ༔ གཞན་ཡང་གྲོང་ཡུལ་ཀུན་ཏུ་རྙེད་པ་དོན་དུ་གཉེར་ཕྱིར་གྲོང་ཆོག་དང་འདྲེ་བརྡུང་གི་ལས་ལ་བརྩོན་ནས་རྒྱུ་བའི་ཚེ་ནའང་འདྲེ་ལ་གསོད་པ་དང་བཏུལ་བའི་བྱ་སྤྱོད་རྣམ་འགྱུར་སྣ་ཚོགས་པས་གཞན་གྱི་མགོ་བསྐོར་བའི་ཐབས་ལ་བརྩོན་ཡང་འདྲེ་ལ་དོགས་པ་སྐྲག་སེམས་རྒྱུན་ཆད་མེད་པར་འབྱུང་སྟེ༔ ལྷ་ལ་རེ་བའང་དེ་བཞིན་དུ་འབྱུང་ཞིང་རྣམ་པར་རྟོག་པ་དགྲ་རུ་ལངས་པས་ན་ཚ་དང་བདེ་སྡུག་སྣ་ཚོགས་ཀྱང་དེ་བཞིན་དུ་རྒྱུན་མི་ཆད་པར་འབྱུང་སྲིད་པས༔ དེའི་ཕྱིར་ལྷ་འདྲེ་མེད་པའི་ཚུལ་འདི་ཤེས་ན་རྣམ་པར་རྟོག་པ་གཅོད་པའི་གདམས་པ་ཟབ་ཁྱད་ཅན་ཡིན་ནོ༔ གལ་ཏེ་འདིའི་གནད་མ་ཤེས་ན་ཁབ་དང་སྐུད་པ་རྙེད་ཀྱང་ལྷས་དངོས་གྲུབ་ཏུ་བཟུང་ནས་ལྷ་གསོལ༔ རྐང་ལག་ལ་ཚེར་མས་བཏབ་ཀྱང་འདྲེ་རུ་བཟུང་སྟེ་རྣམ་པར་རྟོག་པ་ལངས་ནས་སྡུག་བསྔལ་ཅི་བྱུང་འདྲེས་བྱས་པར་མངོན་ནས་རྒྱུད་དོགས་པས་ཁྱབ་སྟེ༔ འདྲེར་འཛིན་གྱི་རྟོག་པས་འདྲེ་བཙན་ཐབས་སུ་བཟོས་ཏེ་སྲོག་གི་བདུད་དུ་འབབ་པར་འགྱུར་བས་གཅོད་ལོག་གི་ལམ་ལས་ལྡོག་པའི་མན་ངག་ཟབ་ཁྱད་ཅན་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་འཁོར་འདས་ཐམས་ཅད་ལ་རེ་དོགས་ཀྱི་ཡུལ་རང་མཚན་པར་གྲུབ་པ་མཆིས་སམ་མ་མཆིས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རེ་བའི་ཡུལ་སངས་རྒྱས་ཞེས་བྱ་བ་གདོད་ནས་མ་གྲུབ་ཅིང་མི་གནས་པ་ཡིན་ཏེ༔ གལ་ཏེ་སངས་རྒྱས་ལ་ལུས་མཆིས་ན་ཕ་མའི་རྒྱུ་རྐྱེན་གྱིས་བསྐྱེད་པ་མ་ཡིན་ནམ༔ དེ་ལྟར་ཡིན་ན་སངས་རྒྱས་སྐྱེ་བའི་མཐའ་རུ་ལྷུང་བ་དང་༔ སངས་རྒྱས་ལ་ཞིང་ཁམས་འདོད་ཡོན་ཉེ་འཁོར་མཆིས་ན་དེ་གཟུང་བ་ཆོས་ཀྱི་བདག་འཛིན་ལས་སྣང་བ་མ་ཡིན་ནམ༔ སངས་རྒྱས་ལ་ལུས་སྣང་ན་འཛིན་པ་གང་ཟག་གི་བདག་འཛིན་ལས་བྱུང་བ་མ་ཡིན་ནམ༔ སངས་རྒྱས་ཐ་མ་མྱ་ངན་ལས་འདའ་བར་འདོད་ན་སངས་རྒྱས་འཆི་བ་དང་ཆད་པའི་མཐའ་རུ་ལྷུང་བར་འདོད་པ་མ་ཡིན་ནམ༔ སངས་རྒྱས་བར་དུ་གནས་པར་འདོད་ན་དེ་རྟག་པའི་མཐའ་རུ་ལྷུང་བ་དང་༔ སངས་རྒྱས་ཀྱིས་གཞན་སེམས་ཅན་མང་པོ་ལ་ཆོས་བསྟན་པར་སེམས་ན༔ ཆོས་སྟོན་པ་པོ་བདག་དང་༔ བསྟན་བྱའི་ཆོས་དང་༔ སྟོན་ཡུལ་གདུལ་བྱ་རྣམས་སུ་འཛིན་པ་དང་༔ སྣང་བ་དང་༔ ཤར་བ་རྣམས་གཉིས་འཛིན་གྱི་འཁྲུལ་པ་རྔམ་པོ་ཆེ་ཡིན་ནོ༔ སངས་རྒྱས་ལ་དེ་ལྟར་གྲུབ་པར་འདོད་ན་སངས་རྒྱས་སེམས་ཅན་དུ་ལྟ་བའི་ལོག་རྟོག་གི་མུན་ཡུལ་དུ་མགོ་འཁོར་བ་ཡིན་ནོ༔ གཞན་ཡང་སངས་རྒྱས་ལ་མིག་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་མིག་གི་རྣམ་པར་ཤེས་པ་ཡང་མེད་ཐབས་མེད་དེ༔ དེ་མཆིས་པས་གཟུགས་སུ་སྣང་བའང་མེད་ཐབས་མེད༔ དེ་དག་མིག་གི་གཟུང་བ་ཡུལ་ཞེས་བྱ་བ་དང་༔ དེ་རྣམས་དུས་འཛོམ་པ་ལ་བཟང་ངན་བར་གསུམ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ཞིག་མི་འབྱུང་བའི་ཐབས་མེད༔ དེ་མིག་གི་འཛིན་པ་སེམས་ཞེས་བྱ་བ་ཡིན་ནོ༔ སངས་རྒྱས་ལ་རྣ་བ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་རྣ་བའི་རྣམ་པར་ཤེས་པ་དང་༔ སྒྲར་སྣང་བ་རྣམས་དུས་མཉམ་དུ་སྣང་བ་གཟུང་ཡུལ་དང་༔ སྒྲ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ནི་འཛིན་པ་ཡིན་ནོ༔ སངས་རྒྱས་ལ་སྣ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན༔ སྣའི་རྣམ་པར་ཤེས་པ་དང་༔ དྲི་རུ་སྣང་བ་རྣམས་གཟུང་ཡུལ་དང་༔ དྲི་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ནི་འཛིན་པ་ཡིན་ནོ༔ སངས་རྒྱས་ལ་ལྕེ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་ལྕེའི་རྣམ་པར་ཤེས་པ་དང་༔ རོ་རུ་སྣང་བ་རྣམས་གཟུང་བ་ཡུལ་དང་༔ དེ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན༔ སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལུས་ཀྱི་རྣམ་པར་ཤེས་པ་དང་༔ རེག་བྱར་སྣང་བ་རྣམས་མེད་ཐབས་མེད་དེ༔ དཔེར་ན་ཆུ་ཡོད་པས་རླན་དང་༔ མེ་ཡོད་པའི་རྩལ་ན་ཚ་བ་རང་ཆས་སུ་ཡོད་པ་བཞིན་དུ་སྒོ་ལྔ་པོ་འཁྲུལ་པའི་སྒོ་འཕར་ཡིན་པས་དེར་རྣམ་པར་ཤེས་པ་དང་༔ སྣང་བ་དང་༔ འཛིན་སེམས་ཐམས་ཅད་རང་ཆས་སུ་གྲུབ་པ་རྟེན་ཅིང་འབྲེལ་བར་འབྱུང་བའོ༔ རེག་བྱ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ལུས་ཀྱི་འཛིན་པ་ཡིན་ཏེ་གཟུང་འཛིན་གྱི་སེམས་ལས་ཁམས་གསུམ་གྱི་འཁོར་བ་གྲུབ་པ་ཡིན་ནོ༔ སྒོ་ལྔ་པོ་ནི་ཡིད་དྭངས་ཤིང་གསལ་བའི་ཆ་སེམས་སྣང་མཆེད་པའི་གོ་མ་འགག་པ་དེ་ལ་མིང་ཐ་དད་དུ་བཏགས་པ་ཡིན༔ རྣམ་པར་ཤེས་པ་ཚོགས་དྲུག་པོ་ལ་སེམས་ཞེས་བྱའོ༔ སེམས་དེ་གང་ལ་ཡོད་པ་རྣམས་ལ་སེམས་ཅན་ཞེས་བྱའོ༔ དཔེར་ན་རྭ་གང་ལ་ཡོད་པ་རྣམས་ལ་རྭ་ཅན་ཟེར་བ་ལྟ་བུའོ༔ སངས་རྒྱས་ནི་དེ་ལྟར་སེམས་ཅན་དང་མི་ནོར་བ་གནད་དུ་ཟུངས་ཤིག༔ ད་དུང་སེམས་ཅན་དང་མཚུངས་པའི་སངས་རྒྱས་རང་རྒྱུད་པ་ཞིག་ཡོད་པར་སེམས་ན་སངས་རྒྱས་དེ་དང་པོ་བྱུང་བའི་ཁུངས་བཙལ་བ་དང་༔ བར་དུ་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་གང་དུ་གནས་བརྟག་པས་སྟེང་ཕྱོགས་ན་གནས་པར་སེམས་ན་ནམ་མཁའ་རྟེན་མེད་ལ་ཞིང་ཁམས་ཞེས་བྱ་བའི་སྣོད་བཅུད་ཞིག་གྲུབ་ན་དེ་ས་ལ་ལྷུང་བ་ལས་འོས་མེད་པ་དང་༔ ས་སྟེང་དུ་གནས་ན་ད་ལྟ་སོང་ཡང་མི་སླེབ་པའི་དོན་མེད་པ་དང་༔ ས་འོག་ཏུ་ཡོད་ན་བརྐོས་པས་བརྡོལ་འོང་བ་ཡིན་མོད༔ ད་ལྟ་མཐོང་ཚོར་མེད་པའི་ཡུལ་དེར་ཤི་བའི་ཚེ་ན་སླེབ་དོན་ཅི་ལ་ཡོད༔ ལུས་ཅན་གྱིས་བགྲོད་པ་མ་ཡིན་ཟེར་ན་སེམས་ཅན་ཤི་ཚད་ཐམས་ཅད་ཀྱི་རྣམ་པར་ཤེས་པ་གནས་དེ་ཉིད་དུ་སླེབ་དགོས་པར་འདོད་པ་ཡིན་ནམ༔ ལས་ངན་པའི་སྤྱོད་ཡུལ་མ་ཡིན་ཞེ་ན་གནས་ནས་གནས་སུ་བརྒྱུད་དེ་འགྲོ་བའི་འགྲོ་མཁན་དང་འགྲོ་ཡུལ་ཐམས་ཅད་གཉིས་འཛིན་གྱི་འཁྲུལ་སེམས་ལས་སྐྱེས་ཤིང་བྱུང་བ་ཡིན་ན་གཟུང་འཛིན་ལས་གཞན་པའི་ལས་ངན་པ་མེད་མོད༔ དེ་ཀུན་གྱི་སྤྱོད་ཡུལ་དུ་གདོན་མི་ཟ་བར་མངོན་བྱུང་༔ གལ་སྲིད་ཡུལ་དེ་ལྟ་བུ་ཡོད་སྲིད་ནའང་བདག་འཛིན་རྣམ་པ་གཉིས་ཀྱིས་བཅིང་པའི་སེམས་ཅན་སྒོ་ལྔ་ཚོགས་དྲུག་ཅན་ཡུལ་དེར་སོང་ཡང་ཁོའི་རྒྱུད་མ་དག་པས་གནས་སྐབས་ཀྱི་བདེ་འབྲས་ཙམ་ལས་གཏན་དུ་བདེ་བའི་ས་འཐོབ་པར་མི་འགྱུར་བ་གཟུང་འཛིན་གྱི་སྣང་བ་བརྟན་མེད་གནས་སུ་འགྱུར་བ་ལ་བལྟས་པས་གསལ་བ་ཡིན༔ གཟུང་འཛིན་སེམས་ཀྱི་སྣང་བའི་གཤིས་ལ་མཆེད་འགགས་ཀྱི་མཚན་ཉིད་ཡེ་ནས་མ་གྲུབ་པས་དེའི་རང་མཚང་སྟོན་པ་ཡིན༔ དེ་ལྟར་ཞིང་ཁམས་ལ་སྣོད་བཅུད་གྲུབ་ཅིང་ཡུལ་ལ་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་རང་ཆས་སུ་ཡོད་པ་སྣོད་བཅུད་སྟོན་འཁོར་ཐམས་ཅད་ཞི་བ་བསིལ་བ་དྭངས་པ་རྙོགས་པ་དང་བྲལ་བ་རྣམས་ཁྱད་འཕགས་ཀྱི་ཆེ་བ་ཡིན་སྐད་ན་གཟུགས་ཁམས་ཀྱི་ལྷ་ལས་མི་འཕགས་པས་སེམས་ཅན་གྱི་སེམས་སྣང་ངོ་༔ སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་མ་རིག་པའི་ཆོ་འཕྲུལ་ཡིན་པས་སེམས་ཅན་དུ་ཐལ་བའི་མཚང་རྡོལ་བའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སྔོན་གྱི་རྣལ་འབྱོར་གྲུབ་ཐོབ་མང་པོའི་མཛད་སྤྱོད་དང་ཡི་གེ་དང་ལྷ་ཁང་མཆོད་རྟེན་སོགས་མང་པོར་སྣང་བ་རྣམས་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དཔེར་ན་མི་ཞིག་གཉིད་དུ་སོང་བའི་རྨི་ལམ་ན་སྔོན་གྱི་སྲིད་པ་ཆགས་པའི་ལོ་རྒྱུས་དང་༔ མི་དང་སྲོག་ཆགས་འདི་དག་གི་ཆགས་ལུགས་གྲུབ་ཚུལ་མང་པོ་ཐོས་པ་དང་༔ སྟོན་པ་སློབ་དཔོན་མང་པོས་ཆོས་སྟོན་པ་དང་༔ ལྷ་ཁང་མཆོད་རྟེན་སྣང་བརྙན་མང་པོ་མཐོང་བ་དང་༔ ཡི་གེ་མང་པོ་མཐོང་བ་ལ་མང་པོས་ན་རེ༔ ལྷ་ཁང་མཆོད་རྟེན་སྣང་བརྙན་འདི་དག་སྦྱིན་བདག་དང་ལྷ་བཟོ་མགར་བ་ཆེ་གེ་མོ་འདི་དག་གིས་བཞེངས་པ་དང་༔ ཡི་གེ་འདི་དག་སྟོན་པ་ཆེ་གེ་མོ་འདི་ཞེས་བྱ་བས་གསུངས་པ་ཡིན་སྐད་པའི་སྣང་བ་ཤར་ནའང་ད་ནངས་གཉིད་ལས་སད་ཚེ་མཐོང་སྣང་དང་བཤད་པ་དེ་དག་ཐམས་ཅད་རང་སྣང་དུ་མཆེད་པ་རང་ངོར་ཡལ་བ་ལས་མ་གྲུབ་པ་བཞིན་དུ་འདི་ལྟར་སྣང་བའི་སྐུ་རྟེན་དང་གསུང་རྟེན་དང་ཐུགས་རྟེན་ཐམས་ཅད་ད་ནངས་དང་ད་ལྟའི་སྣང་བ་རུ་མཆེད་པ་ལས་སྔོན་ནས་གྲུབ་པ་མེད་ཅིང་བརྟེན་པ་ཡང་མེད་དེ་ཐམས་ཅད་རང་སྣང་འཁྲུལ་པའི་སྣང་བ་རུ་ཐག་ཆོད་པར་བྱའོ༔ སངས་རྒྱས་ནི་སེམས་ཅན་ཐམས་ཅད་ཀྱི་གཞི་སྟོང་ཉིད་སྤྲོས་པ་དང་བྲལ་བ་འདི་ཀ་ཡིན་ནོ༔ སངས་རྒྱས་ཀྱི་ཞལ་གཟིགས་ཟེར་ཡང་སེམས་ཅན་ལ་སངས་རྒྱས་ཀྱིས་བལྟ་བ་ནི་འཁྲུལ་པའི་སྣང་ཉམས་རབ་རིབ་ཙམ་ལས་བལྟ་མཁན་དང་མཐོང་ཡུལ་མེད་པ་སྟོང་ཉིད་ཟང་ཐལ་གྱི་རོལ་པ་ལས་མ་འདས་པའོ༔ སངས་རྒྱས་རང་སྣང་ལས་མེད་པས་ཡུལ་གཞན་ལ་རེ་བ་མ་བྱེད་པར་རེ་བའི་ཡུལ་སྟོང་པར་གྱིས་ཤིག༔ ད་ནི་མ་དག་པ་འཁོར་བའི་གནས་ཡུལ་གཞི་རྩ་ལ་བརྟག་ཅིང་དཔྱད་ནས་དོགས་ཡུལ་གཞན་དུ་མ་གྲུབ་པའི་ངང་ཚུལ་རྟོགས་དགོས་པས་དེ་ཡང་འདི་ལྟ་སྟེ༔ དང་པོ་ལུས་འདི་བོར་ནས་ཡུལ་བར་མ་དོ་ཞེས་བྱ་བར་འཁྱམས་འགྲོ་བ་ཡིན་ན༔ ཡུལ་དེ་གནས་འདིའི་ཤར་ལྷོ་ནུབ་བྱང་དབུས་དང་མཚམས་སོགས་གང་དུ་མཆིས་པའི་ཚུལ་ལ་བརྟག་པས་ཡུལ་མ་གྲུབ་པ་དང་༔ ལུས་སྔ་མ་བོར་བ་ཡིན་ན་བར་མ་དོའི་ལུས་དེ་ཕ་མ་དང་བྱུང་གནས་འགྲོ་གསུམ་ལ་བརྟག་པས་དེ་དག་དངོས་མཚན་བདེན་གྲུབ་ཅན་ཞིག་ཡོད་དགོས་པ་ལ༔ རྨི་ལམ་གྱི་ལུས་སྣང་དང་ཡུལ་སྣང་ཙམ་དུ་བར་མ་དོའི་སྣང་བ་ཤར་བ་དང་ཚེ་འདིར་སྣང་བའི་ལུས་དང་ཡུལ་ཞིང་འདོད་ཡོན་ཐམས་ཅད་སྣང་བ་གནས་འགྱུར་ཙམ་ལས་དངོས་མཚན་བདེན་གྲུབ་ཏུ་མེད་པར་ཐག་ཆོད་པར་འགྱུར་རོ༔ དམྱལ་བའི་གནས་ཡུལ་གྱི་སྣོད་བཅུད་ཐམས་ཅད་ས་འདིའི་འོག་ཏུ་མཆིས་སམ་སྟེང་དུ་མཆིས༔ དབུས་དང་ཤར་ལྷོ་ནུབ་བྱང་གང་དུ་མཆིས་པའི་སྣོད་བཅུད་ལ་བརྟག་གཞིག་བྱ་བ་དང་༔ ལྕགས་སྲེགས་ཀྱི་ས་གཞི་སུས་མགར༔ མེའི་བུད་ཤིང་གང་ནས་བླངས༔ དམྱལ་བའི་མཚོན་ཆ་སུས་མགར༔ དམྱལ་མི་ལས་མཁན་དེ་དག་གི་ཕ་མ་དང་རྒྱུ་རྐྱེན་གང་ལས་བྱུང་༔ དེ་དག་གི་ལུས་དང་རྐང་ལག་མེས་མི་ཚིགས་ན་གཞན་སེམས་ཅན་རྣམས་ཚིག་པའི་དོན་མ་མཆིས་པ་དང་༔ ལས་མཁན་དེ་དག་གིས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སྡུག་བསྔལ་དྲག་པོ་ཐོག་ཏུ་ཕབ་པས༔ ཁོང་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་གང་དུ་མྱོང་བའི་ཚུལ་ལ་བརྟག་ན་ཐམས་ཅད་འཁྲུལ་སྣང་རྨི་ལམ་གྱི་སྣོད་བཅུད་ལྟ་བུར་ཤེས་པར་འགྱུར་རོ༔ དེང་སང་གི་སེམས་ཅན་ལ་རྨ་བྱས་པ་དང་བརྡུང་བརྡེག་བྱས་པ་ཙམ་གྱིས་ཤི་བ་བྱུང་ན་དམྱལ་བའི་སྡུག་བསྔལ་དེ་ལྟ་བུས་ཅིའི་ཕྱིར་མི་འཆི༔ ཡུལ་ནས་ཡུལ་དུ་སོང་བ་ཡོད་ན་དེང་གི་དུས་ནས་དེ་མཐོང་ཚོར་གྱིས་ཡུལ་དུ་གྲུབ་དགོས་པ་ལས་ཤི་བའི་རྣམ་ཤེས་མ་གཏོགས་པས་མི་མཐོང་བའི་དོན་མ་མཆིས་པས་དེའི་ངང་ཚུལ་ལ་བརྟག་དཔྱད་བྱས་ན་རང་སྣང་ལས་གཞན་དུ་མ་གྲུབ་པའི་མཚང་རིག་པར་འགྱུར་རོ༔ དེ་བཞིན་དུ་ཡི་དྭགས་པ་དག་གི་ཡུལ་སྣོད་བཅུད་དང་སྡུག་བསྔལ་བརྣག་པར་དཀའ་བ་རྣམས་ངེས་པར་གྲུབ་བམ་མ་གྲུབ༔ ཡུལ་རང་མཚན་པར་གྲུབ་ན་ཕྱོགས་མཚམས་སྟེང་འོག་སོགས་གནས་པའི་ཡུལ་ལ་བརྟག་པ་དང་༔ དེང་སང་གི་སེམས་ཅན་ཞག་དང་ཟླ་བ་འགའ་ཙམ་ལ་མུ་གེ་བྱུང་བས་སྲོག་གི་དབང་པོ་འགག་སྲིད་ན་བསྐལ་པའི་བར་དུ་བཀྲེས་སྐོམ་སྡུག་བསྔལ་གྱིས་མི་འཆི་བའི་དོན་མ་མཆིས་པ་ཡིན༔ དེ་ལ་བསམ་མནོ་ཞིབ་ཏུ་བཏང་ན་ཚེ་རབས་ཐོག་མཐའ་མེད་པའི་དུས་ནས་ཟས་ཁམ་གཅིག་ཟོས་པ་མེད་ཀྱང་༔ ཟོས་པའི་སྣང་བ་ཤར་བའི་མྱོང་ཞེན་གྱིས་བདེ་སྣང་དང་༔ ཡི་དྭགས་པ་དག་གིས་མ་ཟོས་པའི་སྣང་བ་མངོན་ནས་སྡུག་བསྔལ་དུ་ཤར་བ་ཡིན་པར་ཐག་ཆོད་པ་དེ་བཞིན་དུ་གྲོང་ཁྱེར་དྲུག་གི་སྣོད་བཅུད་ཐམས་ཅད་ཀྱི་བྱུང་ས་དང་གནས་ས་དང་འགྲོ་སའི་ངང་ཚུལ་ཐམས་ཅད་ལ་ཞིབ་ཏུ་བརྟག་པས་ཉིན་མོའི་སྣང་བ་གནས་སུ་འགྱུར་བའི་དུས་སུ་རྨི་ལམ་གྱི་སྣང་བ་མཆེད་པ་བཞིན་གནས་རིགས་དྲུག་གི་སྣང་བ་མཆེད་པ་ལས༔ ཡུལ་རང་རྒྱུད་པར་མ་གྲུབ་པའི་ཐག་གཏིང་ནས་ཆོད་པར་བྱའོ༔ དེས་ན་རང་སྣང་གི་འཁྲུལ་པ་འདི་དབྱིངས་སུ་ཞིག་ནས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་མངོན་དུ་བྱས་ཏེ་གདིང་རང་ཐོག་ཏུ་ཐོབ་པའི་ཐབས་ལ་འབད་པ་ཉིད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ལམ་དང་འབྲས་བུ་ངོ་བོ་ཆིག་རྫོགས་ཀྱི་བདག་ཉིད་ཅན་དུ་ལ་བཟླ་བར་བྱའོ༔ ད་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཉིད་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཀྱི་མཆེད་གཞི་དང་ངོ་བོ་ཉིད་དང་སྟོང་པ་ཉིད་དུ་འགག་བསྡམས་པ་ལ༔ གཟུགས་ལ་ངོ་བོ་མ་མཆིས་ན་གཟུགས་མི་སྣང་བ་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་ལ་ངོ་བོ་མ་མཆིས་ན་དེ་དག་ཐམས་ཅད་སྣང་བར་མི་འགྱུར་རོ༔ ནམ་མཁའ་ལ་ངོ་བོ་ཉིད་མ་མཆིས་ན་ནམ་མཁར་སྣང་བ་མི་འབྱུང་བ་དང་༔ ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ བཅུད་ཀྱི་སེམས་ཅན་ལ་ངོ་བོ་དང་༔ གཞི་དང༔ ་རྩ་བ་མེད་ཅིང་ཆད་པར་འགྱུར་ན་དེ་སྣང་བར་མི་འགྱུར་བས༔ ནམ་མཁའི་ངོ་བོ་སྟོང་པ་ཉིད་དང་༔ ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ གཟུགས་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་དང་༔ དེ་བཞིན་དུ་ཀུན་གྱི་གཞི་སྟོང་པ་ཉིད་དང་༔ སྟོང་པ་ཉིད་ངོ་བོ་ཉིད་དུ་ཐག་བཅད་དེ་འགག་བསྡམས་པར་བྱའོ༔ རྒྱ་མཚོའི་གཟའ་སྐར་ཐམས་ཅད་ཀྱི་ངོ་བོ་རྒྱ་མཚོ་ཉིད་དང་༔ སྣོད་བཅུད་ཐམས་ཅད་ཀྱི་ངོ་བོ་ནམ་མཁའ་ཉིད་དང་༔ འཁོར་འདས་ཐམས་ཅད་ཀྱི་ངོ་བོ་སེམས་ཉིད་བདེ་གཤེགས་སྙིང་པོ་ཉིད་ལས་མི་གཞན་པ་ཡིན་ཏེ༔ བདེ་གཤེགས་སྙིང་པོ་ཞེས་བྱ་བ་དེ་ནི་གཞན་ན་མེད་དེ་ནམ་མཁའ་འདི་ཀ་གཞན་དུ་བཟུང་བའི་བདེན་ཞེན་ལྡོག་པར་བྱེད་པ་འཁོར་འདས་སྟོང་ཉིད་ནམ་མཁའི་རང་བཞིན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་སྟེ་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས་པས་གཞི་ནམ་མཁའ་ཉིད་དུ་ཐག་ཆོད་པར་འགྱུར༔ དེ་ཡང་བེམ་སྟོང་སྐྱོན་ཡོན་མེད་པའི་ལུང་མ་བསྟན་དུ་གོ་ན་དེ་ལྟར་མ་ཡིན་ཏེ༔ སེམས་ཅན་འཁྲུལ་པའི་དུས་ན་འབྱུང་བ་སྣོད་བཅུད་འདོད་ཡོན་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ་ཐམས་ཅད་ནམ་མཁའི་རོལ་པའོ༔ གཞིའི་ངོ་བོ་ནམ་མཁའི་རང་བཞིན་ཡིན་ཀྱང་གཞི་མ་རིག་པས་བསྒྲིབ་པས་རང་རྒྱུད་པར་བཟུང་བ་དང་༔ ནམ་མཁའ་ཁྱབ་གདལ་གྱི་རང་བཞིན་བདག་མེད་པ་ལ་བདག་ཏུ་བཟུང་བའི་རྐྱེན་གྱིས་བདག་ཏུ་སྣང་བ་དང་༔ གཞི་ཕྱི་རུ་བཟུང་བའི་བྱེད་ལས་ཀྱིས་ནམ་མཁའ་བེམ་སྟོང་དུ་སྣང་བ་དང་༔ ནམ་མཁའ་དྭངས་གསལ་གྱི་ཆ་ལས་ནམ་མཁའ་ས་རུ་སྣང་བ་དང་༔ ནམ་མཁའ་མེ་རུ་སྣང་བ་དང་༔ ནམ་མཁའ་ཆུ་རུ་སྣང་བ་དང་༔ ནམ་མཁའ་རླུང་དུ་སྣང་བ་དང་༔ ནམ་མཁའ་གཟུགས་སུ་སྣང་བ་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་རྣམས་སུ་སྣང་བའོ༔ དཔེར་ན་རྒྱ་མཚོ་དྭངས་ཤིང་གསལ་བའི་ཆ་ནས་གཟུགས་བརྙན་སྣ་ཚོགས་དང་གཟའ་སྐར་ཤར་བ་ལྟ་བུའོ༔ གཟུགས་བརྙན་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་དུ་རོ་གཅིག་པ་ལས་ཐ་དད་མེད་པ་བཞིན་དུ་འཁོར་འདས་ཐམས་ཅད་ནམ་མཁའ་ཉིད་དུ་རོ་གཅིག་པ་ལས་ཐ་མི་དད་པའོ༔ དེ་ལྟར་འཁོར་འདས་ཐམས་ཅད་ནམ་མཁའི་རོལ་པར་ངོ་ཤེས་ཤིང་ཐག་ཆོད་པ་ནི་ནམ་མཁའ་རྣམ་པར་དག་པའི་ཤེས་རབ་ཅེས་བྱ་བ་ཡིན་ནོ༔ ནམ་མཁའ་མངོན་དུ་གྱུར་པ་ནི་རིག་པའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ རིག་པ་ཞེས་པ་གང་ལ་གདགས་པ་ཡིན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་རང་གི་ནམ་མཁའ་རྣམ་པར་དག་པའི་གནས་ལུགས་མ་རིག་པའི་དབང་གིས་ངང་མངོན་དུ་མ་གྱུར་པ་ལ་མ་རིག་པ་ཞེས་བྱའོ༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་པས་ཅང་མེད་སྟོང་པ་ཟང་ཐལ་ཡུལ་མེད་ནམ་མཁའི་རོལ་པར་ཐག་ཆོད་དེ་ནམ་མཁའ་མངོན་དུ་གྱུར་པ་ནི་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ མངོན་གྱུར་ནི་ཆུ་བུར་གྱི་མིག་གིས་མ་ལགས་སམ༔ རིག་པར་མི་འཐད་པས་ན་ནང་ན་ཤེས་མཁན་ཡོད་དམ་མེད༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཆུ་བུར་གྱིས་ཉིན་སྣང་དང་རྨི་སྣང་དང་ཕྱི་མའི་སྣང་བ་རྣམས་མངོན་དུ་མཐོང་བ་མ་ཡིན༔ ཆུ་བུར་བྱེ་བ་འབུམ་གྱིས་ཀྱང་གཟུགས་མངོན་དུ་བྱེད་པར་མི་འགྱུར་རོ༔ ཉིན་སྣང་མཚན་སྣང་འདི་སྣང་ཕྱི་མའི་སྣང་བ་ཐམས་ཅད་མངོན་དུ་བྱེད་པ་ནི་སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཡེ་གནས་ཀྱི་ཤེས་པ་གོ་མ་འགག་པ་དྭངས་གསལ་རྙོགས་མ་དང་བྲལ་བ་སྣང་བ་ཅིར་ཡང་འཆར་དུ་རུང་བ་ཉིད་ཀྱིས་སོ༔ འདི་ལྟར་འཁོར་འདས་སྟོང་ཉིད་ཆེན་པོར་གཏན་ལ་ཕབ་ནས་ཐག་ཆོད་དེ་མངོན་གྱུར་གྱི་ཤེས་པ་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་སྟེ༔ དེ་ནི་ཆོས་ཐམས་ཅད་ཀྱི་དམ་པ་གཞིའི་རིག་པ་མཐའ་གྲོལ་ཆེན་པོའི་ངོ་བོ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ༔ འདིའི་ཡོན་ཏན་ནི་འདི་ལྟ་སྟེ༔ རིགས་ཀྱི་བུ་བདག་མེད་རྟོགས་པའི་ཤེས་རབ་ནི་ནམ་མཁའ་ལ་ཉི་མ་ཤར་བས་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་པ་བཞིན་དུ་འདིའི་ངང་གཏན་ལ་ཕབ་པ་ཙམ་གྱིས་བདག་རྟོག་མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་ཏེ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པའོ༔ བདག་མེད་རྟོགས་པའི་ཤེས་རབ་ནི་བསྐལ་པ་དུས་མཐའི་མེ་ཆེན་མཆེད་པས་དངོས་པོ་རགས་པ་ཐམས་ཅད་ཐལ་བར་གཏོང་བ་དང་༔ རྩྭ་སྦུར་ཕྲ་མོ་ཐམས་ཅད་ཐལ་རྡུལ་ཙམ་ཡང་མེད་པར་གཏོང་བ་བཞིན་དུ་ངེས་པའི་སྡིག་པ་ཐམས་ཅད་ཟིལ་གྱིས་གནོན་པ་དང་༔ མ་ངེས་པའི་སྡིག་སྒྲིབ་ཐམས་ཅད་ཡུལ་མེད་དུ་གཏོང་བ་ཡིན༔ ཤེས་རབ་ཆེན་པོ་ནི་མཐོང་བྱེད་ཀྱི་མིག་ལྟ་བུ་སྟེ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མངོན་དུ་བྱེད་པ་ཡིན༔ ཤེས་རབ་ཆེན་པོ་ནི་རྒྱ་མཚོ་ཆེན་པོའི་ཆུ་ལྟ་བུ་སྟེ་ཆུ་བོ་ཆུ་བྲན་ཐམས་ཅད་དེ་ལས་འཕྲོས་ཤིང་དེ་རུ་འདུ་བ་བཞིན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་དེ་ལས་འཕྲོ་ཞིང་དེར་འདུ་བ་ཡིན༔ ཤེས་རབ་ཆེན་པོ་ནི་ནམ་མཁའ་ལྟ་བུ་སྟེ་སྣང་སྲིད་ཐམས་ཅད་དེའི་ཁོངས་སུ་མ་ཆུབ་པ་མེད་པ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཤེས་རབ་ཆེན་པོ་མངོན་དུ་གྱུར་པ་ཙམ་གྱིས་སྐད་ཅིག་ཉིད་དུ་དེའི་ཁོང་དུ་ཆུབ་པའོ༔ སྐད་ཅིག་མ་དང་པོར་བདུད་ཀྱི་འབངས་སུ་གྱུར་ཅིང་ཉོན་མོངས་པའི་ཕུང་པོ་ཅན་དུག་གི་རྐྱལ་པ་ལྟ་བུ་ཕྱག་མཆོད་བཀུར་སྟིའི་གནས་སུ་མ་གྱུར་པའི་སེམས་ཅན་དམུས་ལོང་སྡིག་ཅན་ཞིག་ལ་ཤེས་རབ་ཆེན་པོ་ངོ་འཕྲོད་ནས་མངོན་དུ་གྱུར་ན༔ སྐད་ཅིག་མ་གཉིས་པར་འགྲོ་བ་ལྷ་དང་བཅས་པའི་སྐྱེ་རྒུ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ༔ བཀུར་བར་བྱ་བའི་འོས་སུ་གྱུར་པ༔ མཆོད་པར་བྱ་བའི་འོས་སུ་གྱུར་པ༔ བསོད་ནམས་བསགས་པའི་ཞིང་སར་འགྱུར་བ་ཡིན༔ ཤེས་རབ་ཆེན་པོ་ནི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་ན་འཇམ༔ གསུང་དབྱངས་ལྷུན་གྲུབ་རིན་པོ་ཆེ་ཚངས་དབྱངས་ཡན་ལག་དྲུག་ཅུའི་བདག་ཉིད་ཅན་དུ་གྲགས་པས་ན་དབྱངས་ཉིད་དོ༔ འཁོར་འདས་མཉམ་པ་ཉིད་དུ་མཐོང་བས་ན་སྤྱན༔ ཐམས་ཅད་ངོ་བོ་ཉིད་དུ་བརྡལ་བའི་དབྱིངས་ལས་ལོགས་སུ་གྱུར་པ་མེད་པས་ན་རས༔ གཞི་དང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཡེ་ཤེས་གཅིག་ཏུ་གཟིགས་པས་ན་གཟིགས་སོ༔ བདག་རྟོག་དབྱིངས་སུ་སྒྲོལ་བས་ན་མཐུ༔ ནུས་མཐུ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ན་ཆེན་པོ༔ མི་འཇིགས་པའི་གདིང་ཆེན་པོ་ཐོབ་པས་ན་ཐོབ་ཅེས་སོ༔ ཤེས་རབ་ཆེན་པོ་མངོན་དུ་གྱུར་མ་ཐག་པ་ནས་སྲིད་པ་ལས་རབ་ཏུ་འཕགས་པ༔ གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རིགས་ཐམས་ཅད་འདུས་པའི་བདག་ཉིད་ཅན་གྱིས་རིགས་གསུམ༔ ཁམས་གསུམ་འགྲོ་བ་ཀུན་གྱི་མགོན་དུ་གྱུར་པས་ན་མགོན་པོ་ཞེས་པ་རྣམས་ཤེས་རབ་ཆེན་པོ་ལས་གཞན་དུ་མེད་དོ༔ ཤེས་རབ་ཆེན་པོས་ཆོས་ཅན་གྱི་སྣང་བ་གཟུང་འཛིན་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་རང་ཞི་བས་ན་ཞི་བའི་གཟུགས་སུ་བཀོད་པ་དང་༔ འཁོར་བའི་སྲོག་གཅོད་ཅིང་མྱ་ངན་ལས་འདས་པའི་ས་རུ་སྦྱོར་བ་ལ་སྙིང་རྗེ་མེད་པར་བཀོད་ནས་ཁྲོ་བོའི་གཟུགས་སྐུར་བརྗོད་པ་ཙམ་མོ༔ བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་འདི་མངོན་དུ་གྱུར་མ་ཐག་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་གནས་འགྱུར་དུ་བྱེད་དོ༔ རང་ངོ་རང་གིས་མ་རིག་པར་འཁྲུལ་པ་བརྟན་ཅིང་འཐས་པ་ལ་གཏི་མུག་ཅེས་བྱ་སྟེ༔ བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་གྱུར་ཏེ་འཁོར་འདས་ཐམས་ཅད་ཆོས་ཉིད་འོད་གསལ་གྱི་རོལ་པར་རང་ཡན་པས་གཏི་མུག་རྡོ་རྗེ༔ གཞི་དབྱིངས་དྭངས་གསལ་རྙོགས་པ་དང་བྲལ་བའི་ངང་དུ་གཉིས་སྣང་གི་ཞེ་སྡང་རང་ཆོམ་པས་ཞེ་སྡང་རྡོ་རྗེ༔ འཁོར་འདས་དག་མཉམ་ཆེན་པོའི་ངང་དུ་བདག་རྟོག་གི་ང་རྒྱལ་རང་ཆོམ་པས་ང་རྒྱལ་རྡོ་རྗེ༔ རླུང་སེམས་སྟོང་དབྱིངས་སུ་ཞིག་ནས་རྣམ་རྟོག་རྩལ་དུ་འཕོས་པའི་འདོད་ཞེན་རང་ཆོམ་པས་འདོད་ཆགས་རྡོ་རྗེ༔ བདག་སྣང་བདེན་མེད་དུ་ཞིག་པས་མཚན་འཛིན་གྱི་ཕྲག་དོག་རང་ཆོམ་པས་ཕྲག་དོག་རྡོ་རྗེ་ཞེས་བྱ་སྟེ༔ ཉོན་མོངས་པ་རང་ཉིད་རང་གིས་ཆོམ་པས་ན་ཁྲོ་བོའི་གཟུགས་སུ་བཞག་པའོ༔ དེ་ལྟ་བུའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཤེས་རབ་ཆེན་པོ་འདིས་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་མངོན་དུ་བྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞི་ཡེ་ནས་འཁྲུལ་མི་ཤེས་ཤིང་འཁྲུལ་མ་མྱོང་བའི་སངས་རྒྱས་རང་ལ་ཡོད་ན༔ དེ་ཤེས་ཀྱང་མ་ཤེས་ཀྱང་སངས་རྒྱས་ཡིན་པའི་ཕྱིར་འདི་ལ་ཤེས་རབ་དང་ཡེ་ཤེས་མངོན་དུ་བྱེད་དགོས་པའི་དོན་མ་མཆིས་པ་དང་༔ སེམས་ཅན་འཁོར་བར་འཁྱམས་ནས་བདེ་སྡུག་མྱོང་དགོས་པའི་དོན་ཡང་མ་མཆིས་ན་འདིའི་ངང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་གཞི་ལུང་མ་བསྟན་དུ་སོང་བས་ཕན་གནོད་མེད་པས་ལན་པ་ཡིན་ནོ༔ དེའི་མཚོན་དཔེ་གཞི་ཡེ་གནས་ཀྱི་ཆོས་ཉིད་ལུང་མ་བསྟན་དུ་སོང་བ་ནི་ཡིད་བཞིན་གྱི་ནོར་བུ་དང་ཚེ་གཅིག་ཏུ་འགྲོགས་ཀྱང་ངོ་མ་ཤེས་པར་ས་རྡོ་རུ་འཁྲུལ་པའི་དབང་གིས་དབུལ་ཕོངས་ཀྱི་སྡུག་བསྔལ་གྱིས་གདུང་བ་ལྟ་བུའོ༔ ནོར་བུ་དངོས་གྲུབ་མེད་དུ་སོང་བ་མ་ཡིན་ཀྱང་ངོ་མ་ཤེས་ཏེ་བཀུར་སྟི་མ་བྱས་པའི་རྐྱེན་གྱིས་དངོས་གྲུབ་མི་འབྱུང་བ་བཞིན༔ གཞི་ཀ་དག་སྤྲོས་པ་དང་བྲལ་བའི་ངང་དང་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བར་ཡོད་ཀྱང་ངོ་མ་ཤེས་པའི་དབང་གིས་རང་ཐོག་ཏུ་རང་ས་མ་ཟིན་པའི་རྐྱེན་གྱིས་བདེ་སྡུག་གི་སྣང་བ་རྒྱུན་མི་ཆད་པར་ཤར་བ་ལ་བདེན་པར་བཟུང་ནས་འཁྲུལ་པ་ཡིན༔ ད་ཤེས་རབ་ཆེན་པོས་མངོན་གྱུར་གྱི་ཡེ་ཤེས་ངོ་ཤེས་ཤིང་གདིང་རང་སར་བཟུང་བས་རང་གྲོལ་བ་ནི་ནོར་བུ་ངོ་ཤེས་ཏེ་བཀུར་སྟི་བྱས་པས་དབུལ་ཕོངས་ལས་གྲོལ་བ་ལྟ་བུའོ༔ གཞི་ལུང་མ་བསྟན་དུ་ཡོད་པ་བདག་པོ་མེད་པའི་ཞིང་ས་ལྟ་བུ་ལ༔ ངོ་རང་ཐོག་ཏུ་འཕྲོད་ནས་རང་དབང་བསྒྱུར་བ་ནི་ཞིང་ས་ལ་སོ་ནམ་བྱས་ཏེ་ལོ་ཏོག་ལོངས་སྤྱོད་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་མཁར་ཁྱིམ་སྟོང་པ་བདག་པོ་མེད་པས་ཕན་གནོད་མེད་པ་ལྟ་བུ་ལ༔ གཞི་མངོན་དུ་གྱུར་པ་ནི་མཁར་ཁྱིམ་ལ་བདག་པོས་ལོངས་སྤྱོད་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་ནམ་མཁའ་སྨག་གིས་བསྒྲིབས་པ་ལྟ་བུ་སྟེ༔ གཞི་མངོན་དུ་གྱུར་པ་ནི་མཁའ་ལ་ནམ་ལངས་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་སེམས་ཅན་འཁྲུལ་པའི་ཡུལ་དུ་གྱུར་ཏེ་ཕན་གནོད་གང་ཡང་མེད་པ་སྟེ༔ གཞི་མངོན་དུ་གྱུར་པ་ནི་རྣམ་པར་གྲོལ་བའི་ས་ལམ་ལ་དབང་འབྱོར་བ་ཡིན་ནོ༔ དེ་ལྟར་གཞིའི་ཡོན་ཏན་ཡོངས་རྫོགས་ཆེན་པོ་མངོན་དུ་བྱེད་པ་ནི་ཤེས་རབ་ཆེན་པོའི་སྟོབས་ཤུགས་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ བཅོམ་ལྡན་འདས་ད་ཆོས་སྐུ་གཞིར་གནས་ཀྱི་རིག་པ་དང་ལམ་གྱི་རིག་པ་ཐ་དད་དུ་ཡོད་དམ་མེད༔ ཡོད་ན་དེའི་ངོ་བོ་དང་དབྱེ་བ་ཡོན་ཏན་རྫོགས་ཚུལ་དང་༔ སེམས་ཅན་འཁྲུལ་པའི་ཚུལ་དང་ཡིན་ལུགས་ཐམས་ཅད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་ལམ་གྱི་རིག་པ་དང་༔ གཞིའི་རིག་པ་གཉིས་ཡོད་དེ༔ ལམ་གྱི་རིག་པ་ནི་ཡེ་གནས་ཀྱི་ཤེས་པ་གོ་མ་འགགས་པ་ངོ་རང་ཐོག་ཏུ་འཕྲོད་པར་བྱས་ནས་བཅས་བཅོས་ཡིད་དཔྱོད་འཛིན་སྟངས་ཐམས་ཅད་ལས་འདས་པར་རང་སར་ཡན་པའི་ངང་དུ་མ་བཅོས་པ་གསུམ་གྱིས་མཉམ་པར་བཞག་པས་ཤེས་རབ་དང་ཡེ་ཤེས་དངོས་མ་ཡིན་ཀྱང་དེའི་གདངས་ཡིན་པས་མཐར་ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ་གཞི་རིག་མངོན་དུ་གྱུར་པའོ༔ གཞིར་གནས་ཀྱི་རིག་པ་ནི་བདག་དང་སྣང་བ་ཐམས་ཅད་ཀྱི་མིང་དང་དངོས་པོ་བྱུང་གནས་འགྲོ་གསུམ་གྱི་སྒོ་ནས་ཤེས་བྱ་རྣམ་པ་བཅུའི་རང་བཞིན་དུ་གཏན་ལ་ཕབ་སྟེ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སྣང་གཅིག་གི་རོལ་པར་ཐག་ཆོད་ཅིང་ནམ་མཁའ་རྣམ་པར་དག་པའི་མཁའ་དབྱིངས་བརྡལ་ཁྱབ་ཆེན་པོ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པའོ༔ འདིའི་ཡོན་ཏན་ནི་འདི་ལྟ་སྟེ༔ རིག་པ་སེམས་སུ་མི་འཁྲུལ་པས་ཚུལ་ཁྲིམས་རྣམ་པར་དག་པ༔ རིག་པ་ལ་རང་དབང་བསྒྱུར་བ་བྱར་མེད་རང་ཀར་ཡན་པས་སྦྱིན་པ་རྣམ་པར་དག་པ༔ རིག་པ་རང་ཐོག་ཏུ་རང་ས་འཛིན་པས་བཟོད་པ་རྣམ་པར་དག་པ༔ མཉམ་བཞག་མ་བཅོས་རྣམ་གསུམ་དང་རྗེས་ཐོབ་མ་ཤོར་རྣམ་གསུམ་ལས་མི་འདའ་བ་བརྩོན་འགྲུས་རྣམ་པར་དག་པ༔ རྣམ་པར་རྟོག་པ་ཡེ་ཤེས་སུ་འཕོས་པས་བསམ་གཏན་རྣམ་པར་དག་པ༔ འཁོར་འདས་མཉམ་པ་ཉིད་དུ་རོལ་པས་ཤེས་རབ་རྣམ་པར་དག་པ་སྟེ༔ ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་ལྷུན་གྱིས་གྲུབ་པའོ༔ འཛིན་མེད་བྱར་མེད་ཡེ་བབ་ཆེན་པོ་ངང་གནས་ཀྱི་ཆོས་ཉིད་རང་བབ་ཆེན་པོར་མཉམ་པར་བཞག་པས་མཉམ་བཞག་རྣམ་པར་དག་པ༔ ལྟ་སྒོམ་སྤྱོད་པ་ཐ་མལ་དུ་མ་སོང་བས་རྗེས་ཐོབ་རྣམ་པར་དག་པ་སྟེ༔ མཉམ་རྗེས་གཉིས་སུ་མེད་པའི་ངོ་བོ་གཅིག་ཆར་དུ་རྫོགས་པ་ཡིན༔ མ་རིག་པའི་དྲི་མ་དབྱིངས་སུ་སངས་པ༔ ཡེ་ཤེས་ཡོན་ཏན་ཐམས་ཅད་རིག་པའི་ཡེ་ཤེས་ཆེན་པོའི་ངང་དུ་རང་བྱུང་ལྷུན་གྲུབ་ཆེན་པོར་རྒྱས་པ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་རང་གི་ངང་དུ་མ་བཅོས་རང་ཆས་སུ་ཡོད་པས་ཆོས་ཉིད༔ དགེ་བའི་ཆོས་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་མི་ཕྱེད་དུ་འདུན་པས་དགེ་འདུན་ཏེ༔ ཕྱིའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཆོས་ཉིད་རིག་པའི་ངང་དུ་རོ་གཅིག་ཏུ་འདུས་པ་དང་༔ འཁོར་འདས་ཐམས་ཅད་ཀྱི་ངོ་བོར་གྱུར་པས་བླ༔ འགྲོ་རྣམས་གཏན་དུ་བདེ་བའི་ས་ལ་སྦྱོར་བའི་མ༔ རིག་པ་རང་གི་ངང་ལས་མི་འདའ་བར་ཡིད་ལ་དམ་བཅས་པས་ཡི་དམ༔ འཁོར་འདས་མཁའ་ཀློང་དུ་སྦྲུམ་པའི་མ་ལྟ་བུའི་ཕྱིར་མཁའ༔ ཐབས་དང་རྟེན་འབྲེལ་གྱི་སྒོ་དུ་མར་འགྲོ་བས་འགྲོ་ཞེས་བྱ་སྟེ༔ ནང་གསང་སྔགས་ཀྱི་སྐྱབས་ཡུལ་ཐམས་ཅད་ཀྱི་ངོ་བོར་གནས་པའོ༔ ངོ་བོ་ཡེ་སྟོང་ཆེན་པོ་སྐྱེ་བ་མེད་པའི་ཡེ་ཤེས་ཆོས་སྐུ༔ རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ལོངས་སྤྱོད་དུ་རང་རྫོགས་པས་འགགས་པ་མེད་པའི་ཡེ་ཤེས་ལོངས་སྐུ༔ ཐུགས་རྗེ་ཀུན་གྱི་ཡེ་ཤེས་ཆེན་པོ་འགྲོ་བའི་དཔལ་དུ་ཤར་བས་སྤྲུལ་སྐུ་སྟེ༔ གསང་བ་བླ་ན་མེད་པའི་དཀོན་མཆོག་གསུམ་པོ་ཡང་རིག་པའི་ཡེ་ཤེས་ཆེན་པོར་རྫོགས་པའོ༔ དེ་ལྟར་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ནས་དེ་གདུལ་བྱའི་སྐྱབས་མགོན་དམ་པར་རིག་སྟེ་བསྟེན་པ་དང་༔ དེའི་ངང་ལས་མི་འབྲལ་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་སྟེ༔ སྐྱབས་འགྲོ་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའོ༔ སེམས་བསྐྱེད་པའི་ཐབས་ཚུལ་ལམ་གཞན་ལས་ཆེས་ཆེར་འཕགས་པ་འཁོར་འདས་མཉམ་བརྡལ་གྱི་གནས་ལུགས་རང་ངོ་ཤེས་པ་སེམས་བསྐྱེད་ཐམས་ཅད་ཀྱི་མཆོག་མངོན་དུ་གྱུར་པའོ༔ རིག་པ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཀློང་དུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མ་བཙལ་རང་བྱུང་བའི་ངང་ཚུལ་གཏན་ལ་ཕབ་ནས་ཉམས་སུ་ལེན་པ་ནི་སྒྲུབ་དང་དཀྱིལ་འཁོར་ཐམས་ཅད་འདུས་པའི་ངོ་བོ་སྙིང་པོ་མི་འགྱུར་བའི་སྒྲུབ་པ་འདི་ཁོ་ན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ རིག་པ་རང་གི་ངང་དུ་རང་དམ་བཅས་ཏེ་དེ་ལས་མི་འདའ་བའི་གདིང་ཐོབ་ན་ཚེ་འདིར་མཆོག་གི་དངོས་གྲུབ་འབད་མེད་དུ་འཐོབ་པ་དང་༔ དེ་ལས་འདས་ཏེ་མ་རིག་པའི་ངང་དུ་འཆོལ་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་བཟོད་བླག་མེད་པའི་མེ་ལྟ་བུས་ཚིག་པར་འགྱུར་བས་ན་དམ་ཚིག་ཆེན་པོ་ཡིན༔ འཁྲུལ་པ་དངོས་ཞེན་གྱི་སྒོ་མ་འཁྲུལ་པ་རིག་པའི་དབྱིངས་སུ་སྡོམ་པས་སྡོམ་པ་ཐམས་ཅད་ཀྱི་ངོ་བོ་ཡིན༔ ཚེ་རབས་ཐོག་མ་མེད་པའི་དུས་ནས་གཞི་དབྱིངས་ཀ་དག་གི་རོལ་པ་མ་རིག་པའི་སྒྲིབ་པས་བསྒྲིབ་པ་ཉིད་ཆོས་ཉིད་རྒྱུ་འབྲས་ལས་འདས་པ་མཐའ་གྲོལ་རིག་པའི་རྒྱལ་པོའི་རང་ཞལ་མངོན་དུ་གྱུར་པས་ཡུལ་མེད་ཟང་ཐལ་ཆེན་པོར་སྦྱོངས་པས་སྒྲིབ་སྦྱོང་སྟེ༔ ལུས་ངག་གིས་སེམས་ལ་ཕན་ཕྱིར་ཟག་བཅས་ཀྱི་དགེ་བ་ལ་འབད་རྩོལ་ཇི་ཙམ་བྱས་ཀྱང་འཁོར་བར་བསོད་ནམས་བསགས་པ་ཙམ་ལས་རྣམ་པར་གྲོལ་བའི་ས་ཐོབ་པར་མི་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ གཞི་མ་རིག་པ་ནི༔ འཁོར་བ་དང་འཁྲུལ་པ་སྣང་སེམས་ཐམས་ཅད་ཀྱི་གཞི་ཡིན་པས་གཞི་དེ་ལ་བརྟེན་པའི་དཀར་ནག་གི་ལས་ཐམས་ཅད་འཁོར་བ་ལས་མི་འཕགས་པ་ནི་དེའི་ཕྱིར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་སེམས་ཉིད་ཡེ་ནས་སངས་རྒྱས་སྐྱོན་དང་དྲི་མས་མ་གོས་པ་ཞིག་ཡིན་ན་འདི་ལྟར་འཁྲུལ་པའི་གཞི་ལམ་འབྲས་བུ་ཐམས་ཅད་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དག་པའི་གཞི་ནི་ཀ་དག་གདོད་མའི་མགོན་པོར་སངས་རྒྱས་པ་ཡིན་ཏེ་དེ་མངོན་དུ་གྱུར་པ་ནི་རིག་པ་རང་བྱུང་གི་སངས་རྒྱས་ཡིན་ལ༔ དེའི་མཚན་ཉིད་ནི་ངོ་བོ་ཡེ་སྟོང་ཆེན་པོ་འཁོར་འདས་ཡོངས་ཀྱི་དབྱིངས་ཉིད་ཆོས་དབྱིངས་ཡེ་ཤེས༔ ཅིར་ཡང་འཆར་དུ་རུང་བའི་ཡུལ་གོ་མ་འགགས་པ་དྭངས་གསལ་རྙོགས་མ་དང་བྲལ་བའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས༔ འཁོར་འདས་ཐམས་ཅད་ཡུལ་མེད་སྟོང་པ་ཉིད་དུ་མཉམ་པར་བརྡལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས༔ ཡེ་ཤེས་ཡོན་ཏན་གྱི་གསལ་སྒོ་མ་འགགས་པས་སོ་སོར་རྟོག་པའི་ཡེ་ཤེས༔ དག་གྲོལ་མཉམ་རྫོགས་ཀྱི་ལས་དང་བྱ་བ་ཐམས་ཅད་རང་བྱུང་དུ་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ༔ ཡེ་ཤེས་ལྔ་པོ་གཅིག་ཆར་དུ་རྫོགས་པའི་ཆོས་སྐུ་གཞིར་གནས་ཀྱི་རིག་པའི་རང་མདངས་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཞེས་བྱ་བའོ༔ དེ་ཉིད་ཀྱི་ངང་མ་རིག་པ་ནི་འཁྲུལ་པའི་རྒྱུར་གྲུབ་པ་སྟེ༔ དེའི་ཚུལ་ནི་གཞི་བརྡལ་ཁྱབ་ཀྱི་རོལ་པའི་ངང་མ་རིག་པ་ཙམ་གྱིས་རྒྱུ་བྱས༔ དེ་ཅུང་ཟད་བརྟན་པས་ཀུན་གཞི་མཚན་ཉིད་པ་བེམ་སྟོང་ནམ་མཁའ་ལྟ་བུ་ཐོམ་ཡོ་རེ་བ་ཅི་ཡང་མི་སེམས་པའི་སྟོང་ཧད་དེ་བར་གནས་པ་ཡིན༔ དེའི་ཐོག་ཏུ་ཕེབས་པ་ནི་བརྒྱལ་བའི་གནས་སྐབས་དང་༔ སྙོམས་འཇུག་གི་གནས་སྐབས་དང་༔ བསམ་གཏན་གྱིས་བསླང་བའི་ཉམས་ཀྱི་ཐོག་ཏུ་ཕེབས་པ་དང་༔ སྣང་བ་དབྱིངས་སུ་ཐིམ་པ་གཉིད་འཐུག་པོས་ཀུན་གཞིར་འཐུམ་པ་དང་༔ སྣང་བ་གནས་སུ་འགྱུར་བ་འཆི་སྲིད་ཀྱི་ཐོག་ཕེབས་རྣམས་ཏེ་ཀུན་གཞི་མཚན་ཉིད་པ་ཞེས་བློ་ཡིད་ཀྱི་མྱོང་ཞེན་དང་བྲལ་བ་གཞི་བེམ་སྟོང་རང་ལ་འཐུམ་པའོ༔ དེའི་ངང་ནས་སྣང་བ་མཆེད་པའི་གཞིར་ཤེས་པ་དྭངས་ཤིང་གསལ་བ་ཉིད་ལངས་པ་ཀུན་གཞིའི་རྣམ་ཤེས༔ དེ་ཡང་རང་གསལ་བ་ལས་ཡུལ་མ་གྲུབ་ཤིང་ཡུལ་ལ་མ་ཞུགས་པ་ཅིར་ཡང་འཆར་དུ་རུང་བ་དཔེར་ན་ཆུ་དྭངས་གསལ་ལ་གཟའ་སྐར་མཆེད་དུ་རུང་བ་དང་མེ་ལོང་དྭངས་གསལ་ལ་གཟུགས་བརྙན་འཆར་དུ་རུང་བ་དང་༔ ནམ་མཁའ་དྭངས་གསལ་ལ་སྣོད་བཅུད་མཆེད་དུ་རུང་བ་བཞིན་ཀུན་གཞིའི་རྣམ་ཤེས་སྟོང་གསལ་ལ་སྣང་བ་མཆེད་དུ་རུང་བའོ༔ དེའི་ངང་ལས་ང་ཞེས་བདག་ཏུ་སྣང་བ་ཙམ་གྱིས་ཤེས་པ་ལངས་ཏེ་བདག་ཚུར་བཟུང་བས་གཞི་ཕ་རོལ་ཏུ་སྣང་ནས་སྣང་ཡུལ་ནམ་མཁའ་བེམ་སྟོང་གྲུབ་པ་དང་༔ དེ་བརྟན་པར་གྱུར་ཏེ་མངོན་དུ་བྱེད་ཅིང་སྣང་བ་མཆེད་པའི་གཞི་ཡིད་ཅེས་བྱ་བ་ལངས་ནས་གསལ་ཆ་བཏོན༔ དེ་ལས་ཀྱང་སྣང་བའི་ཡུལ་ལྔ་ལངས་ཏེ་ཉེ་བར་བླངས་ནས་ཞེན་ཅིང་འཁྲུལ་པ་ཡིན༔ དེ་ལྟར་སྒྲིབ་བྱེད་མ་རིག་པ་ཉིད་ཀྱིས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཞིའི་རང་མདངས་ཉིད་བསྒྲིབ་པ་ལས་གདངས་ཕྱི་རྩལ་དུ་འཕོས་པའི་ཚུལ་ནི༔ བྱ་བ་གྲུབ་པའི་ཡེ་ཤེས་བསྒྲིབ་པས་གདངས་འཛིན་པ་ཕྲ་མོར་འཕོས་པ་དང་༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྒྲིབ་པས་གདངས་ཀུན་གཞི་མཚན་ཉིད་པ་འཕོས་པ་དང་༔ མེ་ལོང་ཡེ་ཤེས་བསྒྲིབ་པས་གདངས་ཀུན་གཞིའི་རྣམ་ཤེས་སུ་འཕོས་པ་དང་༔ མཉམ་ཉིད་ཡེ་ཤེས་བསྒྲིབ་པས་གདངས་ཉོན་ཡིད་དུ་འཕོས་པ་དང་༔ སོར་རྟོག་ཡེ་ཤེས་བསྒྲིབ་པས་གདངས་ཡིད་ཅེས་བྱ་བར་འཕོས་པའོ༔ དབྱིངས་ལྔ་ལས་གདངས་འབྱུང་ཆེན་ལྔ་དང་འབྱུང་ཕྲན་ལྔ་རུ་འཕོས་པའི་ཚུལ་ནི༔ ཆོས་སྐུ་ཁྱབ་བརྡལ་གྱི་དབྱིངས་སུ་བྱ་གྲུབ་ཡེ་ཤེས་ཀྱི་མདངས་བསྒྲིབ་པས་ལས་རླུང་རྒྱུ་བའི་རྐྱེན་ལས་འབྱུང་ཆེན་ནང་འབྱུང་རླུང་གི་དྭངས་མའི་རང་བཞིན་རྒྱུ་འོད་གདངས་ལྗང་གུར་འཕོས༔ དེ་ལ་དངོས་འཛིན་བདེན་ཞེན་སྐྱེས་པའི་རྐྱེན་གྱིས་འཐས་ཤིང་བརྟས་ཏེ་འབྱུང་ཕྲན་ཕྱི་འབྱུང་སྙིགས་མའི་རང་བཞིན་རླུང་དུ་སྣང་བ་དང་༔ དེ་བཞིན་དུ་ཆོས་དབྱིངས་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་མཐིང་གའི་ཁ་དོག་ཏུ་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ནམ་མཁར་སྣང་བ་དང་༔ མེ་ལོང་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་དཀར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ཆུར་སྣང་བ་དང་༔ མཉམ་ཉིད་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་སེར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ས་རུ་སྣང་བ་དང་༔ སོར་རྟོག་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་དམར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་མེ་ཡི་རང་བཞིན་དུ་སྣང་བའོ༔ དེ་ལྟར་དབྱིངས་ལྔ་ལས་འབྱུང་བ་ཐམས་ཅད་མཆེད་ཅིང་འཐས་པ་ཡིན་པས་ཤེས་པར་གྱིས་ཤིག༔ དབྱིངས་ལྔ་ལས་བསྐལ་པ་ཆགས་པའི་སྣང་བ་ནི་འདི་ལྟ་སྟེ༔ ཀུན་རྫོབ་ཏུ་ནམ་མཁའ་རྟེན་མེད་ཀྱི་དབྱིངས་སུ་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས་པའི་སྟེང་དུ་ཞི་བ་གསལ་དག་གི་རྒྱ་མཚོ་ཆགས་པ་དང་༔ དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི༔ དེ་དག་གི་གཤིས་ན་མེའི་དཀྱིལ་འཁོར་གྲུབ་པར་བཤད་པ་དང་༔ དེ་དག་གི་བཅུད་དང་རླངས་པ་ལྟ་བུར་བཅུད་ཀྱི་སེམས་ཅན་ཐམས་ཅད་ཆགས་པ་ཡིན་པར་སྐད་པ་གདུལ་བྱ་ཁ་དྲང་བའི་དོན་དུ་སྨོས་པ་ཙམ་ལས༔ དོན་དམ་པར་དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་བསྒྲིབ་བྱེད་ཀྱི་འཛིན་པ་ཕྲ་མོ་རླུང་གི་རང་བཞིན་དབྱིངས་སུ་ཞུགས་མ་ཐག་ཏུ་གཞི་སྟོང་པ་རྟེན་མེད་དུ་སྣང་བ་ནམ་མཁའ་སྟེ༔ དེ་ལས་ནམ་མཁར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་ཡིན༔ འཛིན་པ་ཕྲ་མོས་མ་རིག་པའི་གཞི་འཛིན་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་བསྒྲིབ་པས་གདངས་རླུང་དུ་སྣང་བ་རྒྱུན་མི་ཆད་པར་མཆེད་པ་དང་༔ མེ་ལོང་ལྟ་བུའི་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་ཆུ་རུ་སྣང་བ་རྒྱུན་ཆད་མེད་པར་མཆེད་པ་དང་༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དངོས་པོར་བཟུང་བས་སར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་དང་༔ སོ་སོར་རྟོག་པའི་ཡེ་ཤེས་མ་རིག་པས་བསྒྲིབ་པས་མེར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་ཡིན༔ དེ་དག་གིས་ངོ་བོ་བསྒྲིབ་པའི་ཆ་ནས་རྟོག་པ་མཆེད་པ་ནི༔ ཆོས་དབྱིངས་ཡེ་ཤེས་བསྒྲིབ་པའི་ཆ་ནས་གཏི་མུག་གི་རྟོག་པ་མཆེད༔ མེ་ལོང་ཡེ་ཤེས་བསྒྲིབ་པའི་ཆ་ནས་ཞེ་སྡང་གི་རྟོག་པ་མཆེད༔ མཉམ་ཉིད་ཡེ་ཤེས་བསྒྲིབ་པའི་ཆ་ནས་ང་རྒྱལ་གྱི་རྟོག་པ་མཆེད༔ སོར་རྟོག་ཡེ་ཤེས་བསྒྲིབ་པའི་ཆ་ནས་འདོད་ཆགས་ཀྱི་རྟོག་པ་མཆེད༔ བྱ་གྲུབ་ཡེ་ཤེས་བསྒྲིབ་པའི་ཆ་ནས་ཕྲག་དོག་གི་རྟོག་པ་རྒྱུན་ཆད་མེད་པར་བྱུང་བ་ཡིན་ཏེ་ཉོན་མོངས་པ་དང་ཡེ་ཤེས་ཐམས་ཅད་ངོ་བོ་གཅིག་ལ་གདངས་ཐ་དད་པར་སྣང་བ་སྟེ༔ སྣང་ཚད་ཀྱང་གཅིག་ལས་ལྔར་སྣང་བའི་བརྡར་མེ་ལས་ཆུ་འབྱུང་བས་ཆུ་དང་༔ མེ་ལས་རླུང་བསྐྱོད་པའི་ཆ་ནས་རླུང་དང་༔ མེ་ལས་ཚ་བ་མཆེད་པས་མེ་དང་༔ མེ་ལས་རྡུལ་ཕྲ་རབ་དང་ཆ་མེད་འབྱུང་བའི་ཆ་ནས་ས་དང་༔ དེ་བཞིན་དུ་ས་ལས་རླན་ཆུ་འབྱུང་བ་དང་༔ ས་ཡང་རྡུལ་ཆ་མེད་ཀྱི་ཁུང་ནས་རླུང་གི་རང་བཞིན་དང་༔ ས་ལས་དྲོད་འབྱུང་བས་མེ་དང་༔ ས་ལྕི་ཞིང་འཐས་པས་སའི་རང་བཞིན་དང་༔ ཆུ་ཡང་རྡུལ་ཆ་མེད་ཀྱི་ཁུང་ནས་རྡུལ་ཕྲན་དུ་གྲུབ་པས་ས་དང་༔ ཤུགས་དང་རླབས་ཆེན་པོར་འཁྲུག་པས་རླུང་དང་༔ དྲོད་ཀྱིས་ཆུའི་ཞབས་མི་འཁྱག་པ་དང་༔ དྲོད་བསླང་པས་མེ་དྲོད་འབྱུང་བ་དང་༔ རླན་ནི་ཆུ་ཡི་མཚན་ཉིད་དང་༔ དེ་བཞིན་དུ་ཡང་ཞིང་གཡོ་བས་རླུང་དང་༔ རྡུལ་ཆ་མེད་ཀྱི་ཁུང་དུ་གནས་པས་ས་དང་༔ དྲོད་ཀྱིས་ཆུ་རླན་སྐམ་པས་མེ་དང་༔ གྲང་བའི་རེག་བྱ་ཡོད་པས་ཆུ་ཡིན་པ་དང་༔ ཀུན་གྱི་ངོ་བོ་ནམ་མཁའ་ཡིན་པས་འབྱུང་བ་རེ་རེ་ལ་ལྔ་རེ་ཚང་བ༔ ཆོས་ཉིད་གཅིག་ལ་མདངས་ལྔ་ཚང་བ་དང་༔ མདངས་གདངས་སུ་འཕོས་པ་ལྔ་ལའང་རེ་རེ་བཞིན་དུ་ལྔ་ཚན་འདུས་པ་ནི་ཡེ་ཤེས་གཅིག་གི་རང་བཞིན་ལ་རྣམ་པ་ཐ་དད་པར་སྣང་བའི་བརྡ་རྟགས་རང་གིས་སྟོན་པའོ༔ ནམ་མཁའ་སར་སྣང་བ་དང་༔ ནམ་མཁའ་མེར་སྣང་བ་དང་༔ ནམ་མཁའ་ཆུར་སྣང་བ་དང་༔ ནམ་མཁའ་རླུང་དུ་སྣང་བ་དང་༔ ནམ་མཁའ་ནམ་མཁར་སྣང་བ་སྟེ་ཀུན་ཀྱང་ནམ་མཁའ་ལས་འབྱུང་བས་འབྱུང་བ་ཞེས་སུ་གྲགས་པ་ཡིན་ནོ༔ འདི་ལྟར་ཕུང་པོ་ལྔ་ལས་འཁོར་བར་སྣང་བ་ཆོས་དབྱིངས་ཡེ་ཤེས་ཀྱི་ངང་ལ་གཉིས་སྣང་ཞུགས་པས་གཟུགས་ཀྱི་ཕུང་པོར་སྣང་བ་དང་༔ མེ་ལོང་ཡེ་ཤེས་ལ་འཛིན་ཞེན་བརྟན་པས་རྣམ་ཤེས་ཕུང་པོ་དང་༔ མཉམ་ཉིད་ཡེ་ཤེས་ལ་གཉིས་འཛིན་ཞུགས་པས་ཚོར་བའི་ཕུང་པོ་དང་༔ སོར་རྟོག་ཡེ་ཤེས་ལ་དངོས་ཞེན་སྐྱེས་པས་འདུ་ཤེས་ཕུང་པོ་དང་༔ བྱ་གྲུབ་ཡེ་ཤེས་ལ་དངོས་ཞེན་བརྟན་པས་འདུ་བྱེད་ཀྱི་ཕུང་པོར་ཤར་བ་ཡིན༔ དེ་བཞིན་ངོ་བོ་ལྔ་བསྒྲིབ་པའི་ཆ་ནས་ཕུང་པོ་ལྔ༔ མདངས་ལྔ་བསྒྲིབ་པའི་ཆ་ནས་ཁ་དོག་ལྔ༔ དབྱིངས་ལྔ་བསྒྲིབ་པའི་ཆ་ནས་འབྱུང་བ་ལྔ༔ ཡེ་ཤེས་ལྔ་བསྒྲིབ་པའི་ཆ་ནས་ཉོན་མོངས་པ་ལྔ་རྣམས་སྣང་བ་ཡིན་ནོ༔ མདོར་ན་ཀུན་གཞིའི་ཁམས་སུ་འཛིན་པས་དཀྲིས་པས་གཟུགས་མེད་པའི་ཁམས་དང་༔ ཀུན་གཞིའི་རྣམ་ཤེས་ཀྱི་ངང་དུ་འཛིན་པ་བརྟན་པས་གཟུགས་ཀྱི་ཁམས་དང་༔ ཡིད་ཀྱི་ཁམས་སུ་བརྟན་པ་ཐོབ་པས་འདོད་ལྷའི་ཁམས་སུ་འཕོས་པ་དང་༔ ཞེ་སྡང་གི་སྒོར་སྣང་བ་མཆེད་པས་དམྱལ་བ་དང་༔ འདོད་ཆགས་ཀྱི་སྒོར་སྣང་བ་མཆེད་པས་ཡི་དྭགས་དང་༔ གཏི་མུག་གི་སྒོར་སྣང་བ་མཆེད་པས་དུད་འགྲོའི་སྣང་བ་མཆེད་པ་དང་༔ དགེ་བའི་ལས་ཅུང་ཟད་ཙམ་བསགས་པ་ཕྲག་དོག་གི་རྟོག་པ་ཤུགས་དྲག་པ་དང་འདྲེས་ཏེ༔ འཆི་ཁ་དེ་ལྟ་བུའི་སྲེད་ལེན་གྱིས་གསོས་ཐེབས་པས་ལྷ་མ་ཡིན་གྱི་སྣང་བ་མཆེད་པ་ཡིན༔ བསོད་ནམས་བསགས་པའི་དགེ་ལ་འབད་ཀྱང་ཉོན་མོངས་པ་དུག་ལྔའི་རྒྱུས་བསྐྱེད་པའི་དབང་དང་༔ འཆི་ཁ་ཡང་དགེ་བའི་སེམས་ཀྱིས་གསོས་ཐེབས་པའི་སྣང་བ་མཆེད་པས་མིའི་སྣང་བ་མཆེད་པ་དང་༔ ངར་འཛིན་གྱི་གཞི་མ་རིག་པས་བྱས་པའི་ཐོག་ཏུ་ཟག་བཅས་ཀྱི་དགེ་བ་ཆེན་པོ་སེམས་ཀྱི་དགེ་བ་ལ་བརྟན་པ་ཐོབ་པའི་སྟོབས་ཀྱིས་ཁམས་གསུམ་གྱི་ལྷ་རུ་འཕོས་ཤིང་མཆེད་པ་ནི་དཔེར་ན་རྨི་ལམ་གྱི་སྣང་བ་མཆེད་པ་ལྟ་བུ་ཡིན་ནོ༔ དེ་ལྟར་འཁྲུལ་པའི་སྣང་བ་ལ་ཉིན་སྣང་དང་མཚན་སྣང་ཀུན་ཏུ་སྣོད་ཀྱི་འཇིག་རྟེན་སྣང་བའི་དབྱིངས་སུ༔ དེ་དག་གི་བཅུད་དང་རླངས་པ་ལྟ་བུར་བཅུད་ཀྱི་སེམས་ཅན་གཟུགས་དབྱིབས་ཁ་དོག་སྐྱེ་མཆེད་སྐད་རིགས་ལ་སོགས་པ་གཅིག་ཏུ་མ་ངེས་པར་སྣ་ཚོགས་སྣང་བ་དགེ་བའི་སྟོབས་ཆེ་ཆུང་གིས་སྣང་ཚུལ་གསུམ་དུ་སྣང་བ་དང་༔ སྙིགས་མ་ལ་དྭངས་སྙིགས་བར་པ་གསུམ་དུ་སྣང་བ་ཀུན་སློང་གི་བྱེད་ལས་ཀྱིས་མི་དགེ་བའི་ལས་ལྕི་ཡང་བར་གསུམ་གྱི་འབྲས་བུ་སྣོད་བཅུད་སྡུག་བསྔལ་ཐམས་ཅད་དེ་ལྟ་བུར་མཆེད་ཅིང་མྱོང་བ་ཡིན༔ ཡིད་དྭངས་གསལ་རྙོགས་མ་དང་བྲལ་བ་ནམ་མཁའ་ལྟ་བུ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ཀློང་དུ་སྣང་བ་མཆེད་པའི་ཡུལ་དྲུག་རང་ཆས་སུ་གྲུབ་པ་མིང་གིས་སོ་སོར་བཅད་པ་ཙམ་ལས་ཡུལ་རང་མཚན་པའི་བུག་སྒོ་ཐ་དད་དུ་གྲུབ་པ་ཙམ་མ་ཡིན་ཏེ༔ ཡིད་དྭངས་གསལ་གཟུགས་མཆེད་པའི་ཡུལ་གོ་མ་འགག་པ་གཟུགས་དང་བཅས་པ་ལ་མིག་གི་གཟུང་བ་ཡུལ་དང་༔ དེར་བཟང་ངན་བར་མ་གསུམ་ཉེ་བར་བླངས་ཏེ་མིང་བཏགས་དོན་བཟུང་དངོས་པོ་བདེན་པར་ལྟ་བའི་རྣམ་པར་རྟོག་པ་ཕྲ་མོ་ལ་མིག་གི་འཛིན་པ་སེམས་སུ་བརྗོད་ཅིང་༔ དོན་ལ་ཡིད་ཀྱི་རྣམ་ཤེས་ཕྲ་རགས་གཉིས་ལ་མིག་གི་གཟུང་འཛིན་དུ་བརྗོད་པ་ཡིན་ནོ༔ སྣང་བ་དེ་ཡང་ཡུལ་མ་ཡིན་པ་རྒྱ་མཚོའི་གཟའ་སྐར་རྒྱ་མཚོ་མ་ཡིན༔ ཆུ་ལ་སྐར་མ་མེད་པ་ལྟར་སྣང་བ་སེམས་མ་ཡིན༔ རྒྱ་མཚོ་ལས་གཞན་པའི་རྒྱ་མཚོར་སྣང་བའི་སྐར་མ་མེད་པ་བཞིན་དུ་སེམས་ལས་གཞན་པའི་སྣང་བ་ཡང་མེད་པ་རྟེན་ཅིང་འབྲེལ་འབྱུང་ལས་སྣང་དུས་ཉིད་ནས་མ་གྲུབ་པར་ཐག་ཆོད་པ་གནད་ཀྱི་དམ་པ་ཡིན་ནོ༔ དེ་ལྟར་མིག་གི་རྣམ་པར་ཤེས་པ་གཟུགས་ཡིན་པར་སེམས་ན་མིག་གི་རྣམ་པར་ཤེས་པ་ལས་གཟུགས་གཞན་མ་ཡིན་ཅིང་༔ གཟུགས་དང་རྣམ་ཤེས་འབྲལ་བ་མེད་པར་ནམ་ཡང་གཟུགས་གཅིག་མ་གཏོགས་གཞན་མཆེད་དུ་མི་རུང་བས༔ གཟུགས་ནི་བརྟན་གནས་མེད་པར་སྣང་ཙམ་ཉིད་ནས་དབྱིངས་སུ་ཡལ་ཏེ་གཞན་མ་ངེས་པར་སྣང་བ་དང་༔ གནས་འགྱུར་བྱེད་པའི་ཚེ་སྣང་ཡུལ་རྣམ་པར་ཤེས་པ་ལ་སེམས་མེད་པའི་གནས་སྐབས་ཙམ་ལས་འགྱུར་བ་མེད་པའི་ཚུལ་དེས་སྟོན་པར་འགྱུར་རོ༔ དཔེར་ན་རྣམ་པར་རྟོག་པ་རགས་པས་འགྲོ་བར་ཤེས་ཏེ་ཕྲ་བས་གོམ་པ་འདོར་བར་སྣང་ཚེ་གོམ་པ་རེ་རེ་བཞིན་དུ་སྣང་བའི་ས་རྡོ་རི་བྲག་རྩི་ཤིང་སྲོག་ཆགས་ལ་སོགས་པ་སྣང་ཙམ་ནས་སྟོང་པར་ཡལ་ཏེ་ཡང་རིམ་བཞིན་མཆེད་ནས་སྟོང་པར་ཡལ་བ་བཞིན་ཡིད་ཤེས་ཕྲ་བ་དེ་ལ་འཛིན་པ་ཞེས་བྱའོ༔ འཛིན་པ་རླུང་ཡིན་པས་མཆེད་པའི་རླུང་དང་༔ ཕྲ་བས་གནས་སུ་བསྒྱུར་བའི་རླུང་དང་༔ ང་ཞེས་བདག་ཏུ་འཛིན་པས་ལུས་སུ་སྣང་སྟེ་སྣང་ཤེས་གོ་མ་འགག་པའི་ང་རྒྱལ་བརྟན་པ་ཉིད་ཀྱིས་སྣང་སེམས་ཀྱི་གཞི་འཛིན་པས་ན་འཛིན་པའི་རླུང་དང་༔ གཞི་ཁྱབ་བརྡལ་ལ་ཡུལ་ཕ་གི་བ་རྒྱང་རིང་བ་དང་མི་རིང་བ་སོགས་ཆོས་ཐམས་ཅད་སོ་སོར་འབྱེད་པས་ན་འབྱེད་པའི་རླུང་དང་༔ དེ་ལྟར་མཆེད་པའི་སེམས་སྣང་ཐམས་ཅད་ཀུན་གཞི་སྟོང་ཧད་དེ་བའི་དབྱིངས་སུ་བཤིག་པར་བྱེད་པས་ན་འཇིག་པའི་རླུང་ཞེས་བྱ་སྟེ༔ མ་དག་པ་འཁོར་བའི་རླུང་ལྔ་པོ་དེ་སེམས་ཀྱི་ཤེས་པ་དང་རྣམ་པར་རྟོག་པ་ཕྲ་བ་རྣམས་ལས་ཐ་མི་དད་དོ༔ དེ་བཞིན་ཡིད་དྭངས་གསལ་གྱི་དབྱིངས་སུ་སྒྲར་སྣང་བ་མཆེད་པའི་ཡུལ་གང་ཡིན་པ་དེ་ལ་རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བར་བརྗོད་དེ༔ སྒྲར་སྣང་བ་མ་ངེས་པར་མཆེད་པའི་ཡུལ་ཡིད་ཤེས་རགས་པ་ལ་རྣ་བའི་གཟུང་བ་ཡུལ་དང་༔ སྒྲ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ཡིད་ཤེས་ཕྲ་བ་ལ་རྣ་བའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་དུ་ཡིད་དྭངས་གསལ་གྱི་དབྱིངས་སུ་དྲིར་སྣང་བ་མཆེད་པའི་ཡུལ་དེ་ལ་སྣའི་རྣམ་པར་ཤེས་པ་སྟེ༔ དྲིར་སྣང་བ་མ་ངེས་པར་མཆེད་པའི་ཡུལ་ཡིད་ཤེས་རགས་པ་ལ་སྣའི་གཟུང་བ་ཡུལ་དང་༔ དྲི་ཉེ་བར་ལེན་པའི་སེམས་རྟོག་ཡིད་ཤེས་ཕྲ་བ་ལ་སྣའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་ཡིད་ཤེས་རགས་པ་རོའི་ཡུལ་དུ་མཆེད་དེ་དེར་སྣང་བ་དང་རོ་མཆེད་པའི་ཡུལ་ལ་ལྕེའི་རྣམ་པར་ཤེས་པ་གཟུང་བ་ཡུལ་དང་༔ བཟང་ངན་ཉེ་བར་ལེན་པའི་སེམས་རྟོག་ཡིད་ཤེས་ཕྲ་བ་ལ་ལྕེའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་ཡིད་ཤེས་རགས་པ་རེག་བྱ་མཆེད་པའི་ཡུལ་ལ་ལུས་ཀྱི་རྣམ་པར་ཤེས་པ་གཟུང་བ་ཡུལ་དང་༔ རེག་བྱ་བཟང་ངན་བར་མ་ཉེ་བར་ལེན་པའི་རྣམ་རྟོག་ཡིད་ཤེས་ཕྲ་མོ་ལུས་ཀྱི་འཛིན་པ་སེམས་སུ་སྨྲ་བ་ཙམ་དུ་ཟད་དོ༔ ཤེས་པ་དེ་དག་ལས་གཞན་པའི་སྣང་བ་མེད་པ་དང་༔ ཤེས་པ་ཉིད་སྣང་བ་མ་ཡིན་པར་ཤེས་དགོས་པ་ལས༔ ཤེས་པ་སྣང་བ་མ་ཡིན་པར་སེམས་ན་སྣང་བ་སྐྱེ་འཆིའི་དབང་དུ་གྱུར་པ་དང་ཡུལ་མེད་དུ་སོང་ན་སེམས་མེད་དུ་འགྲོ་དགོས་པས་སྣང་བ་སེམས་སུ་མི་འདོད༔ སེམས་ལས་གཞན་པར་འདོད་ན་ཉིན་དུས་དང་རྨི་དུས་བར་མ་དོའི་གནས་སྐབས་རྣམས་སུ་སེམས་ལ་སྣང་བ་རྒྱུན་མི་ཆད་པར་ཅི་ལ་འབྱུང་༔ སྣང་བ་སྔ་མ་ཟད་དུས་ཕྱི་མ་འབྱུང་དགོས་པའི་དོན་མེད་དེ༔ དེའི་ཕྱིར་ན་སྣང་བ་སེམས་མིན་ལ༔ སེམས་ལས་གཞན་པའི་སྣང་བ་ཡང་མེད་པའི་ཚུལ་སྣང་བ་དངོས་ལའང་སྤྲོས་པའི་མཐའ་གང་ཡང་མ་གྲུབ་པར་ངེས་པས་ཁས་ལེན་ཐམས་ཅད་དང་བྲལ་བ་ནི་སེམས་ལས་མི་གཞན་པའི་དོན་ཡིན་ནོ༔ དེ་ལྟར་སྣང་སེམས་ཐམས་ཅད་ལུགས་སུ་འབྱུང་ནས་འཁོར་བ་ཡོངས་སུ་སྣང་བ་དང་༔ ལུགས་སུ་ལྡོག་པས་ཀུན་གཞིའི་ལྷུམས་སུ་ཞུགས་ཏེ་ཅུང་ཟད་མེད་པར་ཧར་སངས་པ་ཡིན༔ སྒོ་ཞེས་མིང་སོ་སོར་བཏགས་པ་ནི་སྒོ་མེད་པ་ལ་ཡོད་པར་སྣང་བས་དེ་ལྟར་བརྗོད་པ་དང་༔ ངས་ལུས་སྣང་བའི་རྐྱེན་ལས་སྣང་ཡུལ་ཡིད་ཤེས་རགས་པ་དྲུག་ཏུ་བརྗོད་ཅིང་སེམས་ཅན་རྣམས་ཀྱི་བུག་སྒོ་སོ་སོ་ནས་མཐོང་ཐོས་ཚོར་མྱོང་གི་སྣང་བས་རང་བསླུས་པ་ཡིན་པས་དེའི་ཚུལ་ཤེས་པ་གནད་དུ་ཟུངས་ཤིག༔ བུག་སྒོ་འདི་དག་མ་ཡིན་པའི་ཚུལ་ནི་རྨི་ལམ་དང་བར་མ་དོའི་སྣང་བས་སྟོན་ཏེ༔ མིག་བཙུམ་པའམ་ལོང་ཡང་གཟུགས་ཡིད་ལ་སྣང་བ་དང་༔ རྣམ་པར་རྟོག་པས་སྣ་དྲངས་པས་སྒྲ་ཡིད་ལ་སྣང་བ་དང་༔ དེ་བཞིན་དུ་དྲི་དང་རོ་དང་རེག་བྱ་ཐམས་ཅད་མངོན་སུམ་དབང་པོའི་སྒོ་རུ་སྣང་ཙམ་ཡིད་ཐོག་ཏུ་མཆེད་པ་ནི་སྒོ་ཡིད་ལས་མི་གཞན་པའི་དོན་རང་གིས་སྟོན་པ་ཡིན་ནོ༔ ལར་ཕྱི་ལྟར་ན་ངར་འཛིན་ལ་འཛིན་པ་གང་ཟག་གི་བདག་དང་༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་ལ་གཟུང་བའི་ཡུལ་ཞེས་བྱ་བར་འདོད་པ་ཡིན༔ ནང་ལྟར་ན་ཉོན་ཡིད་ལ་གཟུང་ཡུལ་དང་༔ ཉེ་བར་ལེན་པ་ཡིད་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན༔ གསང་བ་ལྟར་ན་ཡིད་ཀྱི་རྣམ་ཤེས་ལ་ཤེས་པ་དང་པོ་སྟེ་དེ་རྐྱེན་གྱི་དབང་གིས་ཡུལ་གྱི་རང་བཞིན་དུ་གྱུར་པ་ལ་གཟུང་བའི་ཡུལ་དང་༔ མིང་བཏགས་དོན་འཛིན་དབྱེ་བ་ཕྱེས་ཏེ་བཟང་ངན་བར་གསུམ་ཐམས་ཅད་ཉེ་བར་ལེན་པ་ལ་འཛིན་པ་སེམས་སུ་ཤེས་པར་བྱའོ༔ དོན་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོར་གཏན་ལ་ཕབ་དགོས་པ་ཡིན་པས་བརྟག་ཅིང་དཔྱད་དེ་ཤེས་པས་ཤེས་རབ་ཆེན་པོ་མངོན་དུ་གྱུར་པ་ལ་རྟོགས་པ་ཞེས་བྱའོ༔ ཀྱཻ་སྣང་བའི་དབང་པོ་སྣང་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ ཤེས་རབ་བྱ་བ་གཞན་ན་མེད་དོ༔ འཁོར་འདས་ཐམས་ཅད་སྟོང་ཉིད་ཆེན་པོར་ཤེས་པར་གྱིས་ཤིག༔ ཤེས་པ་ལས་རྟོགས་པ་ལོགས་ན་མེད་དོ༔ སྟོང་ཉིད་མངོན་སུམ་དུ་མཐོང་བ་འདི་ཡིན་ནོ༔ མཐོང་བ་ལས་སྒོམ་པ་ལོགས་ན་མེད་དོ༔ ད་ལྟ་སྣང་བའི་ཡུལ་མངོན་དུ་བྱེད་པའི་གསལ་ཆ་འདི་ཀ་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ཡིན་ནོ༔ དེ་ངོ་འཕྲོད་པ་རང་རིག་པའི་འོད་གསལ་ཞེས་བྱ་བ་ཡིན་པ་ལས་སྔར་མེད་པའི་འོད་གསལ་ལོགས་ན་མེད་དོ༔ འཁོར་འདས་སྟོང་ཉིད་ཆེན་པོའི་ངང་ཚུལ་རྟོགས་པ་ལས་དབུ་མ་བྱ་བ་གཞན་ན་མེད་དོ༔ གཞི་དབྱིངས་མངོན་དུ་གྱུར་པའི་དབུ་མ་ཆེན་པོར་རླུང་སེམས་ཡེ་ཤེས་སུ་དེངས་པ་ཉིད་ལས་རླུང་སེམས་དབུ་མར་ཚུད་པ་ཞེས་གཞན་ན་མེད་དོ༔ སྔོན་འཁོར་འདས་སྣོད་བཅུད་འདོད་ཡོན་ཐམས་ཅད་བདེན་པར་བཟུང་སྟེ་མ་གྲུབ་པའི་ཚུལ་མ་རིག་པ་ལས༔ ད་ཤེས་པས་དོན་གཤིས་ཐོག་ཏུ་ཕེབས་པ་མ་གཏོགས་རིག་པ་ཞེས་བྱ་བ་གཞན་ན་མེད་དོ༔ ཁམས་གསུམ་གྱི་སྣང་ཞེན་བདག་མེད་ཀྱི་དབྱིངས་སུ་གཅོད་པ་ལས་གཅོད་ཅེས་བྱ་བ་ལོགས་ན་མེད་དོ༔ ཁམས་གསུམ་གྱི་གཞི་ལུང་མ་བསྟན་དྭངས་ཤིང་གསལ་བ་འདི་ཀ་དབང་ཕྱུག་མ་ཧཱ་དཱེ་ཝ་ཞེས་བྱ་བ་ཡིན་ཏེ་དེའི་ལུས་འདོད་པའི་ཁམས་དང་༔ ངག་གཟུགས་ཀྱི་ཁམས་དང་༔ ཡིད་གཟུགས་མེད་པའི་ཁམས་སུ་སྣང་བ་ཡིན༔ དེའི་ཚོགས་དྲུག་གི་ངོ་བོ་ལས་དབང་པོ་རྣམ་དྲུག་དང་༔ ཚོགས་བརྒྱད་ཀྱི་གདངས་ལས་ལྷ་མ་སྲིན་སྡེ་བརྒྱད་དང་༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་རགས་པའི་རྟོག་ཚོགས་ལས་སྲིད་པའི་ལྷ་འདྲེ་ཆེ་རྒུ་མཆེད་པ་དང་༔ ཕྲ་བའི་རྟོག་ཚོགས་ལས་བགེགས་གདོན་འདྲེ་སྲིན་འབྱུང་པོ་རྣམས་མཆེད་པ་ཡིན་ནོ༔ ཤ་ས་ཁྲག་ཆུ་དྲོད་མེ་དབུགས་རླུང་སྟེ་འབྱུང་བ་བཞིའི་ལུས་བཟུང་ཞིང་ནམ་མཁའ་སྟོང་པ་སེམས་དང་རྟོག་ཚོགས་ཕྲ་མོའི་རང་གཟུགས་སེམས་ཅན་རྣམ་པ་སྣ་ཚོགས་པའི་རྣམ་པར་འཕྲུལ་པ་ཡིན་ཏེ༔ དེའི་ཕྱིར་ལྷའི་རྒྱུ་སེམས་ཅན་གྱི་ཀུན་གཞིར་གནས་ཏེ་སྟོང་པ་ལ་གཟུགས་སུ་བཟུང་སྟེ་གཟུགས་ཡིད་ལ་བྱས༔ མི་བརྗེད་པར་དྲན་པ་གསོ་ཕྱིར་མིང་ནས་དིར་དིར་བོས༔ འབྱུང་ལྔའི་ཁམས་ནས་གཟུགས་དེ་ལྟ་བུ་མང་པོ་ཐིམ་པར་ཡང་ཡང་བསྒོམ་པས་སྒོམ་དམིགས་ལ་བརྟན་པ་ཅུང་ཟད་ཐོབ་པས་བསྒོམ་པ་ཇི་ལྟ་བ་བཞིན་གྱི་ཡིད་གཟུགས་མངོན་སུམ་དུ་འགྲུབ་པར་འགྱུར་ཏེ༔ ནམ་མཁའ་སྟོང་པ་ལ་བདེན་པར་འཛིན་པའི་རྐྱེན་གྱིས་སྣང་སྲིད་ཐམས་ཅད་མངོན་སུམ་དུ་གྲུབ་པ་འདི་དག་འཛིན་པ་གཅིག་གི་ཆོ་འཕྲུལ་དུ་གདོན་མི་ཟ་བ་ཡིན༔ ལྷ་མ་གྲུབ་པའི་དབྱིངས་ནས་ལྷ་འགྲུབ་པ་ནི་རང་གི་གཞི་རིག་པ་ལྷ་ཁམས་ཐམས་ཅད་ཀྱི་རྒྱུ་རུ་མཆིས་པས་རྒྱུ་དེ་ཉིད་སེམས་ཀྱིས་ལྷ་གཟུགས་སུ་བཀོད་ཅིང་གསལ་བས་ཟླ་བ་གཉིས་གསུམ་ལས་མི་འགྱང་བར་གྲུབ་པ་ཡིན༔ དེ་མ་ཡིན་པའི་ལྷ་རང་རྒྱུད་པར་མཆིས་ན་མི་གཅིག་གིས་བོས་པས་འགྲུབ་པ་ལས་གང་ཟག་སྒྲུབ་པ་པོ་གཞན་ལ་ལྷ་མི་ཐོབ་པར་ཐག་ངེས་པར་ཆོད་སླ་བ་དང་༔ ལྷའི་རྒྱུ་མེད་ན་ལྷ་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་བ་འཇིག་རྟེན་གྱི་བྱ་བ་ལ་བརྟག་པས་ངེས་པར་གོ་བ་ཡིན་ནོ༔ རིགས་ཀྱི་བུ་དབང་ཕྱུག་སྒྱུ་འཕྲུལ་ནག་པོའི་རྒྱུད་ཀྱི་ཡང་སྙིང་འདི་ལས་མེད་དོ༔ འདི་མ་རྟོགས་པས་ལྷ་བསྒྲུབ་ཀྱང་འགྲུབ་པར་དཀའ་བ་མི་ཞིག་གིས་ལུང་སྟོང་དུ་ཀྭི་བཏབ་སྟེ་གྲངས་བསགས་པ་ལྟ་བུས་འབྲས་བུ་གྲུབ་པ་མེད་པའི་ངང་ཚུལ་ཤེས་པར་གྱིས་ཤིག༔ ཁམས་གསུམ་ལ་དབང་བསྒྱུར་བས་ཁམས་གསུམ་གྱི་གཞི་དང་༔ སྲིད་གསུམ་འཕྲུལ་དུ་འགྱེད་པའི་ལོངས་སྤྱོད་ཀྱིས་ཕྱུག་པ༔ དེའི་ངང་གསལ་བའི་ཆ་འཁོར་འདས་ཀྱི་གྱེས་མདོ་ཆེན་པོ་ཡེ་གནས་ཀྱི་ཡེ་ཤེས་རང་ལ་གནས་པའི་རྒྱུ་ལས་འཁྲུལ་པ་མགོན་པོ་ནག་པོ་མ་ཧཱ་ཀཱ་ལ་སྐུའི་ཆ་སྣང་ཞིང་སྲིད་པ༔ གསུང་གི་དབྱིངས་ལྷུན་གྲུབ་ཀྱི་རོལ་པ༔ ཐུགས་ཀྱི་དབྱིངས་སྟོང་ཞིང་གསལ་བ༔ ཡོན་ཏན་གྱི་ཆ་ལས་ལམ་དང་འབྲས་བུའི་ཆོས་ཐམས་ཅད༔ ཕྲིན་ལས་ཀྱི་ཆ་ནས་མགོན་པོ་ཕོ་རྒྱུད་ཐམས་ཅད་སྣང་བར་འཕྲུལ་པ་རྣམས་ནི་ཐབས་ཀྱི་རང་བཞིན་དང་༔ སྟོང་པ་ཤེས་རབ་ཀྱི་ཆ་ལས་ལྷ་མོ་མོ་རྒྱུད་ཐམས་ཅད་འཕྲུལ་པ་ཡིན༔ ནམ་མཁའ་དྭངས་གསལ་དེ་ནི་ནམ་མཁའི་མགོན་པོ༔ སའི་དྭངས་མ་སའི་མགོན་པོ༔ ཆུའི་དྭངས་མ་ཆུའི་མགོན་པོ༔ མེའི་དྭངས་མ་མེའི་མགོན་པོ༔ རླུང་གི་དྭངས་མ་རླུང་གི་མགོན་པོ༔ བཅུད་ཀྱི་དྭངས་མ་བཅུད་ཀྱི་མགོན་པོ༔ དེ་དག་ཐམས་ཅད་དྭངས་ཤིང་གསལ་བའི་ཆ་ལས་འཕྲུལ་པ་ཡིན༔ དེ་ཇི་ལྟར་འཕྲུལ་ན་སྟོང་གསལ་རང་བཞིན་རྒྱུ་རུ་གནས་པ་ཀུན་གཞིའི་རྣམ་ཤེས༔ དེའི་འཕྲུལ་བློ་ཡིད་ཀྱིས་གཟུགས་སུ་བཀོད་དེ་ཤེས་པ་རྒྱུན་ཆགས་པས་བརྟན་པར་བྱས་ནས་རྣམ་པར་རྟོག་པས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་གཟུགས་ཀྱི་སྐུར་བསམ་ནས་བསྒོམ་པས་དེའི་གཟི་བྱིན་དང་ནུས་པ་བསྐྱེད༔ མིང་ནས་བོས་པས་དྲན་པ་ལ་མི་བརྗེད་པའི་གསོས་བཏབ་པས་ཟླ་བ་རེ་རེ་ལས་མི་འགྱང་བར་གྲུབ་པའི་ལྟས་འབྱུང་བ་དང་༔ ལོ་གཅིག་ཙམ་ནས་དབང་པོའི་སྒོར་འཆར་བའི་ཚུལ་དུ་འགྲུབ་པར་གདོན་མི་ཟ་བ་ཡིན༔ ལས་ཅི་བྱེད་ན་ཡེ་ཤེས་པ་ཡིན་ཏེ་མ་རིག་པ་དང་སྣང་བ་དངོས་པོར་འཛིན་པའི་དགྲ་བོ་ཡུལ་མེད་དུ་སྒྲོལ་བའི་ལས་བྱེད་པར་འགྱུར་རོ༔ ངོ་བོ་ཡེ་ཤེས་ཡིན་པས་ཡེ་ཤེས་པ་དང་༔ རྣམ་པ་གཟུགས་ཅན་རྣམ་པར་ཤེས་པའི་ཕུང་པོར་གསལ་བ་འཇིག་རྟེན་པ་ཡིན་ནོ༔ དེས་ན་ཕྱེད་ཀ་ཡེ་ཤེས་པའི་ངོ་བོར་གནས་པ་དང་༔ ཕྱེད་ཀ་འཇིག་རྟེན་པའི་རང་བཞིན་དུ་བློ་ཡིད་ཀྱིས་བསྒྲུབ་པའི་དཔལ་ལྡན་སྔགས་ཀྱི་སྲུང་མར་བཞག་པ་ཡིན་ནོ༔ མགོན་པོ་ནག་པོ་ཕྲིན་ལས་ཀྱི་རྒྱུད་ཅེས་པ་འདི་ལས་གཞན་ན་མ་མཆིས་པའོ༔ མགོན་པོ་ནག་པོའི་སྤྲུལ་པའི་སྒྱུ་འཕྲུལ་ཕྱི་ནང་གི་འབྱུང་བའི་མངའ་བདག་ཆེན་པོ་ཉོན་ཡིད་ཀྱི་རང་གཟུགས་དུག་ལྔ་ཆ་མཉམ་པའི་འབྱུང་བ་དངོས་པོར་འཛིན་པ་གཉིས་མེད་ལ་གཉིས་སུ་འཛིན་ཅིང་བདག་གཞན་གྱི་གོ་སྐབས་འབྱེད་པའི་མཁན་པོ་འདི་ཉིད་ཀྱི་གནས་ཚུལ་ནི༔ དོན་དམ་པར་ནམ་མཁའ་རང་རྒྱུད་པར་སྣང་བའི་དབང་པོ་ང་རྒྱལ་ནམ་མཁའི་གཟའ་རྒོད༔ ས་རང་རྒྱུད་པར་སྣང་བའི་དབང་པོ་གཏི་མུག་སའི་གཟའ་རྒོད༔ ཆུ་རང་རྒྱུད་པར་སྣང་བའི་དབང་པོ་འདོད་ཆགས་ཆུའི་གཟའ་རྒོད༔ མེ་རང་རྒྱུད་པར་སྣང་བའི་དབང་པོ་ཞེ་སྡང་མེའི་གཟའ་རྒོད༔ རླུང་རང་རྒྱུད་པར་སྣང་བའི་དབང་པོ་ཕྲག་དོག་རླུང་གི་གཟའ་རྒོད༔ དེ་དག་གི་དྭངས་བཅུད་འགྲོ་བའི་ཤ་ཁྲག་དྲོད་དབུགས་ལ་རྒྱུ་ཞིང་གནས་པའི་རྒྱུ་དེ་ཉིད་དུག་ལྔའི་རང་གཟུགས་སུ་བློས་བཞག་སྟེ་ཡིད་ཀྱིས་བསམ་པ་ལ་འབྱུང་བ་རང་རང་གི་ཁམས་ནས་དེ་འདྲ་བ་གྲངས་མེད་པ་བྱུང་ནས་ཐིམ་པར་ཡང་ཡང་བསམ་ནས་ནུས་པ་བསྐྱེད་པ་དང་༔ ལྷ་གསལ་བའི་ངང་ལ་བརྗེད་མེད་ཀྱི་ཤེས་པས་འགྲུབ་ཅིང་བརྟན་པར་བྱ་བའི་ཕྱིར་དམིགས་གནད་ཀྱིས་ཤེས་པ་གཞན་དུ་མ་ཡེངས་པར་འབོད་སྔགས་ལ་འབད་པས་རིང་པོར་མི་ཐོགས་པར་མངོན་སུམ་དུ་འགྲུབ་ནས་ལས་བྱེད་པ་རྣམ་རྟོག་གིས་བཟོས་ཤིང་ཤེས་པས་སྲ་བརྟན་དུ་བསྒྲུབ་པས་ལྷར་བཟུང་བའི་ལྷའི་རྣམ་པར་རྟོག་པ་དེའི་ཆོ་འཕྲུལ་ལས་གྲུབ་པའི་གཟའ་རྒོད་ཆེན་པོ་ཉིད་ཀྱིས་རྣམ་རྟོག་གི་ཆོ་འཕྲུལ་ལས་བྱུང་བའི་དགྲ་བོ་རྣམས་རང་མལ་དུ་གསོད་པར་འགྱུར་རོ༔ གཟའ་བདུད་ནག་པོ་རེག་ཕུང་གི་རྒྱུད་ཅེས་བྱ་བ་འདི་ལས་གཞན་ན་མེད་དོ༔ སྣང་བའི་ཡུལ་ལ་བཟའ་བའི་ཤེས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་བདག་པོ་ཤེས་རིག་དྭངས་མའི་བདག་ཉིད་ཅན་སྣང་བ་ཐབས་དང་རྟེན་འབྲེལ་ཟབ་མོའི་མཐུ་ལས་གྲུབ་པ༔ ཞིང་བཅུའི་དགྲ་ལ་གནོད་པ་སྟེར་ཞིང་སྒྲུབ་པའི་དམ་ལྡན་སྐྱེས་བུ་རྣམས་ཀྱི་སྣང་ཡུལ་དུ་ལོངས་སྤྱོད་ཀྱི་དཔལ་སྦྱིན་པ༔ འབྱུང་བ་སྣོད་བཅུད་ཁམས་གསུམ་ཐམས་ཅད་ལ་མངའ་དབང་མཛད་པ་གསང་སྔགས་ཀྱི་བསྟན་དགྲ་རྣམས་ཀྱི་སྲོག་དབུགས་དབྱིངས་སུ་སྡུད་པའི་ཤན་པ༔ དབང་སྡུད་ཀྱི་ནུས་པ་ལྡན་ཕྱིར་ཁ་དོག་དམར་བ༔ དྲག་པོ་མངོན་སྤྱོད་ཀྱི་ལས་ལ་རྒྱུ་བའི་རྟགས་སུ་ནག་པའི་མདངས་ཆགས་པ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་འཛིན་པའི་ཤེས་པ་རང་བྱུང་བ་ལས་ཕྱོགས་སྐྱོང་བཅུ་དང་༔ རྣམ་པར་ཤེས་པའི་དྭངས་མ་ལས་སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དུ་སྣང་བ་སྟེ༔ དྭངས་གསལ་ཡིད་ཀྱི་དབང་པོ་རང་གསལ་བས་ཐམས་ཅད་མངོན་དུ་བྱེད་པ་དེ་ཉིད་ཀྱང་དམིགས་གསལ་འཛིན་ཤེས་བརྟན་པའི་མཐུས་རྒྱུ་ལ་རྐྱེན་བཙན་ཐབས་སུ་བཞག་ནས་རྟེན་འབྲེལ་ཚོགས་པར་བསྒྲུབ་པས་མྱུར་དུ་དེ་ལྟར་འགྲུབ་པར་འགྱུར་བ་ཡིན་ནོ༔ གནོད་སྦྱིན་ཤན་པ་དམར་ལེན་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཐམས་ཅད་ཀྱི་སྤྲུལ་གཞི་ཉོན་མོངས་པའི་ཡིད་ཅན་གཟའ་བདུད་ནག་པོའི་ནང་འབྱུང་ལྔ་ལས་ཕྱི་འབྱུང་ཤུགས་ཀྱིས་བསྐྱེད་པའི་གཤིས་སུ་མེ་ཁམས་དྲོད་དུ་གནས་པ་དམར་པོ་བཙན་གྱི་སྡེ་ཚོགས་ཡིན་ཏེ༔ ཤ་ལ་དྲོད་རྒྱུ་བ་ཤའི་བཙན་རྒོད༔ ཁྲག་ལ་དྲོད་རྒྱུ་བ་ཁྲག་གི་བཙན་རྒོད༔ དབུགས་ལ་དྲོད་རྒྱུ་བ་རླུང་གི་བཙན་རྒོད༔ སྣང་བ་ལ་དྲོད་སྣང་བ་མེའི་བཙན་རྒོད༔ སེམས་ཞེ་སྡང་གི་ཁམས་སེམས་ཀྱི་བཙན་རྒོད༔ དེའི་གདངས་ལས་སྣང་བ་མེའི་ཚ་བ་མེ་བཙན་དམར་པོ༔ ས་ལ་དྲོད་རྒྱུ་བ་ས་བཙན་སེར་པོ༔ ཆུ་ལ་དྲོད་རྒྱུ་བ་ཆུ་བཙན་དཀར་པོ༔ རླུང་ལ་དྲོད་རྒྱུ་བ་རླུང་བཙན་ལྗང་གུ༔ ནམ་མཁའ་ལ་དྲོད་རྒྱུ་བ་གནམ་བཙན་མཐིང་གའོ༔ དེ་དག་ཐམས་ཅད་ཞེ་སྡང་མེ་ལྟར་འབར་བའི་ཆོ་འཕྲུལ་ཡིན་ཏེ༔ ཐམས་ཅད་སེམས་གཞི་སྟོང་ཉིད་ཆེན་པོས་དབང་བསྒྱུར་བའི་ཕྱིར་དབྱིངས་གཟུགས་སུ་བཟུང་སྟེ་འཛིན་ཤེས་རྒྱུན་ཆགས་པས་བསྐྱེད་སྒོམ་ལ་བརྟན་པ་ཐོབ་ཚེ་སྟོང་གཟུགས་མངོན་སུམ་དུ་འགྲུབ་ཅིང་འབྱུང་དང་འབྱུང་ཕྲན་ལས་སྐྱེས་པའི་དགྲ་འདྲེ་རྣམས་འབྱུང་བ་རང་གཤེད་དུ་དབབ་པའི་ཐབས་སུ༔ རྒྱུ་མེ་ཁམས་གྲུབ་པ་དེ་ལ་རྐྱེན་དམིགས་གསལ་ལ་བརྟན་པ་ཐོབ་པའི་རྟེན་འབྲེལ་ལས་བཙན་རྒོད་ཀྱི་སྡེ་འབྱུང་བ་ཡིན་པས༔ ལས་དེ་འགྲུབ་པར་གདོན་མི་ཟ་བ་ཡིན༔ བཙན་རྒོད་མེ་ལྟར་འབར་བའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པའི་ཡིད་ཅན་འཁྲུལ་སྣང་བཀོད་པའི་བདག་པོ་སྣང་སྲིད་ཡོངས་ལ་ཁྱབ་ཅིང་འཇུག་པའི་དྲག་ཤུལ་ཆེན་པོའི་ཆོ་འཕྲུལ་ང་རྒྱལ་གྱི་རང་གཟུགས་གཤིན་རྗེ་ཡ་མ་རཱ་ཛ་ཆེན་པོའི་ཆོ་འཕྲུལ་སྣང་བར་སྟོན་ཅིང་༔ འབྱུང་བ་ཀུན་ཏུ་འཇུག་པའི་ཚུལ་ནི་མེ་རྡུལ་ཆ་མེད་ཀྱི་ཁུང་ན་སར་འདུག་པ་མེའི་གཤིན་རྗེ༔ ས་ནི་རྡུལ་ཚོགས་པའི་རྡུལ་སའི་གཤིན་རྗེ༔ ཆུ་ནི་རྡུལ་ཆ་མེད་ཀྱི་ཁུང་ནས་སའི་རང་བཞིན་ཆུའི་གཤིན་རྗེ༔ རླུང་ནི་རྡུལ་ཆ་མེད་ཀྱི་ཁུང་ནས་ས་རུ་འདུག་པ་རླུང་གི་གཤིན་རྗེ༔ ནམ་མཁའ་སྟོང་དབྱིངས་ལས་སར་སྣང་བས་ནམ་མཁའི་གཤིན་རྗེ་ཞེས་བྱ་སྟེ༔ ནང་འབྱུང་གི་ཁམས་ནའང་རྡུལ་ཕྲ་རབ་དང་ཆ་མེད་ཀྱི་རང་བཞིན་ཚོགས་པ་ལས་ཤ་ཁྲག་དབུགས་ཐམས་ཅད་སྣང་བས་དེ་དག་གཤིན་རྗེ་ཡིན་པས་སྣང་བ་ལ་དངོས་པོར་འཛིན་པ་སེམས་ཀྱི་གཤིན་རྗེ་ཞེས་བྱ་སྟེ༔ སྣང་བ་དབྱིངས་སུ་འཇིག་པའི་རྒྱུ་རྐྱེན་འཚོགས་པའི་འཆི་བདག༔ དེ་ལྟ་བུའི་རྒྱུ་ང་རྒྱལ་ལ་རྐྱེན་སེམས་ཀྱིས་བསྐྱེད་ཅིང་བསྒོམ་སྟེ་ཤེས་པ་རྒྱུན་ཆགས་ཀྱིས་སྔར་མེད་པ་འཕྲལ་དུ་གྲུབ་པར་བྱེད་པའི་རྟེན་འབྲེལ་ཚོགས་པའོ༔ འཆི་བདག་གཤིན་རྗེ་གཏུམ་དྲག་གི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པ་བདག་འཛིན་གྱི་ཆོ་འཕྲུལ་ཁྱབ་འཇུག་ཆེན་པོའི་སྤྲུལ་པ་ཕྲག་དོག་འཚུབ་མ་འཁྱིལ་བའི་རང་གཟུགས་གནོད་སྦྱིན་ཀཱ་ལ་ཡཀྴ་ཞེས་བྱ་བར་སྣང་སྟེ༔ མེའི་གཤིས་ན་བསྐྱེད་པའི་རླུང་རྒྱུ་བ་མེའི་གནོད་སྦྱིན༔ སའི་ཁམས་ན་འཛིན་པ་གཞིའི་རླུང་རྒྱུ་བ་སའི་གནོད་སྦྱིན༔ ཆུའི་ཁམས་ན་ཤུགས་ལྡན་རྔུབ་ཅན་གྱི་རླུང་རྒྱུ་བ་ཆུའི་གནོད་སྦྱིན༔ རླུང་གི་ཁམས་ན་རྒྱུ་ཞིང་འཕྱོ་བའི་རླུང་ཡོད་པ་རླུང་གི་གནོད་སྦྱིན༔ ནམ་མཁའི་དབྱིངས་ན་ཀུན་ཏུ་སྒྲིབ་པའི་རླུང་རྒྱུ་བ་ནམ་མཁའི་གནོད་སྦྱིན་ཏེ༔ གནོད་སྦྱིན་བསྒྲུབ་ནས་གྲུབ་པའི་རྒྱུ་རྐྱེན་དུ་གྲུབ་པ་དེ་ཡིན༔ དེ་བཞིན་དུ་ཕྱི་འབྱུང་སྣང་བའི་གཞི་རྩ་ནང་ནའང་མ་དག་འཁོར་བའི་རླུང་ལྔ་རུ་སྣང་བ་ནང་གི་གནོད་སྦྱིན་ཐམས་ཅད་ནོར་དང་ལོངས་སྤྱོད་ཆེ་བར་འདོད་པ་ནི་ཁམས་གསུམ་གྱི་གྲུབ་གཞི་འཛིན་པ་ཡིན༔ འཛིན་པ་རླུང་ཡིན་པས་རླུང་གནོད་སྦྱིན་དུ་བཟླས་ནས་སྤེལ་ཞིང་བསྐྱེད་ན་རྒྱས་པའི་ལས་བྱེད་པ་ལ་འདི་ཁྱད་དུ་འཕགས་པར་འདོད་པ་ཡིན༔ དེ་ཡང་མ་བསྒྲུབ་ན་མི་འགྲུབ་པ་ཡིན་ཏེ༔ བསྐྱེད་དང་གསལ་བརྟན་གྱིས་བསྒྲུབ་ན་འགྲུབ་པར་འགྱུར་པའོ༔ གནོད་སྦྱིན་ནག་པོ་གཏེར་མཛོད་ཀྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ དེ་བཞིན་དུ་ཀུན་སྣང་བཀོད་པའི་སྤྲུལ་པ་འདོད་ཆགས་ཆུ་ལྟར་འཁྲུགས་པའི་རང་གཟུགས་མ་མོ་འདོད་ཁམས་དབང་ཕྱུག་དེ་ཡང་ཕུང་ཁམས་སྐྱེ་མཆེད་ཀུན་ཏུ་ཁྱབ་པ་ནང་གི་མ་མོ༔ ས་ཁམས་ན་རླན་ཡོན་པ་སའི་མ་ཆེན༔ མེ་ཁམས་ན་ཆུ་ཡོད་པ་མེའི་མ་ཆེན༔ ཆུ་ཁམས་ན་རླན་ཡོད་པ་ཆུའི་མ་ཆེན༔ རླུང་ཁམས་ན་བསིལ་ཡོད་པ་རླུང་གི་ཆུ་སྟེ་རླུང་གི་མ་ཆེན༔ ནམ་མཁའ་ཆུ་རུ་སྣང་བ་ནམ་མཁའི་མ་ཆེན་ཡིན་ཏེ་དབང་པོ་སྐྱེ་མཆེད་ཚང་བའི་སྣང་བ་རང་མཚན་པར་བསྐྱེད་སྒོམ་གྱིས་བསྒྲུབ་པས་མ་མོ་མེད་བཞིན་སྣང་སྟེ༔ རྣམ་པར་རྟོག་པས་བསྐྱེད་ཅིང་བསྒོམ་པས་སྣང་བའི་དགྲ་དང་བགེགས་ཐམས་ཅད་ཡུལ་མེད་དུ་གསོད་པའི་ལས་འགྲུབ་པར་འགྱུར་རོ༔ མ་མོ་ནག་མོ་རོལ་བྱེད་ཁྲག་མཚོའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པའི་ཡིད་ཅན་ཁྱབ་འཇུག་མི་སྲུན་དྲག་པོའི་སྤྲུལ་པ་མ་རིག་གཏི་མུག་མུན་པའི་རང་མདངས་ཀླུ་བདུད་འཆི་བདག་མགོ་དགུ་ཞེས་བྱ་བ་བསྐྱེད་ཅིང་བསྒོམ་པའི་མཐུ་ལས་གྲུབ་པའི་ཆོ་འཕྲུལ་མ་རིག་པ་འབྱུང་བ་ཡོངས་ལ་ཁྱབ་ཅིང་འཇུག་པའི་ཚུལ་ནི་འདི་ལྟ་སྟེ༔ ནང་གི་འབྱུང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་མ་རིག་པ་ལ་ནང་གི་ཀླུ་སྟེ༔ མེ་བདག་མེད་པར་མ་རིག་པ་མེའི་ཀླུ་བདུད༔ ས་སྟོང་པའི་རང་བཞིན་དུ་མ་རིག་པ་སའི་ཀླུ་བདུད༔ ཆུ་སྟོང་པ་ཉིད་ཀྱི་ངང་མ་རིག་པ་ཆུའི་ཀླུ་བདུད༔ རླུང་སྟོང་པ་ཉིད་ཀྱི་ངང་མ་རིག་པ་རླུང་གི་ཀླུ་བདུད༔ ནམ་མཁའ་སྟོང་པའི་ངང་མ་རིག་པ་ནམ་མཁའི་ཀླུ་བདུད་ཅེས་བྱའོ༔ དེ་ཐམས་ཅད་མ་རིག་པའི་རྒྱུ་ལ་རྐྱེན་དམིགས་པ་བསྐྱེད་པའི་མཐུ་ལས་གྲུབ་པ་ལས་གཞན་དུ་ཀླུ་ཞེས་བྱ་བ་སྤུ་ཙམ་ཡང་མ་གྲུབ་པའོ༔ ཀླུ་མུན་པ་ནག་པོའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ངར་འཛིན་གྱི་ཕུང་པོ་ལས་མཆེད་པ་སྣང་བ་ལ་དངོས་པོར་འཛིན་པའི་སེམས་བྱུང་གི་རྟོག་པ་འབྱུང་ལྔ་ཤ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ཁྲག་ཏུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་དྲོད་དུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་དབུགས་སུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ས་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ཆུ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་མེ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་རླུང་དུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ནམ་མཁར་སྡུད་པའི་རྒྱལ་པོ༔ དེ་ལྟར་ཕྱི་ནང་གི་རྒྱལ་པོ་ཐམས་ཅད་འབྱུང་བ་ལྔ་པོ་རེ་ལ་འདུ་ཞིང་༔ དངོས་པོ་གཅིག་ཏུ་སྣང་བར་བྱེད་པ་རྒྱལ་པོའི་སྡེ་ཚོགས་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ༔ རྣམ་པར་རྟོག་པས་རྒྱལ་འགོང་དམིགས་པས་བསྐྱེད་པ་དང་༔ བསྒོམ་པའི་རྐྱེན་གྱིས་རྒྱུ་ལ་རྐྱེན་སྣང་བ་ཡིན་ནོ༔ རྒྱལ་པོ་འབྱུང་སྡུད་ཀྱི་རྒྱུད་ཅེས་པ་འདི་ལས་གཞན་ན་མ་མཆིས་སོ༔ ཉོན་ཡིད་ཁྱབ་འཇུག་ཆེན་པོའི་སྤྲུལ་པ་བདུད་ཆེན་གདུག་པ་ཅན་གྱི་རྒྱུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་བཟང་པོ་མཛེས་པར་སྣང་བའི་ཡུལ་ལ་ཁ་དྲང་བར་བྱེད་པ་ལྷ་བདུད་དཀར་པོ་དགའ་བྲོད་ཀྱི་དབང་པོ་དང་༔ ཉོན་མོངས་པའི་རྟོག་ཚོགས་ཕྲ་རགས་ཀྱིས་འཁོར་བ་དང་ངན་སོང་གི་ཡུལ་དུ་བསླུ་བར་བྱེད་པ་ཉོན་བདུད་ཐོགས་མེད་མཐུ་ལྡན་དང་༔ སྣང་བ་མངོན་དུ་བྱེད་པའི་ཡུལ་བཟང་ངན་བར་གསུམ་དུ་ཁ་དྲང་བར་བྱེད་པ་ཕུང་པོའི་བདུད་ཆེན་ཐོགས་བཅས་དབང་པོ་དང་༔ མ་རིག་པའི་མུན་ཁམས་སུ་འཁྲུལ་པ་སྣ་ཚོགས་ཀྱིས་སྣང་ཞེན་འཕྲུལ་ཞིང་ཐར་པ་དང་རྣམ་མཁྱེན་གྱི་སྲོག་འཕྲོག་པའི་འཆི་བདུད་སྙེམས་བྱེད་ནག་པོ་དང་༔ འབྱུང་བ་ལྔ་ལ་རྒྱུ་ཞིང་ཁྱབ་སྟེ་མི་སྲུན་གདུག་པའི་ཡུལ་ལ་འབྱུང་བ་རང་གཤེད་འབེབས་པའི་བདུད་རྗེ་བརྙབ་པ་ལག་རིང་ཞེས་བྱ་བ་ལ་སོགས་པ་བདུད་ཐམས་ཅད་ཀྱི་རྒྱུ་གནས་པ་དང་༔ མ་གྲུབ་པ་གྲུབ་པར་བྱེད་པའི་ཕྱིར་ཡིད་ཡུལ་དུ་གསལ་ཞིང་བློས་བཞག་སྟེ་ཤེས་པ་རྒྱུན་ཆགས་ཀྱིས་གསལ་བརྟན་བསྒྲུབ་པ་དང་༔ སེམས་གཞན་དུ་མི་ཡེངས་པར་དྲན་པས་རྒྱས་གདབ་པ་དང་༔ མིང་ནས་བོས་པས་དྲན་པ་མི་འགྱུར་བའི་གསོས་ཐེབས་པར་བྱས་པའི་རྟེན་འབྲེལ་ལྷན་ཅིག་འཚོགས་པས་དྲེགས་པ་མངོན་སུམ་དུ་འགྲུབ་པར་འགྱུར་བ་ཡིན༔ བདུད་ནག་མུན་ལྟར་གཏིབས་པའི་རྒྱུད་ཅེས་བྱ་བ་འདི་ལས་གཞན་ན་མེད་དོ༔ ཉོན་ཡིད་འཕྲུལ་གྱི་དབང་པོའི་ཆོ་འཕྲུལ་ལ་སོགས་པས་ལོངས་སྤྱོད་དང་འདོད་རྒུའི་ཡུལ་དུ་ཁ་དྲང་ཞིང་མངོན་པར་སྣང་ཞེན་གྱིས་སེམས་རྟོག་ལ་ལྷ་ཆེན་དགའ་བའི་དབང་པོ་དང་༔ ནང་འབྱུང་གི་ཁམས་ལ་རྒྱུ་ནས་དགའ་བདེའི་རོ་འཕྲུལ་ཞིང་མྱོང་བར་བྱེད་པ་དང་༔ ཕྱི་འབྱུང་ལྔའི་ཁམས་སུ་རྒྱུ་ཞིང་འདོད་པའི་ཡུལ་འཕྲུལ་བར་བྱེད་པ་དེ་དག་ལྷའི་རྒྱུར་གནས་པ་ལ༔ རྐྱེན་བསྐྱེད་དམིགས་ཀྱིས་གཟུགས་སུ་བཀོད་ཅིང་ནན་དུ་བསྒྲུབ་པས་རྟེན་འབྲེལ་མངོན་སུམ་དུ་འགྲུབ་པའོ༔ ལྷ་ཆེན་དགའ་བདེའི་དབང་པོ་ལོངས་སྤྱོད་འཕྲུལ་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ བསྒྲུབ་པའི་བཀའ་སྲུང་དྲེགས་པ་རྒྱུ་རྐྱེན་རྟེན་འབྲེལ་གྱི་མཐུ་ལས་གྲུབ་པའི་ཚུལ་དང་སྐྱེ་རྒྱུད་འདི་མ་ཤེས་ན་དྲེགས་པ་རང་རྒྱུད་པ་བསྒྲུབ་ཀྱང་ལས་ལ་མི་འཁོལ༔ འགྲུབ་ཀྱང་བཀའ་མི་ཉན༔ མཆོད་གསོལ་ཇི་ཙམ་བྱས་ཀྱང་འཁུ་ལྡོག་གི་རྒྱུན་མི་ཆད༔ དགྲ་ལ་རྦད་ཀྱང་རང་སྲོག་ལ་འབབ་སྟེ་ཐར་ལམ་ལའང་བར་དུ་གཅོད༔ ཐོག་མཐའ་བར་གསུམ་མི་སྙོམས་ཤིང་ལེགས་ཉེས་སྣ་ཚོགས་པ་སྟོན་པར་འགྱུར་བས༔ དེའི་ཕྱིར་སྐྱེ་རྒྱུད་ཐམས་ཅད་ཀྱི་དམ་པར་གྱུར་པ་བསྒྲུབ་ཚད་ཡེ་ཤེས་པར་འགྱུར་བའི་གནད་ཟབ་ཁྱད་ཅན་འདི་སྒྲུབ་པ་ཀུན་གྱི་སྙིང་པོ་བླ་ན་མེད་པ་ཡིན་ནོ༔ ཅིའི་ཕྱིར་ན་ཐམས་ཅད་རང་སྣང་ལས་མི་གཞན་པར་ཤེས་པས་འཁོར་འདས་གཉིས་ཀྱི་སྲོག་ལ་དབང་ཆེན་པོ་ཐོབ་པ་ཡིན༔ དཔེར་ན་ནམ་མཁའི་ཟླ་བ་གཅིག་པུ་སྒྲ་གཅན་གྱིས་བསྒྲིབ་ཚེ་ཆུ་སྣོད་ཐམས་ཅད་ཀྱི་ཟླ་གཟུགས་མ་བསྒྲིབ་པ་མེད་པ་བཞིན་དུ༔ རྒྱལ་བ་རྫོགས་པའི་སངས་རྒྱས་མན་ཆད་ནས་བདུད་སྲིན་རཱུ་ཏྲ་ཡན་ཆད་ཀྱི་འཁོར་འདས་ཐམས་ཅད་གདོད་མ་གཞིའི་ཆོས་སྐུ་ཀུན་ཏུ་བཟང་པོའི་དབྱིངས་སུ་རོ་གཅིག་པའི་ངང་ཚུལ་འདི་ཤེས་ཤིང་ཐག་ཆོད་པའི་སྐྱེས་བུ་རྣམས་ཀྱི་རིགས་ལྔའི་རྒྱལ་བ་མན་ཆད་དང་འདྲེ་སྲིན་ཕྲ་མོ་ཡན་ཆད་ཀུན་ཏུ་བཟང་པོའི་རོལ་པ་ལས་མ་འདས་པའི་ཡེ་ཤེས་པ་ཤ་སྟག་ལས་མེད་ངེས་པ་ཡིན་ནོ༔ ལྷ་རང་རྒྱུད་པར་བཟུང་ནས་བསྒྲུབ་པའི་གང་ཟག་རྣམས་ཀྱིས་ཡུལ་རང་མཚན་པར་བཟུང་བའི་རྐྱེན་གྱིས་བསྒྲུབ་ཚད་འཇིག་རྟེན་པ་ཤ་སྟག་ལས་མ་འདས་པས་ཡེ་ཤེས་པ་གཅིག་ཀྱང་མེད་ངེས་པའོ༔ དེའི་ཕྱིར་དྲེགས་པ་སྤྱིའི་སྐྱེ་རྒྱུད་འདི་ཤེས་པས་ལྷ་སྒྲུབ་ཚད་ཡེ་ཤེས་སུ་འགྲུབ་པའི་རྒྱུ་རང་ལ་གནས་པའི་འགྲུབ་ཐག་ཉེ་བ་དང་༔ རང་རྩལ་གྱིས་ལྷ་རང་གཞིའི་དབང་དུ་འགྱུར་བ་དང་༔ རྣམ་པར་རྟོག་པ་སྣང་ཡུལ་ལ་གཏད་པའི་འཕྲུལ་དུ་གྲུབ་པའི་ལྷས་ཕྲིན་ལས་སྐད་ཅིག་ཏུ་བསྒྲུབ་པར་གདོན་མི་ཟའོ༔ རོལ་པ་ལ་རྩལ་གྱིས་འཁུ་ལྡོག་མི་ནུས་པ་དང་༔ ཤེས་པ་མངོན་གྱུར་གསལ་བརྟན་གྱིས་བསྒྲུབ་ཅིང་གྲུབ་པའི་ལྷས་རྣམ་པར་རྟོག་པའི་གདངས་ལས་བྱུང་བའི་དགྲ་འདྲེ་བསད་པ་ལ་ལས་དང་རྣམ་སྨིན་མི་འབྱུང་བའོ༔ དེ་ལྟར་བསྙེན་དང་སྒྲུབ་པའི་ལྷ་དང་སྲུང་མ་ཐམས་ཅད་གདོད་ནས་མ་གྲུབ་ཅིང་ཡོད་མ་མྱོང་བ་བྱུང་གནས་འགྲོ་གསུམ་གཞི་རྩ་ཐམས་ཅད་དང་བྲལ་བ་ཡིན་པ་ལས་མེད་ལ་ཡོད་པར་སྣང་བའི་རྒྱུ་རང་གི་སེམས་རྒྱུད་ན་གནས་པ་དེ་གཟུགས་དང་མཚན་མ་ཅན་དུ་བསྐྱེད་ཅིང་བསྒོམ་པའི་སྟོབས་ཀྱིས་དངོས་སུ་གྲུབ་པར་འགྱུར་བའི་ཚུལ་སྣོད་བཅུད་སྣང་བ་འདོད་ཡོན་ཐམས་ཅད་ཡེ་ནས་གཞི་རྩ་དང་བྲལ་བས་མ་གྲུབ་པ་ལས་སྣང་སྲིད་འདོད་ཡོན་ཐམས་ཅད་དངོས་སུ་སྣང་བར་བྱེད་པ་ཡིད་ཀྱིས་གསལ་ཞིང་བློས་བཞག་པ་རྣམ་པར་རྟོག་པས་དངོས་པོར་ཞེན་ཅིང་བཟུང་བས་བདེན་པར་གྲུབ་པ་བཞིན་དུ་བསྐྱེད་པས་འགྲུབ་པའང་དེ་ལྟ་བུར་ཤེས་པར་གྱིས་ཤིག༔ གདོད་མའི་ཡེ་གཞི་ཆེན་པོ་མ་རིག་པས་བསྒྲིབ་པའི་རྐྱེན་གྱིས་གཞི་སྣང་གི་ཡོན་ཏན་ཐམས་ཅད་ནང་དུ་ནུབ་སྟེ་གདངས་ལས་སྣང་བ་འཕོས་པའི་སྣང་བ་སྣང་ངོས་ན་བདེན་གྲུབ་ཏུ་ཤར་བ་ཐབས་དང་༔ སྟོང་ངོས་ན་ཅི་ཡང་མེད་པ་ཤེས་རབ་ཡིན་ཏེ་ཡབ་ཡུམ་སྙོམས་འཇུག་གི་ཚུལ་དུ་ཡོད་པ་ལ་དོན་དམ་པའི་ལམ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་མ་འདས་པས་ན་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་ཡིན་ནོ༔ དེ་ལྟར་བསྒོམ་པའི་མཐུ་ནུས་བསྐྱེད་པ་སྒྱུ་མའི་རྫས་ལྟ་བུའི་མཆོད་རྫས་འབྱོར་ཚོགས་བཤམ་པ་དང་༔ སྒྱུ་མའི་སྔགས་ལྟ་བུའི་སྤེལ་སྔགས་བརྗོད་ཅིང་༔ འབུལ་ཡུལ་དེ་དག་གི་དབང་པོ་དྲུག་གི་ཡུལ་དུ་སྒྱུ་མའི་འཕྲུལ་ལྟ་བུའི་སྣང་བ་བཀོད་ཅིང་འཆར་བར་བྱས་ནས༔ དེ་དག་གི་དབང་པོའི་ཡུལ་དབྱིངས་སུ་མ་ཞིག་གི་བར་དུ་འདོད་ཡོན་མི་ཟད་པ་ནམ་མཁའི་མཛོད་དུ་གསལ་བ་ཏིང་ངེ་འཛིན་གྱི་སྒྱུ་འཕྲུལ་ཞེས་བྱ་སྟེ་མཆོད་དང་སྦྱིན་པའི་མཆོག་ཆེན་པོ་བླ་ན་མེད་པའོ༔ དེའི་མཚོན་དཔེ་ནི་འཕྲུལ་དགའི་ལོངས་སྤྱོད་ཀྱི་བཀོད་པ་ལྟ་བུ་སྟེ༔ སྐྱེས་བུ་ཞིག་སྣང་བ་གནས་སུ་འགྱུར་བའི་རྨི་ལམ་ན་ལོངས་སྤྱོད་མི་འབྱོར་ཅིང་སྡུག་བསྔལ་འབའ་ཞིག་མྱོང་དུ་ཡོད་པའི་སྐབས་ཞིག་ན་སྐྱེས་བུ་གཞན་ཞིག་གིས་གཉིད་བཙན་ཐབས་སུ་དཀྲོགས་པས་མི་དེའི་སྣང་བ་གནས་སུ་བསྒྱུར་ཏེ་འདོད་རྒུའི་དཔལ་ཡོན་ཐམས་ཅད་མཆེད་དེ་བདེ་སྐྱིད་ལ་འཁོད་པ་བཞིན་དུ༔ མཆོད་དང་སྦྱིན་ཡུལ་གྱི་སྣང་བ་གནས་སུ་བསྒྱུར་ཏེ་འདོད་ཡོན་ནམ་མཁའ་མཛོད་དུ་འཕྲུལ་བར་བྱ་བ་ནི་མཆོད་སྦྱིན་གྱི་ཡུལ་དེ་དག་ཐམས་ཅད་ཀྱི་དབང་པོ་དྲུག་དྭངས་གསལ་རྙོག་མ་བྲལ་བ་ཆུ་ལྟ་བུའི་ཀློང་དུ༔ འདོད་ཡོན་གྱི་རྫས་སྔགས་ཏིང་ངེ་འཛིན་གྱི་རྒྱུ་རྐྱེན་རྟེན་འབྲེལ་གྱི་མཐུས་འཕྲུལ་པ་ནི་གཟའ་སྐར་གྱི་གཟུགས་བརྙན་འཕྲལ་དུ་ཤར་བ་ལྟ་བུར་ཤེས་པར་བྱའོ༔ གནད་འདི་དག་ཆོས་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་གཟིགས་པའི་སྐྱེས་བུ་རྣམས་ཀྱིས་སྤྱོད་ཡུལ་བླ་ན་མེད་པ་ཡིན་ཏེ༔ དེ་མི་ཤེས་པ་རྣམས་ཀྱིས་མཆོད་སྦྱིན་བྱས་པ་ཐམས་ཅད་བྱིས་པའི་རྩེད་མོ་ཙམ་ལས་དོན་འབྲས་མ་གྲུབ་པ་ཡིན་པས༔ བདག་སྒྱུ་མ་མཁན་ལྟ་བུས་མཆོད་སྦྱིན་གྱི་ཡུལ་ལྟད་མོ་མཁན་ལྟ་བུ་ལ༔ འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་ལྟར་འཕྲུལ་ཏེ་མཆོད་སྦྱིན་གྱི་ཡུལ་མཉེས་པར་བྱ་སྟེ་མཐར་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་འཁོར་གསུམ་དམིགས་པ་མེད་པའི་དབྱིངས་སུ་འབྱམས་ཀླས་པར་བཞག་པ་ནི་ཆོས་ཉིད་སྒྱུ་མར་རོལ་པའི་ཏིང་ངེ་འཛིན་ཡིན་ནོ༔ རྒྱུ་བསོད་ནམས་ཀྱི་ཚོགས་ཡིད་ཀྱིས་བསགས་ཤིང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རིག་པར་རྫོགས་པ་མངོན་དུ་གྱུར་པ་ཡིན་པས་ཡིད་སྤྲུལ་མེད་ན་བསོད་ནམས་ཀྱི་ཚོགས་མི་རྫོགས་པས་མཆོད་གནས་མི་མཉེས་པ་དེ་ཡིན༔ འདྲེ་གདོན་ལ་ཡས་གླུད་དང་གཤིན་པོ་ལ་འདོད་ཡོན་བསྔོས་པས་ཀྱང་ལན་ཆགས་བུ་ལོན་མི་སོད༔ སྡུག་བསྔལ་གྱིས་གདུང་བ་སྣ་ཚོགས་ཀྱང་སེལ་མི་སྲིད་དེ༔ འདྲེར་འཛིན་གྱི་རྣམ་པར་རྟོག་པ་ལས་གྲུབ་པའི་འདྲེ་གདོན་དགྲ་རུ་འབབ་པ་རང་གི་མཚོན་གྱིས་རང་གསོད་པ་ལྟ་བུར་འགྱུར་བས་ན་གྲོང་ཆོག་འདྲེ་བརྡུང་གི་སྤྱོད་པ་ཐམས་ཅད་དང་གསོན་སྐྱབས་གཤིན་འདྲེན་གྱི་ནུས་པ་མེད་པའི་ངང་ཚུལ་ལ་ལྟོས་ལ་འདི་ཕྱི་གཉིས་ཕུང་གི་སྤྱོད་པ་སྤང་བར་བྱ་བ་གནད་དུ་ཟུངས་ཤིག༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ཚུལ་རྟོགས་པའི་རྣལ་འབྱོར་པ་དག་གིས་རང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་ཀྱང་ཆོས་ཉིད་སྒྱུ་མར་རོལ་པའི་ཏིང་ངེ་འཛིན་གྱི་རླབས་ཤུགས་ཆེན་པོས་ངེས་པར་ཚེགས་མེད་དུ་འགྲུབ་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདུད་གཅོད་ཟབ་མོ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ཀྱིས་ཤེས་པར་བྱ་བའི་གནད་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་བདག་མེད་རྟོགས་པའི་ཤེས་རབ་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་ཡོད་ཀྱི་དེ་ཉིད་ལ་ཤེས་པར་བྱ་བའི་གནད་ནི་འདི་ལྟ་སྟེ༔ དང་པོ་བདག་ཉིད་གཅིག་པུའི་མ་རིག་པ་ཞེས་བྱ་བས་ཆོས་སྐུའི་རང་ཞལ་བསྒྲིབས་ཏེ་ངར་འཛིན་གྱི་ཤེས་པ་ལངས་ནས་ལུས་མེད་པ་ལ་ལུས་སུ་སྣང་༔ དེར་གཅེས་འཛིན་གྱི་ཤེས་པ་ཤིན་ཏུ་བརྟན་ཅིང་འཐས་པས་ལུས་དེ་བདག་ཏུ་བཟུང་ནས་གཅེས་པར་བསྐྱང་སྟེ་རེ་དོགས་དགའ་སྡུག་སྣ་ཚོགས་ཉེ་བར་ལེན་ཅིང་འཁོར་བར་འཁྲུལ་པའི་ཚུལ་ནི༔ རྨི་ལམ་གྱི་གནས་སྐབས་ཙམ་ལའང་ལུས་འདི་གཅེས་པར་བཟུང་ནས་དེ་འཚོ་བ་དང་བདེ་བ་དང་མཛེས་པའི་ཕྱིར་དུ་ཆགས་སྡང་གི་སེམས་སྣ་ཚོགས་ཀྱིས་དམ་དུ་བཅིང་ཞིང་ཀུན་ཏུ་དཀྲིས་པས་འཁོར་བ་མཐའ་མེད་དུ་འཁྲུལ་ཞིང་བདུད་བགེགས་འདྲེ་གདོན་དུ་གྱུར་པ་ཡིན༔ ལུས་ཀྱི་འཚོ་ཆས་ལ་གནོད་པར་སེམས་ནས་དགྲ་ལ་དོགས་པ་དང་༔ ནོར་རྫས་ལོངས་སྤྱོད་ལ་རྐུ་འཕྲོག་བྱས་པའི་སྣང་བ་ཤར་བའི་རྐྱེན་གྱིས་དེ་དག་ལ་སྡང་སེམས་སྐྱེ་བ་དང་༔ ལུས་ལ་ན་ཚ་མི་བདེ་བ་འབྱུང་སྣང་ཤར་ནས་འདྲེ་ལ་དོགས་སེམས་སྐྱེ་བ་དང་༔ གཞན་ཡང་ལུས་འདི་བདེ་བར་འདོད་ནས་བཟང་པོ་ཐམས་ཅད་ལ་རེ་བའི་རྟོག་པ་འཆར་བ་དང་༔ ལུས་ལ་གནོད་པར་དོགས་ནས་ངན་པ་ཐམས་ཅད་ལ་དོགས་སེམས་སྐྱེ་བ་དང་༔ ལུས་ལ་ན་ཚ་བྱུང་བས་ལུས་ཀྱིས་སེམས་མནར་བ་དང༔ ལུས་ལ་བཀྲེས་སྐོམ་གྱི་སྣང་བ་ཤར་བས་ལུས་ཀྱིས་སེམས་མནར་བ་དང་༔ ལུས་ལ་ཚ་གྲང་ཤར་བས་ལུས་ཀྱིས་སེམས་མནར་བ་དང་༔ བདེ་སྡུག་གི་སྣང་བ་ལུས་ཐོག་ཏུ་མཆེད་པའི་རྐྱེན་གྱིས་སེམས་ཡུལ་ངན་ལ་ཁ་དྲངས་ནས་སྡུག་བསྔལ་གྱིས་གདུང་བ་དང་༔ ཚེ་རབས་ཐམས་ཅད་དུ་སེམས་མེད་པའི་གནས་སྐབས་རེ་ཙམ་མ་གཏོགས་པར་ཟག་བཅས་ཉེར་ལེན་གྱི་ལུས་འདི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པས་སྡུག་བསྔལ་སྣ་ཚོགས་ཀྱི་གཞིར་གྱུར་པ་ཡིན༔ ཡུལ་གང་ལ་རེ་བ་སྐྱེས་ཚད་ཐམས་ཅད་ཡར་བདུད་བཟང་པོར་རེ་བ་ཞེས་བྱ་བ་ཡིན༔ ཡུལ་གང་ལ་དོགས་པ་སྐྱེ་ཚད་ཐམས་ཅད་མར་བདུད་ངན་པར་དོགས་པ་ཡིན་ཏེ༔ དེའི་ཕྱིར་འཁོར་བ་དང་ངན་སོང་གི་གཞི་མ་ནི་ལུས་ལ་གཅེས་འཛིན་བྱ་བ་ཡིན་ཏེ༔ གཅེས་འཛིན་གཅོད་པའི་ཐབས་སུ་ལུས་འདི་རོ་ལྟ་བུར་ཤེས་ཏེ༔ རྣམ་པར་ཤེས་པ་ལ་རོ་ཁུར་མིའི་འདུ་ཤེས་དང་༔ གཅེས་འཛིན་ལ་ཁུར་ཐག་གི་འདུ་ཤེས་དང་༔ གཉན་ས་ལ་དུར་ཁྲོད་ཀྱི་འདུ་ཤེས་དང་༔ ལྷ་འདྲེ་ལ་བྱ་དང་གཅན་གཟན་གྱི་འདུ་ཤེས་ཏེ་རྣམ་པ་ལྔའི་སྒོ་ནས་སྦྱིན་པར་གཏོང་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་ཤེས་པར་བྱ་བ་ནི་ལུས་འདི་ལ་གོས་མཛེས་ཤིང་དྲོ་བས་གཡོགས༔ ཟས་རོ་ལྡན་སྣུམ་ལ་བཅུད་དང་ལྡན་པས་འཚོ་བ་སྦྱར༔ འདིའི་ཕྱིར་དུ་དཀའ་བ་དང་དུ་བླངས༔ ངལ་བ་ཁྱད་དུ་བསད༔ སྡུག་བསྔལ་གྱི་ཁུར་ཆེན་པོ་ཕྲག་ལ་བཀལ༔ གཏན་དུ་བདེ་བའི་རྒྱུ་འབྲས་ཡལ་བར་དོར་ནས་ཆོག་ཤེས་མེད་པར་འབད་རྩོལ་བྱས་པའི་མཐར༔ པགས་པ་དང་རུས་པའི་བར་གྱི་ཤ་ཟད་དེ་པགས་པ་གཉེར་མས་གང་༔ རྐང་ལག་དབྱུག་པ་ལྟ་བུར་སོང་༔ བཀྲག་མདངས་ཉམས་ཏེ་བམ་རོ་ཧམ་པའི་ཁ་དོག་ལྟར་དུ་སོང་༔ བྲང་དང་རྒལ་པ་ལ་རྒྱ་སྐས་ལྟ་བུར་ཐེམ་པ་ནག་བྲང་ངེ་སོང་༔ སྐྲ་ནག་དཀར་པོར་སོང་༔ སོ་དོན་ཏེ་ཁ་རྡིབ༔ མིག་འགྲིབ་སྟེ་ལམ་མི་མཐོང་༔ རོ་ཁུར་བ་ལྟ་བུར་ལངས་དཀའ༔ ཁུར་བུ་ཅན་ལྟ་བུར་སྡོད་དཀའ༔ བཟའ་བའི་ཟས་མི་འཇུ་བར་རྒྱུ་མ་འུར༔ བཏུང་བའི་སྐོམ་མི་ཐུབ་པར་གཅིན་མང་བ་སོགས་རྐྱེན་དང་སྡུག་བསྔལ་ཉེར་འཚེ་ཐམས་ཅད་ཀྱི་ཡོ་ལངས་བུ་ཡུག་ལྟ་བུར་འཚུབས་ནས་བདེ་བའི་གནས་ཏིལ་འབྲུ་ཙམ་ཡང་མི་འབྱུང་བར་འགྱུར་ན༔ ལུས་འདི་གསོས་པས་མི་འཚོ༔ བསྐྱངས་པས་མི་སྐྱོབ༔ དེའི་ཕྱིར་འབད་པ་དོན་མེད་པའི་ངང་ཚུལ་ལ་ཡང་ཡང་བསམ་པ་དང་༔ ལར་རྣམ་མཁྱེན་གྱི་འབྲས་བུ་ཟ་བས་ཟ་འདྲེ༔ འཁོར་བར་སྐྱེ་འཆིའི་སྣང་བ་སྟོན་པས་ཤི་གཤེད༔ ཐར་པའི་སྲོག་རྩ་གཅོད་པས་སྲོག་གཅོད༔ བདེ་བའི་དབུགས་འཕྲོག་པས་དབུགས་ལེན༔ མི་སྲིད་པའི་འཁོར་བར་སྲིད་པར་བྱེད་པས་སྲིད་པའི་འདྲེ་དགུ༔ ཚེ་རབས་དུ་མར་མནར་བས་གདོན་བཅུ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕྲོག་པས་འཕྲོག་མ༔ མ་རིག་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་གཏི་མུག་ཀླུ་གདོན་ས་བདག༔ ཡུལ་གཞན་ལ་སྡང་བའི་ཆོ་འཕྲུལ་ཕོ་གདོན་རྒྱལ་འགོང་༔ འདོད་ཡོན་གྱི་སྣང་བ་ལ་འདོད་ཆགས་པའི་ཆོ་འཕྲུལ་མོ་གདོན་འདྲེ་མོ༔ ཐར་པའི་ལམ་བཀག་པས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ ཕུང་ལྔའི་གྲོང་ཁྱེར་ན་གནས་པས་གྲོང་འདྲེ་གྲོང་རྒྱུག༔ ངོམས་ཤིང་ཚིམ་པ་མེད་པས་བསེ་རག༔ དམ་ཚིག་ལས་འདའ་བར་བྱེད་པས་དམ་སྲི་སྟེ༔ གདོན་བགེགས་ལོག་འདྲེན་འབྱུང་པོ་ཐམས་ཅད་ལུས་འདི་ཉིད་ལ་འདུས་ཤིང་འདི་ལས་གཞན་དུ་མ་གྲུབ་པའི་ངང་ཚུལ་ལ་བརྟག་ནས་གཅེས་འཛིན་གཅོད་ཅིང་མངོན་ཞེན་ལྡོག་པའི་ཕྱིར་དུ་ལུས་མཆོད་སྦྱིན་ལ་བརྩོན་པ་གནད་ཀྱི་དམ་པར་ཟུངས་ཤིག༔ ལུས་ངོས་འཛིན་པ་ལའང་༔ ནང་ཟག་བཅས་ཉེར་ལེན་གྱི་སྒྱུ་ལུས༔ བར་འདོད་ཡོན་འཁྲུལ་སྣང་གི་སྒྱུ་ལུས༔ ཕྱི་འབྱུང་བ་དངོས་སྣང་གི་སྒྱུ་ལུས་ཏེ༔ འདི་དག་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཡིན་ཏེ༔ སྟོང་པ་དངོས་པོར་འཛིན་པའི་ཤེས་རིག་ནི་སེམས་ཡིན་པས་སེམས་དབྱིངས་སུ་སྤར༔ དངོས་པོ་རོ་རུ་བསྒྱུར་ནས༔ གཏོང་མཁན་བདག་སྒྱུ་མ་མཁན་ལྟ་བུར་ཤེས་པ་དང་༔ ལུས་འདོད་རྒུར་བསྒྱུར་བ་སྒྱུ་མའི་དགའ་སྟོན་ལྟ་བུ་དང་༔ གཏོང་ཡུལ་སྒྱུ་མའི་འཕྲུལ་གྱི་ཁྲོམ་ཚོགས་ལྟ་བུར་ཤེས་ནས༔ དཀར་པོར་འགྱེད་པ་དཀར་གསུམ་མངར་གསུམ་གྱི་ཕུང་པོར་བསྒྱུར་ནས་འབུལ་བ་དང་༔ ཁྲ་བོར་འགྱེད་པ་འདོད་རྒུའི་དཔལ་ཡོན་དུ་འཕྲུལ་ནས་འབུལ་བ་དང་༔ དམར་པོར་འགྱེད་པ་ཤ་ཁྲག་རུས་པ་རྐང་ཚིལ་དུ་འཕྲུལ་ཏེ་འབུལ་བ་དང་༔ ནག་པོར་འགྱེད་པ་ནད་གདོན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་ནག་པོར་འཕྲུལ་ཏེ་འབུལ་བ་རྣམས་ནི་དུས་བཞིར་སྦྱར་ཏེ་གཏོང་བར་བྱ་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་སེམས་ཀྱི་དོགས་པ་འཁུ་འཕྲིག་ཐམས་ཅད་ལའང་ཐོག་བརྫིས་བྱ་བ་ཡིན༔ མི་འདོད་པའི་ནད་དང་སྡུག་བསྔལ་ཐམས་ཅད་ལ་རེ་བའི་བསམ་པ་བཙན་ཐབས་སུ་བླངས་ནས་དགའ་བ་བསྒོམ་པར་བྱའོ༔ གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་༔ རང་གི་བདེ་བ་གཞན་ལ་གཏོང་བའི་བསམ་པ་ལ་ནན་ཏན་དུ་སློབ་པ་གནད་དོ༔ ལར་འདྲེ་གནས་སར་འཛིན་པའི་ཡུལ་གནས་ཐམས་ཅད་ལ་འགྲོ་སྟེ་དེར་རྣམ་པར་རྟོག་པ་བཙན་ཐབས་སུ་སློང་བའི་གནད་ཐམས་ཅད་ལ་འབད་དོ༔ ཕྱི་སློང་ལྷ་འདྲེ་གདོད་ནས་མ་གྲུབ་པ་ལ་རྣམ་རྟོག་གིས་བཟོས་པའི་ལྷ་འདྲེར་སྣང་བའམ་ཡང་ན་ཆོ་འཕྲུལ་སྣང་བར་གྱུར་པ་ན་རོ་བཤའ་མཁན་གྱི་མདུན་སར་བྱ་རྒོད་སླེབ་པ་ལྟ་བུའི་དགའ་བ་བསྒོམ་པར་བྱ་བ་དང་༔ ནང་སློང་ལུས་ལ་མི་བདེ་བའི་ཟུག་རྔུ་ན་ཚ་བྱུང་ནའང་དབུལ་པོས་ཟས་ནོར་ཐོབ་པ་ལྟ་བུའི་དགའ་བ་བསྒོམ་སྟེ་ད་དུང་ཡང་འདི་འདྲ་བ་དགུ་འགྱུར་ཤོག་བསམ་ཞིང་བརྗོད༔ གསང་སློང་སེམས་ཀྱི་ཐོག་ཏུ་དགའ་སྣང་དང་སྐྱིད་སྣང་བྱུང་ཡང་ཆགས་པ་དང་ཞེན་པ་ཐད་ཀར་གཅོད་པ་དང་༔ སྡུག་སྣང་དང་མི་བདེ་བ་ཅི་བྱུང་ཡང་རེ་དོགས་ཐད་ཀར་བཅད་ནས་དགའ་བ་བསྒོམ་པ་དང་༔ ལུས་འདི་ཁྱེར་མི་བྱུང་ན་ཅི་མ་རུང་སྙམ་པའི་ཐོག་བརྫིས་བྱ་བ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ༔ དེ་གསུམ་པོ་ཕྱི་ནང་གསང་བའི་སློང་ཚད་རྣམ་གསུམ་ཡིན་ཏེ་ཤེས་པར་མཛོད༔ ལུས་འདི་རོ་རུ་གྱུར་ཚེ་མེ་ལ་བསྲེག༔ ཆུ་ལ་བསྐྱུར༔ ས་འོག་ཏུ་མནན་པ་སོགས་གང་བྱས་ཀྱང་ངའི་འབད་རྩོལ་དཀའ་སྤྱད་ཐམས་ཅད་དོན་མེད་དུ་སོང་བས་ཕངས་རེ་ཆེ་བསམ་པ་དང་༔ འཇིག་རྟེན་འདི་ན་གཅེས་པའི་མཆོག་ལུས་འདི་སྦྱིན་པ་ནི་ཕུལ་ཏུ་ཕྱིན་པ་ཡིན་ན༔ ད་ནི་འཁོར་བ་དང་ངན་སོང་གི་རྡོས་འདི་དང་བྲལ་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འགྲོ་བར་ཅིའི་མི་བྱེད་བསམ་སྟེ་བདུད་གཅོད་ཟབ་མོའི་ཉམས་ལེན་ལ་འབད་པར་བྱའོ༔ གནད་འདི་ཚུལ་བཞིན་དུ་མ་ཤེས་ན་གཅོད་ཅེས་ཁ་རུ་བརྗོད་པ་དང་ཌཱ་དྲིལ་བསྒྲག་པ་ཙམ་ལ་མི་བྱའོ༔ དང་པོ་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བ་ནི་གཅོད་ཀྱི་གཞི་ཡིན་པས་ཤེས་པར་བྱ་བའི་གནས་སོ༔ སྦྱངས་པའི་མཐར་ནི་འཁོར་འདས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འུབ་ཆུབ་པའི་དོན་གཤིས་ཐོག་ཏུ་ཕེབ་པར་བྱ་བ་མཐར་ཐུག་དོན་གྱི་འཇོག་སོ་བླ་ན་མེད་པ་ཡིན་ནོ༔ བདུད་གཅོད་ཟབ་མོ་བརྟུལ་ཞུགས་ཀྱི་རྒྱུད་ཀྱང་འདི་ལས་གཞན་ན་མ་མཆིས་སོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལེགས་སོ༔ ངའི་རང་བཞིན་རིག་སྟོང་རྫོགས་པ་ཆེན་པོ་ཞེས་བྱ་བ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་སྟོང་པའི་ངང་ཚུལ་དང་ལོ་རྒྱུས་ཤེས་པ་ཙམ་གྱིས་ཐེག་པ་འདི་རུ་ངེས་པ་ལགས་སམ་མ་ལགས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་སྟོང་པའི་ཚུལ་ཤེས་པ་ནི་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་ཡིན་པ་ལས་ཐེག་པ་གཅིག་ལ་ངོས་བཟུང་བ་མ་ཡིན་ནོ༔ འདི་མི་ཤེས་པ་དག་གིས་བསྒོམ་ཚད་སེམས་ཀྱི་དགེ་བ་ལས་རྣམ་པར་གྲོལ་བའི་ལམ་ལ་སྤུ་ཙམ་ཡང་ཉེ་བ་མ་ཡིན་ཏེ༔ དེའི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་ཡང་སྙིང་དམ་པ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ལྟ་བ་ཞེས་བྱ་བ་ཡིན༔ ལྟ་བ་ནི་ལམ་ཐམས་ཅད་ཀྱི་གཞི་རྩ་ཆེན་པོ་མེད་དུ་མི་རུང་བ་ཡིན་ནོ༔ ཁམས་དང་དབང་པོའི་བྱེད་ལས་ཀྱིས་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་གྱི་དབང་པོར་བསྟུན་པའི་ལམ་གྱི་བྱེ་བྲག་ལས་ཐེག་པའི་རྣམ་གྲངས་མང་དུ་བསྟན་པ་ཡིན་ལ༔ རྫོགས་པ་ཆེན་པོ་ནི་ཐེག་པ་ཐམས་ཅད་ཀྱི་གཞི་དང་འབྲས་བུར་གྱུར་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཏེ་དོན་གཤིས་ཐོག་ཏུ་ཕེབས་པ་ལ་བྱའོ༔ དེའི་ཡིན་ལུགས་ནི་འདི་ལྟ་སྟེ༔ གཞི་མེད་རྩ་བྲལ་ཆེན་པོ༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག༔ ཡུལ་མེད་ཟང་ཐལ་གྱི་རོལ་པ་ཡིན་སྟེ༔ འདི་ཡེ་ནས་སྐྱོན་དང་དྲི་མ་བག་ཆགས་ཐམས་ཅད་དང་བྲལ་བའི་བདག་ཉིད་ཆེན་པོ་ཡིན༔ ཕྱིའི་ཡུལ་ན་དེ་ལས་གཞན་པའི་སངས་རྒྱས་ཡོད་པ་མ་ཡིན་ལ༔ གལ་ཏེ་ནམ་མཁའི་མཐའ་དང་མཉམ་པའི་སངས་རྒྱས་གྲངས་མང་ཞིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་བྱས་ནས་དེ་དག་གི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་གཞི་འདི་ལ་ཕན་གདག་པར་ཆས་ཏེ་བཟང་པོར་བཅོས་ཀྱང་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་འབྱུང་བ་མེད་དོ༔ དེ་ཅིའི་ཕྱིར་ཞེ་ན་ཕན་གདག་པའི་ཡུལ་མེད་པའི་ཕྱིར་རོ༔ འདས་པའི་དུས་ནས་སངས་རྒྱས་འཁོར་བར་མ་འཁྱམས་པར་ཆོས་སྐུ་ནམ་མཁའ་ཟང་ཐལ་ལ་ལྟོས་ཤིག༔ མེད་ལ་ཡོད་པར་ཤར་བའི་འཁྲུལ་སྣང་མ་གཏོགས་པའི་སེམས་ཅན་གཅིག་ཀྱང་མེད་དེ༔ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྲངས་དང་མཐས་མི་གཏུག་པ་ཡོད་པའི་དབང་དུ་བྱས་ཏེ་དེ་དག་གི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་ཡེ་གཞི་ནམ་མཁའི་ཁོར་ཡུག་ལ་གནོད་པ་བྱེད་པར་ཆས་ཀྱང་གནོད་པ་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་མཐོང་སྟེ་ཡུལ་མ་གྲུབ་པའི་ཕྱིར་རོ༔ འཛིན་ཤེས་ཀྱིས་འཁོར་བ་སྣང་ཙམ་ལས་མ་གྲུབ་ཅིང་གཞི་ཡེ་ནས་ཀ་དག་སྐྱོན་གྱིས་མ་གོས་པས་གཡོ་བ་མེད་པའོ༔ དང་པོ་སྐྱེ་བའི་གནས་དང་བདག་པོ་ལ་བརྟག་པས༔ འདས་པ་ལ་མི་བྱ༔ མ་འོངས་པ་ལ་མི་བྱ༔ ད་ལྟ་བ་ལའང་སྐྱེ་བ་མ་མཆིས་པར་ཐག་ཆོད༔ སྐྱེ་བའི་བདག་པོ་དང་ཡུལ་གང་དུའང་མ་གྲུབ་པས་སྐྱེ་བའི་མཐའ་དང་བྲལ་བ༔ འགག་པའང་དེ་བཞིན་དུ་འདས་པ་དང་མ་འོངས་པར་མི་འཛིན༔ ད་ལྟ་བ་མ་མཆིས་པ་དང་༔ འགག་པའི་བདག་པོ་ཡང་ཡུལ་མེད་དུ་མཐོང་བས་འགག་པའི་མཐའ་དང་བྲལ་བ༔ ཆད་པ་ཅང་མེད་དུ་གྱུར་རམ་བརྟག་ན་མ་དག་པ་འཁོར་བའི་སྣང་བ་དང་༔ དག་པ་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྲུབ་ཅིང་གཞི་མེད་པར་མ་སོང་བས་ཆད་པའི་མཐའ་དང་བྲལ་བ༔ ཡོད་པ་རྟག་པར་དཔྱད་ན་མངོན་སུམ་མིག་གིས་མཐོང་ཡུལ་དུ་གྱུར་པ་དང་༔ དོན་དམ་ལག་པས་འཛིན་རྒྱུ་ཞིག་ཡོད་དགོས་པ་ལ་རྒྱལ་བའི་སྤྱན་གྱིས་ཀྱང་མི་གཟིགས་པས་ན་རྟག་པའི་མཐའ་དང་བྲལ་བ༔ འོང་བའི་ཡུལ་དང་བདག་པོ་ལ་བརྟག་ན་འདས་པ་མ་ཡིན༔ མ་འོངས་པ་མ་ཡིན༔ ད་ལྟ་བ་མངོན་སུམ་ཚད་མར་གྲུབ་དགོས་པ་ལ་འོང་བའི་བདག་པོ་གནས་ཐམས་ཅད་ཡུལ་མེད་དུ་འདུག་པས་འོང་བའི་མཐའ་དང་བྲལ་བ༔ འགྲོ་བའི་ཡུལ་དང་བདག་པོ་ལ་བརྟག་པས་དེ་ཡང་འདས་པ་ལ་མི་དམིགས༔ མ་འོངས་པ་ལ་མི་དམིགས༔ ད་ལྟ་མངོན་སུམ་ཚད་མ་ཅན་ཡུལ་མེད་དུ་མཐོང་བས་འགྲོ་བའི་མཐའ་དང་བྲལ་བ༔ གཞི་ཐ་དད་དུ་བརྟག་ན་ཆོས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་དབྱིངས་སུ་ཐ་མི་དད་པར་རོ་གཅིག་པའི་ཕྱིར་ཐ་དད་པའི་མཐའ་དང་བྲལ་བ༔ གཞི་གཅིག་ཏུ་བརྟག་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པ་མ་འདྲེས་སོ་སོར་སྣང་བས་ན་དོན་གཅིག་པའི་མཐའ་དང་བྲལ་བའོ༔ དེ་གཉིས་ཀའི་མཚོན་དཔེ་ནི་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བསམ་གྱིས་མི་ཁྱབ་པ་ཤར་བ་རྣམས་ཐ་དད་དུ་བརྟག་ན་རྒྱ་མཚོ་ལས་སྐར་འབྲུ་གཅིག་ཀྱང་མེད་པ་དང་༔ གཅིག་ཏུ་བཟུང་ན་མ་འདྲེས་སོ་སོ་རུ་སྣང་བ་ལྟར་ཁས་ལེན་ཐམས་ཅད་དང་བྲལ་བར་ལ་བཟླ་བར་བྱའོ༔ རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་མེད་ཅིང་མ་གྲུབ་པའི་དོན་གྱིས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཁོ་ནའོ༔ མཐར་ལྷུང་བར་འདོད་ན་ཕྱོགས་ལྷུང་ལྟ་བ་ལོག་པ་སངས་རྒྱས་པའི་ས་ལས་དཔག་ཚད་གྲངས་མེད་པར་རྒྱང་རིང་པོར་སོང་བ་དང་༔ རྣམ་པར་གྲོལ་བའི་ལམ་ལས་དབེན་པའི་འབྲོག་དགོན་པ་མུན་པ་ནག་པོའི་ཁྲོད་དུ་མགོ་འཁོར་བའོ༔ ཀ་དག་གདོད་མའི་མགོན་པོ་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་ཀུན་བཟང་བདེ་གཤེགས་སྙིང་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་ནི་འདི་ལྟ་སྟེ༔ ཕྱིའི་སྣང་བ་ཐམས་ཅད་ལ་རྟག་ཅིང་དཔྱད་པས་དངོས་པོ་མ་གྲུབ་པའི་སྟོང་པ་ཉིད་དང་༔ མཚན་མར་མ་གྲུབ་པའི་སྟོང་པ་ཉིད་དང་༔ བདེན་པར་མ་གྲུབ་པའི་སྟོང་པ་ཉིད་ཡིན་ཏེ་ཕྱི་སྟོང་པ་ཉིད་དོ༔ ནང་རང་སེམས་ལ་བརྟག་ཤིང་དཔྱད་པས་གཞི་མ་གྲུབ་པའི་ཡུལ་མེད་ཟང་ཐལ༔ རྩ་བ་མ་གྲུབ་པའི་ཆོས་ཉིད་བརྡལ་ཁྱབ༔ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནང་སྟོང་པ་ཉིད་དང་༔ བར་སྣང་སེམས་གཉིས་ཀའི་ཡིན་ལུགས་ལ་བརྟག་པས་གཉིས་མེད་རོ་གཅིག་ཆེན་པོ་ལས་ཐ་མི་དད་དོ༔ རང་ལས་སྣང་བ་རང་ལ་ཐིམ་པས་སེམས་དང་སྣང་བ་འདུ་འབྲལ་མེད་པས་ན་དོར་བ་མེད་པའི་སྟོང་པ་ཉིད་ཡིན་ཏེ༔ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཅེས་བྱ་བའོ༔ གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཚིག་གིས་མི་མཚོན་པ་བརྗོད་བྱའི་ཡུལ་ལས་འདས་པ༔ དཔེས་མི་མཚོན་པས་དཔེ་མེད་ཕྱོགས་མཐའ་ལས་འདས་པ༔ དོན་གྱིས་མི་མཚོན་པས་བློ་ཡིད་རྟོག་པའི་ཡུལ་ལས་འདས་ཤིང་ཆོས་ཉིད་མྱོང་ཞེན་དང་བྲལ་བའི་ཡེ་བབ་རང་བྱུང་གི་གཤིས་ཐོག་ཏུ་ཕེབས་པ་སྟེ༔ རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ༔ གཞི་སེམས་ཉིད་ཡེ་ནས་སངས་རྒྱས་ཀུན་ཏུ་བཟང་པོ་འཁོར་འདས་ཡོངས་ཀྱི་ཁྱབ་བདག་ཆེན་པོ་རང་ངོ་རང་གིས་ཤེས་ཏེ་རང་ཐོག་ཏུ་རང་གྲོལ་བས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་ཆས་སུ་རྫོགས་པ་ལས་ལུས་ངག་བློ་ཡིད་འབད་རྩོལ་གྱི་སྒོ་ནས་གཞི་འདི་ལ་ཕན་ཐབས་ཀྱི་བྱ་བ་ཅི་བྱས་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་མི་འབྱུང་བ་དང་༔ གཞི་འདི་ཡུལ་འདི་ནས་ཞིང་ཁམས་གཞན་དུ་འགྲོ་བར་འདོད་ཀྱང་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཆེན་པོ་དུས་གསུམ་དུ་འགྲོ་འོང་ཐམས་ཅད་དང་བྲལ་བའི་དོན་མཐོང་ཚེ་ཚུལ་དེ་ལ་ཡིད་སྨོན་ཙམ་ཡང་མེད་པར་ཐག་ཆོད་པ་སྟེ༔ རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ༔ དེ་དག་ནི་གཞི་རང་གི་མཚན་ཉིད་ཡེ་རྫོགས་ཆེན་པོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞི་འདི་གདོད་ནས་ཆོས་སྐུ་ཀུན་ཏུ་བཟང་པོའི་རང་བཞིན་ལས་ཡེ་ཤེས་ཡོན་ཏན་སླད་ནས་འབྱུང་བ་དང་སྐྱེ་བ་དང་འཐོབ་པ་མེད་པ་ཞིག་ཡིན་ན་སེམས་ཅན་ཐམས་ཅད་སངས་རྒྱས་ལས་མེད་པས་སངས་རྒྱས་དང་སེམས་ཅན་ཇི་ལྟར་ཤན་དབྱེ་བར་བྱ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་མ་རིག་པའི་དུས་སུ་ལུང་མ་བསྟན་དུ་སོང་ནས་ཡོན་ཏན་ཕན་མེད་གནོད་མེད་རི་མོའི་མར་མེ་ལྟ་བུ་ཡིན་ཏེ༔ དེས་ན་སེམས་ཅན་རྣམས་འཁྲུལ་པ་ནི་དཔེར་ན་ཕ་བོང་རི་དྭགས་སུ་འཁྲུལ་པ་དང་༔ ཐོ་ཡོར་མིར་འཁྲུལ་པ་དང་༔ ཐག་ཁྲ་སྦྲུལ་དུ་འཁྲུལ་པ་དང་༔ དངུལ་ཏི་ཚར་འཁྲུལ་པ་དང་༔ གསེར་ལྷང་ཚེར་དུ་འཁྲུལ་པ་དང་༔ ནོར་བུ་རྡོ་རུ་འཁྲུལ་པ་ལྟ་བུའི་ཕྱོགས་སུ་ངེས་པ་ཡིན༔ གཞི་ཡོན་ཏན་ཡེ་རྫོགས་ཆེན་པོའི་ངང་ཚུལ་ཤེས་ཚེ་སྣང་བ་བདེན་མེད་དུ་རྟོགས་པ་དཔེར་ན་ཕ་བོང་རི་དྭགས་མ་ཡིན་པར་ཐག་ཆོད་པ་དང་༔ སྨིག་རྒྱུ་ཆུར་འཛིན་པའི་ཤེས་པ་ལས་ལྡོག་པ་དང་༔ ཐོ་ཡོར་མིར་འཛིན་པའི་ཤེས་པ་ལས་ལྡོག་པ་དང་༔ ཐག་ཁྲ་སྦྲུལ་དུ་འཛིན་པའི་ཤེས་པ་ལས་ལྡོག་ནས་དེ་དག་འཁྲུལ་པ་ཡིན་པར་ཐག་ཆོད་པ་ལྟར་འཁྲུལ་པ་དངོས་འཛིན་གྱི་ཞེན་པ་ལས་ལྡོག་ནས་བདག་མེད་དུ་རྟོགས་པའི་ཚེ་གཞི་ཡུལ་མེད་ཟང་ཐལ་ཆེན་པོར་ཐག་ཆོད་པ་སྒོམ་གྱི་ངོ་བོ་ཡིན༔ དེ་སེམས་ཅན་ལས་འཕགས་པ་ནི་གསེར་དངུལ་ངོ་ཤེས་ཏེ་ནོར་དུ་མངོན་པ་དང་༔ ནོར་བུ་རྡོ་རུ་ནོར་བ་ནོར་བུར་ངོ་ཤེས་པ་ལྟར་ངོ་ཤེས་པ་ནི་རྟོགས་པའི་ཤེས་རབ་ཞེས་བྱ་བ་ཡིན་ཏེ༔ སེམས་ལས་རབ་ཏུ་འཕགས་པ་སྲིད་པའི་ས་བོན་རུལ་བ་ལྟ་བུ་ཡིན༔ སྲིད་པ་ཤེས་རབ་ཀྱིས་འཇིག་པའི་མཚོན་དཔེ་ནི་ལན་ཚྭ་ལ་ཆུས་རྒྱས་ཐེབས་པ་དང་༔ ག་བུར་ལ་རླུང་གིས་རྒྱས་ཐེབས་པ་དང་༔ ཆབ་རོམ་ལ་དྲོད་ཀྱིས་རྒྱས་ཐེབས་པ་བཞིན་སྲིད་པ་ཧྲུལ་པོར་བྱེད་པ་ཡིན་པའི་ངང་ཚུལ་ཤེས་པར་མཛོད་ཅིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟ་བུའི་གཞིའི་ཡིན་ལུགས་ཤེས་པར་བྱས་པས་ཆོག་པ་ལས་བསྒོམ་མི་དགོས་པར་སངས་རྒྱས་པར་འགྱུར་རམ་མི་འགྱུར་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞིའི་གནས་ལུགས་མ་ཤེས་ན་འཚང་མི་རྒྱ་བའི་ཕྱིར་ཤེས་པར་བྱ་བའི་གནས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཞེས་བྱ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་དང་༔ མ་ཤེས་པས་གྲོལ་བར་མི་འགྱུར་བའི་ཕྱིར་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་བསྟན་པ་ཡིན༔ ཤེས་མི་དགོས་པར་འཚང་རྒྱ་ན་དེ་གསུངས་པ་ལ་དགོས་དོན་མ་མཆིས་པ་ཡིན་པའི་ངང་ཚུལ་ལ་ལྟོས་ཤིག༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ངང་ཚུལ་མི་ཤེས་ཤིང་རང་སེམས་སྟོང་པ་ཉིད་ཡིན་པའི་ངང་ཚུལ་ཤེས་ཀྱང་གང་ཟག་གི་བདག་མེད་ཙམ་ལས་མ་རྟོགས་པས་ཉན་ཐོས་ཀྱི་ཐེག་པ་ལས་མི་འཕགས་པ་ཡིན༔ སྣོད་བཅུད་ཐམས་ཅད་རང་ས་ནས་སྟོང་པར་ཤེས་ཀྱང་ངོ་བོ་སྟོང་པ་ཉིད་དུ་འགག་བསྡམ་ནས་གཞི་སྟོང་ཉིད་ཡིན་པར་མ་ཤེས་ན་སྟོང་ཉིད་ལུང་མ་བསྟན་དུ་སོང་ནས་ཕན་པ་མི་འབྱུང་བ་ཡིན༔ སྟོང་ཉིད་ཡིན་པར་ཤེས་ཀྱང་སྟོང་ཉིད་ལ་སྐྱོན་ཡོན་མེད་པ་ཡོན་ཏན་དང་ཕྲིན་ལས་གཞན་ནས་འཇུག་དགོས་པར་སེམས་ན་སྟོང་ཉིད་སྣོད་སྟོང་དུ་གོ་ནས་ཡོན་ཏན་ཕྲིན་ལས་བཅུད་དུ་གོ་བ་གཞན་གྱི་ཕྲིན་ལས་དེ་ཉིད་རང་ལ་འཇུག་པར་འདོད་ན༔ ཕྲིན་ལས་ཀྱི་ཕྱུག་པོ་གཞན་གྱིས་སྣོད་སྟོང་འགེངས་པར་བྱེད་པའི་སྦྱིན་བདག་དེ་ཡུལ་གཞན་ན་ཡོད་དགོས་པས་ཡུལ་གྱི་སངས་རྒྱས་དེ་རྟག་བརྟན་ཐེར་ཟུག་ཅན་དུ་ཡོད་སྲིད་ན་དེ་མ་སྟོང་པ་དང་༔ སྟོང་ཉིད་བེམ་སྟོང་སྐྱོན་ཡོན་མེད་པ་ཞིག་ཡིན་ན་འདི་སྣང་དང་ཕྱི་མའི་སྣང་བ་དང་རྨི་ལམ་གྱི་གནས་སྐབས་ཐམས་ཅད་དུ་སྣོད་བཅུད་འདོད་ཡོན་གྱི་སྣང་བ་ཐམས་ཅད་རང་བྱུང་རང་ཆས་སུ་ཡོད་པའི་སྐྱོན་འཁོར་བའི་སྣང་སེམས་གྲུབ་པ་དང་༔ འདིའི་ངང་ཚུལ་ཤེས་ཏེ་གདིང་ཐོབ་པའི་ཚེ་སྣང་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་མངོན་དུ་གྱུར་ནས་གོ་འཕོས་པས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་ཡོན་ཏན་གྱི་ཆ་རང་ཆས་སུ་རྫོགས་པ་ཡིན༔ འགའ་ཞིག་གིས་ནམ་མཁའ་སྐྱོན་ཡོན་མེད་པའི་བེམ་སྟོང་དུ་འཛིན་པ་མང་པོ་ཡོད་སྲིད་ནའང་༔ ནམ་མཁའ་འབྱུང་བ་ལྔ་དང་འདོད་ཡོན་སྣ་ཚོགས་ཀྱི་གཞི་དང་ངོ་བོ་ཡིན་པས་སྐྱོན་དང་ཡོན་ཏན་མེད་པའི་བེམ་སྟོང་དུ་འདོད་དགོས་པའི་རྒྱུ་མཚན་ཅི་ཡོད༔ ནམ་མཁའ་ལས་གཞན་པའི་སྣང་ཡུལ་གཞན་དུ་མཆིས་ཏེ་ནམ་མཁའ་རང་རྒྱུད་པར་འཛིན་ན་འཁོར་འདས་སྟོང་ཉིད་ཆེན་པོར་འདོད་པའི་དོན་ཡང་མ་མཆིས༔ ནམ་མཁའ་གཞན་ཞིག་མཆིས་སྲིད་ན་དབྱིངས་རིག་དབྱེར་མེད་དམ་ཟུང་འཇུག་ཅེས་བརྗོད་པའི་དོན་ཅི་ཞིག་ཡོད༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་མངོན་དུ་གྱུར་པ་ལས་བསྒོམ་རྒྱུ་གཞན་ཞིག་མཆིས་ན་བསྒོམ་མེད་གཏད་མེད་འཛིན་མེད་ཅེས་བརྗོད་པའི་དོན་དེ་གང་ཞིག་ཡིན༔ བསྒོམ་རྒྱུའི་ངོ་བོ་སྟོང་ཉིད་ཡིན་ཏེ་དེ་མ་ཤེས་ན་ལྟ་བ་མེད་པའི་སྒོམ་པ་དེ་ལུང་མ་བསྟན་དུ་སོང་བས་སྒོམ་པ་ཡང་དག་པ་དེ་གང་དུ་ཡོད༔ འཁོར་འདས་རང་སྣང་གི་རོལ་པར་མ་ཤེས་ཤིང་མ་གོ་ན་རིག་པ་ངོ་འཕྲོད་པའི་དོན་ཡང་ཅི་ཡོད༔ དོན་དམ་པར་འཁོར་འདས་སྟོང་ཉིད་ཆེན་པོའི་རང་བཞིན་དུ་གཏན་ལ་ཕབ་ནས་ཐམས་ཅད་ནམ་མཁའ་གཅིག་གི་རང་བཞིན་ཡིན་པར་ཤེས་ཤིང་ཐག་ཆོད་པ་ནི་རྟོགས་པ་ཡིན་ཏེ་ལྟ་བ་ཡང་དེ་ཀ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་དེ་ལྟར་ཤེས་པར་བྱས་ནས་ཐག་གཏིང་དཔོག་པར་ཆོད་ཅིང་ཡིད་ཆེས་པ་ཞིག་བྱུང་ནས་སྒོམ་པ་ཉམས་ལེན་གྱི་གནད་ལ་ནན་ཆེར་བརྩོན་ཏེ་མཐར་རྣམ་པར་གྲོལ་བའི་ས་ལ་སླེབ་པ་ལག་ལེན་གྱི་གནད་དམ་པ་ཡིན་པ་ལས༔ ཤེས་པ་ཙམ་ལས་བསྒོམ་མི་དགོས་ན་སྔོན་གྱི་རྣལ་འབྱོར་རིག་འཛིན་གྲུབ་ཆེན་ཐམས་ཅད་ཀྱིས་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་རྟོགས་པའི་སྟེང་དུ་བསྒོམ་པར་བྱེད་པ་དོན་མེད་དུ་སོང་བར་ངེས་ཏེ༔ དེ་ལྟར་མ་ཡིན་པར་རྟོགས་པའི་སྟེང་དུ་བསྒོམ་པ་ཉམས་ལེན་སྙིང་པོའི་སྒྲུབ་པ་ལ་འབད་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ གཞི་རང་ལ་ཡོད་པ་ལུང་མ་བསྟན་དུ་སོང་བ་ནི་ནམ་མཁའ་ལ་མུན་པ་འཐིབས་པ་ལྟ་བུ་སྟེ༔ གཞི་མངོན་གྱུར་གྱི་རིག་པ་ནི་ནམ་ལངས་ཏེ་ཉི་མ་ཤར་བ་ལྟ་བུའོ༔ གཞི་མ་རིག་པ་ནི་རྒྱལ་པོ་ཆེན་པོའི་ཐོབ་ཐང་རྒྱལ་སྲིད་ཐམས་ཅད་འཛོམ་པ་ལ་བདག་པོ་མེད་པ་ལྟ་བུ་སྟེ༔ མངོན་གྱུར་གྱི་རིག་པ་རང་ཐོག་ངོ་འཕྲོད་པ་ནི་ཐོབ་ཐང་འབྱོར་པ་ཐམས་ཅད་ཀྱིས་དབུལ་ཞིང་ཕོངས་པའི་མི་ཞིག་རྒྱལ་སར་མངའ་གསོལ་ཏེ་ལོངས་སྤྱོད་པ་ལྟ་བུ་ཡིན༔ དཔེར་ན་ལོངས་སྤྱོད་འབྱོར་པ་དང་ལྡན་པའི་མི་ཞིག་རྒྱལ་པོའམ་དགྲ་བོ་ཞིག་གིས་བཙོན་དུ་བཅུག་ནས་བཀྲེས་སྐོམ་བརྡུང་བཙོག་གནས་ངན་སོགས་ཀྱིས་ཡུན་རིང་པོའི་བར་དུ་མནར་བར་བྱས་པ་ལྟ་བུར༔ གཞི་ཡེ་རྫོགས་ཆེན་པོ་མ་རིག་གཟུང་འཛིན་གྱིས་བསྒྲིབས་ནས་འཁོར་བ་མཐའ་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ཏེ༔ མཐར་རིག་པ་ངོ་འཕྲོད་དེ་མངོན་དུ་གྱུར་པ་ནི་དཔེར་ན་མི་དེ་བཙོན་ལས་ཐར་ནས་རང་གི་གནས་སུ་འཁོད་དེ་བདེ་སྐྱིད་ལ་སྤྱོད་པ་ལྟར་རིག་པ་ལུང་མ་བསྟན་གྱི་གཞི་ལས་ཆེས་ཆེར་འཕགས་པ་ཡིན༔ གཞི་ལུང་མ་བསྟན་དུ་ཡོད་པ་ནི་དཔེར་ན་མི་ཞིག་ནད་ཀྱིས་བཏབ་སྟེ་ཡོད་པའི་མལ་འོག་ཏུ་སྨན་ཡན་ལག་བརྒྱད་དང་ལྡན་པ་ཡོད་ཀྱང་ངོ་མ་ཤེས་པའི་དབང་གིས་ཡུན་རིང་པོར་ནད་ཚབ་ཆེན་པོའི་སྡུག་བསྔལ་གྱིས་གདུང་བ་ལ༔ བར་སྐབས་ཤིག་ཏུ་འཚོ་བྱེད་ཀྱི་སྨན་ཡིན་པར་ཤེས་ནས་ཟོས་པས་ནད་དེ་སེལ་ནས་བདེ་བར་འཁོད་པ་བཞིན་དུ༔ གཞིའི་གནས་ལུགས་ཇི་ལྟ་བ་བཞིན་ཏུ་རྟོགས་ནས་མངོན་གྱུར་རིག་པས་རང་ཐོག་ཏུ་རང་ས་བཟུང་བས་འཁོར་བའི་གཅོང་ནད་ཆེན་པོ་ཡུལ་མེད་དུ་སེལ་ཞིང་གཏན་དུ་བདེ་བའི་གནས་སུ་འཁོད་པའོ༔ གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ཀྱང་ཉམས་སུ་མ་བླང་ན་ཕན་པ་མི་འབྱུང་བ་ནི་གསེར་ལག་ཏུ་ཡོད་ཀྱང་ལྟོ་རྒྱབ་ལ་ཕན་པའི་ཚོང་ཁེ་མ་བྱས་པར་གསེར་ལ་སྔས་བྱས་ཏེ་མུ་གེ་དང་ལྷག་པས་ཤི་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ ཡིད་བཞིན་གྱི་ནོར་བུ་ཉིད་དུ་ངོ་ཤེས་ཀྱང་བཀུར་སྟི་མ་བྱས་པའི་རྒྱུས་དངོས་གྲུབ་མི་འབྱུང་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ གོས་མཛེས་ཤིང་དྲོ་བ་ཞིག་ཡོད་ཀྱང་མ་བགོས་པར་བཞག་ནས་གྲང་ལྷག་གིས་ཤི་བ་བཞིན་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ ཟས་སྣ་ཕུན་སུམ་ཚོགས་པ་ཁྱིམ་དུ་ཡོད་ཀྱང་མ་ཟོས་པས་མུ་གེས་ཤི་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པ་ཡིན་ཏེ༔ ཤེས་པ་དང་རྟོགས་པའི་མཐར་ཉམས་སུ་ལེན་པ་ནི་གནད་ཀྱི་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལགས་སོ༔ ངོ་འཕྲོད་པའི་གང་ཟག་འཁྲུལ་པ་དང་༔ ངོ་མ་འཕྲོད་པའི་གང་ཟག་འཁྲུལ་པ་ལ་ཁྱད་པར་ཡོད་དམ་མེད༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་དཔེར་ན་ལམ་རྒྱུས་ཡོད་པའི་མི་ཞིག་གིས་ལམ་འཕྲང་ནོར་བ་དང་༔ ལམ་རྒྱུས་མེད་པའི་མི་ཞིག་ལམ་ལོག་ཏུ་སོང་བ་གཉིས་ལ་ཁྱད་པར་མེད་པ་དང་༔ དགྲ་ངོ་ཤེས་པ་ཞིག་གིས་འཕྲོག་པ་དང་༔ དགྲ་ངོ་མི་ཤེས་པ་ཞིག་གིས་འཕྲོག་པ་གཉིས་ལ་ཁྱད་པར་མེད་པ་དང་༔ གཡང་ས་ཡོད་པར་ཤེས་པའི་མི་ཤིག་གཡང་ལ་ལྷུང་བ་དང་༔ གཡང་ས་ཡོད་པར་མི་ཤེས་པའི་མི་ཞིག་གཡང་ལ་ལྷུང་བ་གཉིས་ལ་ཁྱད་པར་མེད་པ་ཇི་བཞིན་དུ༔ དེ་གཉིས་ལ་ཁྱད་པར་ཏིལ་འབྲུ་ཙམ་ཡང་མ་མཆིས་པ་ཡིན༔ ཅེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེས༔ བཅོམ་ལྡན་འདས་ལགས་སོ༔ དེ་ལྟ་བུའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ངང་ཚུལ་ཤེས་པ་ལ་ཐེག་པ་གང་ཞེས་བྱ་བར་བརྗོད་པ་ཡིན༔ བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་བདེ་གཤེགས་སྙིང་པོས་བཟང་པོར་མ་བཅོས༔ སེམས་ཅན་ངན་པས་ངན་པར་མ་བསྒྱུར༔ སྤྲོས་པའི་མཐའ་བརྒྱད་དང་བྲལ་བ༔ རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་རང་ཆས་སུ་རྫོགས་པའི་ཚུལ་དང་རྒྱུ་མཚན་རྣམས་ཤེས་པ་ནི་རྟོགས་པ་ཡིན་ཏེ་དེ་ཐེག་པ་གཞན་ལས་འཕགས་པའི་ཁྱད་ཆོས་ཡིན༔ ཐེག་པ་གཞན་རྣམས་ཀྱིས་གཞི་སྟོང་པ་ཡིན་པར་ཤེས་པ་ཐུན་མོང་གི་སྤྱོད་ཡུལ་ཡིན་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་སེམས་འདི་ནི་མྱུར་ལམ་འདིའི་ཁྱད་ཆོས་བླ་ན་མ་མཆིས་པ་ཡིན་ནོ༔ དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱའམ་ཟབ་གསང་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེ་ན་རེ༔ སྐུ་དང་ཡེ་ཤེས་ཀྱི་རང་བཞིན་གང་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་སྐུ་ཞེས་བྱ་བ་ནི་འདི་ལྟ་སྟེ༔ སེམས་ཅན་འཁྲུལ་པའི་སྣང་ཆ་ལ་བསོད་ནམས་བསགས་པའི་སྒོ་དུ་མར་ཤར་བ་ནི༔ དཔེར་ན་ཕྱག་འཚལ་བར་བྱ་བ་ལའང་ལངས་པ་དང་སྡོད་པ་ནི་བསོད་ནམས་བསགས་པ་མ་ཡིན་ཏེ༔ ཕྱག་འཚལ་བར་ཤེས་པའི་དད་གུས་དང་ཕྱག་འཚལ་བ་དགེ་བར་སེམས་པའི་རྣམ་རྟོག་དེས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པ་ཡིན་པའི་དོན་ཤེས་པ་དེ་གཞི་བདེ་བར་གཤེགས་པའི་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་དེའི་འཇུག་སྒོ་ཡིན་པ་དང་༔ བསྐོར་བ་བྱེད་པའི་གོམ་པ་འདོར་བ་ནི་བསོད་ནམས་བསགས་པ་མ་ལགས་ཏེ༔ བསྐོར་བ་བྱེད་པའི་ཤེས་པ་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན༔ སཱཙྪ་དང་མཆོད་རྟེན་བཞེངས་པ་ཡང་ས་རྡོ་འབུར་པོ་བྱས་པ་ནི་བསོད་ནམས་བསགས་པ་མ་ལགས་ཏེ༔ དགེ་བ་བྱེད་པའི་འདུ་ཤེས་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན་ནོ༔ མར་མེ་འབུལ་བ་ཡང་མར་མེ་ལ་བསྲེགས་པ་བསོད་ནམས་བསགས་པ་མ་ཡིན་ཀྱང་མཆོད་པ་འབུལ་བའི་འདུ་ཤེས་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན༔ ཡོན་ཆབ་འབུལ་བ་ཡང་ཆུ་ཕོར་བཀང་བ་བསོད་ནམས་མ་ཡིན་ཏེ་ཡོན་ཆབ་འབུལ་བའི་འདུ་ཤེས་དེ་ཉིད་ཀྱིས་བསོད་ནམས་བསྐྱེད་པས་དེའི་འཇུག་སྒོ་ཡིན༔ གཞན་ཡང་མཆོད་པ་གང་བྱས་ཀྱང་དངོས་པོའི་བཅུད་ལེན་མཁན་མེད་པས་དེ་དེར་གནས་པ་མངོན་སུམ་ཚད་མ་ཡིན་ན་བསོད་ནམས་བསགས་པར་མི་འགྱུར་ཡང་དགེ་བའི་བསོད་ནམས་བསྐྱེད་པར་འགྱུར་བའི་འདུ་ཤེས་དེས་མ་འོངས་པ་ནའང་གནས་སྐབས་ཙམ་དུ་སྣང་བ་ལེགས་པ་དང་སེམས་ལ་བདེ་བའི་ཉམས་རེ་འཆར་བའི་རྒྱུར་འགྱུར་བ་ཡིན༔ ངག་གིས་བཟླས་བརྗོད་བྱེད་པ་ཡང་ཚིག་ལབ་པ་ཙམ་གྱིས་བསོད་ནམས་ཀྱི་རྒྱུར་འགྲོ་བ་མ་ཡིན་ཏེ༔ བསམ་པ་དགེ་བའི་ཤེས་པ་དེ་ཉིད་གཞིའི་ཉག་ཕྲན་ཞིག་ཡིན་པས་འབྲས་བུ་ཡང་དེས་བསྐྱེད་པ་ཡིན་ལ་དེ་དག་གི་འཇུག་སྒོ་ནི་ཆོས་ཉིད་རང་གི་ཡེ་ཤེས་ཡིན་ནོ༔ དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ནས་ཆུ་བླངས་ཏེ་འདི་རྒྱ་མཚོ་ཡིན་པར་བརྗོད་ན་དེ་རྒྱ་མཚོ་ཉིད་ཀྱང་མ་ཡིན༔ རྒྱ་མཚོའི་ཉག་ཕྲན་ཡིན་པས་རྒྱ་མཚོ་མ་ཡིན་པའི་ཆུ་ཡང་མ་ཡིན༔ སྦྱིན་པ་བཏང་བ་ཡང་དེ་བཞིན་དུ་གནས་སྐབས་སུ་བདེ་བ་ཅུང་ཟད་རེ་བསྐྱེད་པའི་ཐབས་སུ་སེམས་ཅན་རྣམས་ཀྱི་ལམ་གྱི་འཇུག་སྒོར་ཤར་བ་དེ་དག་ཀྱང་ཆོས་ཉིད་ཀྱི་རྩལ་ཡིན་ནོ༔ དཔེར་ན་རྨི་ལམ་དུ་ལྷ་ཁང་ལེགས་པར་སྐུའི་རྟེན་ཕྱག་རྒྱ་སྣ་ཚོགས༔ གསུང་གི་རྟེན་ཡི་གེ་སྣ་ཚོགས༔ ཐུགས་ཀྱི་རྟེན་མཆོད་རྟེན་དང་རྡོ་རྗེ་ཕུར་པ་ལ་སོགས་པ་བཀོད་པ་མཐོང་ནས་དེ་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་དང་བསྐོར་བ་བྱེད་པ་སོགས་རྨིས་པར་གྱུར་ན་སད་པའི་དུས་སུ་ངེས་པར་དེ་ལྟར་བྱས་སོ་བསམ་ཀྱང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་བསྐྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་བསམ་པའི་བྱེད་ལས་ཀྱིས་ལས་དགེ་བར་འགྱུར་ན་དགེ་བ་ཡིན་པར་ལམ་ཁྱེར་བྱས་ཏེ་མི་དགེ་བ་བཅུ་ལ་སོགས་པའི་ལས་བྱས་ཀྱང་དགེ་བར་འགྱུར་བ་ཡིན་ནམ་མ་ཡིན་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་སེམས་ཅན་ཡིན་པར་ཤེས་པ་དང་༔ བསམ་པ་གསོད་སེམས་སྐྱེས་པ་དང་༔ སྦྱོར་བ་སྲོག་ལ་རྒོལ་བ་དང་༔ མཐར་ཐུག་སྲོག་གི་དབང་པོ་འགག་པར་བྱ་བ་སོགས་མི་དགེ་བའི་ལས་ཐམས་ཅད་ལ་རང་འདོད་ཀྱི་ཤེས་པ་དང་༔ གཞན་སྣང་གི་ཤེས་པ་བག་ཉལ་དུ་ཡོད་པ་ལས་མི་དགེ་བ་བསྐྱེད་པ་སྟེ༔ དེ་མི་དགེ་བ་ཡིན་པ་ལ་རྣམ་རྟོག་གིས་བཟོ་བཅོས་བྱས་པ་ཙམ་གྱིས་དགེ་བར་འགྱུར་བ་མ་ཡིན་ནོ༔ དགེ་སྡིག་ཐམས་ཅད་རྣམ་རྟོག་ཙམ་གྱིས་མ་ཡིན་ཏེ་གཞི་ཤེས་པ་ཡིན་པས་དེའི་བྱེད་ལས་ཁོ་ནས་བདེ་སྡུག་སྐྱེད་པ་ཡིན་པས་ཤེས་པར་མཛོད་ཅིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་པས་བདེ་བ་བསྐྱེད་པ་བསོད་ནམས་ཀྱི་རྒྱུ་ཡང་རྣམ་རྟོག་ཡིན་པ་དང་༔ སྡུག་བསྔལ་བསྐྱེད་པའི་རྒྱུ་ཡང་རྣམ་རྟོག་ཡིན་པར་གོ་བས་དེའི་ཕྱིར་དབྱེ་བ་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཤེས་པ་རྣམ་རྟོག་ཐམས་ཅད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་ཡང་གཞི་ཤེས་པ་བག་ལ་ཉལ་བས་ཀུན་ནས་བསླངས་ཏེ་ལས་བྱེད་པའི་སྣང་བ་ཤར་བ་ལ་འབྲས་བུ་སྨིན་པས་བདེ་སྣང་དང་སྡུག་སྣང་དང་བདེ་སྡུག་ལུང་མ་བསྟན་སོགས་འབྱུང་བ་ནི་ཀུན་སློང་བཟང་ངན་གྱིས་འཕེན་པ་ཁོ་ན་ཡིན་ནོ༔ དོན་ལ་ས་བོན་ཚ་བ་ལས་འབྲས་བུ་ཚ་བ༔ ཁ་བ་ལས་ཁ་བ༔ མངར་བ་ལས་མངར་བ་དུས་སུ་སྨིན་པ་ནི་རྒྱུ་ས་བོན་གྱིས་བསྐྱེད་པའི་ཕྱིར་རོ༔ བདེ་གཤེགས་སྙིང་པོའི་ཉག་ཕྲན་མ་ཡིན་ན་ལས་འབྲས་སུ་སྨིན་པའི་དོན་མ་མཆིས་སོ༔ བདེ་སྣང་སྐྱེ་ཡང་སོ་ཟིན་མེད་པར་གནས་སྐབས་ཙམ་ཡིན་པས་སྙིང་པོ་མ་མཆིས་པ་དང་༔ སྡུག་བསྔལ་མྱོང་ཡང་སོ་ཟིན་མེད་པར་གནས་སྐབས་ཙམ་དུ་མ་མྱོང་བ་ལ་མྱོང་བའི་སྣང་བ་ཤར་བ་རྨི་ལམ་ལྟ་བུ་ཡིན༔ ལས་ངན་པ་བསགས་པ་རྣམས་ལ་དེའི་འཇུག་སྒོ་རྒྱུ་ལས་ངན་པ་བསགས་པས་གནས་སྐབས་སུ་བདེ་བ་ཤར་བའི་མཐར་སྡུག་བསྔལ་འབྱུང་བ་དང་༔ བཟང་པོ་བསགས་པ་ལའང་དེའི་འཇུག་སྒོ་རྒྱུ་ལས་དཀར་པོ་བསགས་པས་གནས་སྐབས་སུ་དཀའ་ཚེགས་ལ་སོགས་པ་སྡུག་བསྔལ་དང་དུ་བླངས་པའི་འབྲས་བུ་མངོན་མཐོའི་བདེ་སྣང་མཆེད་ཅིང་སྤྱོད་པའི་མཐར་ཟད་པའི་ཚེ་འཁོར་བ་ནས་འཁོར་བར་ཁ་བརྒྱུད་དེ་སྡུག་བསྔལ་མྱོང་དགོས་པ་སྟེ༔ གཞིའི་རང་ཞལ་བསྒྲིབས་པའི་མ་རིག་པ་ཉིད་ཀྱིས་བདེ་སྡུག་དང་ལས་བཟང་ངན་ཐམས་ཅད་འཁོར་བའི་རྒྱུར་བསགས་པས་རྣམ་པར་གྲོལ་བའི་ས་ལམ་ལ་བསྒྲིབ་པར་འགྱུར་བ་ཡིན༔ དེས་ན་སྒོམ་པ་ཉམས་སུ་ལེན་པའི་གང་ཟག་རྣམས་ཀྱིས་སེམས་འཛིན་ལ་ནན་ཆེར་འབད་པས་བདེ་སྡུག་གི་ཉམས་སྣ་ཚོགས་མ་ངེས་པར་འཆར་བའང་འཛིན་ཤེས་གཅིག་གིས་གཅུད་པའི་བྱེད་ལས་སོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལས་དཀར་ནག་གི་རྒྱུ་དང་འབྲས་བུ་གཉིས་ཀ་ལ་གཞིའི་རང་ཞལ་བསྒྲིབ་པའི་སྒྲིབ་པར་འགྱུར་བ་ལ་ཁྱད་པར་ཡོད་དམ་མེད༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ལས་དཀར་པོ་བསགས་ཀྱང་འཁོར་བར་བསོད་ནམས་བསགས་པ་ཡིན༔ ལས་ངན་པ་བསགས་ཀྱང་འཁོར་བའི་རྒྱུ་བསགས་པ་ཡིན༔ དེ་གཉིས་ཀ་འཁོར་བའི་གསོས་སུ་འགྱུར་བ་ལས་ཆོས་ཉིད་ཀྱི་རང་ཞལ་བསྒྲིབ་པ་ལ་ཁྱད་པར་མེད་དེ༔ དཔེར་ན་ནམ་མཁར་ཉི་མ་ཤར་བ་ལ་སྤྲིན་དཀར་པོས་བསྒྲིབ་པ་དང་ནག་པོས་བསྒྲིབ་པ་གཉིས་ཀ་ལ་ཁྱད་པར་མེད་དེ་ཉི་མའི་ཞལ་རས་མི་མངོན་པར་སོང་བ་ལྟར༔ གཞིའི་ངང་མདངས་བསྒྲིབ་པ་ལ་ཡང་དགེ་བས་བསྒྲིབ་པ་དང་སྡིག་པས་བསྒྲིབ་པ་ལ་ཁྱད་པར་མེད་པས་རྣམ་མཁྱེན་གྱི་ས་ལམ་ལ་བསྒྲིབ་པར་འགྱུར་བ་ཡིན་ནོ༔ བདེ་སྡུག་གཉིས་ཀ་གང་མྱོང་ཡང་དོན་དམ་པར་གྲུབ་མ་མྱོང་བ་ཡིན་པས་ཕན་གནོད་སྤུ་རྩེ་ཙམ་ཡང་མེད་པར་ངེས་ཀྱང་༔ དེ་ལ་གཞིག་ནས་བདེ་སྡུག་ངེས་པར་མ་གྲུབ་ན་མེད་ལ་ཡོད་སྣང་ཤར་བ་ཙམ་གྱིས་ཅི་གནོད་སྙམ་ན་རྨི་ལམ་གྱི་སྣང་བ་སྡུག་བསྔལ་དུ་ཤར་བ་དེ་ཡང་དོན་གྱིས་གྲུབ་པ་མེད་ཀྱང་མྱོང་བ་ལ་ཁྱད་པར་མེད་པ་ལྟར་བདེ་བས་ངོམས་ཤིང་སྡུག་བསྔལ་ཡང་བཟོད་གླག་མེད་པ་ལ་ཁྱད་པར་མེད་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་ལས་སངས་རྒྱས་དང་སེམས་ཅན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞན་དུ་གང་ཡང་མ་མཆིས་ན༔ སྒྲུབ་དང་དཀྱིལ་འཁོར་ཞིང་དང་སྟོན་འཁོར་ལ་སོགས་པ་དུ་མར་བསྟན་པ་རྣམས་ཀྱི་དགོས་དོན་དང་ངང་ཚུལ་ཇི་ལྟ་བ་བཞིན་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་བདེ་གཤེགས་སྙིང་པོའི་ངང་མངོན་དུ་བྱེད་པ་ལ་བློ་ཡིད་ཀྱིས་བཅོས་བསྒྱུར་འབད་རྩོལ་སྣ་ཚོགས་པས་ཉམས་བདེ་གསལ་མི་རྟོག་འཕྲོ་རྒོད་འཐོར་གསུམ༔ བྱིང་རྨུག་འཐིབ་གསུམ༔ ན་ཚ་བདེ་སྡུག་ཐམས་ཅད་བཙན་ཐབས་སུ་སློང་བར་བྱས་ཏེ་རྣམ་པར་རྟོག་པ་ཐམས་ཅད་གཞིའི་ངང་དུ་ཞི་ནས་ཡེ་གནས་ཀྱི་ཤེས་པ་ངོ་འཕྲོད་དེ་བསྒོམ་པ་ནི་སྤྲུལ་སྐུ་ལམ་བྱེད་རང་བབས་ཀྱི་དྲན་པའི་ངང་སྐྱོང་བ་སྟེ་དེང་སང་གི་དུས་འདིར་ཐམས་ཅད་ཀྱིས་ཐུན་མོང་གི་ཉམས་ལེན་དུ་དོན་གྱི་འཇོག་སོ་བྱེད་པ་ཡིན་ནའང་རྣམ་པར་གྲོལ་བའི་འབྲས་བུ་མི་ཐོབ་པའི་སྐྱོན་ཡོད་དེ༔ དེས་ན་ལྟ་བ་གཏན་ལ་དབབ་ནས་གཞི་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་བྱེད་དགོས་པས༔ དེ་ལ་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་དང་༔ བསྐྱེད་རིམ་ཐབས་ལམ་ལ་བརྟེན་ནས་ངོ་སྤྲོད་པ་དང་གཉིས་ཡོད་དོ༔ ཀྱཻ་རིག་པའི་རྡོ་རྗེ་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པ་ལ༔ དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་སྟེ་ཆོས་ཉིད་ནམ་མཁའི་རོལ་པར་ཐག་བཅད་ནས་ངང་མངོན་གྱུར་ཆེན་པོར་ངོ་སྤྲོད་ས་རང་ཐོག་ཏུ་བཟུང་བས་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་རང་བབས་སུ་འཇོག་པ་ནི་མྱུར་ལམ་རྫོགས་པ་ཆེན་པོའི་ཐེག་པ་ཡིན༔ རྩོལ་མེད་རང་བབས་སུ་བཞག་ནས་ཤི་བའི་མཐར་མ་ཐུག་གི་བར་དུ་ཉམས་སུ་བླངས་ན་སངས་རྒྱས་པར་གདོན་མི་ཟ་བ་ཡིན་ཏེ༔ དེ་ལྟར་མི་ལྡན་པར་སྔོན་གྱི་ལས་ངན་པའི་དབང་གིས་རྣམ་གཡེང་དང་ལེ་ལོའི་དབང་དུ་སོང་ན་འཆི་ཁ་ཐ་མལ་དུ་ལུས་པའང་༔ ལ་ལ་ནི་བདུད་ཀྱིས་བསླུས་པའི་དབང་གིས་གཏམ་དང་མི་ཚིག་གི་རོ་ལ་མྱོང་བ་ཡོད་པར་སྣང་ནས་དེར་ཞེན་ཅིང་ཆགས་ཏེ་འདུ་འཛི་ལ་ཞེན་ནས་དོན་འབྲས་གྲུབ་པ་མེད་པའི་ལབ་མོ་རུ་མི་ཚེ་སྟོང་ཟད་དུ་བཏང་ནས་བསྒོམ་མི་ནུས་ཤིང་འཆི་ཁ་ཐ་མལ་དུ་ལུས་པར་འགྱུར་བ་དང་༔ ལ་ལ་ནི་ཚེ་འདིའི་ཆེ་འདོད་དང་གྲགས་འདོད་རང་རྩིས་རང་མཐོང་རང་བསྟོད་ཀྱིས་རྒྱུད་གང་ནས་མི་ཚེ་གཏོ་ཡས་ལ་ཟད་ཅིང་འཆི་ཁ་ཐ་མལ་དུ་ལུས་པ་དང་༔ ལ་ལ་ནི་ལུས་ཀྱི་འབྱུང་བ་རྒུད༔ འདུ་བའི་ནད་ཀྱིས་བཏབ༔ ན་ཚོད་འཆི་བ་ལ་ཉེ་ཡང་ད་དུང་ཆེ་འདོད་དང་གྲགས་འདོད་ལ་སོགས་པ་ཡིད་ལ་བཏགས་ནས་སྒོམ་སྒྲུབ་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་འཆི་ཁ་ཐ་མལ་པ་ལས་ཞན་པར་སྡུག་བསྔལ་སེམས་ལ་མྱོང་བཞིན་དུ་འཆི་དགོས་པ་དང་༔ ཡང་ལ་ལ་ནི་མྱོང་ཞེན་བློ་ཡིད་ཀྱི་སྤྱོད་ཡུལ་ཅན་མ་གཏོགས་རྩོལ་མེད་བྱ་བཏང་གི་ལྟ་སྒོམ་གྱིས་ཡིད་མི་ཚིམ་ཞིང་བློ་མི་གཏོད་པའི་དབང་གིས་ཉམས་སུ་མི་ལོན་པ་དང་༔ ལ་ལས་ངོ་འཕྲོད་ཀྱང་ཡིད་མི་ཆེས་པའི་དབང་གིས་ཉམས་སུ་མི་ལེན་པ་དང་༔ ལ་ལས་ངོ་འཕྲོད་པ་ཙམ་གྱིས་ཆོག་པར་གོ་ནས་དེའི་ཐོག་ཏུ་ལུས་པ་དང་༔ ལ་ལས་དོན་གོ་ལོག་ཏུ་བཟུང་ནས་བག་མེད་ཀྱི་དབང་དུ་འཁྲུལ་པ་སོགས་སེམས་ཅན་ལས་སྐལ་མེད་པ་རྣམས་དོན་དམ་རྩོལ་མེད་ཀྱི་ལམ་དུ་འདྲོངས་པ་ཤིན་ཏུ་དཀའ་བས༔ དེའི་ཕྱིར་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་དོན་དམ་རྩོལ་མེད་དབྱིངས་སུ་ཁ་དྲང་བའི་ཐབས་སུ་དགོངས་ནས་གཞི་བདེ་གཤེགས་སྙིང་པོའི་སྐུ་དང་ཡེ་ཤེས་མཚན་མར་བཅོས་ཏེ་བསྒྲུབ་བྱའི་ལྷ་དང་ཞིང་ཁམས་གཞལ་ཡས་སྟོན་འཁོར་མིང་དོན་ཡིན་ལུགས་རྣམ་ཐར་མང་པོ་འཁོར་བའི་སྒོ་དང་བསྟུན་ནས་དམིགས་སྒོམ་བཟླས་པ་ལ་སོགས་པའི་སྒྲུབ་ཐབས་མང་པོ་བསྟན་ཏེ་བསྒོམ་བསྒྲུབ་ལ་འབད་པས་ཡུལ་ཕ་གི་བ་ཞིག་ན་ཞིང་ཁམས་ཞེས་བྱ་བའི་ཡངས་པ་ཅན་ཞིག་ཡོད་པ་དེར་བགྲོད་སླེབ་ཡོད་པར་འཆད་པ་ཐམས་ཅད་ཐབས་ཀྱི་ལམ་ཞེས་བྱའོ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔ་དང་རིགས་ལྔ་དང་ཡེ་ཤེས་ལྔའི་རོལ་པར་འགག་བསྡམ་ནས་བསྟན་པ་ཡིན་ཏེ༔ དེ་ཡང་ཡུལ་རང་མཚན་ཅན་དུ་མ་གྲུབ་པར་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་གཞིར་བཞག་སྟེ་གདུལ་བྱའི་དོན་དུ་བསྟན་པ་ནི་ཆོས་སྐུ་མཚན་མ་མེད་པ་དོན་དམ་མམ་ངེས་དོན་དང་༔ མཚན་མའི་གཟེབ་ཀྱིས་བཅིངས་ཏེ་མིང་དང་ཡུལ་རང་མཚན་པར་འཆད་པ་ནི་ཀུན་རྫོབ་བམ་དྲང་དོན་ཡིན༔ དང་པོ་སྐུ་ལྔ་ཞེས་བྱ་བར་འཆད་པ་ནི་འདི་ལྟ་སྟེ༔ ཆོས་ཅན་སྣ་ཚོགས་སྣང་བའི་ཆོས་སོ་ཅོག་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་རོ་གཅིག་པས་ན་ཆོས་ཞེས་བྱའོ༔ ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས༔ ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་དང་༔ ཉམས་ཀྱི་མྱོང་བ་བསམ་གྱིས་མི་ཁྱབ་པ་དང་༔ འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་བསགས་ཏེ་སྤུངས་པ་ལྟ་བུས་ན་སྐུ་ཞེས་བྱའོ༔ སེམས་ཅན་མ་རིག་ལས་ཉོན་གྱིས་བསྒྲིབས་པ་རྣམས་ལའང་ངར་འཛིན་གྱི་ཤེས་པ་སྐྱེས་ཙམ་ནས་རྨི་སྣང་དང་འདི་སྣང་ཕྱི་མའི་སྣང་བ་ཐམས་ཅད་དང་སྣོད་བཅུད་འདོད་ཡོན་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ལོངས་སྤྱོད་དུ་རང་རྫོགས་པ་ལྟར༔ སངས་རྒྱས་པའི་ཚེ་ནའང་དག་པ་གྲོལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་བྱ་བས་མ་བྱས༔ རྩོལ་བས་མ་བསྒྲུབ་པར་ལོངས་སྤྱོད་དུ་རང་ཆས་སུ་རྫོགས་པས་ན་ལོངས་སྤྱོད་རྫོགས་པ་ཞེས་བྱའོ༔ གཞི་བདེ་གཤེགས་སྙིང་པོའི་ངང་ལས་སྤྲུལ་པ་འགྱེད་སྙམ་གྱི་བློ་ཡིད་གཡོ་མ་མྱོང་ཞིང་མི་གཡོ་བ༔ བསམ་བཞིན་དུ་སྤྲུལ་པ་འགྱེད་མ་མྱོང་བས་ན་མ་སྤྲུལ་པ༔ རྒྱ་མཚོའི་གཟའ་སྐར་རྒྱ་མཚོ་ལས་མི་གཞན་བཞིན་དུ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་བདེ་གཤེགས་སྙིང་པོ་ཉིད་ལས་མི་གཞན་པའི་སྤྲུལ་པ་སྣ་ཚོགས་རང་ཆས་སུ་ཤར་བས་ན་སྤྲུལ་སྐུ་སྟེ༔ དེ་ལ་ངར་འཛིན་གྱི་ཤེས་པ་ཙམ་ནས་བདག་གི་ལུས་མི་སྣང་བའི་ཐབས་མ་མཆིས་པས་རྨི་སྣང་དང་ཉིན་སྣང་ཕྱི་མའི་སྣང་བ་ཐམས་ཅད་དུ་ངར་འཛིན་གྱི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདག་ལ་གྲོགས་སུ་ལོངས་སྤྱོད་པའི་ཡུལ་སྲོག་ཆགས་རྣམ་པ་སྣ་ཚོགས་སྐྱེ་འཆི་འགྲོ་འོང་གི་རྣམ་འགྱུར་ལྟར་རྒྱུན་མི་ཆད་པར་སྣང་བ་ཐམས་ཅད་སྐྱེ་བ་སྤྲུལ་སྐུ་ཞེས་བྱའོ༔ གདུལ་བྱ་སྣོད་དང་ལྡན་པའི་ལས་ཅན་རྣམས་ལ་རང་རང་གི་ཁམས་དབང་དང་མཐུན་པའི་བསོད་ནམས་བསགས་པའི་སྒོ་སྣ་ཚོགས་དང་༔ ལམ་གྱི་རིམ་པ་སྣ་ཚོགས་པ་རང་གི་གཟུགས་དང་སྐད་དང་སྤྱོད་པ་དང་མཐུན་པའི་གཟུགས་སྐུ་སྣ་ཚོགས་པ་གདུལ་བྱ་འདུལ་བའི་བླ་མ་དང་སློབ་དཔོན་དང་ཡི་གེ་ལ་སོགས་པ་རང་གི་བདེ་གཤེགས་སྙིང་པོའི་སྤྲུལ་པས་རང་ལ་རང་ལམ་སྟོན་པ་ལ་སྟོན་པ་སྤྲུལ་སྐུ་ཞེས་བྱའོ༔ ཡང་ལྷ་བཟོ་ཆེ་གེ་མོས་བཟོས་པ་དང་༔ སྦྱིན་བདག་ཆེ་གེ་མོས་བཞེངས་པའི་བྲིས་སྐུ་དང་འབུར་སྐུ་དང་རྡུལ་ཚོན་ལས་གྲུབ་པའི་སྐུ་རང་བྱོན་ལ་སོགས་སྐུའི་རྟེན་དང་༔ གསུང་གི་རྟེན་ཡི་གེ་པོ་ཏི་གླེགས་བམ་སྣ་ཚོགས་པ་དང་༔ ཐུགས་ཀྱི་རྟེན་མཆོད་རྟེན་དང་ཕུར་པ་དང་གནམ་ལྕགས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་ཏེ༔ ཕྱག་མཆོད་བསྐོར་བ་ལ་སོགས་བཀུར་སྟི་བྱ་བའི་གནས༔ བསོད་ནམས་བསགས་པའི་ཞིང་སར་སྣང་བ་རྣམས་ནི་སྦྱིན་བདག་བཟོ་བོ་རྣམས་ཀྱིས་མ་ཡིན་ཏེ༔ རང་གི་བདེ་གཤེགས་སྙིང་པོའི་སྤྲུལ་པ་རང་ལ་ཤར་བ་བཟོ་སྤྲུལ་སྐུ་ཞེས་པ་ཡིན་ནོ༔ བདག་ཏུ་སྣང་ཙམ་བདག་གིས་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ་གོས་དང་རྒྱན་དང་ཀ་ཅ་དང་མལ་ཆ་དང་ཟས་སྐོམ་དང་ས་དང་ཆུ་དང་མེ་དང་རླུང་དང་གནས་ཁང་དང་རྩྭ་དང་ཤིང་དང་རྡོ་དང་ལྕགས་དང་ཟངས་དང་དངུལ་དང་གསེར་དང་ར་གན་ལ་སོགས་པའི་མཁོ་བའི་ཡོ་བྱད་དང་མི་མཁོ་བའི་རྫས་དང་སོ་སོ་བསམ་གྱིས་མི་ཁྱབ་པ་སེམས་རྣམ་པར་ཤེས་པ་མེད་པའི་རིགས་འདི་ལྟར་སྣང་བའི་ཆོས་རྣམས་ནི་བེམ་པོ་སྤྲུལ་སྐུ་ཞེས་བྱ་སྟེ༔ སྤྲུལ་སྐུ་རྣམ་པ་བཞི་པོ་དེ་དག་ནི་ངར་འཛིན་གྱི་ཤེས་པ་ཡུལ་དུ་གྱུར་པའི་ཀློང་དུ་བདེ་གཤེགས་སྙིང་པོའི་སྤྲུལ་པ་རང་ཤར་བ་ནི་དཔེར་ན་ཆུ་སྣོད་དུ་ནམ་མཁའི་གཟའ་སྐར་ཤར་བ་རྒྱུ་རྐྱེན་ལྷན་ཅིག་འཚོགས་པ་ལ་རྟེན་འབྲེལ་ཆུའི་གཟའ་སྐར་ལྟ་བུར་སྣང་བ་ཡིན་པས་གདུལ་བྱའི་བདག་འཛིན་དབྱིངས་སུ་མ་ཞིག་གི་བར་དུ་སྤྲུལ་པའི་སྐུ་ཡང་རྒྱུན་མི་ཆད་པར་སྣང་བ་དང་༔ བདག་འཛིན་དབྱིངས་སུ་ཞིག་ཚེ་སྤྲུལ་སྐུའི་འགྲོ་དོན་རྫོགས་པ་ཡང་ཆུ་སྐམ་པས་གཟའ་སྐར་ནམ་མཁའི་གཟའ་སྐར་དུ་ཡལ་བ་ལྟ་བུའོ༔ བདག་འཛིན་དབྱིངས་སུ་མ་ཞིག་གི་བར་དུ་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་འཆར་བ་ནི་ཆུ་དྭངས་གསལ་ལའང་ཆུ་དེ་མ་སྐམ་གྱི་བར་དུ་གཟུགས་བརྙན་རྒྱུན་མི་ཆད་པ་ལྟ་བུའོ༔ སྤྲུལ་པ་རྣམ་པ་སྣ་ཚོགས་པ་བསགས་ཏེ་སྤུངས་པ་ལྟ་བུ་ལ་སྐུ་ཞེས་བྱའོ༔ ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བའི་བདག་ཉིད་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རོ་གཅིག་པའི་དབྱིངས་ཉིད་ངོ་བོ་ཉིད་དང་༔ ཡེ་ཤེས་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུའི་སྐུ་ཞེས་བྱའོ༔ གཞི་དུས་གསུམ་གཡོ་བ་མེད་ཅིང་བཟང་ངན་གང་དུའང་མི་འགྱུར་བས་མི་འགྱུར་བ་དང་༔ མི་ཤིགས་པ་རྡོ་རྗེ་ཆོས་བདུན་དང་ལྡན་པས་རྡོ་རྗེ་ཞེས་བྱ་སྟེ༔ ཆོས་བདུན་ནི་ལས་ཉོན་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ༔ ཡུལ་རྐྱེན་ཐམས་ཅད་ཀྱིས་ནམ་ཡང་མི་ཤིགས་པ༔ འཁོར་འདས་ཐམས་ཅད་ཀྱི་ཡེ་གཞི་ཆེན་པོ་རང་ངོ་ཀ་དག་ཏུ་གནས་པས་བདེན་པ༔ སྐྱོན་དང་ཡོན་ཏན་ཐམས་ཅད་ཀྱིས་བསླད་མི་འཇུག་པས་སྲ་བ༔ དུས་གསུམ་དུ་མི་འཕོ་བར་གཡོ་འགུལ་དང་བྲལ་བས་བརྟན་པ༔ ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་འབིག་ནུས་པས་ཐམས་ཅད་དུ་ཐོགས་པ་མེད་པ༔ འཁོར་འདས་ཀྱིས་བསྒྱུར་དུ་མི་བཏུབ་པས་ཐམས་ཅད་དུ་མ་ཕམ་པའོ༔ དེ་ལྟར་གཞི་གནས་ཀྱི་ཆོས་སྐུ་བདེ་གཤེགས་སྙིང་པོའི་གནས་ལུགས་དང་ཡིན་ལུགས་ཐམས་ཅད་ལས་སྐལ་མེད་པའི་སེམས་ཅན་རྣམས་ཀྱིས་རྟོགས་མི་སྲིད་པས་འཁོར་བ་མཐའ་མེད་པར་འཁྲུལ་པ་དང་༔ རྟོགས་ཚད་ལ་གདིང་མི་ཐོབ་མི་སྲིད་པ་དང་༔ གདིང་ཐོབ་ན་མི་གྲོལ་མི་སྲིད་པ་དང་༔ གྲོལ་ན་འཚང་མི་རྒྱ་མི་སྲིད་པས་ན་རྡོ་རྗེའི་དམ་བཅའ་བཞི་དང་ལྡན་པ་ཡིན་ཏེ༔ དོན་དམ་མི་ཤིགས་པའི་རྡོ་རྗེ་ཞེས་བྱ་བ་ཡིན༔ དོན་གྱི་རྡོ་རྗེ་དེ་ལ་ལམ་དང་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་བསགས་པའམ་སྤུངས་པ་ལྟ་བུར་ཡོངས་སུ་འདུས་ཤིང་རྫོགས་པས་ན་སྐུ་ཞེས་བྱའོ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔའི་ཆིངས་སུ་འདུ་བར་བྱས་ཏེ་བསྟན་པ་དེ་དག་ཐམས་ཅད་ཀྱང་གཞི་རང་ལ་རང་ཆས་སུ་རྫོགས་པ་དོན་དམ་པ་གཞིའི་མཚན་ཉིད་ཡིན་ཏེ༔ དོན་ཐ་དད་དུ་མ་གྲུབ་པ༔ དངོས་མཚན་སོ་སོར་མ་གྲུབ་པ༔ ཚིག་གིས་བརྗོད་གཞི་མེད་པའོ༔ དེ་མིང་དང་དངོས་མཚན་སོ་སོར་བསྟན་པ་ཐམས་ཅད་ཀུན་རྫོབ་ཞེས་བྱ་བ་ཡིན་ནོ༔ ཡང་ལྷ་ཐམས་ཅད་འབྱུང་བའི་གཞི་ཀུན་ཏུ་བཟང་པོར་བསྟན་པ་དེའི་རྩལ་ཡེ་ཤེས་ལྔ་ལས་རིགས་ལྔའི་སངས་རྒྱས་གྲུབ་པར་འཆད་ལ༔ ཆོས་དབྱིངས་ཡེ་ཤེས་ལས་དབུས་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ མེ་ལོང་ཡེ་ཤེས་ལས་ཤར་ཕྱོགས་ཀྱི་སངས་རྒྱས་དང་འཇིག་རྟེན་གྲུབ་པ་དང་༔ མཉམ་ཉིད་ཡེ་ཤེས་ལས་ལྷོ་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ སོར་རྟོག་ཡེ་ཤེས་ལས་ནུབ་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ བྱ་གྲུབ་ཡེ་ཤེས་ལས་བྱང་ཕྱོགས་ཀྱི་སངས་རྒྱས་དང་དེའི་སྣོད་བཅུད་གྲུབ་པར་སྐད་པ་དེ་དག་ངེས་པའི་དོན་མ་ཡིན་ཏེ༔ དོན་དམ་པར་གཞིའི་ངོ་བོ་སྟོང་པ་ཉིད་འཁོར་འདས་ཐམས་ཅད་ཀྱི་སྤྱི་གཞིར་ཆོས་དབྱིངས་དང་༔ ཡེ་ནས་རང་བྱུང་བས་ཡེ་ཤེས་ཞེས་བྱ་བ་སྟེ༔ དེ་དབུས་སུ་མི་གནས་པ་ལས་དབུས་སུ་བཞག་པ་ཐ་སྙད་ཙམ་མོ༔ གཞི་དྭངས་གསལ་རྙོགས་མ་དང་བྲལ་བ་འཁོར་འདས་ཀྱི་སྣང་བ་ཅིར་ཡང་འཆར་དུ་རུང་བས་མེ་ལོང་དང་༔ རང་བྱུང་ཡེ་གནས་ཀྱི་ཤེས་པ་ཉིད་ལ་ཡེ་ཤེས་ཞེས་བྱ་སྟེ༔ ཤར་དུ་བརྗོད་པ་ཐ་སྙད་ཙམ་མོ༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་ཉིད་བདེ་གཤེགས་སྙིང་པོའི་དབྱིངས་སུ་དག་མཉམ་དུ་ཡོད་པས་མཉམ་ཉིད་དང་༔ ཤེས་དང་ཤེས་བྱའི་ཡུལ་ལས་འདས་ཏེ་དེ་ཉིད་ཀྱི་ངང་ལྐོག་ཏུ་མ་གྱུར་པར་མངོན་དུ་བྱེད་པ་ལ་ཡེ་ཤེས་ཞེས་བྱ་སྟེ༔ ལྷོར་བཞག་པ་ཐ་སྙད་ཙམ་མོ༔ ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་མ་འདྲེས་སོ་སོར་འཆར་བའི་སྒོ་གོ་མ་འགག་པས་སོར་རྟོག་དང་༔ དེའི་ངང་ཚུལ་ཇི་བཞིན་པར་མངོན་དུ་གྱུར་པས་ཡེ་ཤེས་ཏེ༔ དེ་ནུབ་ཏུ་བཞག་པ་ཐ་སྙད་ཙམ་མོ༔ དག་པ་དང་གྲོལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ལྷུན་གྱིས་གྲུབ་པས་བྱ་གྲུབ་དང་༔ དེ་ལྟ་བུའི་གནས་ལུགས་མངོན་དུ་གྱུར་པ་ལ་ཡེ་ཤེས་ཞེས་བྱ་སྟེ༔ དེ་བྱང་དུ་བཞག་པ་ཐ་སྙད་ཙམ་མོ༔ དེ་ལྟར་ཡེ་ཤེས་ལྔ་པོའང་སོ་སོ་མ་ཡིན་ཐ་མི་དད་དེ་གཞི་བདེ་གཤེགས་སྙིང་པོའི་ངོ་བོའི་ངང་ཚུལ་ལ་མིང་སོ་སོར་བཏགས་པ་ཀུན་རྫོབ་དྲང་དོན་དང་༔ དོན་དམ་པར་མིང་དང་དངོས་པོ་མཚན་མར་མ་གྲུབ་ཅིང་ཕྱོགས་ངོས་བཟུང་དང་བྲལ་བའི་ཆོས་སྐུ་མཚན་མ་དང་བྲལ་བ་ཡིན་པར་ཤེས་པར་བྱའོ༔ ཡུལ་ལ་མངོན་པར་ཞེན་པའི་གང་ཟག་རྣམས་ལ་རང་གི་རྒྱུད་དང་བསྟུན་པའི་ཡུལ་ཞིང་ཁམས་སུ་བསྟན་པ་ནི༔ ཀུན་རྫོབ་དྲང་དོན་དུ་དབུས་ཕྱོགས་ན་སྟུག་པོ་བཀོད་པའི་ཞིང་ཁམས་ཡོད་པར་འཆད་པ་ཡང་༔ དོན་དམ་པར་ཡེ་གཞི་བདེ་གཤེགས་སྙིང་པོའི་ཡེ་ཤེས་དང་ཡོན་ཏན་ལྷུན་སྟུག་པོར་བཀོད་པ་གྲངས་དང་མཐས་མི་གཏུག་པའི་ཆ་ལ་སྟུག་པོ་བཀོད་པ་དང་༔ འཁོར་འདས་ཐམས་ཅད་ཀྱི་སྣང་བ་མཆེད་པའི་དབྱིངས་ཆེན་པོར་གྱུར་པའི་ཞིང་ས་ལྟ་བུ་ལ་ཞིང་༔ འཁོར་འདས་ཀྱི་རྣམ་པ་ཇི་ལྟར་ཤར་ཡང་ཁམས་བདེ་གཤེགས་སྙིང་པོ་ཉིད་དུ་རོ་གཅིག་པས་ན་ཁམས་ཞེས་བྱའོ༔ མངོན་པར་དགའ་བའི་ཞིང་ཁམས་སུ་བརྗོད་པ་ཡང་གཞི་དབྱིངས་དྭངས་གསལ་རྙོགས་མ་དང་བྲལ་བའི་ངང་དུ་ཡུལ་རྐྱེན་བདག་པོས་མ་བསྐྱེད་པའི་དགའ་བ་ཆེན་པོ་དང་ལྡན་པའི་ཆ་ལ་མངོན་པར་དགའ་བའི་ཞིང་ཁམས༔ ཡེ་ཤེས་དང་ཡོན་ཏན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞི་རང་ཆས་སུ་རྫོགས་པས་ན་དཔལ་དང་ལྡན་པའི་ཞིང་ཁམས༔ གཞི་དབྱིངས་ཆོས་ཉིད་བདེ་བ་ཆེན་པོའི་རང་བཞིན་ལ་བདེ་བ་ཅན་གྱི་ཞིང་ཁམས༔ གཞི་ཉིད་ལ་དག་པ་དང་གྲོལ་བའི་ཡེ་ཤེས་དང་ཡོན་ཏན་གྱི་ལས་ཐམས་ཅད་བྱ་རྩོལ་མེད་པར་རང་བྱུང་དུ་རྫོགས་པས་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བར་བརྗོད་པ་ཡིན༔ ཤར་ལྷོ་ནུབ་བྱང་དུ་ཡོད་པར་བསྟན་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་ཏེ་གདུལ་བྱ་ཕྱོགས་འཛིན་ཅན་རྣམས་ཁ་དྲང་བའི་ཆེད་དུ་བསྟན་པའོ༔ དེ་ལྟར་ཞིང་ཁམས་མེད་པ་ལ་ཞིང་ཁམས་ཞེས་བྱ་བ་བློ་ཡིད་ཀྱིས་བཀོད་པའི་ཡུལ་དུ་གཞི་བདེ་གཤེགས་སྙིང་པོའི་ཡོན་ཏན་ཡེ་རྫོགས་ཆེན་པོར་བློ་ཡིད་རྟོག་པས་གཞལ་དུ་མེད་ཅིང་མཐར་མི་ཐུག་པས་ན་གཞལ་ཡས་ཞེས་བྱ་བ་དང་༔ འཁོར་འདས་ཐམས་ཅད་ཡོངས་སུ་ཁེངས་པ་དཔེར་ན་རྒྱ་མཚོའི་གཟའ་སྐར་དང་གཟུགས་བརྙན་གྱི་ཁྱིམ་རྒྱ་མཚོ་ཆེན་པོར་ངེས་པ་དང་༔ སྣོད་བཅུད་ཐམས་ཅད་ཀྱི་ཁང་ཁྱིམ་ནམ་མཁའ་ལྟ་བུར་འཁོར་འདས་མཁའ་ཀློང་དུ་འཆར་བའི་ཁྱིམ་ལྟ་བུ་དེ་ཁང་ཁྱིམ་གྱི་གཟུགས་སུ་བཀོད་ནས་བསྟན་པ་ཡིན༔ དེ་དག་ཐམས་ཅད་ཀྱང་དབྱིངས་ཀྱི་ངང་མདངས་སུ་རྫོགས་པ་དོན་དམ་པ༔ གཟུགས་དབྱིབས་ཁ་དོག་ཏུ་འཆད་པ་ཀུན་རྫོབ་བོ༔ རིགས་རུས་སུ་ཞེན་པ་འགྲོ་བ་མི་རྣམས་གྲོང་ཁྱེར་སྟོང་ཕྲག་གཉིས་གསུམ་ཡན་ཆད་ཀྱི་གཙོ་བོ་ལ་རྒྱལ་པོ་དང་༔ དེའི་རིགས་སུ་གཏོགས་པ་ལ་རྒྱལ་རིགས༔ གྲོང་ཁྱེར་བརྒྱ་ཕྲག་མན་ཆད་ཀྱི་གཙོ་བོ་ལ་རྗེ་རིགས་དང་༔ དེའི་རིགས་སུ་གཏོགས་པ་ལའང་རྗེ་རིགས་སུ་འཛིན་པ་དང་༔ འབངས་ཀྱི་རིགས་སུ་གཏོགས་པ་ལ་དམངས་རིགས༔ སྤྱོད་པ་དང་ཁ་ཟས་གཙང་མར་སྤྱོད་ཅིང་དད་བློ་དཀར་པོའི་ཕྱོགས་སུ་ངེས་པ་རྣམས་ལ་བྲམ་ཟེའི་རིགས་དང་༔ གཙང་དམེ་དང་བྲལ་བར་ཟས་སུ་ཤ་ཁྲག་སོགས་ལ་སྤྱོད་ཅིང་བསམ་སྤྱོད་ནག་པོའི་ཕྱོགས་ལ་རྟག་ཏུ་དགའ་བ་གདོལ་པའི་རིགས་སུ་འཛིན་པ་དེ་དག་གི་ཚུལ་དང་བསྟུན་ནས་རིགས་བསྟན་པའི་དོན་ནི་འདི་ལྟ་སྟེ༔ གཞིའི་ངོ་བོ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་གཉིས་སུ་མེད་པར་རོ་གཅིག་པའི་དབྱིངས་ཆེན་པོ་མ་རིག་ལས་ཉོན་གྱི་དྲི་མ་དབྱིངས་སུ་སངས་པས་སངས༔ ཡེ་ཤེས་དང་ཡོན་ཏན་གྱི་ངང་རྒྱས་པས་རྒྱས༔ ངོ་བོའི་ཆ་ལས་འཕྲུལ་པར་བཀོད་པ་ལ་སངས་རྒྱས་ཀྱི་རིགས་ཞེས་དང་༔ གཞི་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ༔ མི་ཤིགས་པ་རྡོ་རྗེ་ལྟ་བུའི་གཞི་ལས་བཀོད་པའི་འཕྲུལ་རྣམས་ལ་རྡོ་རྗེའི་རིགས༔ དཔེ་ཡིད་བཞིན་ནོར་བུ་ཉིད་ཀྱི་བདག་པོ་ཡིད་ལ་ཅི་འདོད་པ་ཐམས་ཅད་སྦྱིན་པ་བཞིན་དུ་གཞི་བདེ་གཤེགས་སྙིང་པོ་ལས་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་གདུལ་བྱ་རང་རང་གི་བློ་རྒྱུད་དང་བསྟུན་པར་ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་དང་༔ ཉམས་ཀྱི་མྱོང་བ་བསམ་གྱིས་མི་ཁྱབ་པ་དང་༔ འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་རྣམས་རང་བྱུང་བས་རིན་པོ་ཆེའི་རིགས་དང་༔ མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་དང་བྲལ་བ་བཞིན་དུ་གཞི་བདེ་གཤེགས་སྙིང་པོ་ཉིད་སྲིད་པ་གསུམ་གྱི་དྲི་མས་མ་གོས་པས་པདྨའི་རིགས་དང་༔ གཞི་བདེ་གཤེགས་སྙིང་པོའི་ངང་དུ་ལས་ཐམས་ཅད་བྱ་བ་དང་རྩོལ་བས་མ་ཡིན་པར་རང་བྱུང་དུ་རྫོགས་པས་ལས་ཀྱི་རིགས་ཞེས་བྱ་བར་ཚིག་ཏུ་བརྗོད་པ་ཙམ་མོ༔ དེ་ལྟར་རིགས་ཐ་མི་དད་པར་རང་ཆས་སུ་རྫོགས་པ་དོན་དམ་པ་དང་༔ རིགས་ཐ་དད་དུ་བཅོས་པ་ནི་ཀུན་རྫོབ་དྲང་དོན་དུ་བསྟན་པ་ཡིན་ནོ༔ སངས་རྒྱས་ཀྱི་རིགས་སུ་གཏོགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྤྲུལ་གཞི་དབུས་ཀྱི་ཡུལ་ལ་དབང་བའི་བདག་པོ་རྣམ་པར་སྣང་མཛད་ཅེས་བྱ་བར་ཡོད་པར་འཆད་པ་ཡང་དོན་དམ་པར་མ་གྲུབ་སྟེ༔ གཞི་དབྱིངས་སྟོང་པའི་རང་མདངས་དྭངས་གསལ་གྱི་ཆ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་མངོན་དུ་གྱུར་པ་ཙམ་གྱིས་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད༔ དེ་མངོན་དུ་མ་གྱུར་པས་འཚང་མི་རྒྱ་བ་དང་མངོན་དུ་གྱུར་པས་སངས་རྒྱས་པར་འགྱུར་བ་ལ་ཚེགས་མེད་པས་སངས་རྒྱས་ཀྱི་རིགས་སོ༔ མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་བདག་ཉིད་ཆེན་པོ་གཞི་དབྱིངས་ཁྱབ་བདག་རྡོ་རྗེ༔ དུས་གསུམ་དུ་གཡོ་འགུལ་མེད་པས་མི་བསྐྱོད་པ་ཆེན་པོ༔ གཞི་དབྱིངས་ལྷུན་གྲུབ་རིན་པོ་ཆེ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་ལས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་ཞིང་ཡང་དག་པའི་དོན་ཐམས་ཅད་དང་ལྡན་པའི་དབྱིངས་ལ་རིན་ཆེན་འབྱུང་ལྡན༔ གཞི་ལས་གཞི་སྣང་གི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་ཞིང་མཐའ་ཡས་པས་སྣང་བ་མཐའ་ཡས༔ གཞི་དབྱིངས་ཉིད་ལ་དམ་པའི་ཆོས་ཐམས་ཅད་ཀྱི་དོན་རང་ཆས་སུ་ཡོད་པས་དོན་ཡོད༔ ཕྲིན་ལས་ཐམས་ཅད་ཡོངས་སུ་གྲུབ་པས་གྲུབ་ཅེས་བྱའོ༔ སྟོང་ཉིད་ནམ་མཁའི་རྡོ་རྗེ་འཁོར་འདས་ཡོངས་ཀྱི་དབྱིངས་ཆེན་མོ་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་ཕྱུག་པ་འཁོར་འདས་ཀྱི་བྱེད་པོ་ཡིན་པས་སྤྱི་དཔལ་དབྱིངས་ཕྱུག༔ འཁོར་འདས་ཡོངས་ཀྱི་མ་ཆེན་མོ་དུས་གསུམ་འཕོ་འགྱུར་བྲལ་བས་བཙུན་མོ་ཞེས་བྱའོ༔ སྟོང་ཆེན་ཁྱབ་བདག་ཆེན་མོ་མི་ཤིགས་པའི་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ༔ སྟོང་ཉིད་རྡོ་རྗེ་བརྡལ་ཁྱབ་ཆེན་པོའི་མཁའ་དབྱིངས་སུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་པར་འཆར་བའི་ཡུལ་དུ་གྱུར་པས་ན་མཁའ་འགྲོ་ཞེས་བྱའོ༔ ཡེ་གཞི་ཀ་དག་ལྷུན་གྱིས་གྲུབ་པའི་དབྱིངས་ལས་འདོད་རྒུ་འབྱུང་བས་རིན་པོ་ཆེ་དང་༔ ཆོས་ཉིད་མི་འགྱུར་བའི་མཁའ་ལ་ཐུགས་རྗེའི་རྩལ་ལས་ལམ་སྣང་དང་འབྲས་བུའི་ཆོས་ཐམས་ཅད་འབྱུང་བས་ན་འགྲོ་ཞེས་བྱའོ༔ ཇི་ལྟར་མེ་ཏོག་པདྨ་ལ་འདམ་གྱིས་མ་གོས་པ་བཞིན་དུ་བདེ་གཤེགས་སྙིང་པོར་ཆགས་པའི་སྐྱོན་གྱིས་མ་གོས་པས་པདྨ༔ ཆོས་ཉིད་ཀྱི་མཁའ་ལ་ཐུགས་རྗེའི་རྩལ་ལས་ཐབས་ཀྱི་འཇུག་སྒོ་དུ་མར་འཆར་བ་ལ་འགྲོ་ཞེས་བྱའོ༔ གཞི་ཡོན་ཏན་ཡེ་རྫོགས་ཆེན་པོའི་ངང་དུ་ལས་ཐམས་ཅད་བྱར་མེད་དུ་གྲུབ་པས་ལས་དང་༔ སྟོང་ཉིད་ལས་ཀྱི་མཁའ་འགྲོའི་མཁའ་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་པར་སྣང་བ་ལ་འགྲོ་ཞེས་བྱ་བར་ཚིག་ཏུ་བརྗོད་པ་ཙམ་མོ༔ ནམ་མཁའ་ནམ་མཁའི་རང་བཞིན་དུ་སྣང་བ་ཐབས་དང་ཀུན་རྫོབ༔ ནམ་མཁའ་རང་བཞིན་གྱིས་མ་གྲུབ་པའི་ངང་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་ཉིད་བཤད་པ་དྲང་དོན་ནོ༔ ས་ས་རུ་སྣང་བ་ཐབས་དང་ཀུན་རྫོབ༔ ས་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ རིན་ཆེན་མཁའ་འགྲོར་མིང་བཏགས་པ་དྲང་དོན་ནོ༔ ཆུ་ཆུ་རུ་སྣང་བའི་རང་བཞིན་ཐབས་དང་ཀུན་རྫོབ༔ ཆུ་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ རྡོ་རྗེ་མཁའ་འགྲོ་མར་བཤད་པ་དྲང་དོན་ཡིན་ནོ༔ མེ་མེ་རུ་སྣང་བ་ཐབས་དང་ཀུན་རྫོབ༔ མེ་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དོན་དམ་པ་སྟེ༔ པདྨ་མཁའ་འགྲོར་བཏགས་པ་དྲང་དོན་ནོ༔ རླུང་རླུང་དུ་སྣང་བ་ཐབས་དང་ཀུན་རྫོབ༔ རླུང་རང་བཞིན་གྱིས་མ་གྲུབ་པའི་ངང་མངོན་དུ་གྱུར་པ་དོན་དམ་དང་ཤེས་རབ་ཅེས་བྱ་སྟེ༔ ལས་ཀྱི་མཁའ་འགྲོ་ཞེས་བྱ་བར་བརྗོད་པ་ནི་དྲང་དོན་ཡིན་ནོ༔ གདུལ་བྱ་ཁ་དྲང་བའི་ཆེད་དུ་བསྟན་པའི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་སོགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔའི་ངང་ལས་མི་གཞན་པའི་དོན་གྱིས་ཐམས་ཅད་དེ་དག་གི་རོལ་པར་ཆུབ་ཅིང་འདུ་བ་ལས་གཞན་དུ་གཅིག་ཀྱང་མ་གྲུབ་པའོ༔ འཁོར་བའི་མི་རྣམས་ལ་རིགས་རུས་ཡུལ་དང་གནས་ཁང་ཕོ་མོ་སོགས་སུ་སྣང་ཞིང་ཞེན་ནས་འཁྲུལ་པ་ཡིན་པས་དེ་ལྟར་མ་བསྟན་ན་དེ་དག་ལ་མངོན་པར་ཞེན་པའི་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་བློ་ཡིད་མི་ཚིམ་ཞིང་རྣམ་པར་གྲོལ་བའི་ལམ་ཉམས་སུ་མི་ལེན་པའི་ཚུལ་དགོངས་ནས་འཁོར་བའི་སྒོ་དང་བསྟུན་ཏེ་ཆོས་སྐུ་མཚན་མ་མེད་པའི་སྐུ་དང་ཡེ་ཤེས་ལ་གཞི་བྱས་ཏེ་དངོས་པོ་མཚན་མ་ཅན་དུ་བསྟན་པ་ལས་ལྷ་དང་ཞིང་ཁམས་ཐམས་ཅད་དོན་ལ་གཅིག་ཀྱང་མ་གྲུབ་ངེས་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཆོས་སྐུ་མཚན་མ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་ལ་དགོངས་གཞི་བྱས་ནས་གདུལ་བྱ་རྟག་འཛིན་ཅན་ལ་དགོངས་ནས་ལམ་མཚན་མ་དམིགས་གཏད་ཅན་དུ་བསྟན་པ་དེ་ཉམས་སུ་ལེན་པའི་ཚུལ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་བསྐྱེད་རིམ་དམིགས་བཅས་ཀྱི་ལམ་ལ་རྣམ་གྲངས་མང་དུ་མཆིས་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པའི་རང་ལམ་ལ་ལམ་ངེས་རྫོགས་ཞེས་བྱ་བ་དང་༔ ལྟ་བ་གྱད་ཀྱི་ལམ་ཞེས་བྱ་བ་གཉིས་ཡོད་པ་ལས༔ སྔ་མ་ནི་ལྷ་དང་ཞིང་ཁམས་ངེས་པར་གྲུབ་པའི་ཡུལ་རང་མཚན་པར་བསྟན་ནས་ཀུན་རྫོབ་ཐབས་ཀྱི་སྒོ་ཁོ་ན་གཙོ་བོར་བསྟན་པ་ལས་དོན་དམ་པའི་ལྟ་བ་ཤུགས་བསྟན་ཙམ་ལས་རྩལ་དུ་མི་འདོན་པ་ཡིན༔ འདིར་ལྟ་བ་གྱད་ཀྱི་རང་ལམ་ལ་དང་པོ་ལྟ་བ་གཏན་ལ་ཕབ་སྟེ་ཡེ་གཞི་གདོད་མའི་སྒྱུ་འཕྲུལ་ཁོ་ན་ལས་གཞན་དུ་ལྷ་དང་དཀྱིལ་འཁོར་མ་གྲུབ་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་དུ་འཕོ་ཞིང་འཇུག་པའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གཞི་བྱས་ཏེ་སྒྱུ་འཕྲུལ་ལྟ་བུའི་ལྷར་སྣང་བཞེངས་པའི་ཚུལ་ཤེས་པས་བསྐྱེད་རིམ་གསལ་སྣང་ལ་གོམས་པར་བྱས་པས་རིག་པ་རང་ཐོག་ཏུ་བརྟན་པ་ཐོབ་པ་དང་༔ ཐ་མལ་གྱི་སྣང་ཞེན་ཞིང་ཁམས་ཀྱི་རང་བཞིན་དུ་འཕོ་བ་དང་༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་དུ་འཇུག་པས་འཕོ་བ་གྲོང་འཇུག་ཅེས་བྱ་བ་ཡིན་ནོ༔ དང་པོ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་རང་བཞིན་དུ་གཏན་ལ་ཕབ་སྟེ་མཐར་རང་རིག་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལས་ནམ་ཡང་མི་འདའ་བར་རང་ཐོག་ཏུ་རང་དམ་བཅའ་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་ཞེས་བྱ་བ་ཡིན་ཏེ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདོ་གཅིག་ཏུ་བསྡུས་ཤིང་སྙིང་པོ་བཅུད་དུ་དྲིལ་བའི་ངང་ལས་མི་འདའ་བར་གནས་པ་ནི་སྐྱབས་འགྲོའི་ངོ་བོ་ཡིན༔ འབྲས་བུ་དེ་ལ་རློམ་ནས་དེའི་རྒྱུ་ལ་སྤྱོད་པ་ནི་འཁོར་བའི་སྒོ་དང་བསྟུན་པའི་ཚུལ་དཔེར་ན་མི་ཞིག་རྒྱལ་ཁབ་གཞན་ཞིག་ཏུ་ཕྱིན་ནས་རང་ཀར་ས་བཟུང་སྟེ་སོ་ནམ་གྱི་ལས་ལ་བརྩོན་ན་ཡུལ་བདག་རྒྱལ་པོས་ཆད་པས་མནར་བ་ལས་འོས་མེད་པ་དང་༔ རྒྱལ་པོ་ལ་སྐྱབས་བྱས་ནས་གནང་བ་ཞུས་ཏེ་རྒྱལ་ཁབ་དེར་སོ་ནམ་དང་ཡུལ་ས་འཛིན་པའི་ལས་ཀ་ཅི་བྱས་ཀྱང་དབང་འབྱོར་བ་བཞིན་དུ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པའི་རང་གདངས་ཕྱི་ནང་གསང་བའི་སྐྱབས་ཡུལ་དུ་བློ་ཡིད་ཀྱིས་བཀོད་དེ་དེ་ལ་སྐྱབས་སུ་མ་སོང་ན་དཀོན་མཆོག་གསུམ་གྱི་བྱ་བ་བྱེད་པ་ལ་དབང་མི་འབྱོར་བས་འབྲས་བུ་མི་འབྱིན་ཅིང་བར་ཆད་ཀྱི་དབང་དུ་འཆོར་བ་དང་དབང་དང་གདམས་པའི་སྣོད་དུ་མི་རུང་བའི་སྐྱོན་དུ་འགྱུར་བས་ན༔ དཀོན་མཆོག་གསུམ་ལ་རྣམ་གསུམ་དད་པའི་སྒོ་ནས་སྐྱབས་སུ་འགྲོ་ཞིང་ལུས་ངག་ཡིད་གསུམ་ལོངས་སྤྱོད་འབྱོར་པ་ཐམས་ཅད་ཆགས་ཞེན་འཛིན་པ་དང་བྲལ་བའི་སྒོ་ནས་འབུལ་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་སྐྱབས་ཡུལ་དམ་པ་བློས་སྐད་ཅིག་ཙམ་ཡང་མི་གཏོང་བ་ནི་དམ་ཚིག་དང་སྡོམ་པ་ཐམས་ཅད་ཀྱི་རྟེན་དབང་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སྲོག་གི་གཏའ་རུ་བཟུང་བར་བྱའོ༔ མཐོ་རུ་གཏོང་ཡང་དམའ་རུ་འཕེན་ཀྱང་སྐྱིད་དུ་འཇུག་གམ་སྡུག་ཏུ་མནར་རམ་ལས་ཅི་བྱུང་ཡང་དཀོན་མཆོག་གསུམ་གྱིས་མཁྱེན་སྙམ་པ་ནི་ཉམས་ལེན་ཐམས་ཅད་ཀྱི་གཞི་རྩ་དམ་པ་ཡིན་ནོ༔ ཁྱད་པར་དུ་གདུལ་བྱ་རང་སྣང་གི་སྟོན་མཆོག་བླ་མ་དམ་པ་ནི་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས་སོགས་ཕྱིའི་སྐྱབས་ཡུལ་དམ་པ་ཀུན་འདུས་སུ་ཤེས་པར་བྱ་བ་དང་༔ སྐུ་གསང་འགྲོ་བའི་བླ་མར་ཤར་བ་བྱིན་རླབས་ཀུན་གྱི་རྩ་བ༔ ཐུགས་གསང་ཡེ་ཤེས་ཀྱི་གཏེར་མཛོད་ཡི་དམ་ཡོངས་འདུས་ཀྱི་རོལ་པ་དངོས་གྲུབ་ཀུན་གྱི་རྩ་བ༔ ཐུགས་རྗེའི་སྒྱུ་འཕྲུལ་བཀའ་སྲུང་ཆོས་སྐྱོང་རྒྱ་མཚོར་ཤར་བ་ཕྲིན་ལས་ཀུན་གྱི་རྩ་བ་རུ་ཤེས་པར་བྱ་བ་དང་༔ ངོ་བོ་ཆོས་སྐུ་མཚན་མ་དང་བྲལ་བ༔ རང་བཞིན་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་རྫོགས་སྐུ༔ ཐུགས་རྗེའི་རང་རྩལ་ས་ལམ་འབྲས་བུའི་འཇུག་སྒོ་སྤྲུལ་པའི་སྐུ་མཆོག༔ དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོ་རུ་ངོ་ཤེས་ཏེ་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་སྐྱབས་སུ་བསྟེན༔ སྐྱབས་འོག་ཏུ་སྡོད༔ བློ་སྙིང་བྲང་གསུམ་ལིང་གིས་བཀལ༔ སྲོག་ལ་བབས་ཀྱང་མི་སྤང་བར་སྒྲུབ་པ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་རུ་བརྟེན་ཏེ་མི་མཉེས་པ་ཏིལ་འབྲུ་ཙམ་ཡང་མི་བྱ༔ རྨི་ལམ་ཙམ་དུ་ལོག་ལྟ་དང་མི་མཉེས་པ་ཤོར་ན་ཡང་འགྱོད་བཤགས་བྱ་བ་གནད་དུ་བཟུང་བར་བྱའོ༔ རྡོ་རྗེའི་བླ་མ་སྤངས་ན་ནི་དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་སྤངས་པ་ཡིན་ཏེ༔ དེའི་རྒྱུད་ལ་ཡེ་ཤེས་དང་ཡོན་ཏན་ས་ལམ་དང་ཉམས་རྟོགས་ཐམས་ཅད་སྨིན་པར་མི་འགྱུར་བ་དང་༔ སྒོ་གསུམ་གྱི་འབད་རྩོལ་ཇི་ལྟར་བྱས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མི་འགྱུར་ཞིང་འབྲས་བུ་སྨིན་པར་མི་འགྱུར༔ བླ་མ་གཞན་ལ་བསྟེན་ཀྱང་བྱིན་རླབས་དང་དངོས་གྲུབ་མི་འབྱུང་༔ དམ་ཚིག་ཉམས་པའི་སྲི་ཞུགས་པས་འགལ་བར་ཡང་འགྱུར་རོ༔ དཔེར་ན་ས་བོན་རུལ་བ་ལ་མྱུ་གུ་དང་འབྲས་བུ་མི་སྨིན་པ་དང་༔ རྩ་བ་རུལ་བའི་སྡོང་པོ་ལ་ཡལ་ག་དང་ལོ་འདབ་མི་སྐྱེ་བ་བཞིན་དུ༔ གསང་སྔགས་ཀྱི་སྡོང་པོའི་རྩ་བ་ལྟ་བུ་རྡོ་རྗེའི་བླ་མ་དང་༔ རྣམ་མཁྱེན་གྱི་འབྲས་བུའི་ས་བོན་ཞིང་ས་ལྟ་བུ་རྡོ་རྗེའི་བླ་མ་ཡིན་པས་འདིའི་ཡིན་ལུགས་ཤེས་ནས་སྐད་ཅིག་ཙམ་དུ་ཡང་མི་སྤང་བར་བསྟེན་པར་བྱའོ༔ དེ་ལྟར་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཤེས་ནས་མདུན་གྱི་ནམ་མཁར་བླ་མ་བསྒོམ་པ་ཡི་དམ་གང་ཡིན་གྱི་ངོ་བོར་བསྒོམ་སྟེ་སྐྱབས་སུ་སོང་ན་སྐྱབས་ཡུལ་གཞན་ནས་འཚོལ་མི་དགོས་ངེས་པ་ཡིན་པས་ཤེས་པར་གྱིས་ཤིག༔ སེམས་བསྐྱེད་པ་ལ་དོན་དམ་པའི་སེམས་བསྐྱེད་ནི༔ སེམས་ཞེས་བྱ་བ་བདག་གཅིག་པུར་དམིགས་པའི་འཛིན་པ་རྒྱ་ཆུང་ལ་གུ་དོགས་པ་རྐྱེན་བདེ་སྡུག་བར་གསུམ་ཉེ་བར་ལེན་ཅིང་ཡུལ་ཐམས་ཅད་རང་མཚན་པར་བཟུང་ནས་དེ་ལ་འདོད་ཞེན་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཏེ༔ དེ་ལྟར་སྣང་བ་དངོས་པོར་འཛིན་པའི་སེམས་སྣང་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ཅིང་༔ བདག་རྟོག་གཉིས་སྣང་གི་དངོས་ཞེན་ཡུལ་མེད་དུ་བསྒྲལ་ནས་བདག་མེད་འཁོར་འདས་འུབ་ཆུབ་ཀྱི་རོལ་པར་བྱར་མེད་སྤྲོས་པ་དང་བྲལ་བའི་ངང་མངོན་དུ་བྱེད་པ་ནི་གནས་ལུགས་ལྷུམས་ཞུགས་ཀྱི་སེམས་བསྐྱེད་ཅེས་སེམས་བསྐྱེད་ཐམས་ཅད་ཀྱི་འབྲས་བུ་ཆོས་ཐམས་ཅད་ཀྱི་དམ་པ་ཡིན༔ དང་པོ་བྱང་ཆུབ་ཀྱི་སེམས་རྟོགས་པར་བྱ་བའི་ཕྱིར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཁོར་འདས་ཐམས་ཅད་ཀྱི་ཡིན་ལུགས་གཏན་ལ་དབབ་པ་སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དང་༔ མཐར་འཁོར་འདས་འུབ་ཆུབ་ཀྱི་རོལ་པ་མངོན་དུ་བྱེད་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའོ༔ གནད་འདི་མ་རྟོགས་པ་རྣམས་ཀྱིས་སེམས་བསྐྱེད་བསྐྱེད་ཅེས་འབྲས་བུ་བྱང་ཆུབ་ཀྱི་སེམས་ལ་སྨོན་ཏེ་རྒྱུ་བསྒྲུབ་པ་དང་༔ དམིགས་བྱའི་ཡུལ་དུ་གྱུར་པའི་རྣམ་རྟོག་གི་སྤྱོད་ཡུལ་བྱང་ཆུབ་ཀྱི་སེམས་མ་ཡིན་པའི་སྨོན་པ་ཙམ་ལ་འཇུག་པ་ཡིན་སྐད་པ་ནི་སྦྲུམ་མའི་ལྷུམས་ན་ཡོད་པའི་ཕྲུ་གུ་ལ་བུའི་མིང་བཏགས་པ་ཙམ་ལས་བྱང་ཆུབ་འཇུག་པའི་སེམས་ནི་དྲི་མ་ཙམ་ཡང་མ་རྟོགས་སོ༔ དེ་ལྟར་ཡང་དག་པའི་བྱང་ཆུབ་ཀྱི་སེམས་མངོན་སུམ་བྱར་མེད་དུ་སྐྱོང་བའི་ལས་སྐལ་མེད་པ་རྣམས་ཀྱིས་ཆེད་དུ་བསམ་པ་བཟང་པོ་ལ་བསླབ་པ་མིང་ཚིག་ཙམ་དུ་སྨོན་འཇུག་སྟོན་པ་ནི༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གསལ་བའི་མདུན་དུ་བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་ཅིང་ཐར་པ་རྣམ་མཁྱེན་གྱི་ས་ལ་འགོད་པར་བྱའོ་སྙམ་དུ༔ སྙིང་རྗེ་དང་༔ བྱམས་པ་དང་༔ དགའ་བ་དང་༔ བཏང་སྙོམས་ཏེ་ཚད་མེད་པ་རྣམ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་དམ་བཅའ་བཟུང་བ་དང་༔ ཁྱད་པར་དུ་ཡི་དམ་གྱི་ལྷ་མཆོག་དེའི་སྒོམ་བཟླས་ཉམས་སུ་བླང་བར་བྱའོ་སྙམ་པ་ནི་སྨོན་སེམས་ཞེས་བྱ་བ་དང་༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གཅིག་ཆར་དུ་རྫོགས་པའི་ཐབས་ཟབ་མོ་ལྷའི་སྒོམ་བཟླས་ལྷུར་ལེན་པ་ལ་འཇུག་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱའོ༔ ཆོས་གང་བསྒྲུབ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོའི་རྒྱུར་འགྲོ་བའི་ཐབས་ཡིན་པར་ཤེས་པར་བྱའོ༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་ཞལ་བསྒྲིབ་པར་བྱེད་པའི་གདོན་བགེགས་འབྱུང་པོ་ཁམས་གསུམ་འཁོར་བའི་བྱེད་པོ་སྲིད་པའི་འདྲེ་བོ་ཆེ་ནི་ངར་འཛིན་ཡིན་ཏེ༔ དེ་ལས་མཆེད་པའི་རྣམ་པར་རྟོག་པ་བཟང་པོ་དཀར་ཕྱོགས་སྲིད་པའི་ལྷ་སྲིན་དང་༔ རྣམ་པར་རྟོག་པ་ངན་པ་ཐམས་ཅད་ནག་ཕྱོགས་གདུག་པའི་འདྲེ་ཆེན་དང་༔ ཞེན་ཅིང་ཆགས་པའི་རྟོག་ཚོགས་ཕྲ་མོ་བགེགས་རིགས་ལན་ཆགས་ཀྱི་བདག་པོ་བདག་མོ་སྟེ༔ དེ་བས་འདྲེ་གདོན་གཞན་དུ་རྡུལ་ཙམ་མ་གྲུབ་པས་དེ་དག་བསྐྲད་པ་དང་བསྒྲལ་བའི་ལས་བྱས་ཀྱང་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་མི་འགྱུར་བས༔ བདག་རྟོག་འཁོར་བའི་སྲོག་རྩ་གཅོད་པར་བྱེད་པའི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་རིག་སྟོང་ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་ཕོ་ཉ་དང་ལས་མཁན་གྱི་ཚུལ་དུ་སྣང་བས་བདག་ལྟའི་རཱུ་དྲ་དབྱིངས་སུ་བསྒྲལ་ནས་སྲིད་པའི་རྩ་བ་དྲུང་ནས་ཕྱུང་སྟེ་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་སྲིད་ཞིའི་སྤྱི་དཔལ་དུ་ལངས་པས་སྣང་བ་རིག་པའི་རྒྱན་དུ་ཤར་བ་གདོད་མ་གཞིའི་ལྷ་སྐུ་མངོན་དུ་གྱུར་པ་ལས་གཞན་དུ་བགེགས་བསྐྲད་མེད་པ་ལས༔ དེའི་ངང་ཚུལ་ལ་གཞི་བྱས་ཏེ་འཁོར་བའི་སྒོ་དང་བསྟུན་པ་ལ༔ དང་པོ་ཡུལ་ཞིག་ཏུ་གནས་བཅའ་བའི་སྔ་ཐོག་ཏུ་དགྲ་རྐུན་དང་གཅན་གཟན་ལ་སོགས་པའི་འཚེ་བ་རྣམས་ཕྱིར་བསྐྲད་ནས་གནོད་པ་མེད་པར་བྱས་ཏེ་མཐར་ཡུལ་ས་འཛིན་པ་ལྟར༔ བདག་སྒྱུ་མ་མཁན་ལྟ་བུས་སྒྱུ་འཕྲུལ་ལྟ་བུའི་སྦྱིན་ཡུལ་རྣམ་པར་རྟོག་པའི་རང་གཟུགས་ལྟད་མོ་མཁན་ལྟ་བུར་བསྐྱེད་དེ༔ སྒྱུ་མའི་རྫས་ལྟ་བུའི་དཀར་མཆོད་དང་དམར་མཆོད་དང་གླུད་གཏོར་རྣམས་ལ་སྒྱུ་མའི་རྫས་སྔགས་ལྟ་བུའི་སྦྱང་སྔགས་དང་སྤེལ་སྔགས་རྣམས་བརྗོད་པས་དེ་དག་གི་དབང་པོ་དྲུག་ཆུ་སྣོད་ལྟ་བུའི་ཀློང་དུ་འདོད་ཡོན་གྱི་སྣང་བ་གཟའ་སྐར་གྱི་གཟུགས་བརྙན་ལྟ་བུར་འཕྲུལ་བར་བྱ་བ་ཏིང་ངེ་འཛིན་སྒྱུ་མ་ལྟ་བུས་བསྔོས་པས༔ ལན་ཆགས་ཐམས་ཅད་འཁོར༔ བུ་ལོན་ཐམས་ཅད་སོད༔ ཤ་མཁོན་ཐམས་ཅད་འདུམ་པར་གྱུར་པའི་དམིགས་པ་བྱེད་པ་རྐྱེན་ངན་དང་བར་ཆད་ཐམས་ཅད་སེལ་བ་ལ་མཆོག་ཏུ་བསྔགས་པ་ཡིན༔ དེ་ནས་རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་ཁྲོ་བོ་རྔམས་བརྗིད་འཇིགས་སུ་རུང་བ་ཞིག་ཏུ་གསལ་ཞིང་དེའི་སྐུ་གསུང་ཐུགས་ལས་སྤྲུལ་པའི་མེ་དཔུང་དང་དྲི་ངན་ཚོགས་དང་ལྕགས་སྡིག་མཚོན་ཆ་དང་ཐུན་རྫས་སྣ་ཚོགས་སེར་རླུང་བཞིན་དུ་འཕྲོས་པས༔ གནོད་བྱེད་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཤོག་སྐྱ་རླུང་གིས་དེད་པ་ལྟ་བུར་རང་དབང་མེད་པར་མཐའི་ལྕགས་རི་ནག་པོའི་རྒྱབ་གླིང་བར་མུན་པའི་སྨག་རུམ་དུ་བསྐྲད་ནས་མགོ་འཁོར་ཞིང་འཐུམ་པར་བསམ་པ་ནི་བགེགས་བསྐྲད་པའི་དམིགས་པ་ཞེས་བྱ་བ་སྟེ༔ སྒྲུབ་པའི་ལྷ་དང་དཀྱིལ་འཁོར་བསྒོམ་པ་ལ་བར་དུ་གཅོད་པའི་རྐྱེན་མི་འབྱུང་བའི་ཐབས་སུ་བསྟན་པ་ཡིན་ལ༔ རྣམ་པར་རྟོག་པ་འདྲེ་རུ་བཟུང་བས་དངོས་གྲུབ་འབུར་འཇོམས་བྱེད་པའི་གེགས་སེལ་བའི་ཐབས་ཟབ་མོའོ༔ སྲུང་འཁོར་ལ་དོན་གྱི་སྲུང་འཁོར་ནི་འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རོལ་པར་ཤེས་པས་གནོད་བྱེད་དང་གནོད་ཡུལ་ཐམས་ཅད་གདོད་ནས་མ་གྲུབ་པར་ཐག་ཆོད་པས་བགེགས་བྱེད་དང་གནོད་བྱེད་ཐམས་ཅད་རང་སར་གྲོལ་ནས་ཡུལ་མེད་དུ་གཏོང་བ་ཡིན་ལ༔ དེ་ནི་དོན་དམ་པའི་སྲུང་འཁོར་རམ་རང་བྱུང་རྣམ་དག་གི་སྲུང་འཁོར་ཞེས་ཀྱང་བྱའོ༔ དེ་ལྟར་ཤེས་ཀྱང་དབང་པོའི་བྱེད་ལས་ཀྱིས་བློ་གདིང་མེད་པ་རྣམས་ལ་དེའི་ཚུལ་བསྟན་པ་ནི༔ ཕར་སྤྲོས་པའི་སྤྲུལ་པ་ཕྲིན་ལས་ཀྱི་ཆོ་འཕྲུལ་མཚམས་གཅོད་ཀྱི་ཁྲོ་ཆུང་མཚོན་ཐུན་རྣམས་ཚུར་འདུས་པ་ལས་སྟེང་འོག་བར་གསུམ་ཐམས་ཅད་སྲུབ་དང་གོ་མཚམས་མེད་པར་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་འཁོར་ལོ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རྡོ་རྗེ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རིན་ཆེན་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་པདྨ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རལ་གྲི་རྒྱ་གྲམ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་གི་ར་བ་དང་༔ དེའི་ཕྱི་རིམ་དུ་རྡོ་རྗེའི་རླུང་ནག་སྤུ་གྲི་རེག་གཅོད་ཀྱི་གུར་ཁང་ཆེན་པོ༔ དེའི་ཕྱི་རིམ་དུ་རྡོ་རྗེའི་ཆུ་བོ་རྦ་རླབས་རབ་ཏུ་འཕྱོ་བའི་ར་བ་རྣམས་བསྒོམ་པས་རྣམ་པར་རྟོག་པའི་ཆོ་འཕྲུལ་ལས་སྐྱེས་པའི་གདོན་བགེགས་ཐམས་ཅད་མཚམས་ཆོད་པར་ངེས་ཏེ༔ དཔེར་ན་དགྲ་སྲུང་བའི་ཕྱིར་ར་བ་བྱས་པ་ལྟ་བུའོ༔ མ་དག་འཁྲུལ་པའི་སེམས་སྣང་ཐམས་ཅད་གཏན་ལ་ཕབ་ནས་གཞིའི་གནས་ལུགས་སམ་ཡིན་ལུགས་ཀྱི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་གོལ་ཤོར་གྱི་འཛོལ་བཀག་པ་ཡིན་ཏེ༔ མ་རྟོགས་ལོག་རྟོག་ཐམས་ཅད་སྒོམ་པ་ཉམས་ལེན་གྱི་སྐྱོན་ཆེན་པོ་ཡིན་པས་དེའི་ཕྱིར་དང་པོ་ཤེས་ཤིང་རྟོགས་པར་བྱ་བ་དོན་གྱི་བྱིན་འབེབས་ཡིན༔ དེའི་དོད་དུ་འཁོར་བའི་སྒོ་དང་བསྟུན་པ་ལ༔ དཔེར་ན་དང་པོ་མི་ཞིག་གིས་གནས་ཁང་གསར་པ་ཞིག་ཏུ་ས་འཛིན་པའི་སྔ་ཐོག་ཏུ་སྐྱོན་ཅི་ཡོད་ཐམས་ཅད་བསལ་ནས་བདེ་བ་དང་མཛེས་པ་དང་བཀོད་ལེགས་པ་ཡིད་དུ་འོང་བར་བྱི་དོར་བྱེད་པ་ཇི་བཞིན་དུ༔ རང་གི་དད་པ་དང་མོས་གུས་ཆེན་པོའི་ཤུགས་ཀྱིས་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་བས་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་འཐིབ་པ་ལྟ་བུའི་རྣམ་པ་དང་༔ སྐུ་ཕྱག་རྒྱ་ཕྲ་མོ༔ གསུང་ཡིག་འབྲུ་སྣ་ཚོགས༔ ཐུགས་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་རང་དང་གནས་དང་སྒྲུབ་ཁང་དང་སྒྲུབ་རྫས་རྣམས་ལ་ཐིམ་པས༔ གནས་རང་སྣང་དོན་གྱི་འོག་མིན་དང་༔ གནས་ཁང་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་དང་༔ སྒྲུབ་རྫས་ཡེ་ཤེས་ཀྱི་བདུད་རྩི་དང་༔ སྒྲུབ་པ་པོའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་ཡང་ཡང་བསམ་སྟེ༔ སྒྲུབ་པའི་གནས་དང་ཁང་ཁྱིམ་སྒྲུབ་རྫས་སྒྲུབ་པ་པོ་རྣམས་ལྷ་དང་དཀྱིལ་འཁོར་དུ་སྒྲུབ་པའི་འོས་སུ་བྱ་བའོ༔ ཆོས་སྐུ་སྤྲོས་མཐའ་དང་བྲལ་བའི་དབྱིངས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་བྱུང་བའི་ངང་ཚུལ་མངོན་དུ་བྱེད་པ་དོན་དམ་པའི་མཆོད་པ་བྱིན་བརླབ་དང་༔ ཀུན་རྫོབ་སེམས་ཅན་འཁྲུལ་པའི་དབང་ཡུལ་དུ་འདོད་ཡོན་གྱི་བཀོད་པ་རང་སྣང་བ་རྣམས་སྐུ་དང་ཡེ་ཤེས་ཆེན་པོས་རྒྱས་བཏབ་པས༔ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཕྱི་ཉེར་སྤྱོད་བདུན་ནང་འདོད་ཡོན་ལྔ་སོགས་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར་པར་བསམ་པ་དང་༔ ཁྱད་པར་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་ཞུ་བ་སྨན་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་དང་༔ སྣང་སྲིད་བཅུད་དུ་དྲིལ་བའི་བ་ལིང་དམར་གྱི་གཏོར་མ་འདོད་རྒུའི་དཔལ་ཡོན་ཐམས་ཅད་འབྱུང་བའི་གནས་སུ་གསལ་བ་དང་༔ ཁམས་གསུམ་འཁོར་བའི་འདོད་ཆགས་ཆགས་མེད་བདེ་བའི་ངོ་བོར་ཞུ་བ་དམར་ཆེན་རཀྟའི་རྒྱ་མཚོ་ཁོལ་བ་ལ་སོགས་པ་ལྷ་སོ་སོའི་སྤྱོད་ཡུལ་དུ་འདོད་རྒུ་ཡིད་བཞིན་འཇོ་བའི་རང་བཞིན་རྡོ་རྗེ་གསུམ་གྱི་སྙིང་པོས་བྱིན་གྱིས་བརླབས་པ་དང་༔ སྒྱུ་མའི་རྫས་ལྟར་བཤམས་པའི་དངོས་པོ་རྣམས་སྒྱུ་མའི་སྔགས་ལྟར་རང་རང་གི་སྔགས་བརྗོད་པས་དེ་དེར་སྣང་བའི་རང་བཞིན་ཅན་དུ་བསྒོམ་པར་བྱ་བའོ༔ མཆོད་རྫས་རྣམ་པར་འཕྲུལ་པའང་ཏིང་འཛིན་ནམ་མཁའ་མཛོད་ཅེས་བྱ་བ་ངར་འཛིན་གྱི་ཤེས་པ་མ་ཟད་ཀྱི་བར་དུ་འདོད་ཡོན་གྱི་སྣང་བ་རྒྱུན་མི་འཆད་པར་མཆེད་པ་འདི་དག་མཆོད་པའི་སྤྲིན་དུ་བསྒྱུར་བ་དཔེར་ན་ནམ་མཁའ་དྭངས་གསལ་གྱི་དབྱིངས་ལ་སྒྱུ་མའི་རྫས་སྔགས་བཏབ་པས་ལྟད་མོ་མཁན་གྱི་སྣང་བ་ལ་འདོད་ཡོན་གྱི་སྣང་ཆ་སྣ་ཚོགས་པ་འཆར་བ་བཞིན་དུ༔ མཆོད་སྦྱིན་གྱི་ཡུལ་དུ་གྱུར་པ་རྣམས་ཀྱི་དབང་པོ་ནམ་མཁའ་དྭངས་གསལ་ལྟ་བུར༔ བཤམས་པའི་རྫས་རྣམས་སྒྱུ་མའི་རྫས་ལྟ་བུ་དང་༔ བསམ་པ་སྒྱུ་མའི་བསམ་པ་ལྟ་བུ༔ མཆོད་སྦྱིན་གྱི་ཡུལ་རྣམས་ལྟད་མོའི་ཁྲོམ་ལྟ་བུར་འདོད་རྒུ་མ་ལུས་སྒྱུ་འཕྲུལ་གྱི་སྣང་བ་ལྟར་འཇོ་བར་གསལ་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ༔ དེ་ལྟར་གསལ་ཤེས་པ་ཙམ་གྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་འབྱུང་སྟེ༔ འཁོར་འདས་རང་སྣང་དུ་ཐག་ཆོད་པའི་སྐྱེས་བུ་རྣམས་ཀྱིས་སྤྱོད་ཡུལ་ཡིན་ལ༔ དེ་ལྟར་མི་ཤེས་པ་རྣམས་ཀྱིས་རྣམ་པར་རྟོག་པས་ཡིད་ཡུལ་དུ་གསལ་བར་བྱ་བ་ཡིན་པས་ཤེས་པར་མཛོད་ཅིག༔ དེ་ཐམས་ཅད་དོན་དམ་པར་གཞིར་གནས་ཀྱི་རིག་པ་མངོན་དུ་བྱེད་པའི་ཚུལ་ལ་གཞིར་བཞག་སྟེ༔ ཀུན་རྫོབ་ཏུ་འཁོར་བའི་སྒོ་དང་བསྟུན་ནས་བསྐྱེད་རིམ་ཐབས་ཀྱི་སྔོན་འགྲོའི་བྱ་བར་བསྟན་པ་ཡིན༔ དེ་ཡང་གཞི་རང་གི་མཚན་ཉིད་ལ་ལམ་བྱེད་པའི་ཐབས་སུ་བསྟན་པ་ལས་ཡུལ་གཞན་དུ་མ་ཡིན་པར་ཤེས་པར་བྱའོ༔ ད་ནི་དངོས་གཞི་རྟེན་ཞིང་ཁམས་དང་གཞལ་ཡས་ཁང་༔ བརྟེན་པ་ལྷ་རྣམས་བསྒོམ་པའི་སྔ་ཐོག་ཏུ་མ་དག་པ་ལས་ཀྱི་བསྐལ་པ་དབྱིངས་སུ་བཤིག་སྟེ་དག་པ་ཡེ་ཤེས་ཀྱི་ལྷར་སྣང་བཀོད་དགོས་པ་ལས༔ དཔེར་ན་རྨི་ལམ་གྱི་སྣང་བ་དང་ཉིན་མོའི་སྣང་བ་གཉིས་ཀ་དུས་གཅིག་ལ་འཆར་བ་མ་ཡིན་པ་དང་༔ མིའི་ཡུལ་དང་དམྱལ་བའི་ཡུལ་དུས་གཅིག་ཏུ་མཆེད་མི་སྲིད་པ་བཞིན་དུ་མ་དག་འཁོར་བའི་སྣང་བ་དང་ཡེ་ཤེས་ལྷའི་ཞིང་ཁམས་རྣམས་དུས་གཅིག་ཏུ་གྲུབ་མི་སྲིད་པའི་ཕྱིར༔ དང་པོ་སྣང་བ་སྣོད་ཀྱི་འཇིག་རྟེན་གཡོ་བ་བཅུད་ཀྱི་སེམས་ཅན་འདོད་ཡོན་ལྔའི་ཡུལ་སྣང་དང་བཅས་པ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞིག་པར་བསམ་ལ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ༔ དེ་ཡང་སྟོང་པའི་ངང་ཚུལ་དང་ཡིན་ལུགས་མི་ཤེས་པ་རྣམས་ཀྱིས་མི་སྟོང་པ་ལ་སྟོང་ཚུལ་དུ་རྒྱས་འདེབས་པ་ཙམ་ལས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་སུ་ནི་མངོན་དུ་འགྱུར་བ་མ་ཡིན་ཏེ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་ལྟ་བ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ༔ སླར་ཡང་བརྡལ་ཁྱབ་ཀྱི་ཡེ་ཤེས་ཆེན་པོ་གཞིའི་ཡིན་ལུགས་མངོན་དུ་གྱུར་པ་ལས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ལྟར་ལྷུན་གྲུབ་ཆེན་པོའི་རོལ་པ་མངོན་དུ་གྱུར་ཏེ་ཀུན་ཏུ་སྣང་བར་བྱ་བ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཞེས་བྱ་སྟེ༔ འདི་ནི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པའི་རྣལ་འབྱོར་པ་ཁོ་ནའི་ཡུལ་ལས་གཞན་དག་བློ་ཡིད་ཀྱིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྒོམ་པ་ནི་དམིགས་བསམ་ཅན་ཏེ་ཀུན་ཏུ་སྣང་བ་དངོས་མངོན་དུ་མི་འགྱུར་བས་དེའི་དོད་དུ་བཞག་པ་ཙམ་ཡིན་པས་ཤེས་པར་མཛོད༔ དེ་ནས་སྐད་ཅིག་ཉིད་ལ་ནམ་མཁར་འཇའ་ཚོན་མེད་པ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་དང་༔ ཆུ་ལ་གཟའ་སྐར་མེད་པ་ལ་གཟའ་སྐར་འཕྲལ་དུ་ཤར་བ་བཞིན༔ ཆོས་ཉིད་བརྡལ་ཁྱབ་སྤྲོས་པ་དང་བྲལ་བའི་དབྱིངས་ནས་རིག་པ་རྒྱུའི་ཡི་གེ་ཨོཾ་དཀར་པོ་འོད་དང་འོད་ཟེར་འབར་བར་གསལ་བ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་འབྱུང་བའི་རྒྱུ་ཡིན་ཏེ༔ སྔ་མ་གཉིས་ནི་བློ་ཡིད་རྣམ་པར་རྟོག་པའི་ཡུལ་ལས་འདས་པ་སྟོང་པ་ཉིད་རིག་པའི་ཡེ་ཤེས་དང་༔ ཕྱི་མ་ནི་དམིགས་གསལ་གཉིས་ལྡན་གྱི་སྒྱུ་འཕྲུལ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་བསྐལ་པ་རླུང་གིས་ཆགས་པ་འབྱུང་བ་རིམ་བརྩེགས་སུ་བཤད་པ་ལྟར་ཨོཾ་ལས་ཨེ་ཡིག་ཆད་དེ་ཡོངས་སུ་གྱུར་པ་ལས་ནམ་མཁའ་སྟོང་གསལ་བརྡལ་ཁྱབ་ཀྱི་རང་བཞིན་དུ་བསྒོམ༔ ཡྃ་ཆད་དེ་གནས་སུ་གྱུར་པ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ཅན་དུ་གྱུར༔ བྃ་ཆད་པ་ལས་རྒྱ་མཚོ་ཆུའི་རང་བཞིན་དྭངས་གསལ་རྙོགས་མ་དང་བྲལ་བ་ཟླུམ་པོར་འཁྱིལ་བ༔ ལྃ་འཕྲོས་པ་ལས་གསེར་གྱི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པ་གྲུ་བཞིའི་རྣམ་པ༔ རྃ་ཆད་པ་ལས་དེ་ཐམས་ཅད་ཀྱི་གཤིས་སུ་མེའི་རང་བཞིན་དྲོད་ཀྱི་རྣམ་པ་ཟླ་གམ་པར་གནས་པའོ༔ དེ་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུར་སྣང་ཙམ་ནས་སྟོང་པ་དངོས་མེད་མཁའ་ཀློང་ལྟ་བུར་ཤེས་པར་བྱའོ༔ ཡང་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་སུྃ་འཕྲོས་པས་ས་གཞི་ཐམས་ཅད་བཻ་ཌཱུཪྻ་ལྟར་སྣང་ཞིང་དྭངས་གསལ་འོད་དུ་འབར་བ༔ རི་འབར་འབུར་དང་རྡོ་གསེག་མ་ཅན་དང་ཤིང་ཚེར་མ་ཅན་ལ་སོགས་པའི་རྩུབ་རེག་ཐམས་ཅད་བྲལ་བ༔ ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་བྱད་ལྟ་བུ་རྒྱ་ཆེ་ཞིང་ཁྱོན་ཡངས་པ༔ མནན་ན་སོར་བཞི་ནེམ་ཞིང་བཏེགས་ན་སོར་བཞི་སྤར་བ༔ སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ མཐིང་ག་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་ཁ་དོག་འབར་ཞིང་གསལ་འཚེར་སྣུམ་ལ་དྭངས་པ་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་པདྨ་སྣ་ཚོགས་པས་ས་གཞི་ཡོངས་སུ་གང་བ༔ ནམ་མཁའ་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་ཤིང་ཕྱོགས་མཚམས་ཀྱི་ཁོར་ཡུག་ཏུ་འཇའ་ཡི་སྤྲིན་ཕུང་འཁྲིགས་པའི་ཀློང་དུ་ཡེ་ཤེས་སྒྱུ་འཕྲུལ་གྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་མཛེས་པའི་གར་བསྒྱུར་ཞིང་སྙན་པའི་གླུ་དང་རོལ་མོ་སྣ་ཚོགས་འཁྲོལ་བ༔ བར་སྣང་ལ་མཆོད་པའི་ལྷ་མོ་སྣ་ཚོགས་པས་མཆོད་སྤྲིན་རྒྱ་མཚོས་མཆོད་པ་འབུལ་ཞིང་བཀུར་སྟི་བྱེད་པ༔ ས་གཞིའི་ཕྱོགས་མཚམས་བརྒྱད་ན་རྒྱ་མཚོ་ཆེན་པོ་བརྒྱད་ཡོད་པ༔ དེ་དག་གི་འགྲམ་ན་ནོར་བུའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སིང་འཁྲུངས་པ༔ དེ་དག་གི་བར་མཚམས་སུ་དཔག་བསམ་གྱི་ལྗོན་ཤིང་ལས་འདོད་རྒུའི་ལོངས་སྤྱོད་ཆར་དུ་འབེབས་པ༔ མཚོ་དེ་དག་ལ་བྱ་རིགས་ཅང་ཤེས་པ་མང་པོས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པ༔ དེ་ཡང་སྐད་སྙན་པའི་བྱ་ནི༔ བྱ་ཡི་རྒྱལ་པོ་ངང་པ་གསེར་ལྡན་དང་༔ མཐིང་རིལ་དང་༔ བྱ་ཀ་ཏི་ཀ་དང་༔ ནེ་ཙོ་མི་སྐད་ཤེས་པ་དང་༔ ཁུ་བྱུག་དང་༔ ཤང་ཤང་ཏེའུ་དང་༔ རི་སྐེག་དང་༔ བྱ་ཀ་ལ་པིང་ཀ་ལ་སོགས་པའི་བྱ་རིགས་སྐད་སྙན་པ་བསམ་གྱིས་མི་ཁྱབ་གྲངས་ཀྱིས་མི་ལང་བ༔ ཡིད་དུ་འོང་བའི་བྱ་ནི༔ ཀཾ་ཀ་རི་དང་༔ རྦབ་དང་༔ ཟེར་མོ་དང་༔ ལྷའི་བྱ་དྲིལ་བུའི་སྐད་ཅན་དང་༔ བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ཅན་ལ་སོགས་པ་དུང་དང་དངུལ་གྱི་མདོག་ལྟར་དཀར་བ་དང་༔ གསེར་དང་སྦུར་ལེན་གྱི་མདོག་ལྟར་སེར་བ༔ བྱེ་རུ་དང་པདྨ་རཱ་གའི་མདོག་ལྟར་དམར་བ༔ གཡུ་དང་མརྒད་ཀྱི་མདོག་ལྟར་ལྗང་བ༔ བཻ་ཌཱུཪྻ་དང་ཨིནྡྲ་ནཱི་ལའི་མདོག་ལྟར་མཐིང་བ༔ མུ་མེན་གྱི་མདོག་ལྟར་སྔོ་བ༔ དེ་ལ་སོགས་པའི་བྱ་རྣམས་ཁ་དོག་ལེགས་ཤིང་གཟུགས་མཛེས་པ་སྙན་པའི་གླུ་ལེན་ཅིང་མཛེས་པའི་རྩེ་འཇོ་རོལ་པ་དཔག་བསམ་གྱི་ཤིང་ལ་འབབས་ཤིང་རྒྱ་མཚོ་ལ་འཁོར་བ༔ གཞན་ཡང་སྤྲུལ་པའི་རི་དྭགས་སྣ་ཚོགས་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཡིད་དུ་འོང་བའི་རྩེ་འཇོ་རོལ་པ་ཅང་ཤེས་ཤིང་ཆོས་ཉན་པ༔ དེའི་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ལྕགས་རིས་བསྐོར་བའི་ནང་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་ཆུ་རྫིང་བུར་འཁྱིལ་བའི་འོབས་ཀྱིས་བསྐོར་བ༔ བཏུང་བས་སྐོམ་གདུང་དང་བཀྲེས་པ་སེལ་བ༔ ནད་སྣ་ཚོགས་པའི་ཟུག་རྔུ་ཐམས་ཅད་ཆུའི་དྲི་ཚོར་བ་ཙམ་གྱིས་བྱང་ནས་ཟག་མེད་ཀྱི་བདེ་བ་སྐྱེད་པར་བྱེད་པ༔ དེའི་ལྟེ་བ་སྐྱེད་མོས་ཚལ་གྱི་གནས་མཆོག་མཐོང་ན་མི་མཐུན་པ་མེད་པའི་དབུས་སུ་བྷྲཱུྃ་ལས་གཞལ་ཡས་ཁང་ཆེན་པོ་ནི༔ མེ་ལོང་ཡེ་ཤེས་ཀྱི་མཚོན་བྱེད་ཤར་དཀར་བ་ཤེལ་ལྟར་གསལ་བ༔ མཉམ་ཉིད་ཡེ་ཤེས་ཀྱི་མཚོན་བྱེད་ལྷོ་སེར་པོ་གསེར་གྱི་རྣམ་པ༔ སོར་རྟོག་ཡེ་ཤེས་ཀྱི་མཚོན་བྱེད་ནུབ་དམར་པོ་པདྨ་རཱ་གའི་རྣམ་པ༔ བྱ་གྲུབ་ཡེ་ཤེས་ཀྱི་མཚོན་བྱེད་བྱང་ལྗང་གུ་ཨིནྡྲ་ནཱི་ལའི་རྣམ་པ༔ ཆོས་དབྱིངས་ཡེ་ཤེས་ཀྱི་མཚོན་བྱེད་དབུས་མཐིང་ག་བཻ་ཌཱུཪྻའི་རྣམ་པ་ཅན༔ ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ཤར་ཕྱོགས་སྙིང་རྗེ་ཆེན་པོའི་སྒོ་ཟླུམ་ལ་འཁྱིལ་བ༔ རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ལྷོ་ཕྱོགས་བྱམས་པ་ཆེན་པོའི་སྒོ་གྲུ་བཞིར་ཡོད་པ༔ དབང་གི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ནུབ་ཕྱོགས་དགའ་བ་ཆེན་པོའི་སྒོ་ཟླ་གམ་དུ་ཡོད་པ༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་བྱང་ཕྱོགས་བཏང་སྙོམས་ཆེན་པོའི་སྒོ་གྲུ་གསུམ་དུ་ཡོད་པ༔ སྐུ་བཞི་མཚོན་བྱེད་ཟུར་བཞི་དང་ལྡན་པ༔ ཕྱི་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྲུང་བའི་གུར་ཁང་གིས་བསྐོར་བ༔ གཞལ་ཡས་ཁང་དེའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་གདན་བུམ་པ་བྲེ་དང་ཆོས་འཁོར་གདུགས་བཟང་ཉི་ཟླ་ནོར་བུའི་ཏོག་དང་དྲྭ་བ་དྲྭ་ཕྱེད་དྲིལ་བུ་དང་གཡེར་ཁ་ལས་ཆོས་ཀྱི་སྒྲ་འབྱུང་བ༔ རིན་པོ་ཆེའི་སྒོ་གྲུ་རྟ་བབས་ཐེམ་སྐས་ལ་སོགས་པ་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པ༔ ཕྱོགས་བཞིར་ཉི་ཟླའི་སྐར་ཁུང་ཡོད་པའི་འོད་འཇའ་ཤེལ་གྱི་སྤང་ལེབ་ལ་ཕོག་པས་ཉིན་མོ་འཇའ་ཐིག་འཁྲིགས་ཤིང་མཚན་མོ་འོད་གསལ་བ༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་༔ ནང་དུ་སླེབས་པ་ཙམ་གྱིས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་དུ་བྱེད་པ༔ གཞལ་ཡས་ཁང་དེའི་དབུས་སུ་སྲིད་པ་ལས་རབ་ཏུ་འཕགས་པ་མཚོན་བྱེད་རིན་པོ་ཆེའི་ཁྲི་དཔངས་མཐོ་ཞིང་མཛེས་པ་ཉིད༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་མཚོན་པའི་སེངྒེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ༔ རྒྱུའི་ས་བོན་ཨོཾ་དཀར་པོ་བབས་པ་ལས་འོད་ཟེར་ཡར་འཕྲོས༔ རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་འཇའ་སྤྲིན་འཐིབས་པ་ལྟ་བུའི་རྣམ་པར་ཚུར་འདུས་ཏེ་ཨོཾ་ལ་ཐིམ༔ མར་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ཏེ་གཉིད་བཙན་ཐབས་སུ་དཀྲོག་པ་བཞིན་འཁྲུལ་མི་ཤེས་པའི་ས་ལ་བཀོད༔ འོད་ཟེར་ཚུར་འདུས་པ་དང་དུས་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་དང་སྣོད་བཅུད་འབྱུང་བའི་དཔལ་ཡོན་དྭངས་བཅུད་ཐམས་ཅད་ཚུར་འདུས་ཏེ་ཨོཾ་ལ་ཐིམ༔ ཨོཾ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་བག་ཆགས་ཀྱི་དྲི་མ་བྲལ་བ་མཚོན་ཕྱིར་སྐུ་མདོག་གངས་རི་ལྟར་དཀར་བ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་མཚོན་བྱེད་སྤྱན་གཡས་པ་དང་༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་མཚོན་བྱེད་སྤྱན་གཡོན་པ༔ དོན་དམ་བདེན་པ་མཚོན་བྱེད་སྙན་གཡས་པ་དང་༔ ཀུན་རྫོབ་བདེན་པ་མཚོན་བྱེད་སྙན་གཡོན་པ༔ རང་དོན་ཆོས་སྐུ་མཚོན་པའི་ཤངས་བུག་གཡས་པ་དང་༔ གཞན་དོན་གཟུགས་སྐུ་མཚོན་པའི་ཤངས་བུག་གཡོན་པ༔ མཉམ་ཉིད་བདེ་བ་ཆེན་པོ་མཚོན་པའི་ཞལ་དང་༔ ཞི་བའི་དཀྱིལ་འཁོར་རྫོགས་པ་མཚོན་པའི་ཚེམས་དང་༔ འཁོར་འདས་མཉམ་པར་སྦྱོར་བ་མཚོན་པའི་ལྗགས་དང་༔ ཐབས་བདེ་བ་ཆེན་པོ་མཚོན་པའི་ཕྱག་གཡས་པ༔ ཤེས་རབ་སྟོང་ཉིད་ཆེན་པོ་མཚོན་པའི་ཕྱག་གཡོན་པ༔ སྐུ་ལྔ་དང་ཡེ་ཤེས་ལྔ་མཚོན་པའི་ཕྱག་སོར་བཅུ༔ སྲིད་པའི་མཐའ་ལ་མི་གནས་པ་མཚོན་པའི་ཞབས་གཡས་པ་དང་༔ ཞི་བའི་མཐའ་ལ་མི་གནས་པ་མཚོན་པའི་ཞབས་གཡོན་པ༔ རིགས་ལྔ་དང་ཡུམ་ལྔ་རྫོགས་པ་མཚོན་པའི་ཞབས་སོར་བཅུ༔ རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པ་མཚོན་པའི་ལྷུ་ཚིགས་བཅུ་གཉིས་སཱ་ལའི་ལྕུག་མ་ལྟ་བུར་མཉེན་ཅིང་ལྕུག་པ༔ ཡོན་ཏན་ལྷུན་གྱིས་གྲུབ་པ་མཚོན་པའི་སྐུ་ཡོངས་སུ་རྫོགས་པ༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མཚོན་པའི་བ་སྤུ་ཡེ་ཤེས་ཀྱི་འོད་འབར་བ༔ གདོད་ནས་འཁྲུལ་མི་ཤེས་པ་མཚོན་པའི་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ༔ འགྲོ་བ་རྣམས་རྗེས་སུ་འཛིན་པ་མཚོན་པའི་ཟར་བུས་སྐུ་རྒྱབ་ཁེབས་པ༔ དུས་གསུམ་འཕོ་འགྱུར་བྲལ་བ་མཚོན་པའི་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ འཁོར་འདས་བྱང་ཆུབ་ཆེན་པོར་རོལ་པ་མཚོན་པའི་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཐུགས་ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པ་མཚོན་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས༔ འགྲོ་ལ་རྗེས་སུ་ཆགས་པ་མཚོན་པའི་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པ་མཚོན་པའི་འོད་དང་འཇའ་ཚོན་འཁྲིགས་པའོ༔ ཤར་ཕྱོགས་ནའང་མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་རིན་པོ་ཆེ་ཤེལ་ལྟར་སྣང་བ་དང་༔ ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་གསེར་གྱི་རྣམ་པར་སྣང་བ༔ ནུབ་ཕྱོགས་ན་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་པདྨ་རཱ་གའི་རྣམ་པར་སྣང་བ༔ བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་ཨིནྡྲ་ནཱི་ལའི་རྣམ་པར་སྣང་ཞིང་འོད་འབར་བའོ༔ ཤར་གྱི་ཕྱོགས་དེ་ན་ཧཱུྃ་ལས་སྐྱེས་པའི་དེ་བཞིན་གཤེགས་པ་མི་བསྐྱོད་རྡོ་རྗེ་ཆོས་དབྱིངས་སྐྱེ་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག༔ ཁམས་གསུམ་གྱི་སྒོ་འཕར་གནོན་པའི་ས་གནོན་དང་༔ དོན་དམ་མི་ཤིགས་པ་མཚོན་པའི་རྡོ་རྗེ་བསྣམས་པ༔ ལྷོ་ཕྱོགས་ན་ཏྲཱྃ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་ཡོན་ཏན་ལོངས་སྤྱོད་རྫོགས་པ་མཚོན་པའི་སྐུ་མདོག་སེར་པོ༔ འགྲོ་བ་ཐམས་ཅད་གཏན་དུ་བདེ་བའི་མཆོག་སྟེར་བ་མཚོན་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་དང་༔ ཉམ་ཐག་པའི་འགྲོ་བ་རྣམས་ལ་ཕན་བདེའི་དཔལ་སྟེར་བ་མཚོན་པའི་ནོར་བུ་རིན་པོ་ཆེ་བསྣམས་པ༔ ནུབ་ཕྱོགས་ན་ཧྲཱིཿལས་སྐྱེས་པའི་སྣང་བ་མཐའ་ཡས་འཁོར་འདས་ཡོངས་ལ་དབང་བསྒྱུར་བ་མཚོན་པའི་སྐུ་མདོག་དམར་པོ༔ འཁོར་འདས་དག་མཉམ་ཆེན་པོར་རོལ་པ་མཚོན་པའི་ཕྱག་གཉིས་མཉམ་བཞག་གི་སྟེང་ན༔ ཐུགས་གསང་བ་བདེ་བ་ཆེན་པོའི་ངང་ཡོངས་སུ་རྒྱས་པ་མཚོན་པའི་པདྨ་བསྣམས་པ༔ བྱང་ཕྱོགས་ན་ཨཱཿལས་སྐྱེས་པའི་དོན་ཡོད་གྲུབ་པ་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་འདུས་ཤིང་རྫོགས་པ་མཚོན་པའི་སྐུ་མདོག་ལྗང་གུ༔ འགྲོ་བ་རྣམས་ལ་མི་འཇིགས་པའི་སྐྱབས་ཆེན་པོ་སྦྱིན་པའི་ཕྱག་རྒྱ་དང་༔ ཕྲིན་ལས་རྣམ་བཞིས་གདུལ་བྱ་འདུལ་བ་མཚོན་པའི་སྣ་ཚོགས་རྡོ་རྗེ་བསྣམས་པའོ༔ ལྷ་དེ་དག་གང་བསྒྲུབ་བྱའི་གཙོ་བོར་བཟུང་ཡང་རེ་རེ་ལའང་ལྔ་ཚན་དུ་བསྒོམ་ཞིང་བསྒྲུབ་པ་ནི་ཆོས་སྐུ་བདེ་གཤེགས་སྙིང་པོ་ལ་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པ་གཅིག་ཆར་དུ་རྫོགས་པ་མཚོན་པའི་དོན་གྱིས་ཡིན་པ་ཤེས་པར་བྱའོ༔ དེ་ལྟར་ལྷ་བསྒོམ་པ་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་ནམ་མཁའི་འཇའ་ཚོན་ལྟ་བུ་དང་༔ ཆུའི་ཟླ་གཟུགས་ལྟ་བུ་དང་༔ མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ༔ དྭངས་ཤིང་གསལ་བ་རྙོགས་མ་དྭངས་པའི་ཆུ་ལྟ་བུའི་སྐུ་དབྱིངས་སུ་རྒྱལ་བ་ཐམས་ཅད་ཀྱི་སྐུ་དང་ཞིང་ཁམས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་རང་ཤར་བ་འོད་ཀྱི་ཕུང་པོར་འཁྲིགས་པའི་རྣམ་པར་གསལ་བ་ཡིན༔ དེ་བཞིན་དུ་ཁྲོ་བོའི་དཀྱིལ་འཁོར་ལའང་སྣོད་བཅུད་བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་རྨི་ལམ་དབྱིངས་སུ་སད་པ་ལྟར་ཆོས་ཉིད་སྟོང་ཆེན་ནམ་མཁའི་དབྱིངས་སུ་ཡལ་ནས་སྟོང་པའི་ཡེ་ཤེས་ལ་དབང་བསྒྱུར་ཏེ་བཞག༔ སླར་ཡང་གསལ་བའི་ཡེ་ཤེས་མངོན་དུ་བྱེད་པའི་ངང་དུ་མཉམ་པར་བཞག༔ མཐར་ཐུགས་རྗེ་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རིག་པ་རྒྱུའི་ཡི་གེ་ཧཱུྃ་ཡིག་མཐིང་ནག་མེ་འབར་བར་གསལ་བ་ནི་སྦྱང་བྱ་འཆི་བའི་སྲིད་པ་ལ་ཐུག་ཚེ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་སྟོང་པ་ཧར་སང་ངེ་བའི་ངང་དུ་ཞིག་ནས་ཡུན་ཅིག་དེར་འབྱམས་ཀླས་པ་ནི་སྲིད་པ་ཀུན་གཞི་རུ་ཞིག་པའི་སྐབས་ཡིན་ཏེ༔ སྦྱོང་བྱེད་གཞི་སྟོང་ཉིད་ཀྱི་དབྱིངས་ཆེན་པོ་ལམ་དུ་བྱས་པས་འབྲས་དུས་སུ་ངོ་ཤེས་ཏེ་ཆོས་ཉིད་དེ་བཞིན་ཉིད་ལ་དབང་འབྱོར་བར་འགྱུར་བས་འདི་ལ་གོམས་པར་བྱ་བ་གནད་ཀྱི་དམ་པ་ཡིན་ནོ༔ ཡང་སྦྱང་བྱ་འཆི་བ་འོད་གསལ་དུ་འཕོས་ཚེ་སྟོན་ཀའི་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་ཉི་མས་དཀར་པོར་མ་བསྒྲིབ༔ མུན་པས་ནག་པོར་མ་བསྒྲིབ༔ སྤྲིན་དང་ན་བུན་རླུང་གསུམ་གྱིས་མ་བསླད་པའི་གནས་སྐབས་ལྟ་བུར་རང་རིག་དྭངས་གསལ་རྙོག་མ་དང་བྲལ་བ་རྒྱ་གར་ཡང་མ་ཆད༔ ཕྱོགས་གང་དུའང་མ་ལྷུང་བར་ཁྱབ་བརྡལ་སྤྲོས་མཐའ་དང་བྲལ་བའི་ཐོག་ཏུ་ཕེབས་པར་གྱུར་པ་དེའི་ཚེ༔ སྦྱོང་བྱེད་ལམ་དུས་ཀྱི་འོད་གསལ་རིག་པའི་ཡེ་ཤེས་ངོ་རང་ཐོག་ཏུ་འཕྲོད་དེ་གོམས་པར་བྱས་པའི་སྟོབས་ཀྱིས༔ འབྲས་དུས་སུ་གདིང་རང་ཐོག་ཏུ་ཐོབ་པས་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན༔ དེར་གྲོལ་བའི་ནུས་པ་མ་མཆིས་ན་སྦྱང་གཞི་འོད་གསལ་གྱི་སྣང་བ་མྱོང་ཞེན་ཅན་གྱི་ལུས་འཛིན་པ་དེ་ཉིད༔ སྦྱོང་བྱེད་རིག་པ་རྒྱུའི་ཡི་གེར་ལྡང་ནས་ཞིང་ཁམས་ཀྱི་སྣང་བ་རིམ་བཞིན་དུ་བཀོད་པས༔ འབྲས་བུ་མངོན་གྱུར་གྱི་བཀོད་པ་རང་ཐོག་ཏུ་ཕེབས་པར་འགྱུར་བའི་ཕྱིར༔ ཏིང་ངེ་འཛིན་རྣམ་གསུམ་ལ་ད་ལྟའི་དུས་ནས་གོམས་པར་བྱ་བ་གནད་མཆོག་ཏུ་ཤེས་པར་བྱའོ༔ དེ་ཡང་བསམ་པ་དང་དམིགས་པ་ཙམ་གྱིས་ནི་གཞིར་གནས་ཀྱི་སྟོང་ཉིད་འོད་གསལ་མངོན་དུ་འགྱུར་བ་མ་ཡིན་པས་འབྲས་བུ་ཡང་དེ་ཙམ་ལས་མེད་པ་ཤེས་པར་གྱིས་ཤིག༔ སླར་ཡང་རྒྱུའི་ཡི་གེ་ཡེ་གཞི་སྟོང་ཉིད་རྟེན་མེད་ཀྱི་དབྱིངས་ལ་ཤར་བ་ལས་འོད་མཐིང་ཨེ་ཡི་རྣམ་པར་འཕྲོས་པས་ནམ་མཁའ་དྭངས་གསལ་གྱི་རང་བཞིན་དུ་གྱུར་པ་དང་༔ འོད་ལྗང་ཡཾ་གི་རྣམ་པར་འཕྲོས་པས་རླུང་གི་དཀྱིལ་འཁོར་དུ་སྣང་བར་བྱས༔ འོད་དམར་ར་ཡི་རྣམ་པ་ཅན་དུ་འཕྲོས་པས་རཀྟའི་རྒྱ་མཚོ་རྦ་རླབས་རབ་ཏུ་འཁྲིགས་པར་སྣང་བར་བྱས༔ ཀེཾ་འཕྲོས་པས་རུས་པའི་རི་རབ་གྲུ་གསུམ་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པར་བྱས༔ རྃ་འཕྲོས་པས་བསྐལ་པའི་མེ་རི་མེ་ཕུང་དམར་ནག་རབ་ཏུ་འབར་བའི་རང་བཞིན་ཅན་དུ་བྱས༔ སུྃ་འཕྲོས་པས་འོད་མཐིང་ལས་བྱུང་བའི་ས་གཞི་བཻ་ཌཱུཪྻའི་ཁ་དོག་ཤེལ་ལྟར་གསལ་བའི་འོག་ཏུ་རུས་པའི་རི་རབ་མི་བསྒྲིབ་པར་སྣང་བ༔ ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འུར་འུར་ཆེམ་ཆེམ་དུ་འབར་བའི་ཀློང་དུ་བྷྲཱུྃ་ཆད་པ་ཡོངས་སུ་གྱུར་པ་ལས་བྱུང་བའི་དྲག་པོའི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་༔ ནང་ཐོད་པ་ར་རི་གསུམ་ལས་གྲུབ་པ་སྟེ་ཐོད་པ་སྐམ་པོས་འབྲས་བུ་བྱས་པ༔ ཐོད་པ་རྙིང་པ་ཤ་ལྤགས་སྐམ་པས་ཁ་བད་བྱས་པ༔ ཐོད་རློན་ཁྲག་འཛག་པས་རྩིག་པ་བྱས་པ༔ དེ་ཐམས་ཅད་ལ་གནམ་ལྕགས་ཀྱིས་གཟེར་བཏབ་པའོ༔ དེ་ཡང་འབྲས་བུ་ཆོས་སྐུའི་མཚོན་བྱེད༔ ཁ་བད་ལོངས་སྐུའི་མཚོན་བྱེད༔ རྩིག་པ་སྤྲུལ་སྐུའི་མཚོན་བྱེད༔ གནམ་ལྕགས་ཀྱི་གཟེར་བུ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་མཚོན་བྱེད་དོ༔ མི་ལྤགས་ཀྱིས་ཡ་ཕུབ་བྱས་ཤིང་མི་རོའི་རྒྱལ་མཚན་ཕྱར་བ༔ ཀླུ་ཆེན་པོ་བརྒྱད་ཀྱི་ཀྭ་གདན༔ ལྷ་ཆེན་པོ་བརྒྱད་ཀྱི་ཀྭ་བ༔ གཟའ་ཆེན་པོ་བརྒྱད་ཀྱི་ཀྭ་ཞུ༔ ཕྱོགས་སྐྱོང་དང་འཇིགས་བྱེད་རྣམས་གདུང་དུ་བྲེས་པ༔ རྒྱུ་སྐར་རྣམས་ཀྱི་དྲལ་ཕྱམ་བཀོད་པ༔ སྟེང་འོག་ཕྱོགས་མཚམས་ན་རཱུ་ཏྲ་ཆེ་ཆུང་གི་མགོ་བོའི་ཕྲེང་བ་རྒྱན་དུ་བྱས་པ་ལས་རཀྟའི་ཞམ་ཆུ་འབབས་པ༔ ཁོར་ཡུག་ཐམས་ཅད་དུ་ཁྲག་གི་རྒྱ་མཚོ་འཁྱིིལ་བའི་ལྦུ་བ་ལས་མི་རོ་དང་རྟ་རོ་འཁྲིགས་པ༔ ཕྱི་རོལ་གྱི་ཁོར་ཡུག་ཐམས་ཅད་དུ་མེ་རླུང་འཚུབས་ཤིང་ཐུན་མཚོན་ཕོ་ཉ་ལས་མཁན་དཔག་ཏུ་མེད་པ་སེར་རླུང་ལྟར་འཕྱོ་བ་ཧཱུྃ་ཧཱུྃ་ཕཊ་ཕཊ་སོགས་དྲག་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྟར་ལྡིར་བ༔ དེའི་ཕྱི་རོལ་ཐམས་ཅད་དུ་དུར་ཁྲོད་ཆེན་པོ་བརྒྱད་དང་༔ ཧེ་རུ་ཀའི་གནས་བཅུ༔ གནས་ཉི་ཤུ་རྩ་བཞི༔ ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པ་ཁྲོ་བོ་ཁྲོ་མོ་འཆོལ་བའི་དཀྱིལ་འཁོར་མང་པོ་ལྷུན་གྱིས་གྲུབ་ཅིང་༔ དེར་བཀའ་སྲུང་ཆོས་སྐྱོང་གནས་སྲུང་གཏེར་བདག་ཐམས་ཅད་ཀྱིས༔ ཟས་སུ་བསྟན་དགྲ་གདུག་པ་ཅན་གྱི་ཤ་ཁྲག་དྲོན་མོ་ལ་ལོངས་སྤྱོད་པ༔ ལས་སུ་ཞིང་བཅུའི་སྲོག་དབུགས་སྡུད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་བ༔ རབ་ཏུ་འཇིགས་པའི་གཟུགས་ངོམས་ཤིང་སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ༔ མཚོན་ཆ་རྣོ་ཞིང་རྩུབ་པའི་འཁྲུལ་འགྱེད་པ༔ མ་ངེས་པའི་ཆོ་འཕྲུལ་སྟོན་ཅིང་གསོད་གཅོད་ཀྱི་ལས་ལ་རྔམས་པ༔ ཐུགས་ཞི་བ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་ཐུགས་རྗེས་གང་འདུལ་གྱིས་འགྲོ་དོན་མཛད་པ༔ ཀུན་ཀྱང་སྤྱི་དཔལ་ཆེན་པོའི་སྤྲུལ་པ་ལས་མི་གཞན་པ་སྟེ༔ མདོར་ན་དྲེགས་པ་འཇིགས་བྱེད་རྒྱ་མཚོ་ཐམས་ཅད་རྒྱལ་པོ་དང་བློན་པོ་དང་འབངས་ཀྱི་ཚུལ་དུ་གོ་མཚམས་མེད་པར་འཁོར་བ༔ དེ་དག་གི་ཕྱི་རིམ་དུ་སྲུང་བའི་འཁོར་ལོ་རིམ་པ་དགུས་བསྐོར་བར་བསྒོམ༔ རབ་འཇིགས་དྲག་པོའི་གཞལ་ཡས་ཁང་དེའི་དབུས་སུ་ཡུལ་བརྒྱད་གནས་སུ་དག་པ་མཚོན་པའི་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར༔ ཚོགས་བརྒྱད་གནས་སུ་དག་པ་མཚོན་པའི་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་བཏེགས་པ༔ སྲིད་པ་ལས་རབ་ཏུ་འཕགས་པ་མཚོན་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ༔ སྟོང་ཉིད་དབུ་མ་ཆེན་པོ་དང་༔ འཁོར་བར་མ་ཆགས་པ་མཚོན་པའི་པདྨ༔ ཐབས་བདེ་བ་ཆེན་པོ་དང་ཐིག་ལེ་དཀར་པོའི་ཆ༔ འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན་པའི་ཟླ་བ༔ ཤེས་རབ་སྟོང་ཉིད་ཆེན་པོ་དང་རཀྟ་དམར་པོའི་ཆ༔ ཡོན་ཏན་ཐམས་ཅད་རྫོགས་པ་མཚོན་པའི་ཉི་མ༔ བདག་རྟོག་དབྱིངས་སུ་གསོད་ཅིང་རྟོག་མེད་མཉམ་པ་ཉིད་མཚོན་པའི་བམ་རོ་ཕོ་མོའི་གདན་རྣམས་ཀྱི་སྟེང་དུ༔ དབྱིངས་ནས་ཡི་གེ་ཧཱུྃ་མཐིང་ནག་གདན་ལ་བབས་པ་ལས༔ འོད་ཟེར་ཡར་འཕྲོས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་ཐམས་ཅད་འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པར་འདུས་ཏེ་ཧཱུྃ་ལ་ཐིམ༔ ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་སྡུག་བསྔལ་དང་བཅས་པ་ཐམས་ཅད་ཡུལ་མེད་དུ་སྦྱངས༔ དེ་དག་ཐམས་ཅད་གཉིད་བཙན་ཐབས་སུ་དཀྲོག་པ་བཞིན་དུ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ༔ འོད་ཟེར་ཚུར་འདུས་པ་དང་དུས་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་བཀྲག་གཟི་མདངས་ཐམས་ཅད་དང་༔ འབྱུང་བ་བཞིའི་དྭངས་བཅུད་དཔལ་ཡོན་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་འདུས་ཏེ་ཧཱུྃ་ལ་ཐིམ་པར་བསམ༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རིག་པ་རྒྱུའི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་གཡོན་དུང་ཁྲག་འཛིན་པ༔ སྐུ་གཅེར་བུ་གོས་རྒྱན་མེད་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་ཞབས་གཉིས་གྱད་ཀྱི་དོར་སྟབས་སུ་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ་བདག་གི་གནས་གསུམ་དུ་ཐིམ་པས་ནུས་སྟོབས་རབ་ཏུ་བསྐྱེད་པར་བསམ༔ དེ་ཉིད་གནས་སུ་གྱུར་པ་ལས་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཁྲོ་བོ་ཡོངས་ཀྱི་སྤྲུལ་གཞི་ཆེ་མཆོག་ཧེ་རུ་ཀ་ཆོས་དབྱིངས་སྤྲོས་བྲལ་འགྱུར་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག༔ ཆོས་སྐུ་ངོ་བོ་ཀ་དག་སྟོང་པ་མཚོན་པའི་དབུས་ཞལ་མཐིང་ནག༔ ལོངས་སྐུ་རང་བཞིན་ལྷུན་གྲུབ་གསལ་བ་མཚོན་པའི་གཡས་ཞལ་དཀར་བ༔ སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་མཚོན་པའི་གཡོན་ཞལ་དམར་ནག་ཏུ་འབར་བ༔ སྟོང་པའི་ཡེ་ཤེས་མཚོན་བྱེད་སྤྱན་དབུས་མ༔ གསལ་བའི་ཡེ་ཤེས་མཚོན་བྱེད་སྤྱན་གཡས་པ༔ ཀུན་ཁྱབ་ཡེ་ཤེས་ཀྱི་མཚོན་བྱེད་སྤྱན་གཡོན་པ་དང་༔ བདེན་གཉིས་མཚོན་པའི་སྙན་གཉིས༔ དོན་གཉིས་མཚོན་པའི་ཤངས༔ ལམ་དང་འབྲས་བུ་ཐམས་ཅད་མཚོན་པའི་ཁྲོ་གཉེར༔ མཉམ་ཉིད་བདེ་བ་ཆེན་པོ་མཚོན་པའི་ཞལ༔ འཁོར་འདས་མཉམ་པར་གྲོལ་བ་མཚོན་པའི་ལྗགས༔ ཁྲག་འཐུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས་པ་མཚོན་པའི་ཚེམས་ཕྲེང་གངས་རི་ལྟར་དཀར་བ༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ་བ་མཚོན་པའི་མཆེ་བ་བཞི་གཙིགས་པ༔ གདོད་ནས་འཁྲུལ་མི་ཤེས་པ་མཚོན་པའི་དབུ་སྐྲ་དམར་སེར་གྱེན་དུ་འབར་བ༔ མ་རིག་པའི་མུན་ཁམས་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱེད་པ་མཚོན་པའི་སྨིན་མར་གློག་སྟོང་འཁྱུག་པ༔ བདེ་སྟོང་ཡེ་ཤེས་ཀྱི་རྩལ་ཆེན་པོ་རབ་ཏུ་འབར་བ་མཚོན་པའི་སྨ་ར་དང་ཨག་ཚོམ་ལས་མེ་ཆེན་འབར་ཞིང་མེའི་ཚྭ་ཚྭ་འཕྲོ་བ༔ ཡེ་ཤེས་དྲུག་མཚོན་པའི་ཕྱག་དྲུག་གི་གཡས་ཀྱི་དང་པོ་ན་ཐེག་པ་རིམ་དགུ་དང་ས་དགུ་མཚོན་པའི་རྡོ་རྗེ་རྩེ་དགུ༔ བར་པ་ན་སྐུ་ལྔ་དང་ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ༔ ཐ་མ་ན་སྐུ་གསུམ་དང་ཡེ་ཤེས་གསུམ་མཚོན་པའི་རྡོ་རྗེ་རྩེ་གསུམ་བསྣམས་པ༔ གཡོན་གྱི་དང་པོ་ན་གཟུགས་མེད་པའི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་སྐམ་པོ་ཁྲག་གིས་བཀང་བ༔ བར་པ་ན་གཟུགས་ཁམས་ཀྱི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་ཤ་ར་རི་ཡོད་པ་ཁྲག་གིས་བཀང་བ༔ ཐ་མ་ན་འདོད་ཁམས་ཀྱི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་ལྕང་ལོ་ཅན་ཁྲག་གིས་བཀང་བ་བསྣམས་པ༔ རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་མཚོན་པའི་ཞབས་བཞི་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་༔ ཆོས་ཉིད་ཀྱི་དབྱིངས་སུ་ཐོགས་པ་མེད་པར་བགྲོད་པ་མཚོན་པའི་གཡས་གཡོན་དུ་རྡོ་རྗེ་རིན་ཆེན་འབར་བའི་ཁྱུང་གཤོག་བརྐྱང་བ༔ ཚོགས་ཡུལ་རྒྱན་དུ་ཤར་བ་མཚོན་པའི་དུར་ཁྲོད་དང་དཔལ་ཆས་རྫོགས་པ༔ མ་རིག་པའི་ལོག་རྟོག་ཡེ་ཤེས་ཆེན་པོས་བསྲེག་པ་མཚོན་པའི་མེ་དཔུང་བསྐལ་པ་འཇིག་པར་བྱེད་པའི་མེ་ལྟར་དུ་འབར་བའི་ཀློང་དུ་བཞེངས་པ༔ གཏི་མུག་ཤེས་རབ་ཏུ་རོལ་པ་མཚོན་པའི་བྱ་ཁྱུང་ནག་པོ་ཀླད་ན་ལྡིང་བ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་པ་མཚོན་པའི་ཀུན་བཟང་ཡབ་ཡུམ་རིགས་བདག་ཏུ་བཞུགས་པ༔ ཐབས་བདེ་བ་ཆེན་པོ་མཚོན་པའི་ཡབ་སྤྱི་དཔལ་ཧེ་རུ་ཀའི་རྣམ་རོལ་དུ་ཤར་བ་ལ༔ ཤེས་རབ་སྟོང་ཉིད་ཆེན་པོ་མཚོན་པའི་ཡུམ་གནམ་ཞལ་མ་མཐིང་སྐྱ་སྐུ་ལ་འཁྱུད་པ༔ གཡས་པས་དུག་གསུམ་གཅོད་བྱེད་ཀྱི་ཁ་ཊྭཱྃ་དང་༔ གཡོན་པས་ཁམས་གསུམ་ཁྲག་ཏུ་སྟོབ་པའི་ཐོད་ཁྲག་བསྣམས་པ༔ བདེ་སྟོང་ཟུང་དུ་འཇུག་པ་མཚོན་པའི་ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་༔ ཁམས་གསུམ་འཁོར་བའི་སྒོ་འཕར་གནོན་པ་མཚོན་པའི་གཡས་པ་རོའི་སྙིང་གར་མནན་པ༔ འདོད་ཆགས་རྒྱན་དུ་ཤར་བའི་རྟགས་སུ་མི་ལྤགས་ཀྱི་གཡང་གཞིས་སྟོད་གཡོགས་བྱས་ཤིང་༔ ཞེ་སྡང་རྒྱན་དུ་ཤར་བའི་རྟགས་སུ་སྦྲུལ་དང་མི་མགོའི་ཕྲེང་བས་སྤྲས་པ༔ གཏི་མུག་རྒྱན་དུ་ཤར་བའི་རྟགས་སུ་གཟིག་ཤམ་རློན་པ་སྨད་དུ་དཀྲིས་པ༔ སྲིད་གསུམ་ཐུགས་རྗེས་འཛིན་པའི་རྟགས་སུ་རལ་པ་ཁམ་ནག་སྐུ་རྒྱབ་ཏུ་གྲོལ་བ༔ བདེ་སྟོང་ཟུང་དུ་འཇུག་པ་མཚོན་པའི་རྡོ་རྗེ་པདྨོའི་ལྷུམས་སུ་ཞུགས་པའོ༔ དེ་ལ་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཤར་དུ་ཞེ་སྡང་རྡོ་རྗེ་དཀར་པོ༔ མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་ལྷོ་རུ་ང་རྒྱལ་རྡོ་རྗེ་སེར་པོ༔ སོར་རྟོག་ཡེ་ཤེས་ཀྱི་རང་གདངས་ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར་པོ༔ བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་བྱང་དུ་ཕྲག་དོག་རྡོ་རྗེ་ལྗང་ནག་ཏུ་ཤར་བའོ༔ དེ་ལྟར་ཡི་དམ་དཔལ་ཆེན་པོའི་སྤྱི་བོར་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་གི་ལྟེ་བར་ཨོཾ་དཀར་པོ་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་འོད་འབར་བ༔ མགྲིན་པར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿཡིག་དམར་པོ་ཉི་མ་འབུམ་ལས་ལྷག་པའི་འོད་འབར་བ༔ སྙིང་གར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་ལངས་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་རི་བོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་འོད་འབར་བ་རྣམས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུ་བདེ་བར་གཤེགས་པ་རིགས་ལྔའི་རྣམ་པར་བཞེངས་ཏེ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བུམ་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང་༔ ཉོན་ཤེས་ཀྱི་དྲི་མ་ཐམས་ཅད་སངས་ཀྱིས་དག་ཅིང་རྡོ་རྗེའི་སྙིང་པོ་གནས་གསུམ་དུ་ཞུགས་པས་རྡོ་རྗེ་གསུམ་གྱིས་རྒྱས་བཏབ༔ རྒྱལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ༔ ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བར་དབང་བསྐུར༔ ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་གཙོ་བོར་བཞུགས་པའི་རིགས་ལྔས་དབུ་བརྒྱན་པར་བསམ༔ སླར་ཡང་ལྷ་རྣམས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་འོད་ཕུང་དཀར་དམར་གྱི་རྣམ་པས་རང་ལ་ཐིམ་པས་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར་བའི་སྟོབས་ནུས་བསྐྱེད་པར་བསམ༔ རང་གི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་དབྱིངས་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རོལ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་བདག་དང་སྒྲུབ་རྫས་རྣམས་ལ་མཚོ་ཆེན་པོ་ལ་ཁ་བ་བབ་པ་ལྟར་གཉིས་སུ་མེད་པར་ཐིམ་པར་ཡང་ཡང་བསམ་པ་ནི་སྤྱན་འདྲེན༔ དེ་ནས་བདག་དང་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་བྱོན་ནས་བཞུགས་པའི་རྒྱལ་བ་ཐམས་ཅད་ལ་རང་རང་གི་ཐུགས་དང་མཐུན་པའི་གདན་ཕུལ་ཏེ་ཕུལ་མ་ཐག་ལྷ་རྣམས་བདག་མདུན་རྣམས་ལ་ཐིམ་ནས་རང་རང་གི་གདན་ལ་འཁོད་པར་བསམ་པ་བཞུགས་གསོལ༔ བདག་ཡི་དམ་ལྷར་གསལ་བའི་གནས་ཐམས་ཅད་ནས་ཞིང་གི་རྡུལ་སྙེད་དང་མཉམ་པའི་ཐ་མལ་གྱི་ལུས་ཅན་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་འཚལ་བའི་ལག་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་ལས་མཆོད་པའི་སྤྲིན་རྒྱ་མཚོ་སྤྲོས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ་བས་རྒྱུད་མཉེས་ཤིང་ཚིམ༔ དེ་དག་གི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་ཡི་དམ་ལྷའི་རོལ་པར་གྱུར་ཏེ་བདག་བསྐྱེད་ཀྱི་ཐུགས་ཀར་ཐིམ་པས་གཟི་བྱིན་ནུས་པ་བསྐྱེད་པར་བསམ་པ་ཕྱག་འཚལ༔ མཆོད་ཡོན་གྱིས་སྐུ་བསིལ་བ་དང་༔ ཞབས་བསིལ་གྱིས་ཞབས་བསིལ་བ༔ མེ་ཏོག་གདན་དུ་འབུལ་བ༔ བདུག་སྤོས་ཀྱིས་གནས་དྲི་བཟང་གིས་ཁྱབ་པར་བྱས༔ སྣང་གསལ་གྱིས་ཡིད་ཡུལ་དྭངས་གསལ་སྒྲིབ་གཡོགས་མེད་པར་བྱས༔ དྲི་ཆབ་ཀྱི་དྲི་བཟང་གིས་ཡོ་བྱད་ཐམས་ཅད་དང་སྐུ་ལ་ཁྱབ་པར་བྱས༔ ཞལ་ཟས་སྣ་ཚོགས་པས་ལྗགས་ཀྱི་དབང་པོ་ཚིམ་པར་བྱས༔ སྙན་པའི་རོལ་མོ་སྣ་ཚོགས་པའི་སྒྲས་ཐུགས་བདེ་སྟོང་གི་རོས་ཚིམ་པར་འབུལ་བ་དང་༔ གཟུགས་ཀྱི་ལྷ་མོས་གཟུགས་མཛེས་པ་ངོམས་པས་སྤྱན་ལ་མཉེས་པའི་མཆོད་པ་ཕུལ་ནས་སྤྱན་གྱི་དབང་པོ་ལ་ཐིམ༔ སྒྲའི་ལྷ་མོས་སྒྲ་སྙན་ཐོགས་པས་སྙན་ལ་མཉེས་པའི་མཆོད་པ་ཕུལ་ནས་སྙན་གྱི་དབང་པོ་ལ་ཐིམ༔ དྲིའི་ལྷ་མོས་དྲི་ཞིམ་ཐོགས་པས་ཤངས་ལ་མཉེས་པའི་མཆོད་པ་ཕུལ་ནས་ཤངས་ཀྱི་དབང་པོ་ལ་ཐིམ༔ རོའི་ལྷ་མོས་ཞལ་ཟས་སྣ་ཚོགས་ཐོགས་པས་ལྗགས་ལ་མཉེས་པའི་མཆོད་པ་ཕུལ་ནས་ལྗགས་ཀྱི་དབང་པོ་ལ་ཐིམ༔ རེག་བྱའི་ལྷ་མོས་ན་བཟའ་ཐོགས་པས་ལྷ་རྣམས་ཀྱི་སྐུ་ལ་མཉེས་པའི་མཆོད་པ་ཕུལ༔ སྐུའི་དབང་པོ་ལ་ཐིམ་པས་ཐུགས་བདེ་སྟོང་གི་རོས་ཚིམ་པར་བསམ་པ་རྣམས་ནི་ཕྱི་ནང་གི་མཆོད་པའོ༔ དུག་ལྔ་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཏེ་འབུལ་བ་དང་༔ སྣོད་བཅུད་གཏོར་མའི་རོལ་པར་བསྒྱུར་ཏེ་འབུལ་བ་དང་༔ འཁོར་བ་ཁྲག་གི་རྒྱ་མཚོར་བསྒྱུར་ཏེ་འབུལ་བ་དང་༔ སྣང་སྟོང་ཡབ་ཡུམ་སྦྱོར་བ་ཟག་མེད་བདེ་ཆེན་སྦྱོར་བའི་མཆོད་པ་དང་༔ ཡེ་ཡིན་ཆོས་ཉིད་ཐབས་ཀྱི་རྡོ་རྗེས་ཁམས་གསུམ་བདག་ལྟའི་རཱུ་ཏྲ་བདག་མེད་ཤེས་རབ་ཀྱི་དབྱིངས་སུ་བསྒྲལ་བའི་ཐ་མལ་གྱི་ཡུལ་སྣང་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་དུ་བསྒྱུར་ཏེ་ཕུལ་བས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་བློ་འདས་ཆེན་པོར་བཅོམ་པ་བསྒྲལ་བའི་མཆོད་པའོ༔ སླར་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ཐམས་ཅད་ཡིད་ལ་གསལ་ཏེ་ཆེ་བའི་ཡོན་ཏན་དྲན་པའི་སྒོ་ནས་རང་ལས་སྤྲུལ་པའི་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་ནམ་མཁའ་ལ་མཛེས་པའི་གར་བྱེད་ཅིང་ཕྱག་མཚན་རོལ་མོ་སྣ་ཚོགས་སྒྲོག་པ་དང་༔ ངག་ནས་སྙན་པའི་དབྱངས་ཀྱིས་བསྟོད་པ་གླུའི་མཆོད་པ་འབུལ་བར་བསམ་པ་བསྟོད་པའི་དམིགས་པ་སྟེ༔ མོས་བསྒོམ་ཙམ་དུའང་དེ་ཙམ་གྱི་དམིགས་པ་ནི་མེད་ཐབས་མེད་པ་ཡིན་ལ༔ འདི་ཙམ་ཡང་མེད་པས་སྒྲུབ་པ་བྱེད་པ་ནི་བྱ་དང་བྱིའུ་འུར་བ་ལྟ་བུ་ལས་དོན་མ་མཆིས་ཤིང་དངོས་གྲུབ་མི་འབྱུང་བ་ནི་དཔེར་ན་ཆུ་བསྲུབ་པ་ལས་མར་མི་འབྱུང་བ་ལྟ་བུའོ༔ དོན་དམ་པར་སྟོང་པ་ཉིད་ཀྱི་དོན་གཏན་ལ་དབབ་པས་སྟོང་པའི་རང་བཞིན་གཞིར་གནས་ཀྱི་ལྷ་མཆོག་ཀུན་ཏུ་བཟང་པོའི་རང་ངོ་འཕྲོད་པར་བྱེད་པའི་ཐབས་མཆོག་བླ་ན་མ་མཆིས་པ་ཉིད་དུ་འཁོར་བའི་སྣང་སེམས་ཐམས་ཅད་འཕོ་བར་བྱེད་པ་ཡིན་ཏེ༔ ཀུན་རྫོབ་ཏུ་དེའི་ཚུལ་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒོམ་ཞིང་གསལ་བར་བྱ་བ་ཡིན༔ སྔོན་ཆད་ལས་ཉོན་བག་ཆགས་ཀྱིས་བསྒྲིབ་ནས་གཞིར་གནས་ཀྱི་ལྷ་མངོན་དུ་མ་གྱུར་པ་བེམ་སྟོང་ལུང་མ་བསྟན་དུ་སོང་བ་ལ༔ ད་བདག་མེད་རྟོགས་པའི་ཤེས་རབ་ཀྱི་དབང་པོ་མངོན་དུ་བྱེད་པས་གསལ་སྟོང་འཛིན་པ་དང་བྲལ་བའི་ཡེ་ཤེས་མངོན་དུ་གྱུར་པ་དོན་དམ་པ༔ དམ་ཚིག་པ་བེམ་པོ་ལྟ་བུར་གསལ་བ་ལ་ཡེ་ཤེས་ཀྱི་ལྷ་དབྱིངས་ནས་སྤྱན་དྲངས་ཏེ་དབྱེར་མེད་དུ་བཞག་པ་ནི་ཀུན་རྫོབ་སྟེ༔ ཡུལ་ནས་ཡུལ་དུ་སྤྱན་འདྲེན་པ་དོན་ལ་མ་གྲུབ་ཀྱང་བློ་ཡིད་ཀྱིས་ཡོད་པར་བཞག་པ་ཙམ་མོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དེ་རྒྱུད་ལ་བརྟན་པར་བྱ་བ་དོན་དམ་པ༔ བཤམས་པའི་གདན་ལ་བཞུགས་པར་གསོལ་བས་ལྷ་རྣམས་འཁོད་པར་མོས་པ་ཀུན་རྫོབ༔ རང་སྣང་ཡེ་ཤེས་ཀྱི་རོལ་པ་མངོན་དུ་གྱུར་པ་ལ་ཡིད་ཆེས་པས་དགའ་བ་བསྐྱེད་པ་ནི་ལྟ་བ་མཇལ་བའི་ཕྱག་འཚལ་ཞེས་ཕྱག་འཚལ་མཁན་དང་ཕྱག་འཚལ་བའི་ཡུལ་ཐམས་ཅད་དུ་མ་རོ་གཅིག་ལས་ཐ་དད་མ་གྲུབ་པ་དོན་དམ་པ༔ ཀུན་རྫོབ་ཏུ་འཁོར་བའི་སྒོ་དང་བསྟུན་ཏེ་མི་རྗེ་རྒྱལ་པོ་སོགས་ལ་གུས་པས་འདུད་པར་བྱ་བའི་ཚུལ་དང་མཐུན་པར་གུས་ཕྱག་འཚལ་བ་ཀུན་རྫོབ༔ ཆོས་ཉིད་རྫོགས་པ་ཆེན་པོའི་གནས་ལུགས་མཐོང་ཚེ་སྣང་ཞིང་སྲིད་པའི་འདོད་ཡོན་ཐམས་ཅད་མ་བཤམ་རང་བྱུང་གི་མཆོད་པར་ཤེས་པ་དོན་དམ་པ༔ བཤམས་པའི་རྫས་སྒྱུ་མའི་རྫས་ལྟ་བུ་དང་༔ སྒྱུ་མའི་སྔགས་ལྟ་བུའི་སྤེལ་སྔགས་དང་༔ སྒྱུ་མའི་དམིགས་པ་ལྟ་བུའི་ཡིད་སྤྲུལ་དང་༔ ལྟད་མོ་མཁན་ལྟ་བུའི་ལྷར་སྣང་བཀོད་པའི་དབང་ཡུལ་དུ་སྒྱུ་འཕྲུལ་ལྟ་བུ་འདོད་རྒུར་འཕྲུལ་ཏེ་འབུལ་བ་ཀུན་རྫོབ༔ ཆོས་སྐུ་གཞིར་གནས་ཀྱི་ངང་ཚུལ་དང་ཡོན་ཏན་མཐོང་བ་ལ་ཤིན་ཏུ་ངོ་མཚར་བ་ནི་དོན་དམ་པ༔ མི་ཆེན་དང་རྒྱལ་པོ་སོགས་ལ་མངོན་པར་བསྟོད་ཅིང་བསྔགས་པ་བརྗོད་པའི་ཚུལ་བཞིན་ལྷའི་ཆེ་བའི་ཡོན་ཏན་ལ་བསྟོད་པ་ཀུན་རྫོབ་བོ༔ དོན་ལ་གཞིའི་ཆོས་སྐུ་རང་ལ་རྫོགས་པའི་ངང་ཚུལ་ཤེས་པ་རྫོགས་པ་ཆེན་པོའི་ལྟ་བའི་ངོ་བོ་ཡིན་ཏེ་རིག་པ་མངོན་བྱེད་ཀྱི་ངང་ལ་རྩེ་གཅིག་ཏུ་འཇོག་པ་གནད་ཀྱི་དམ་པར་བཟུང་བར་བྱའོ༔ དེ་ལྟར་ལྷ་གསལ་བ་ན་བདག་ལྷ་རུ་ཤེས་པས་ང་རྒྱལ་བརྟན་པར་བྱ་བ་ནི༔ སྔོན་ཆད་འཁོར་བར་འཁྱམས་ཚེ་སེམས་ཅན་གྱི་ལུས་སུ་སྣང་བ་ལ་བདག་ཏུ་འཛིན་པའི་ཤེས་པ་བག་ལ་ཉལ་བ་ང་རྒྱལ་ཡིན་ཏེ་སྣང་སེམས་ཐམས་ཅད་ཀྱི་བྱེད་པོ་དེའི་ཚུལ་དུ་བདག་ལུས་ལྷར་གསལ་བ་དང་༔ སེམས་ཅན་གྱི་ལུས་སྣང་ང་རུ་འཛིན་པའི་ཤེས་པ་གོ་མ་འགག་པ་དེ་ཀ་ལྷ་ཡིན་གྱི་ཤེས་པ་དང་གོ་བརྗེས་ཏེ་བདག་ལྷ་ཡིན་གྱི་ཤེས་པ་གོ་མ་འགག་པར་བསླབ་པ་ནི་ལྷའི་ང་རྒྱལ་བརྟན་པ་དང་ལྷའི་ཏིང་ངེ་འཛིན་ཞེས་བྱ་སྟེ༔ ལྷ་འགྲུབ་པར་བྱེད་པ་བདག་སྣང་ལྷ་རུ་འཕོ་བའི་གནད་འདི་དང་བྲལ་ན་ལྷ་ཇི་ལྟར་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ༔ འདི་ལྟར་ལྷའི་ང་རྒྱལ་ལ་བརྟན་པ་ཐོབ་ན་མཐར་རིག་པ་ངོ་འཕྲོད་པའི་དུས་སུ་རིག་པ་རང་ཐོག་ཏུ་བརྟན་པ་ཐོབ་ཟིན་པས་རྣམ་པར་གྲོལ་བའི་ས་ལ་འཕེན་པར་འགྱུར་བ་ཡིན༔ ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་ཡིད་ཡུལ་དུ་བཀྲ་ལམ་མེར་གསལ་ཏེ་གསལ་སྣང་ཐོན་པར་བྱ་བ་ལ་བསླབ་པ་ནི་མངོན་དུ་བྱེད་པ་ཡིན༔ རང་གི་ཕུང་ཁམས་སྐྱེ་མཆེད་ཕྱིའི་ཡུལ་སྣང་དང་བཅས་པ་ཡིད་རྣམ་པར་རྟོག་པའི་ཆོ་འཕྲུལ་གྱིས་གསལ་ཞིང་བརྟན་པར་སྣང་བ་བཞིན༔ ལྷའི་ཞིང་ཁམས་དང་ལྷ་ཉིད་གསལ་ཡང་ཡང་བཏབ་པས་གསོས་ཐེབས་ཏེ་ང་རྒྱལ་བརྟན་པོའི་གཞི་བཟུང་བ་ནི་ལྷ་འགྲུབ་པའི་གནད་ཀྱི་མཆོག་ཏུ་ཤེས་པར་བྱའོ༔ ཡ་ཀི་ཆོས་སྐུ་གདོད་མའི་མགོན་པོ་མན་ཆད་ནས༔ མ་ཀི་བདུད་དང་རཱུ་ཏྲ་ཡན་ཆད་ཐམས་ཅད་རང་སྣང་ལས་གཞན་དུ་གྲུབ་པ་གཅིག་ཀྱང་མེད་ངེས་པའི་ཐག་གཏིང་དཔོག་པར་ཆོད་པ་ནི་བསྐྱེད་རིམ་རང་རྒྱུད་པར་མི་གོལ་ཞིང་ལྷ་ཡེ་ཤེས་སུ་གྲུབ་པའི་གནད་ཟབ་ཁྱད་ཅན་ཡིན་ནོ༔ འཁོར་འདས་རང་སྣང་ལས་མི་གཞན་པའི་ངང་ཚུལ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་འདྲེ་སྲིན་ཐེའུ་རང་བསྒྲུབ་ཀྱང་ཀུན་ཏུ་བཟང་པོའི་སྤྲུལ་པ་ལས་མ་འདས་པས་ཡེ་ཤེས་པ་མ་གཏོགས་འཇིག་རྟེན་པ་གཅིག་ཀྱང་མེད་དེ་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་སངས་རྒྱས་པ་ཡིན་ནོ༔ དེ་ལྟར་མ་རྟོགས་པར་བདག་ལ་བདག་ཏུ་བཟུང་༔ གཞན་གཞན་དུ་བཟུང་༔ ལྷ་ལྷ་རུ་བཟུང་༔ འདྲེ་འདྲེ་རུ་བཟུང་བའི་གང་ཟག་རྣམས་ཀྱིས་ལྷ་ཞི་བ་བསྒྲུབ་ཀྱང་གཟུགས་ཁམས་ཀྱི་ལྷར་གོལ་བ་དང་༔ ཁྲོ་བོ་བསྒོམ་ཀྱང་བདུད་དང་སྲིན་པོར་གོལ་ཞིང་༔ ཡེ་ཤེས་པ་བསྒྲུབ་ཀྱང་འཇིག་རྟེན་པར་གོལ་བར་འགྱུར་ངེས་པའོ༔ ཅིའི་ཕྱིར་ན་མ་རིག་པའི་དབང་གིས་གཉིས་འཛིན་དུ་འཁྲུལ་པ་ཡིན་ཏེ༔ མ་རིག་པ་ནི་གཞིའི་ཡིན་ལུགས་མ་རིག་པ་ལ་བྱའོ༔ རིག་པ་ནི་གཞིའི་ཡིན་ལུགས་རིག་པ་ལ་བྱ་སྟེ༔ མ་རིག་པའི་དབང་གིས་ལྷ་བསྒྲུབ་ཚད་སེམས་ཅན་དུ་འགྲུབ་པས་འཇིག་རྟེན་པ་ཤ་སྟག་དང་༔ རིག་པའི་དབང་གིས་ལྷ་བསྒྲུབ་ཚད་ཐམས་ཅད་ཡེ་ཤེས་སུ་འགྲུབ་པ་ནི༔ འཁོར་འདས་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པ་ལས་མ་འདས་པར་རྟོགས་པས་ཐམས་ཅད་ཡེ་ཤེས་པ་ལས་འཇིག་རྟེན་པའི་དྲི་མ་ཙམ་ཡང་མི་འབྱུང་ངེས་པ་ཡིན་ནོ༔ དེ་ལྟར་ལྷར་གསལ་བའི་ཐུགས་ཀར་པདྨ་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་ཁ་དོག་ལྟ་བུའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ་སྟེ་ཧཱུྃ་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཧཱུྃ་གི་ཐིག་ལེ་དང་ནཱ་ད་ལ་ཤེས་པ་གཏད་དེ་བཟླ་བ་ནི་ལྷ་བསྙེན་པ་ཞེས་བྱ་བའོ༔ སྔགས་རྣམས་གདན་ལས་འཕགས་ཏེ་འཁོར་བར་དམིགས་ཏེ་བཟླ་བ་ལ་ཉེ་བསྙེན་ཅེས་བྱའོ༔ དེའི་དུས་སུ་འོད་ཟེར་རབ་ཏུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་ཐིམ་པར་ཡང་ཡང་བསམ་སྟེ་བཟླ་བ་དང་༔ ལྷ་ཧྲིལ་པོ་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཐུགས་ཀའི་སྔགས་འཁོར་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཧཱུྃ་ལ་ཤེས་པ་གཏད་པ་དང་༔ ཟླ་ཚེས་དང་ཐིག་ལེ་ནཱ་ད་ལ་ཤེས་པ་གཏད་པ་རྣམས་རེས་མོས་སུ་བྱའོ༔ རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུར་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་ཡང་ཡང་བསྟིམ་པ་ནི་ལྷ་ལ་གསོས་འདེབས་པ་སྟེ་བསྙེན་པའི་གནད་ཡིན་ནོ༔ གཞན་ཡང་བདག་མདུན་རྣམས་ཡབ་ཡུམ་ཞལ་གསང་བརྒྱུད་དེ་གྱི་ལི་ལི་འཁོར་བའི་འོད་ཟེར་གྱིས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པར་ཡང་ཡང་བསམ་པ་བསྒྲུབ་པའི་གནད་དེ་དཔེར་ན་ལོངས་སྤྱོད་དང་འབྱོར་པ་སྒྲུབ་ཅིང་བསགས་པ་ལྟ་བུར་མཚོན་པ་ཡིན༔ ཡང་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟ་བུར་སངས་ཀྱིས་དག་པར་བྱས་ནས༔ སྣང་བ་ཐམས་ཅད་ཞིང་ཁམས་དང་གཞལ་ཡས་ཁང་༔ སྲིད་པ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་བསྒྱུར་ཏེ་ཀུན་གྱི་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་འུར་དིར་དིར་དུ་སྒྲོགས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་གཡོ་ཞིང་འཕར་ལྷག་ལྷག་ཏུ་འགུལ་བར་བསམ་པ་ནི་སྒྲུབ་པ་ཆེན་པོའོ༔ དེ་ནས་ལས་སྦྱོར་ལ་རྣམ་གྲངས་མང་དུ་ཡོད་ཀྱང་ལས་བཞིའི་དམིགས་པ་ནི་འདི་ལྟ་སྟེ༔ སྔ་དྲོ་ཞི་བའི་དུས་སུ་བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་ཏེ་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ༔ དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་ཚུར་འདུས་ཏེ་བདག་དང་མདུན་བསྐྱེད་ལ་ཐིམ་པས་ཞི་བའི་དབང་དང་དངོས་གྲུབ་ནུས་མཐུ་ཐམས་ཅད་ཐོབ་པར་བསམ༔ སླར་ཡང་འོད་ཕུང་དཀར་པོ་དཔག་ཏུ་མེད་པ་འགྲོ་བ་རིགས་དྲུག་གི་གནས་སུ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་སྡུག་བསྔལ་ཐམས་ཅད་སངས་ཀྱིས་དག་ནས་ཡེ་ཤེས་ལྷའི་སྐུ་ཤ་སྟག་ཏུ་གྱུར་པར་བསྒོམ་པ་ཞི་བའི་དམིགས་པའོ༔ ཉིན་གུང་རྒྱས་པའི་དུས་སུ་འོད་ཟེར་གསེར་མདོག་དཔག་ཏུ་མེད་པ་འཕྲོས་པས་འབྱུང་བཞིའི་བཅུད་དང་དྭངས་མ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་དང་༔ ལྷ་དང་རིག་འཛིན་དྲང་སྲོང་གྲུབ་ཐོབ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་མཐུ་དང་ནུས་པ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་འདུས་ནས་རང་ལ་ཐིམ་པར་བསམ་པ་རྒྱས་པའི་དམིགས་པའོ༔ དགོང་མོ་དབང་གི་དུས་སུ་འོད་ཟེར་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འོད་དམར་གྱི་རྣམ་པར་བསྡུས་ཏེ་རང་ལ་བསྟིམ་པ་དང་༔ ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་སྐྱེ་འགྲོ་ཕོ་མོ་མི་དང་མི་མ་ཡིན་པ་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་དབང་དུ་བསྡུས་ཏེ་བདག་གི་མདུན་སར་འཁོད་པས་རང་ཉིད་དྲག་པོའི་གཟི་མདངས་མ་བཟོད་པར་ཐམས་ཅད་ཀྱི་དཔའ་ཟིལ་ནུས་པ་ཐམས་ཅད་ཆོམ་ནས་བྲན་དང་འབངས་སུ་ཁས་བླངས་དམ་བཅས་མནའ་བོར་སྲོག་སྙིང་ཁ་ནས་སྐྱུག་ཅིང་བདག་གི་རྐང་མཐིལ་དུ་ཐིམ་པར་བསམ༔ སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དམར་ནག་འཕྲོས་པས་དྲེགས་པ་ཅན་ཐམས་ཅད་ཀྱི་མགོ་གཙུག་ཏུ་དམ་ཚིག་གི་བཀའ་རྟགས་འདའ་མི་རུང་བའི་རྡོ་རྗེ་ཕྱེད་པ་རེ་རེ་བཞག་སྟེ་དམ་ལ་གནས་ཤིང་ཕྲིན་ལས་བསྒྲུབ་ན་འཇིགས་པའི་སྐྱབས་དང་དགོས་འདོད་འབྱུང་བའི་གཙུག་རྒྱན་དུ་འགྱུར་ཞིང་བཀའ་དང་དམ་ལས་འདས་པར་གྱུར་ན་གནམ་ལྕགས་ཀྱི་ཐོག་མདའ་རུ་གྱུར་ནས་མགོ་བོ་ཚལ་པར་འགེམ་ཞིང་ལྕགས་ཀྱི་སྡིག་པ་ནག་པོར་གྱུར་ཏེ་སྙིང་ཁྲག་རོལ་ཞིང་མནར་བར་བྱེད་པའི་རང་བཞིན་དུ་གྱུར་ནས་དམ་ཚིག་ལས་འདའ་བའི་གནས་མེད་པར་བདག་གི་ཕྲིན་ལས་བསྒྲུབ་པར་བསྒོམ་པ་དབང་གི་དམིགས་པའོ༔ སྲོད་དྲག་པོའི་དུས་སུ་རང་ཉིད་ལྷར་གསལ་བའི་སྐུ་ལས་སྤྲུལ་པའི་མཚོན་ཆ་ཐུན་རྫས་སྣ་ཚོགས་སེར་རླུང་འཚུབས་པ་ལྟར་འཕྲོས་པས་གཟུགས་ཅན་གཟུགས་མེད་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་དུ་བཏང་ནས་ཚལ་པ་དུམ་བུར་གཏུབ་སྟེ་ཁྲོ་ཆུང་དང་ལྕགས་སྡིག་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོས་པས་ཤ་ཁྲག་རུས་པའི་ཕུང་པོ་ལྷག་མེད་དུ་ཟོས༔ མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་གཏོར་ནས་རྗེས་ལྷག་ཙམ་ཡང་མེད་པར་བྱས༔ དེ་དག་གི་རྣམ་པར་ཤེས་པ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ་བར་བསམ་པ་དྲག་པོའི་དམིགས་པའོ༔ ཡང་བར་སྐབས་སུ་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་འཇའི་སྤྲིན་ཕུང་ལྟ་བུའི་རྣམ་པར་འདུས་ཏེ་རང་དང་སྒྲུབ་རྫས་ལ་ཐིམ་པར་ཡང་ཡང་བསམ་པ་དང་༔ བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀར་ཟུག་སྟེ་རང་དང་རྒྱལ་བ་ཐམས་ཅད་འོད་ཀྱི་ཟེར་ཐག་གིས་འབྲེལ་ཏེ་དེ་དག་གི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐམས་ཅད་བདག་གི་རྒྱུད་ལ་འཕོ་བར་བསྒོམ་ལ༔ ཤེས་པ་གཞན་དུ་མ་ཡེངས་ཤིང་མི་ཚིག་གིས་བར་མ་ཆོད་པར་སྔགས་བཟླ་བ་དང་༔ སྟན་གྱི་དྲོད་མ་ཡལ་བར་བསྒྲུབ་པ་ལ་བརྩོན་པར་བྱའོ༔ གཞན་ཡང་སྣང་བ་ཐམས་ཅད་ཡི་དམ་ལྷའི་རོལ་པ༔ སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་བཞིན༔ དྲན་རྟོག་ཐམས་ཅད་ཐུགས་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་བ་ནི་ཁྱེར་སོ་རྣམ་པ་གསུམ་སྟེ་མ་ཧཱ་ཡོ་གའི་ལམ་དུ་མེད་ཐབས་མེད་པའོ༔ དེ་དག་དོན་དམ་པར་རིག་པའི་ངང་བརྟན་པ་བསྙེན་པ་དང་༔ སྤྱོད་པས་བོགས་འདོན་པ་སྒྲུབ་པ་དང་ལས་སྦྱོར་གྱི་ངོ་བོ་ཡིན་ཏེ༔ དེའི་ཚུལ་དུ་བློ་ཡིད་ཀྱིས་དམིགས་པ་བསླབ་པ་ཀུན་རྫོབ་དང་དྲང་དོན་ཞེས་བྱ་བ་ཡིན་ནོ༔ འོད་ཟེར་སྤྲོ་བསྡུའི་བསྒྱུར་ཁ་ལ་མཁས་པ་ནི་སྒྲུབ་པའི་གནད་ཀྱི་ཡང་ཏིག་དམ་པ་ཡིན་པས་ཤེས་པར་བྱ་བའི་མཆོག་ཏུ་ཟུངས་ཤིག༔ འཁོར་འདས་སྟོང་ཉིད་ཆེན་པོར་གཏན་ལ་དབབ་པ་བུམ་དབང་༔ ལྷུན་གྲུབ་རིན་པོ་ཆེ་སྐུ་དང་ཡེ་ཤེས་རང་བྱུང་བའི་ངང་ཚུལ་ཤེས་པ་གསང་དབང་༔ རིག་པ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པ་ཤེར་དབང་༔ འབྲས་བུ་རང་ཐོག་ཏུ་དབང་བསྒྱུར་བ་ཚིག་དབང་ཞེས་བསྐུར་ཐོབ་བྲལ་བ་དོན་གྱི་དབང་བཞི་ནི་དེ་དག་ལ་བྱའོ༔ ཡང་ལུས་ལྷ་རུ་གསལ་བ་སྐུ་བུམ་པའི་དབང་དང་༔ ངག་སྔགས་སུ་བཟླས་པ་གསུང་གསང་བའི་དབང་དང་༔ ཡིད་ཡེ་ཤེས་ཀྱི་གདིང་དང་མི་འབྲལ་བ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་༔ ལྷ་དང་རང་སྣང་གཉིས་སུ་མེད་པར་རྟོགས་པ་ཚིག་དབང་སྟེ༔ དབང་བཞི་གཅིག་ཆར་དུ་རྫོགས་པ་དེ་ཀའོ༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཐམས་ཅད་ལ་བདེན་པར་ཞེན་ནས་སེམས་ཅན་འཁྲུལ་པ་ཡུལ་རང་རྒྱུད་པར་འཛིན་པའི་གཞན་སྣང་དེ་དག་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་གཏན་ལ་དབབ་པ་ནི་ཁམས་གསུམ་སྐུ་གསུང་ཐུགས་སུ་རོལ་པའི་ཚོགས་ཞེས་བྱའོ༔ བཤགས་པ་ལའང་དོན་དམ་མ་རིག་པ་ནི་སྡིག་པའམ་བག་ཆགས་ཞེས་བྱ་བ་དང་༔ གཞིའི་རང་ཞལ་བསྒྲིབ་པས་སྒྲིབ་པ་ཞེས་བྱ་སྟེ༔ དོན་ལ་སྡིག་སྒྲིབ་བག་ཆགས་ཞེས་བྱ་བ་རྡུལ་ཕྲན་ཙམ་ཡང་མ་མཆིས་པ་ཡིན་ནོ༔ དེ་བཤགས་པའི་ཐབས་གང་ཞེ་ན༔ བདག་མེད་རྣམ་པ་གཉིས་ཀྱི་དོན་གཏན་ལ་དབབ་ནས་གཞིའི་གནས་ལུགས་རྟོགས་པ་ནི་བཤགས་པ་དང་དག་པ་ཞེས་བྱ་སྟེ༔ དེའི་དོད་དུ་བློ་ཡིད་ཀྱིས་བཤགས་པ་དང་༔ རྒྱུ་ཟང་ཟིང་གིས་བཤགས་པ་དང་༔ ངག་སྒྲ་ཚིག་གིས་བཤགས་པ་ཞེས་ཆོས་བསྒྲུབ་པའི་གེགས་སུ་མི་འགྱུར་བའི་ཐབས་སུ་བར་པ་བཤགས་པ་ཞེས་སུ་བསྟན་པ་ཡིན༔ དེ་ལ་རང་ལུས་རྒྱལ་བའི་དཀྱིལ་འཁོར༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོ༔ ལག་སོར་རྣམས་མཆོད་ལྷར་དམིགས་ཏེ་བཟའ་བཏུང་ལམ་ཁྱེར་གྱི་ཚོགས་འཁོར་ལ་ཞུགས་པས་ཚོགས་རྫོགས་པ་དེ་ལས་ལྷག་པ་མེད་དོ༔ བསྒྲུབ་དུས་དང་ཉམས་རྟོག་སྐོང་བའི་ཚོགས་ཀྱི་མཆོད་པ་ལ་སྣང་སྲིད་འདོད་ཡོན་ཐམས་ཅད་མ་བཤམས་རང་བྱུང་གི་ཚོགས་སུ་ཤེས་ཏེ་འབུལ་བ་ནི༔ རང་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་རྃ་གཅིག་འཕྲོས་པ་ལས་མེ་འབར་ཏེ་དངོས་འཛིན་རྣམ་རྟོག་གི་བག་ཆགས་དྲི་མ་ཐམས་ཅད་བསྲེག༔ ཡྃ་འཕྲོས་པ་ལས་རླུང་གཡོས་ཏེ་མ་དག་པའི་འབག་རྩོག་དང་དྲི་མ་ཐམས་ཅད་གཏོར༔ ཁྃ་འཕྲོས་པ་ལས་ཆུ་བྱུང་བས་དངོས་པོ་སྟོང་ཉིད་དུ་བཤིགས་ནས་སྣོད་བཅུད་ཀྱི་དབྱིངས་དང་བསྲེས་ཏེ་བརྡལ་བར་བྱས༔ སླར་ཡང་དབྱིངས་ལས་ཨ་ཡིག་ཆད་པ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཕྱི་དཀར་ལ་ནང་དམར་བ་ཞིག་རླུང་མེ་ཐོད་སྒྱེད་ཀྱི་ཁར་གནས་པར་བསྒོམ༔ དེའི་ནང་གི་དབུས་དང་ཕྱོགས་བཞིར་ཁམས་གསུམ་སྣོད་བཅུད་ཐམས་ཅད་གནས་སུ་གྱུར་པ་ལས་དབུས་སུ་མི་ཤའི་རི་བོ༔ ཤར་དུ་གླང་པོ་ཆེའི་ཤའི་རི་བོ༔ ལྷོར་རྟ་ཤའི་རི་བོ༔ ནུབ་ཏུ་རྨ་བྱའི་ཤའི་རི་བོ༔ བྱང་དུ་ཤང་ཤང་གི་ཤའི་རི་བོ་རྣམས་རྒྱ་ཆེ་ལ་དཔངས་མཐོ་བ་སྣུམ་ལ་བརྗིད་པ་བཀྲག་མདངས་ནུས་བཅུད་དང་ལྡན་པར་གསལ༔ ཡང་དབུས་སུ་དྲི་ཆེན་གྱི་རི་བོ༔ ཤར་ལྷོར་དྲི་ཆུའི་རྒྱ་མཚོ༔ ལྷོ་ནུབ་ཏུ་གོ་རོ་ཙ་ན༔ ནུབ་བྱང་དུ་བྱང་སེམས་དཀར་དམར༔ བྱང་ཤར་དུ་ཁྲག་སྣའི་རྒྱ་མཚོ་རྣམས་འཁྱིལ་བར་བསྒོམ༔ ཨོཾ་དཀར་པོ་མི་ཤ་ལ་ཐིམ་པས་སྐུའི་བདུད་རྩི༔ ཧཱུྃ་མཐིང་ནག་ཤར་གྱི་ཤ་ཆེན་ལ་ཐིམ་པས་ཐུགས་ཀྱི་བདུད་རྩི༔ ཏྲཱྃ་སེར་པོ་ལྷོའི་ཤ་ཆེན་ལ་ཐིམ་པས་ཡོན་ཏན་གྱི་བདུད་རྩི༔ ཧྲཱིཿདམར་པོ་ནུབ་ཀྱི་ཤ་ཆེན་ལ་ཐིམ་པས་གསུང་གི་བདུད་རྩི༔ ཨ་ལྗང་གུ་བྱང་གི་ཤ་ཆེན་ལ་ཐིམ་པས་ཕྲིན་ལས་ཀྱི་བདུད་རྩིར་ཞུ་བའི་ཁ་དོག་དཀར་སྔོ་སེར་དམར་ལྗང་གུ་རྣམས་སུ་གྱུར༔ མཱུྃ་སྔོན་པོ་དྲི་ཆེན་ལ་ཐིམ༔ མཱྃ་དཀར་པོ་དྲི་ཆུ་ལ་ཐིམ༔ ལཱྃ་སེར་པོ་གོ་རོ་ཙ་ན་ལ་ཐིམ༔ པཱྃ་དམར་པོ་བྱང་སེམས་ལ་ཐིམ༔ ཏཱྃ་ལྗང་གུ་རཀྟ་ལ་ཐིམ་པས་ཡེ་ཤེས་ལྔའི་ནུས་བཅུད་དང་ལྡན་པ༔ འོག་ནས་ཡྃ་ལས་རླུང་གཡོས༔ རྃ་ལས་མེ་འབར་བས་ཐོད་པའི་བདུད་རྩི་རྣམས་མར་ཁུ་བཞིན་དུ་ཞུ་བ་ལས་རབ་ཏུ་ཁོལ་ཞིང་ལུད་པ་སྐུ་གསུམ་རྒྱལ་བའི་དབྱིངས་ཐམས་ཅད་ལ་ཁྱབ་པས་འོད་ཟེར་འཇའི་ཁ་དོག་ལྟ་བུ་དང་༔ རླངས་པ་ཡང་འཇའ་སྤྲིན་ལྟ་བུར་འཐིབས་པའི་ཀློང་ནས་འདོད་རྒུའི་དཔལ་ཡོན་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་མི་ཟད་པ་རྒྱན་གྱི་འཁོར་ལོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མ་ཆད་པར་འབྱུང་ཞིང་སྤེལ་བའི་ནུས་པ་དང་ལྡན་པར་བསྒོམ༔ བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་སྲུང་མར་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་སྦུབས་ནས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་དག་ནས་མཆོག་གི་དངོས་གྲུབ་འབད་མེད་དུ་ཐོབ་པར་བསམ༔ མཆོད་པ་གཞན་ཐམས་ཅད་ལའང་ངད་རླངས་འོད་ཀྱི་སྤྲིན་ཕུང་གི་ཀློང་ནས་མཆོད་རྫས་རྣམ་པ་སྣ་ཚོགས༔ རྟེན་རྫས་རྣམ་པ་སྣ་ཚོགས༔ སྒྲུབ་རྫས་རྣམ་པ་སྣ་ཚོགས༔ བསྐང་རྫས་རྣམ་པ་སྣ་ཚོགས་དང་༔ བཀའ་སྲུང་དང་གཞི་བདག་གི་རིགས་རྣམས་ལ་མཐུན་རྫས་རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་འདབ་ཆགས་སྡེར་ཆགས་རྨིག་ཆགས་ཀ་ཅ་དཀོར་ཆ་མཚོན་ཆ་རྒྱན་ཆ་བཟའ་བ་བཅའ་བ་བཏུང་བ་ལྡག་པ་གཞིབ་པ་འདོད་རྒུའི་དཔལ་ཡོན་ཐམས་ཅད་སའི་རྡུལ་བཞིན་དུ་འཕྱོ་ཞིང་བར་སྣང་གི་ན་བུན་ལྟར་འཐིབ་པ༔ ནམ་མཁར་སྤྲིན་ལྟར་གཏིབས་ཤིང་ས་གཞིར་སྦྲང་ཆར་བཞིན་དུ་འབབས་པའི་རང་བཞིན་ཅན་དུ་གསལ་ནས་འབུལ་བར་བྱའོ༔ བསྒྲལ་ལས་ལ་སྣང་སྲིད་འཁོར་འདས་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ལྟ་བའི་རྫོང་ཆེན་ཞེས་བྱ་བ་དང་༔ གཞིའི་ངང་མངོན་དུ་བྱེད་པ་ལས་མི་གཡོ་བ་ནི་བསྒོམ་པའི་འཕྲང་ཆེན་ཞེས་བྱ་བ་དང་༔ དམིགས་པའི་སྲོག་ཅེས་བྱ་བ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་དགྲ་བགེགས་ཀྱི་བླ་ཚེ་སྲོག་གི་རང་བཞིན་གང་ལ་བབ་པ་ཙམ་གྱིས་དགྲ་བོ་མི་འཆི་མི་སྲིད་པའི་རང་བཞིན་དུ་དམིགས་པ་ནི་གཞན་དུ་མི་འབྱམས་པའི་གནད་དང་༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པར་གསལ་བ་རྣམས་ཀྱིས་དགྲ་བོ་སྒྲོལ་བའི་ལས་ལ་བརྩོན་པར་དམིགས་པ་ནི་མི་ལྡོག་པའི་གནད་དང་༔ རང་ཉིད་དཔལ་ཆེན་པོར་གསལ་བ་ཡི་དམ་ལྷའི་ང་རྒྱལ་དང་མ་བྲལ་བ་དང་༔ ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ནི་མི་རྡུག་པའི་གནད་ཟབ་ཁྱད་ཅན་ཡིན༔ ཁྱད་པར་བྲུབ་ཁུང་ལས་ཀྱི་གཤིན་རྗེའི་བཤའ་ཁང་ནག་པོ་དུག་ལྔའི་ཡོ་ལངས་གཡོ་བ་ནང་དུ་ཚུད་པ་ཙམ་གྱིས་སྲིན་བུ་མེ་ནང་དུ་ལྷུང་བ་ལྟར་བྲོས་ཐར་མེད་པའི་ནང་དུ་ལིང་ག་དགྲ་བོ་དངོས་སུ་གསལ་བ་ནི༔ དཔེར་ན་ཚེ་འདས་གནས་ནས་འདྲེན་པའི་ཆོ་ག་དང་དགྲ་བོ་ཚེ་ལུང་ཁྲུས་ལུང་གནས་ལུང་གི་སྒོ་ནས་བསྒྲལ་བའི་ལས་གཉིས་ཀ་ཚུལ་མི་འདྲ་ཡང་དོན་མཚུངས་པ་ཡིན་ཏེ༔ བྲུབ་ཁུང་དུ་འཆིང་ཚུལ་རང་གི་མདུན་སར་འོད་ཀྱི་གུར་ཁང་སྒོ་དང་སྲུབ་མེད་པར་ཡར་གྱི་ཟང་ཐལ་ལས་ཡུལ་གནས་གཞན་དུ་འཆུག་ལམ་དང་འགྲོ་ས་མེད་པ་ཞིག་བསྒོམ་པའི་ནང་དུ་ལིང་གའི་དོད་དུ་མཚན་བྱང་གི་གཟུགས་བཞག་པ་ཚེ་འདས་དངོས་སུ་གསལ་བ་དེ་གཉིས་འདྲ་མཚུངས་པ་དང་༔ དགྲ་བོ་འགུགས་པར་བྱ་བ་ལ་རང་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པ་བསྐལ་པ་འཇིག་པའི་རླུང་ནག་འཚུབས་པ་ལྟར་འཕྲོས་པས༔ དགྲ་བགེགས་ཀྱི་ཚེ་བླ་སྲོག་གསུམ་རང་དབང་མེད་པར་བཀུག་ནས་ལིང་ག་དེ་ལ་ཆུ་ལ་ཆུ་ཐིམ་པ་ལྟ་བུར་གཉིས་མེད་དུ་གྱུར་པར་བསམ་པ་དང་༔ ཚེ་འདས་ཀྱི་རྣམ་པར་ཤེས་པ་ཡང་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཉ་མོ་ལྕགས་ཀྱུས་འཐེན་པ་ལྟར་བཀུག་ནས་མཚན་བྱང་ལ་ཡང་ཡང་བསྟིམ་པ་གཉིས་འདྲ་མཚུངས་པ་དང་༔ དགྲ་བོའི་བླ་ཚེ་སྲོག་གསུམ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་རྔུབ་པ་བཞིན་དུ་ཕུར་པའི་རྩེ་མོར་ནྲྀཿཡིག་གི་རྣམ་པར་འདུས་པ་རང་ཡི་དམ་གྱི་གདན་ཉི་ཟླའི་གོ་མཚམས་སུ་ཐིམ་པར་ཡང་ཡང་བསམ་པ་དང་༔ ཡང་ཕུར་པའི་ཁོང་གསེང་ནས་ཡར་དྲངས་ཏེ་ཆངས་བཟུང་ནང་དུ་ཧེ་རུ་ཀ་ཡབ་ཡུམ་བཞུགས་པའི་ཐུགས་ཀར་ཐིམ་པའི་ནུས་སྟོབས་སྐྱེད་པར་བསམ་པ་ཚེ་ལུང་སྟེ༔ དེ་དང་མཐུན་པར་ཚེ་འདས་ཀྱི་གནས་དྲུག་ཏུ་འགྲོ་བ་རིགས་དྲུག་གི་ས་བོན་ཡིག་འབྲུ་དྲུག་གི་རྣམ་པར་གནས་པ་ལ་གནས་དྲུག་གི་སྣང་བ་མཆེད་པར་བྱས་ཏེ་རང་ཉིད་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་མེའི་རྣམ་པར་འཕྲོས་པས་རིམ་པ་བཞིན་དུ་བསྲེགས་ཤིང་སྣང་བ་གནས་སུ་བསྒྱུར་བ་ནི་རིགས་དྲུག་གི་ཚེ་ལུང་ཞེས་བྱའོ༔ དོན་དམ་པར་རིག་པའི་ཡེ་ཤེས་མངོན་དུ་བྱེད་པ་བདག་གསོ་བ་སྟེ༔ དེའི་དོད་དུ་རང་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས་ཏེ་འཁོར་འདས་ཀྱི་དབྱིངས་ཐམས་ཅད་ལྟེམ་གྱིས་གང་ནས་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཁམས་ཁམས་གསུམ་སྣོད་བཅུད་དང་བཅས་པ་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བའམ་ག་བུར་རླུང་ལ་དེངས་པ་བཞིན་དུ་ཧཱུྃ་ཡིག་རྣམས་ལ་ཐིམ་ནས་ཐམས་ཅད་ཚུར་འདུས་ཏེ་རང་ལ་ཐིམ་པས་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོར་གྱུར་པར་བསྒོམ་པ་ནི་བདག་གསོ་བའོ༔ ཕུར་བུ་གསོ་བ་ལའང་དོན་དམ་པར་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་མངོན་དུ་བྱས་ཏེ་གདིང་རང་ཐོག་ཏུ་འཛིན་པ་ལ་བྱ་སྟེ༔ དེའི་དོད་དུ་ཀུན་རྫོབ་ལའང་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ལས་ཕུར་པའི་ཚྭ་ཚྭ་མེ་ལས་མེ་སྟག་མཆེད་པ་ལྟར་འཕྲོས་ཏེ་འཁོར་འདས་ཐམས་ཅད་ཡོངས་སུ་ཁེངས་ནས་གོང་བཞིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལན་ཚྭ་ཆུར་ཞུ་བ་བཞིན་དུ་ཚུར་འདུས་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ལ་ཐིམ་པས་འཁོར་འདས་ཐམས་ཅད་ཀྱི་མཐུ་དང་ནུས་སྟོབས་རྩལ་ཤུགས་ཐམས་ཅད་འདུས་ཤིང་རྫོགས་པར་དམིགས་པ་ནི་ཀུན་རྫོབ་ཀྱི་ལམ་མོ༔ རཱུ་ཏྲ་གསོ་བ་ནི་དོན་དམ་པར་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཕྱི་ནང་གསང་གསུམ་གྱི་རཱུ་ཏྲ་ཉིད་ལས་མ་འདས་པ་ལ་དེ་ལྐོག་གྱུར་མ་རིག་པའི་དབང་དུ་གྱུར་པ་ཉིད་དཔྱོད་བྱེད་ཀྱི་ཤེས་རབ་ཆེན་པོས་གཏན་ལ་ཕབ་སྟེ་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བ་སྟེ༔ དེའི་དོད་དུ་ལིང་ག་དགྲ་བགེགས་དངོས་སུ་གསལ་བ་ལས་འོད་ནག་པོ་འཕྲོས་ཏེ་དགྲ་བགེགས་ཐམས་ཅད་ཀྱི་བླ་ཚེ་སྲོག་གསུམ་བསོད་ནམས་ལོངས་སྤྱོད་དང་བཅས་པ་ཆུའི་ཐིག་པ་ལ་ལྕགས་སྲེགས་ཀྱི་དབལ་བཏབ་པ་བཞིན་དུ་འོད་དང་འདྲེས་པར་བསྡུས་ཏེ་ལིང་ག་ལ་ཐིམ་པར་བསམ་པ་སྟེ་གསོ་བ་རྣམ་གསུམ་མེད་ཐབས་མེད་པའོ༔ དེ་ནས་བསྒྲལ་བ་དངོས་ལ་ཕུར་བུའི་དབལ་གྱི་རྩེ་མོས་དགྲ་བོའི་ཕུང་ཁམས་སྐྱེ་མཆེད་དཀྲུག་པ་ཙམ་གྱིས་འོ་མ་ལས་མར་ཐོན་པ་བཞིན་དུ་དགྲ་བོའི་བླའི་ངོ་བོ་ནྲྀ་ཡིག་དཀར་པོ་འོད་དང་བཅས་པ་ཞིག་ཏུ་གྱུར་ཏེ་ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན་དུ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་རྐྱལ་པ་ཞོས་གང་བ་ལྟར་ཕུར་པ་ངང་མེར་གྱིས་གང་བར་བསམ༔ སླར་ཡང་ཕུང་ཁམས་སྐྱེ་མཆེད་དཀྲུག་པ་ཙམ་གྱིས་ཚེ་བསོད་ནམས་ཀྱི་ངོ་བོ་ནྲྀ་ལྗང་གུ་འོད་དང་ལྡན་པ་ཞིག་ཏུ་གྱུར་ཏེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་དྲི་མ་དང་ཉེས་སྐྱོན་ཐམས་ཅད་ཁོང་གསེང་ནས་སྦྱངས་ཏེ་སྤྱི་བོ་ནས་བྱུང་རང་ལ་ཐིམ་པར་བསམ་པ་དང༔ སླར་ཡང་ཕུར་པའི་རྩེ་མོ་ནས་འོད་ཟེར་དཀར་པོ་འཕྲོས་པས་དགྲ་བགེགས་ཀྱི་རྒྱུད་ཀྱི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་སངས་ཀྱིས་དག་པར་དམིགས་པ་ནི་ཁྲུས་ལུང་ཞེས་བྱ་སྟེ༔ དེ་དང་མཚུངས་པར་བུམ་པའི་ཆུ་དཀྱིལ་འཁོར་ལྷའི་བྱིན་རླབས་ཀྱི་བདུད་རྩིས་རིམ་པ་བཞིན་དུ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ས་བོན་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པར་བྱ་བའང་ཁྲུས་ལུང་ཞེས་བྱ་བ་ཡིན༔ ཡང་བསྒྲལ་བ་དངོས་ཀྱི་དུས་སུ་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་བཏབ་པའི་དུས་སུ་དགྲ་བགེགས་ཀྱི་རྣམ་པར་ཤེས་པ་སྦུབས་ཆུས་འདྲེན་པ་བཞིན་དུ་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་ཅན་ཞིག་ཏུ་གྱུར་པ་ཕུར་པའི་ཁོང་གསེང་ནས་ཡར་དྲངས་པའི་ཚེ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཤེལ་དཀར་གྱི་དྲི་མ་ཕྱིས་པ་ལྟར་སངས་ཀྱིས་དག་པར་བྱས་ཏེ་རྒྱ་མདུད་འོག་མ་ནས་སྤྲུལ་པའི་སྐུའི་དགོངས་པ་རྒྱུད་ལ་འཕོས༔ ཆངས་བཟུང་ནས་ལོངས་སྐུའི་དགོངས་པ་རྒྱུད་ལ་འཕོས༔ རྒྱ་མདུད་གོང་མ་ནས་ཆོས་སྐུའི་དགོངས་པ་རྒྱུད་ལ་འཕོས༔ མདུན་བསྐྱེད་ལྷའི་ཐུགས་ཀར་ཐིམ་པས་སྐུ་བཞི་ཡེ་ཤེས་ལྔའི་དགོངས་ཀློང་དུ་སངས་རྒྱས་པར་བསམ་པ་གནས་ནས་སྤར་བ་གནས་ལུང་གི་ཆོ་ག་ཡིན་ནོ༔ དེ་དང་མཚུངས་པར་ཚེ་འདས་གནས་ནས་འདྲེན་པ་ལའང་རིགས་དྲུག་གི་སྣང་བ་སྐད་ཅིག་ཙམ་དུ་ཤར་བའི་གནས་ངན་འཁོར་བའི་བག་ཆགས་ལས་ཉོན་ཐམས་ཅད་གཉིད་བཙན་ཐབས་ཀྱིས་དཀྲོག་པ་ལྟར་སངས་ཀྱིས་དག་ནས་སྤྲུལ་སྐུའི་ཞིང་སྣང་མཆེད་དེ་ཕཊ་དང་པོས་སྤྲུལ་སྐུའི་དགོངས་པར་འཕོས༔ གཉིས་པས་ལོངས་སྐུའི་དགོངས་པར་འཕོས༔ གསུམ་པས་ཆོས་སྐུའི་དགོངས་པར་འཕོས་པས་རྣམ་པར་དག་པའི་ཞིང་ཁམས་ཀྱི་སྣང་བ་ཚད་དུ་ཕེབས༔ ངོ་ཤེས་གདིང་ཐོབ་རྩལ་རྫོགས་བརྟན་པ་ཐོབ་པར་དམིགས་པ་ནི་གནས་ལུང་གི་ཆོ་ག་ཞེས་བྱའོ༔ མཐར་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཤ་ཁྲག་གི་རྣམ་པར་གྱུར་པ་ཡི་དམ་ལྷའི་ཞལ་དུ་བསྟབས་པས་འཁོར་བའི་ལྷག་མ་དབྱིངས་སུ་སྡུད་པ་དང་༔ ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་མིང་བྱང་གི་རྣམ་པར་གནས་པ་ལ་ཡེ་ཤེས་ཀྱི་མེ་སྤར་བས་འཁོར་བའི་ལྷག་མ་ཡེ་ཤེས་ལྔ་རུ་སྡུད་པ་ཡིན་པས་འདྲ་མཚུངས་པ་ཡིན༔ དེ་ལྟར་དམིགས་པའི་སྲོག་དང་ལྡན་ན་བསྒྲལ་ནས་འདྲེན་པའི་ལས་ཐམས་ཅད་ངེས་པར་འགྲུབ་པ་ཡིན༔ རྫོང་འཕྲང་སྲོག་གསུམ་གྱི་གནད་དང་མི་ལྡན་ན་དྲག་པོའི་ལས་གང་བྱས་ཀྱང་བྱིས་པའི་རྩེད་མོ་ལྟ་བུའི་ཕྱོགས་སུ་ངེས་པ་ལས་དོན་རྣམས་འགྲུབ་པར་འགྱུར་བ་མ་ཡིན་ནོ༔ དོན་དམ་པར་སྟོང་པ་ཉིད་ཀྱི་བྲུབ་ཁུང་ཆེན་པོར་སྣོད་བཅུད་གཉིས་འཛིན་གྱི་རཱུ་ཏྲ་གནས་པ་བདག་མེད་རྟོགས་པའི་ཤེས་རབ་རྣོ་མཚོན་ལྟ་བུས་བདག་མེད་ཡུལ་མེད་དུ་བསྒྲལ་ནས་རིག་པའི་ཡེ་ཤེས་མངོན་དུ་གྱུར་པ་སྐུ་གསུམ་གྱི་དགོངས་པར་སད་ནས་རྣམ་པར་གྲོལ་བའི་ས་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་གཤེགས་ཏེ་འཁོར་བའི་ལྷག་མ་དབྱིངས་སུ་སྡུད་པའོ༔ མ་དག་པ་འཁོར་བ་ངན་སོང་གི་རྒྱུ་དང་བླ་ཚེ་བདག་འཛིན་ཡིན་པས་བདག་མེད་རྟོགས་པ་འཁོར་བའི་ཚེ་ལུང་དང་༔ ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉོན་ཤེས་ཀྱི་དྲི་མ་དབྱིངས་སུ་སྦྱང་བ་སྒྲིབ་གཉིས་བག་ཆགས་བཀྲུ་བའི་ཁྲུས་ལུང་སྟེ༔ ཀུན་རྫོབ་ཏུ་བསྒྲལ་ལས་བསྟན་པས་བསྒྲལ་ནུས་པའང་དགྲ་བགེགས་ཐམས་ཅད་རང་སྣང་འཁྲུལ་པ་རྣམ་པར་རྟོག་པའི་ཆོ་འཕྲུལ་ཡིན་ལ༔ བསྒྲལ་བ་ཡང་རྣམ་རྟོག་གི་སྣང་བ་ཡིན་པས་བསྒྲལ་ནུས་པ་དེའི་དོན་ཡིན་ཏེ༔ བསྒྲལ་བ་ཡང་སྒྲོལ་བར་སྣང་བ་ཙམ་མོ༔ འགུགས་པ་ཡང་སྣང་བ་རང་དབང་བསྒྱུར་བའི་ཚུལ་དུ་བསྟན་པ་ཡིན༔ བཅིངས་པ་ནི་དོན་དམ་པར་རིག་པའི་ཆིངས་ཀྱིས་བཅིངས་པ་ཡིན༔ ཀུན་རྫོབ་ཏུ་བདག་མདུན་གྱི་ཐུགས་ཀའི་འོད་དམར་བྱད་ཐག་གི་རྣམ་པར་འཕྲོས་ནས་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ལུས་ངག་ཡིད་གསུམ་ཀུན་ནས་དཀྲིས་ཤིང་དམ་དུ་བཅིངས་ཏེ་འཕར་ལྡང་འགུལ་བསྐྱོད་ཀྱི་རྩལ་ཤུགས་མཐུ་ནུས་ཐམས་ཅད་བསྡམ་ཞིང་གཅུན་ཏེ་རོ་ཐང་ལ་འཕང་བ་ལྟར་སོང་བར་དམིགས་པ་ཡིན་ནོ༔ ལྷ་དབྱེ་བ་ལ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མ་རིག་པའི་བག་ཆགས་གཉིས་འདྲེས་པ་སོ་སོར་དབྱེ་བ་ཡེ་ཤེས་མངོན་དུ་བྱེད་པའི་ཚུལ་ནི་དོན་དམ་པ་དང་༔ ཀུན་རྫོབ་ཏུ་བྲུབ་ཁུང་གི་སྟེང་དུ་སྒྲོ་གཉིས་ཀ་ལ་ཕྲ་མེན་འུག་པའི་གདོང་ཅན་དང་༔ བྱ་རོག་གི་གདོང་པ་ཅན་བུད་མེད་ཀྱི་ལུས་ལ་གཤོག་པ་དང་བྱ་སྤུ་སྐྱེས་པ༔ དགྲ་བགེགས་ཀྱི་ལྷ་རྣམས་མྱོས་ཤིང་བརྒྱལ་བར་བྱེད་པའི་དྲི་ངན་འཕྲོ་ཞིང་སྐྲོད་པར་བྱེད་པ་དེ་གཉིས་ཀྱིས་རང་སྐད་སྒྲོགས་བཞིན་བྲུབ་ཁུང་གི་ཁར་འཛིང་འཐབ་ཀྱི་གཤོག་རླབས་གཡོབ་པའི་རྐྱེན་གྱིས་དགྲ་བོ་མགོན་སྐྱོབ་བྱེད་པའི་ལྷ་སྲུང་ཐམས་ཅད་སྨྱོ་འབོག་བརྒྱལ་ནས་དགྲ་རྣམས་ཤུལ་དུ་བོར་ཏེ་འབྲོས་སུ་ཡོད་པའི་ཕྱི་ནས་ཕྲ་མེན་མ་གཉིས་ལས་རང་འདྲ་བའི་ཕྲ་མེན་མ་འཇིགས་སུ་རུང་བ་དཔག་ཏུ་མེད་པ་འཕྲོས་ཏེ་སྡེར་མོས་བྲད༔ གཤོགས་པས་གཡབ༔ མཆུས་བཅད་ཅིང་ཟ་བཞིན་དུ་མཐའི་རྒྱ་མཚོའི་ཕ་མཐའ་གླིང་བར་མུན་པའི་སྨག་རུམ་དང་རི་རབ་ཀྱི་ཟོམ་དུ་བསྐྲད་དེ་ཕྱིར་མི་ལྡོག་པར་མགོ་རྨོངས་པར་བསམ་ལ་སྔགས་བཟླ་བཞིན་སྒྲོས་གཡབ་ཅིང་རྫས་ཀྱིས་བདུག་པར་བྱ་བ་རྣམས་ནི་རྫས་སྔགས་ཏིང་ངེ་འཛིན་གྱིས་བསྐྲད་པ་ཡིན་ནོ༔ དོན་དམ་པར་སྨྱོར་གཞུག་པ་ནི་ལས་ཉོན་བག་ཆགས་སངས་པའི་སྔ་ཐོག་ཏུ་བདེ་རྩུབ་ཀྱི་ཉམས་སློང་བའི་ཚུལ་དུ་བསྟན་པ་ཡིན༔ ཀུན་རྫོབ་ཏུ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་རླུང་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཁ་དོག་ནག་པོའི་རྣམ་པར་དགྲ་བགེགས་ཀྱི་སྲིན་ལག་རྩེ་ནས་ཞུགས་ཏེ་སྲོག་རྩའི་ནང་དུ་སོང་ཞིང་གཡོ་བའི་སྟོབས་ཀྱིས་རབ་ཏུ་སྨྱོ་ཞིང་འབོག་པར་བསམ་པ་ནི་དམིགས་པ་ཏིང་ངེ་འཛིན་གྱི་གནད་ཡིན༔ ཛྭ་ལ་པ་ཡ་ཞེས་སོགས་དྲག་པོའི་སྔགས་ཀྱི་གནད་དང་སྨྱོ་བྲུན་གྱིས་བདུག་པ་རྫས་ཀྱི་གནད་ཡིན་ནོ༔ གཏུན་དུ་བརྡུང་བའང་དོན་དམ་པར་ཐབས་ཤེས་གཉིས་སུ་མེད་པའི་སྟོབས་ཤུགས་ཆེན་པོས་བདག་ལྟའི་རཱུ་ཏྲ་ཡུལ་མེད་དུ་སྒྲོལ་བའི་ཚུལ་དུ་བསྟན་པ་ཡིན༔ ཀུན་རྫོབ་ཏུ་གཏུན་ཁྲོ་མོ་རོལ་བྱེད་ནག་མོའི་མཁའ་གསང་དུ་དགྲ་བགེགས་ཀྱི་གཟུགས་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྡུས་ཏེ་ཐབས་མཆོག་ཁྲོ་བོ་འཐག་བྱེད་འབར་བའི་རྡོ་རྗེའི་གཏུན་བུས་བརྡུངས་པས་རྡུལ་ཕྲན་ཕྱེ་མར་འཐག་པར་བསམ་པ་དམིགས་པ་ཏིང་ངེ་འཛིན་དང་༔ གཏུན་དང་གཏུན་བུ་རྫས་དང་༔ ཏ་ཐ་ཡ་སོགས་སྔགས་ཀྱི་གནད་དུ་ཤེས་སོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་རང་ཐོག་ཏུ་རང་ས་བཟུང་བས་སྐུ་བཞི་ཡེ་ཤེས་ལྔའི་དངོས་གྲུབ་འབད་མེད་དུ་ཐོབ་པ་དོན་དམ་པ་དང་༔ རྫས་ལ་བརྟེན་ནས་དངོས་གྲུབ་ལམ་ཁྱེར་བྱེད་པ་ནི་ཐབས་དང་རྟེན་འབྲེལ་དུ་བསྟན་པ་ཡིན༔ དོན་ལ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ལ་རང་དབང་བསྒྱུར་ཡང་ད་དུང་འཁོར་བའི་སྣང་སེམས་ལྷག་མར་གནས་པ་དེ་གདིང་ཐོབ་དང་རྩལ་རྫོགས་ཀྱིས་ཆོས་ཉིད་དུ་དེངས་པར་བྱ་བ་དང་༔ ཀུན་རྫོབ་ཏུ་ཚོགས་ཀྱི་ལྷག་མ་ལྷག་སྐྱོང་སྒྱུ་འཕྲུལ་གྱི་མགྲོན་ལ་ཕུལ་བ་ནི་ཐབས་དང་རྟེན་འབྲེལ་ཙམ་དུ་བསྟན་པའོ༔ དུག་གསུམ་ལས་ཉོན་གྱི་ཕུང་པོ་རྟོག་ཚོགས་རང་གྲོལ་གྱི་སྟོབས་ཤུགས་ཀྱིས་གཞོམ་པ་ལྟར་དགྲ་བགེགས་གཏོར་མ་ལ་བཀུག་ནས་དམིགས་པའི་འཕྲུལ་འཁོར་གྱིས་བཤིག་པས་ཚེ་བསོད་ནམས་རང་ལ་བསྟིམ་པ་དང་༔ རྣམ་པར་ཤེས་པ་ཡི་དམ་གཙོ་བོའི་ཐུགས་ཀར་བསྟིམ་པ་དང་༔ ཤ་ཁྲག་རུས་གསུམ་བདུད་རྩིར་བསྒྱུར་ཏེ་བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་ཧབ་ཐོབ་ཏུ་རོལ་ནས་ལས་ལ་ཉན་པར་དམིགས་པ་ཀུན་རྫོབ་ཏུ་བསྟན་པ་ཡིན༔ རྟེན་འབྲེལ་ལུགས་སུ་འབྱུང་བའི་སྲིད་པ་རིག་སྟོང་ཆོས་ཉིད་ཀྱི་རོལ་པར་ལུགས་སུ་ལྡོག་པའི་རྟེན་འབྲེལ་བཅུ་གཉིས་སྟོང་པའི་ཆ་བཅུ་གཉིས་རྟོགས་པའི་ཡུམ་ཆེན་ཆོས་སྐུའི་དབྱིངས་མངོན་དུ་གྱུར་པ་ནི་དོན་དམ་པ་དང་༔ གཏོར་མ་ཟག་མེད་བདུད་རྩི་འདོད་རྒུ་འཆར་བའི་གནས་སུ་གསལ་བ་མ་མོ་བརྟན་མའི་ཚོགས་ལ་འབུལ་ཞིང་བསྟན་པ་སྲུང་བའི་ཕྲིན་ལས་བཅོལ་བར་བྱ་བ་ཀུན་རྫོབ་བོ༔ བསྟན་པ་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཀྱི་ཁུང་དུ་གྱུར་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཡིན་ནོ༔ འཁོར་འདས་སྟོང་ཉིད་མཉམ་པ་ཉིད་ཀྱི་བྲུབ་ཁུང་དུ་ལོག་རྟོག་མི་སྲུན་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་བྲུབ་ནས་ཡེ་ཤེས་རོལ་པའི་སྟོབས་ཤུགས་ཀྱིས་ཟིལ་གྱིས་གནོན་པ་དོན་དམ་པ་དང་༔ འོག་གཞི་ལས་རླུང་ནག་པོའི་མཁའ་རུ་འཆི་བདག་ལས་ཀྱི་གཤིན་རྗེའི་ལྟོ་བའི་གྲུ་གསུམ་ལྕགས་ཁང་འབར་བའི་ཁ་ཧར་གྱིས་ཕྱེས་པར་བསམ་ལ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་སྤྲུལ་པ་དཔག་ཏུ་མེད་པས་དམ་སྲི་སྒབ་འདྲེ་ཐམས་ཅད་སྤུ་ཤད་རླུང་གིས་དེད་པ་ལྟར་སྐད་ཅིག་རང་དབང་མེད་པར་བཀུག་སྟེ་བྲུབ་ཁུང་གི་ནང་དུ་འཕང་མ་ཐག་ཏུ་ཁ་ཐག་གིས་རུབ་ནས་བྲོས་ཤིང་ཤོར་བའི་ཡུལ་མེད་པར་གྱུར་ཏེ་བདེ་བའི་ངང་དུ་བརྒྱལ་ནས་བསྐལ་པ་བརྒྱ་རུ་རྣམ་པར་རྟོག་པ་རྒྱུད་ལ་མི་སྐྱེ་བར་གནས་པ་ལ༔ རྒྱལ་བ་རྣམས་ཀྱི་སྤྲུལ་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས་བྲོ་བརྡུང་པས་ཉོན་མོངས་པའི་རྩུབ་རགས་ཐམས་ཅད་བཅོམ་ནས་འཕར་ལྡང་མེད་པར་བསམ་པ་ཀུན་རྫོབ་བོ༔ དོན་དམ་པར་དགེ་བ་བྱེད་མ་མྱོང་བ་དང་༔ བསྔོ་བའི་ཡུལ་མ་གྲུབ་པ་དང་༔ བསྔོ་བའི་མཁན་པོ་བདག་ཀྱང་མ་གྲུབ་པ་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་རོལ་པར་རོ་གཅིག་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་རང་བྱུང་ལྷུན་གྲུབ་ཏུ་རྫོགས་པའི་ངང་ལ་ཡན་པར་བཞག་པ་ལས་བསྔོ་བ་མ་གྲུབ་པའོ༔ ཀུན་རྫོབ་ཏུ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཏེ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་ཇི་ལྟར་བསྔོས་པ་དང་བསྔོ་བར་འགྱུར་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཕྱོགས་རིས་དང་སྔ་ཕྱི་མེད་པར་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་བསྔོ་བར་བྱའོ༔ སྨོན་ལམ་ཡང་དོན་ལ་རང་བྱུང་གདོད་མའི་མགོན་པོའི་གོ་འཕང་ལ་རང་དབང་བསྒྱུར་བ་ལས་སྨོན་པའི་ཡུལ་མ་གྲུབ་པ་ལ༔ ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་ལམ་གདབ་པར་བྱ་བའོ༔ དོན་དམ་པར་ཆོས་ཉིད་ཀ་དག་མཉམ་ཉིད་ཆེན་པོ་ཞི་བ་བསིལ་བ་དྭངས་པ་རྙོག་པ་དང་བྲལ་བ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ནི་བཀྲ་ཤིས་ཀྱི་ངོ་བོ་ཡིན་ཏེ༔ དེ་དང་མཐུན་པར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་མཛེས་པའི་ཆ་ལུགས་སུ་བཞེངས་ཏེ༔ ནམ་མཁའ་ལ་བཀྲ་ཤིས་པའི་གར་བྱེད་ཅིང་གསུང་ཚངས་པའི་དབྱངས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་༔ ཐུགས་སེམས་ཅན་ཐམས་ཅད་ལ་བརྩེ་བས་ཕན་བདེའི་དཔལ་སྟེར་བར་དགོངས་ཏེ༔ ཕྱག་ནས་བཀྲ་ཤིས་མཛེས་པའི་མེ་ཏོག་སྣ་ཚོགས་པའི་ཆར་འབེབས་པར་བསྒོམ་པ་ནི་ཀུན་རྫོབ་ཐབས་ཀྱི་རང་བཞིན་དུ་བསྟན་པ་ཡིན༔ དོན་དམ་པར་འཁོར་འདས་འུབ་ཆུབ་ཏུ་རོལ་པར་ཆོས་སྐུ་མཚན་མ་དང་བྲལ་བ་ལ་སྤྲོ་བསྡུ་མ་གྲུབ་པ་ལས༔ ཀུན་རྫོབ་ཏུ་བསྐྱེད་རིམ་རང་རྒྱུད་དུ་མི་གོལ་བ་དང་༔ རྟག་པར་ལྟ་བའི་མཐའ་བསལ་བ་དང་༔ དམིགས་བྱ་མཚན་མའི་བསྐྱེད་རིམ་གྱིས་དམིགས་མེད་ཀ་དག་སྤྲོས་བྲལ་གྱི་དགོངས་པ་མངོན་དུ་གྱུར་བའི་ཐབས་དང་༔ ཁམས་གསུམ་གྱི་འཁོར་བ་སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པའི་ཐབས་སུ་བསྟན་པ་ཡིན་ཏེ༔ སྔར་རྒྱུའི་ཡི་གེ་ལས་དག་པ་ཡེ་ཤེས་ཀྱི་ལྷར་སྣང་ལུགས་སུ་འབྱུང་བ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ལུགས་སུ་ལྡོག་པར་བྱ་བའམ༔ ཡང་ན་ཞིང་ཁམས་ཀྱི་བཀོད་པ་ཐམས་ཅད་གཞལ་ཡས་ཁང་ལ་བསྡུ༔ གཞལ་ཡས་ཁང་ལྷ་ཚོགས་ལ་བསྡུ༔ ལྷ་ཚོགས་ཐམས་ཅད་གཙོ་བོའི་དབྱིངས་སུ་བསྡུ༔ གཙོ་བོ་སྔགས་འཁོར་ལ་བསྡུ༔ སྔགས་འཁོར་ཧཱུྃ་ལ་བསྡུ༔ ཧཱུྃ་ཟླ་ཚེས་ལ༔ ཟླ་ཚེས་ཐིག་ལེ༔ ཐིག་ལེ་ནཱ་ད་ལ་ཐིམ་ནས་ནཱ་ད་ཆོས་དབྱིངས་སུ་བསྡུས་ཏེ་ཁྱབ་གདལ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པས་མཉམ་བཞག་གི་ལྷ་དབྱིངས་སུ་བསྡུ་བའོ༔ དོན་དམ་པར་རང་རིག་གདོད་ནས་ཡེ་ཤེས་ལྷའི་རོལ་པ་ལས་བསྐྱེད་དང་བསྒོམ་དུ་མེད་པ་ཡིན་ཏེ༔ དེའི་ཚུལ་དུ་རང་ཉིད་སྐད་ཅིག་གིས་ཆོས་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ནས་དཔེར་ན་ནམ་མཁར་འཇའ་ཚོན་མེད་པ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་དང་༔ ཆུ་ལ་ཆུ་ལྦུར་མེད་པ་ལ་ཆུ་ལྦུར་འཕྲལ་དུ་ཤར་བ་ལྟར་སྟོང་པ་ཉིད་ཀྱི་དབྱིངས་ལས་སྐད་ཅིག་དེ་ཉིད་ལ་རང་ཉིད་ཡེ་ཤེས་ལྷ་ཚོགས་གང་ཡིན་པ་དེའི་སྐུར་ལམ་གྱིས་གསལ་བའི་གནས་གསུམ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཡི་གེ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྣམ་པར་ཚུར་འདུས་པ་ལས་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གསོལ་བས་ཅིས་ཀྱང་མི་ཆོད་མི་ཤིགས་པའི་རང་བཞིན་ཅན་དུ་གྱུར་པར་བསྒོམ་སྟེ་ལྷའི་ང་རྒྱལ་དང་མི་འབྲལ་བ་ནི་ཀུན་རྫོབ་ཐབས་ཀྱི་ལམ་ཞེས་བྱའོ༔ དོན་དམ་པར་ལྷ་ལ་བསྐུལ་བ་དང་འགྲོ་འོང་མེད་པར་གཞི་དབྱིངས་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པར་རང་བྱུང་བའི་རང་ཞལ་མངོན་དུ་བྱས་ཏེ་མ་རིག་པའི་རྣམ་པར་རྟོག་པ་ཡུལ་མེད་དུ་གཏོང་བ་སྟེ༔ ལར་དགྲ་བགེགས་ཐམས་ཅད་རང་སེམས་རྣམ་པར་རྟོག་པའི་ཆོ་འཕྲུལ་ལས་གཞན་དུ་མ་གྲུབ་པ་ལ་རྣམ་རྟོག་གིས་བཟོས་པའི་ལྷ་ཞིག་གིས་སྒྲོལ་བའི་སྣང་བ་འཆར་བ་ཡིན༔ དཔེར་ན་ནད་ཀྱི་གཉེན་པོར་སེམས་པའི་རྩྭ་དང་ཤིང་ཏོག་ས་རྡོ་ཤ་ཁྲག་སྣ་ཚོགས་ཀྱི་ཕྱེ་མ་བསྡུས་ཏེ་སྟེར་མཁན་གྱིས་ཀྱང་ཕན་པར་སེམས་པ་དང་༔ ཟ་མཁན་ནད་ཀྱིས་གདུང་བ་དེས་ཀྱང་ཕན་ངེས་སུ་ཐེ་མི་ཚོམ་པར་སེམས་པ་དང་༔ གཉིས་ཀས་ཐག་ཆོད་པས་ངེས་པར་ཕན་པའི་སྣང་བ་འཆར་བ་ལྟ་བུའོ༔ ཀུན་རྫོབ་ཏུ་དགྲ་དང་བགེགས་ཀྱིས་འཚེ་བ་ལ་དོགས་པ་སྐྱེས་པའི་རྐྱེན་གྱིས་སྣང་བ་དགྲ་རུ་ལངས་པའི་དགྲ་བགེགས་ཤར་བ་ལ་བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཆོས་ཀྱི་དབྱིངས་ནས་གཟུགས་སྐུ་འཇིགས་པའི་ཆ་ལུགས་སུ་བཞེངས་ནས་མཚོན་ཆ་ཐུན་རྫས་རྣམས་ཀྱིས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་འགུག་ཅིང་སྒྲོལ་བའི་ལས་ལ་བརྩོན་པ་ནི་དཔེར་ན་མི་ཤ་དགྲ་ལ་འབེབས་པའི་དམག་དཔུང་འགྱེད་ནས་ཆས་པ་ལྟར་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་དགྲ་བགེགས་རང་དབང་མེད་པར་རི་དྭགས་གོ་རར་བཙུད་པ་ལྟར་མཐའ་ནས་བསྐོར་ཏེ་བསད་བཅད་ཀྱི་ལས་ལ་བརྩོན་པར་བསམ་པ་དཔེར་ན་རྒྱལ་པོས་དམག་འདྲེན་པ་ལྟར་བསྐུལ་བ་དང་༔ ཕོག་གཏད་པ་ལྟར་གཏོར་མ་ཤ་ཁྲག་གི་རི་དང་རྒྱ་མཚོ་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་པ་བསྔོ་བའོ༔ བཟློག་པ་ལའང་དོན་དམ་པར་ཉོན་མོངས་པའི་དགྲ་བགེགས་ཐམས་ཅད་ཆོས་ཉིད་ཡུལ་མེད་ཟང་ཐལ་གྱི་རོལ་པར་བཟློག་པ་ནི་རིག་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ་བྱ་སྟེ༔ དེའི་ཚུལ་དང་མཐུན་པར་བདག་མདུན་གྱི་ཐུགས་ཀ་དང་གནས་ཐམས་ཅད་ནས་མེ་དཔུང་དྲི་ངན་ཁྲོ་ཚོགས་ལྕགས་སྡིག་མཚོན་ཆ་ཐུན་རྫས་སྣ་ཚོགས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ལ་གོ་མཚམས་མེད་པར་འཕྲོས་པས་དགྲ་བགེགས་ཐམས་ཅད་ཁྲོ་ཚོགས་དང་ལས་མཁན་རྣམས་ཀྱིས་བསྒྲལ༔ མཚོན་ཆ་སྣ་ཚོགས་ཀྱིས་གཏུབ༔ བྱ་ཁྱུང་དང་ལྕགས་སྡིག་མང་པོས་ཟོས་པའི་ལྷག་མ་མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་གཏོར་ནས་རྣམ་པར་ཤེས་པ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་པ་ཀུན་རྫོབ་ཐབས་ཀྱི་ལམ་དུ་བསྟན་པའོ༔ དོན་དམ་པར་ཇི་ལྟ་ཇི་སྙེད་ཀྱི་ཤེས་རབ་དང་༔ ཡེ་ཤེས་ཆེན་པོ་བསྐལ་པ་དུས་མཐའི་མེ་ལྟ་བུས་སེམས་དང་སེམས་བྱུང་དང་བཅས་པ་ཐམས་ཅད་བུད་ཤིང་མེ་ལ་བསྲེག་པ་བཞིན་དུ་གློ་བུར་གྱི་དྲི་མ་མཐའ་དག་རིག་པ་རྒྱུ་འབྲས་ལས་འདས་པའི་ངང་དུ་བསྲེགས་པ་ལ་དཔེ་བྱས་ཏེ་དེའི་ཚུལ་བསྟན་པ་ལ༔ དང་པོ་བྷྲཱུྃ་ཡོངས་སུ་གྱུར་པ་ལས་དབུས་སུ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་མཐིང་ནག༔ ཤར་དུ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་དཀར་པོ༔ ལྷོར་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་སེར་པོ༔ ནུབ་ཏུ་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་དམར་པོ༔ བྱང་དུ་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་ལྗང་ནག་རབ་ཏུ་འབར་བ༔ དེ་ཡང་ཞི་བ་ལ་ཟླུམ་པོ༔ རྒྱས་པ་ལ་གྲུ་བཞི༔ དབང་ལ་ཟླ་གམ༔ དྲག་པོ་ལ་གྲུ་གསུམ༔ ལྷུན་གྲུབ་ལ་ཟུར་བརྒྱད་དུ་བསྒོམ་པའོ༔ ཞི་བ་ལ་མེའི་གཞལ་ཡས་ཁང་དཀར་པོ༔ རྒྱས་པ་ལ་སེར་པོ༔ དབང་ལ་དམར་པོ༔ དྲག་པོ་ལ་ལྗང་གུའམ་སྔོ་ལྗང་༔ ལྷུན་གྲུབ་ལ་མཐིང་ནག་གམ་ཁྲ་བོར་བསྒོམ་པ་དང་༔ དེ་དག་གང་ལའང་ངོ་བོ་ཡེ་ཤེས༔ རྣམ་པ་གཞལ་ཡས་ཁང་༔ རང་བཞིན་མེ་ལྕེ་རུ་ཤེས་པར་བྱའོ༔ དེའི་དབུས་སུ་ཞི་བའི་དུས་སྔ་དྲོར་ལྷ་ཚོགས་དཀར་པོ༔ རྒྱས་པའི་དུས་ཉིན་གུང་དུ་ལྷ་ཚོགས་སེར་པོ༔ དབང་གི་དུས་སུ་དགོང་མོར་ལྷ་ཚོགས་དམར་པོ༔ དྲག་པོའི་དུས་སྲོད་ལ་ལྷ་ཚོགས་ལྗང་གུའི་རང་བཞིན་དུ་བསྒོམ་པར་བྱ་བ་ཡིན༔ ཞི་བ་ལ་བསྲེག་རྫས་ཐམས་ཅད་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་རྫས་ཀྱི་ཚུལ་དུ་བསྒོམ་ལ་ཞལ་དུ་བསྟབས་པས༔ ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམ་ནས་སྐུ་ལས་འོད་ཟེར་ཁ་དོག་དཀར་པོའི་རྣམ་པར་འཕྲོས་པས་རང་དང་དམིགས་བྱའི་རྒྱུད་ཀྱི་ནད་གདོན་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་མ་ཕོག་པ་ལྟར་སངས་ཀྱིས་དག་ནས་ལྷག་མ་ཙམ་ཡང་མེད་པར་ཡང་ཡང་བསྒོམ་པ་ནི་ཞི་བའི་དམིགས་པའོ༔ རྒྱས་པ་ལ་ལྷ་ཚོགས་ཐམས་ཅད་བཀྲ་ལམ་མེར་གསལ་བ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལྷག་པའི་ལྷ་དེའི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པར་བསམ༔ བསྲེག་རྫས་ཐམས་ཅད་ངོ་བོ་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དཔག་མེད་རྣམ་པ་བསྲེག་རྫས་སོ་སོའི་རང་བཞིན་དུ་བསྒོམ་སྟེ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པས་ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་གཟི་བརྗིད་མཐུ་སྟོབས་ནུས་པ་ཐམས་ཅད་རབ་ཏུ་རྒྱས་ཤིང་འབར་བའི་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་བྱང་སེམས་བླ་མ་ཡི་དམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པའི་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཐུགས་རྗེ་བྱིན་རླབས་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་དང་༔ སྣང་སྲིད་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཁམས་གསུམ་སེམས་ཅན་ཐམས་ཅད་དང་བཅས་པའི་ཚེ་བསོད་བཀྲག་མདངས་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ཏེ་རང་དང་དམིགས་བྱ་ལ་ཐིམ་པས་ཚེ་བསོད་དཔལ་ཡོན་དབང་བྱིན་དངོས་གྲུབ་མཐུ་སྟོབས་ནུས་པ་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་ཡང་ཡང་བསམ་པ་དང་༔ མདུན་བསྐྱེད་ལྷའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཀྱང་འོད་ཕུང་སེར་པོའི་རྣམ་པར་རང་ལ་ཐིམ་པས་ཚེ་བསོད་དཔལ་ཡོན་མཐུ་སྟོབས་ནུས་རྩལ་རབ་ཏུ་རྒྱས་ཤིང་བརྟན་པར་བསམ་པའོ༔ དབང་ལའང་བསྲེག་རྫས་ཐམས་ཅད་རྣམ་པ་རྫས་སོ་སོའི་རོལ་པ་ལ་ངོ་བོ་བདེ་སྟོང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་དུ་འཁྱིལ་བ་མཐོང་བ་ཙམ་གྱིས་ངོམས་པ་དང་༔ རེག་པ་ཙམ་གྱིས་ཚིམ་པ་དང་༔ མྱོང་བ་ཙམ་གྱིས་གྲོལ་བའི་ནུས་པ་དང་ལྡན་པ་དེ་ཉིད་ཡེ་ཤེས་ལྷའི་ཞལ་དུ་བསྟབས་པ་ཙམ་གྱིས་ཐུགས་བདེ་སྟོང་ཡེ་ཤེས་ཀྱིས་རོས་མྱོས་ཏེ་སྐུའི་བཀྲག་མདངས་གཟི་བརྗིད་མཐུ་ནུས་སྟོབས་རྩལ་ཆེན་པོ་རབ་ཏུ་འབར་བས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་༔ བཀའ་སྲུང་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཐམས་ཅད་ཀྱི་མཐུ་ནུས་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་འཁོར་འདས་གཉིས་ལ་དབང་བསྒྱུར་བའི་ནུས་སྟོབས་དང་ལྡན་པར་བསམ་པ་དང་༔ གཞན་ཡང་མདུན་བསྐྱེད་ལྷའི་ཐུགས་རྗེ་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པས་རང་ལ་ཐིམ་པ་དང་༔ བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་དང་ཞགས་པའི་དབྱིབས་ལྟར་དཔག་ཏུ་མེད་པ་འཕྲོས་པས༔ ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་གནོད་སྦྱིན་ནོར་ལྷ་གཏེར་བདག་རྣམས་ཀྱི་ལོངས་སྤྱོད་བང་མཛོད་གནས་མལ་དང་བཅས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ་མདུན་སར་འཁོད་པ་ལས༔ རང་དང་མདུན་བསྐྱེད་ཀྱི་ལྷའི་སྐུའི་གཟི་མདངས་དཔའ་ཟིལ་མི་བཟོད་པར་བྲན་དུ་ཁས་བླངས༔ ལས་ཀྱི་གཉེར་བླངས༔ གཏན་གྱི་འབངས་སུ་མཆི་བར་དམ་བཅས་མནའ་བོར་བཀའ་རྟགས་རྡོ་རྗེ་གཙུག་ཏུ་ཤར༔ དམ་ཚིག་གཉན་པོའི་སྲོག་ཐོབ་ནས་འདོད་རྒུ་ལོངས་སྤྱོད་ཀྱི་ཆར་ཆེན་པོ་རྒྱུན་མི་ཆད་པར་ཕབ་ནས་རང་གནས་སུ་སོང་བར་བསམ་པ་སོགས་དབང་གི་དམིགས་པའི་བསྒྱུར་ཁ་ལ་མཁས་པར་བྱའོ༔ དྲག་པོའི་དུས་སུ་བསྲེག་རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་བླ་ཚེ་སྲོག་གསུམ་འདུས་པའི་ངོ་བོར་དམིགས་ཏེ་འགུགས་གཞུག་ནན་དུ་བྱེད་ཅིང་མཐར་དགང་གཟར་གྱིས་བཅུས་ཚེ་དགྲ་བོ་དེའི་བླ་ཚེ་གཟུགས་ཕུང་སྲོག་དབུགས་དང་བཅས་པ་ཐམས་ཅད་འབྲས་བུ་ཕུལ་གྱིས་བཅུས་པ་ལྟར་དགང་གཟར་གྱིས་བླངས་ཏེ་མེ་དཀྱིལ་དུ་བསྒོམ་པའི་ལྷ་རྣམས་ཀྱི་ཞལ་དུ་རྐང་མཐིལ་སྐྱ་ལྷག་གེར་རྡེའུ་དོང་དུ་འཕང་པ་ལྟར་ཐིམ་པར་ཡང་ཡང་བསམ་པ་དང་༔ གཤིན་པོ་སྲོག་གཅོད་ངན་པའི་དབང་དུ་གྱུར་པའང་རཱུ་པ་དང་རྣམ་ཤེས་དབྱེར་མེད་པ་ཡི་དམ་ལྷའི་ཞལ་དུ་ཐིམ་པར་བསམ་སྟེ་སྲེག་བླུགས་གྲངས་བསྐྱར་ཏེ་དམིགས་པ་གནད་དང་ལྡན་པས་ཕུལ་ན་འདྲེ་གདོན་གྱི་རིགས་སུ་མི་སྐྱེ་བའི་གནད་ཡོད་ཅིང་༔ གཞན་པ་རྣམས་ལ་ཞི་བའི་དམིགས་པ་བྱས་ཏེ་ཚེ་འདས་ཀྱི་བླ་ཡིད་ཡི་དམ་ལྷའི་དབྱིངས་སུ་བསྡུ་བ་གནད་དུ་ཤེས་པར་བྱའོ༔ དེ་ལྟར་ཡང་ཡང་སྲེག་བླུགས་བྱས་པས་ཕྲིན་ལས་རྣམ་བཞི་འགྲུབ་པའི་དགོས་པ་ཡོད་དེ་ཀུན་རྫོབ་ཏུ་བསྟན་པ་ཡིན་ནོ༔ རང་ལུས་ལྷའི་གཞལ་ཡས་སུ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཏིལ་གྱི་གོང་བུ་ཕྱུར་བ་ལྟར་གང་བར་བསམ་སྟེ་ལག་པ་དགང་གཟར་བླུགས་ཀྱིས་བཟའ་བཏུང་ཐམས་ཅད་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རོལ་པར་ཕུལ་བ་བཟའ་བཏུང་ལམ་ཁྱེར་གྱི་སྲེག་བླུགས་བླ་ན་མེད་པ་ཡིན༔ དོན་དམ་པར་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཡེ་ཤེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་རྟོགས་ཏེ་མངོན་དུ་བྱེད་པ་སྐུ་བུམ་པའི་དབང་༔ ལྷུན་གྲུབ་རིན་པོ་ཆེའི་དབྱིངས་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་མངོན་དུ་བྱེད་པ་གསུང་གསང་བའི་དབང་༔ ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་མངོན་དུ་བྱེད་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང༔ སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་རྫོགས་པ་མངོན་དུ་བྱེད་པ་བཞི་པ་ཚིག་གི་དབང་ངམ་མཆོག་གི་དངོས་གྲུབ་བླ་ན་མེད་པ་ཡིན་ནོ༔ དེའི་ཚུལ་དུ་མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཀྱི་སྐུའི་དབྱིངས་ནས་འོད་ཕུང་དཀར་པོ་ཨོཾ་གྱིས་མཚན་པ་ཅན་འཕྲོས་པ་རང་གི་སྤྱི་བོ་ནས་ལུས་ལ་ཞུགས་པས་ལུས་སྐུ་རྡོ་རྗེ་འགྱུར་བ་མེད་པའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་རྣམ་པར་སྨིན་པའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ གསུང་གསང་བའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོ་ཨཱཿཡིས་མཚན་པ་ཅན་མགྲིན་པ་ནས་ངག་ལ་ཐིམ་པས་ངག་གསུང་རྡོ་རྗེ་འགགས་པ་མེད་པར་བྱིན་གྱིས་བརླབས་ཏེ་ཚེ་ལ་དབང་བའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་མཐིང་ནག་ཧཱུྃ་གིས་མཚན་པ་ཅན་སྙིང་གར་ཐིམ་པས་ཡིད་ཐུགས་རྡོ་རྗེ་འཁྲུལ་པ་མེད་པར་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ སླར་ཡང་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་སྤྲིན་འཁྲིགས་པ་ལྟ་བུའི་རྣམ་པར་རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་ཏེ་ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ མདོར་ན་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཡོངས་སུ་རྫོགས་པ་ཐོབ་པར་བསྒོམ་པ་ནི་ཀུན་རྫོབ་ཏུ་བསྟན་པའོ༔ དེ་ལྟར་བསྐྱེད་རིམ་ཐབས་ཀྱི་ལམ་བསྟན་པ་དེ་དག་ཐམས་ཅད་དོན་དམ་པར་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཉིད་ལ་རང་བྱུང་རང་ཆས་སུ་རྫོགས་པ་ཡིན་ནོ༔ བསྐྱེད་རིམ་ཐབས་ལམ་ལུས་ངག་གི་སྤྱོད་ཡུལ་ཐམས་ཅད་ཆོས་སྐུ་གཞིར་གནས་ཀྱི་རིག་པའི་ཉག་ཕྲན་རེ་ལ་དཔེ་བླངས་ནས་དེའི་ཚུལ་བྱ་བྱེད་བློ་ཡིད་ཀྱིས་སྤྱོད་ཡུལ་དུ་བསྟན་པ་ཙམ་མ་གཏོགས་ཡང་དག་པ་མ་ཡིན་པའི་ཚུལ་ཤེས་པར་བྱའོ༔ སྔོན་ཆད་མ་ཤེས་པའི་དབང་གིས་གཞིའི་ཡོན་ཏན་ཕན་མེད་གནོད་མེད་ལུང་མ་བསྟན་དུ་སོང་བ་ཡིན༔ འདི་ལྟར་རྫོགས་པའི་ངང་ཚུལ་ཤེས་ན་རྫོགས་པ་མངོན་དུ་བྱས་པ་ཡིན་པས་རྫོགས་པ་ཆེན་པོའི་ཐེག་པར་ངེས་པའི་ཁྱད་ཆོས་བླ་ན་མེད་པ་ཉིད་ཡིན་ནོ༔ བསྐྱེད་རིམ་ཐབས་ཀྱི་ཆ་ཤེས་རབ་ཀྱི་དབྱིངས་སུ་རིག་པས་ཐབས་ཤེས་འབྲེལ་བ་ལྟོ་སྦྱོར་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མ་མཆིས་པའོ༔ གཞན་ཡང་མ་དག་པའི་སྒོ་གསུམ་དག་པ་ཡེ་ཤེས་རྡོ་རྗེ་གསུམ་གྱི་གྲོང་དུ་འཕོ་བའི་ཐབས་ནི༔ དོན་དམ་པར་ལུས་མེད་ནམ་མཁའ་རྣམ་པར་དག་པ་རྒྱལ་བ་ཐམས་ཅད་ཀྱི་གསང་བ་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབྱིངས་གང་ཟག་བློ་ཆུང་བ་དག་གིས་མི་འཆུན་པས་དེའི་ཚུལ་དང་མཐུན་པར་ཉམས་སུ་བླངས་པས་མཐར་ངོ་བོའི་དབྱིངས་སུ་གྲོལ་བར་བྱེད་པ་སྟེ༔ རང་གི་ལུས་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཡས་གྲི་གུག་འབར་བས་ཁམས་གསུམ་ཐམས་ཅད་དབང་དུ་སྡུད་ཅིང་༔ གཡོན་པས་ཐོད་པ་མཚན་ལྡན་བསྣམས་པས་ཁམས་གསུམ་སྐུ་གསུང་ཐུགས་ཀྱི་བདུད་རྩིར་རོལ་པར་བྱེད་པ༔ ཞབས་གཉིས་འདོར་སྟབས་སུ་བཞེངས་པ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་སྐུ་མཚན་དང་དཔེ་བྱད་ཀྱིས་མཛེས་པ༔ རལ་པའི་ཐོར་ཚུགས་ལ་རིན་ཆེན་སྣ་ལྔས་སྤྲས་ཤིང་རྩེ་བྲན་གྱིས་མཛེས་པ་དབུ་ལ་མེ་ཏོག་སྣ་ཚོགས་པས་ཐོད་གདེངས་བྱས་པ༔ ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་འཇའ་འོད་མེ་དཔུང་འབར་བའི་དབྱིངས་སུ་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བའི་ལུས་འདིའི་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་ཡེ་ནས་ཡིན་པ་ལས་གདོས་བཅས་ཀྱི་ཕུང་པོ་ལ་མངོན་པར་ཞེན་པའི་འཁྲུལ་པ་བཙན་ཐབས་སུ་ལྡོག་པའི་ཕྱིར་སྟོང་པ་ནང་དུ་མེད་ཀྱང་སྟོང་པ་ལུས་ཀྱི་དྭངས་མ་རུ་བཞག༔ དྭངས་མ་ནང་དབུས་སུ་བཞག་ནས་རླུང་སེམས་སྟོང་པ་ཉིད་དུ་བཅུན་པའི་ཐབས་སུ༔ ལུས་སྟོང་ར་འོད་ཀྱི་གུར་ཁྱིམ་དུ་བསྒོམ་པའི་དབུས་སུ་རྩ་སྟོང་པ་འོད་ཀྱི་སྦུ་གུ་ཅན་བདེ་བ་མཚོན་ཕྱིར་ཕྱི་དཀར་བ༔ གསལ་བ་མཚོན་ཕྱིར་ནང་དམར་བ༔ སྟོང་པ་མཚོན་ཕྱིར་བར་མཐིང་ཞུན་ལྟར་སྔོ་བ༔ བྱང་ཆུབ་ཀྱི་སེམས་མཚོན་པའི་ཕྱིར་ནང་སྟོང་པ་ཟང་ཐལ་བ༔ མདའ་སྨྱུག་འབྲིང་པོའི་ཚད་ཙམ་སྦུབས་ཡངས་དོག་མེད་པ༔ ཡར་སྣེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཧར་གྱིས་ཕྱེས་པ༔ མར་སྣེ་ལྟེ་འོག་གཉེར་པོ་ཆེར་སྨྱུག་ཚིགས་ལྟར་འགག་པ༔ དེའི་མཚན་ཉིད་ནི་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ པདྨའི་འདབ་མ་ལྟར་སྲབ་པ༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ༔ སྟོང་སང་ངེ་བ་ཆོས་སྐུའི་ངོ་བོར་གནས་པ༔ གཡས་སུ་རོ་མ་དམར་མོ་ཕྱི་དམར་ལ་ནང་དཀར་བ༔ གཡོན་དུ་རྐྱང་མ་དཀར་མོ་ཕྱི་དཀར་ལ་ནང་དམར་བ༔ གཉིས་ཀའི་མར་སྣེ་ལྟེ་འོག་དབུ་མའི་ནང་དུ་ཚུད་པ༔ ཡར་སྣེ་རྣ་ལྟག་གཉིས་ནས་གུག་ཅིང་སྣ་བུག་གཉིས་སུ་ཧ་རེ་ཟུག་པར་བསྒོམ༔ དེ་གསུམ་སྐུ་གསུམ་གྱི་མཚོན་བྱེད་དུ་ཤེས་པར་བྱའོ༔ རྩ་དབུ་མ་དེ་ལ་འཁོར་ལོ་ལྔ་བརྩེགས་ཞེས་བྱ་བའི་རྩ་འདབ་ཡོད་དེ༔ འཁོར་ལོ་དང་པོ་ན་རྩ་འདབ་སུམ་ཅུ་རྩ་གཉིས༔ གཉིས་པ་ན་རྩ་འདབ་བཅུ་དྲུག༔ གསུམ་པ་ན་རྩ་འདབ་བརྒྱད༔ བཞི་པ་ན་དྲུག་ཅུ་རྩ་བཞི༔ ལྔ་པ་ན་འདབ་མ་ཉེར་བརྒྱད་དུ་གྱེས་པར་གསལ་བ་ཡང་༔ དོན་དམ་པར་འཁོར་འདས་ཐམས་ཅད་སྟོང་ཉིད་དབུ་མས་ཁྱབ་པ་དང་༔ དེའི་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་དོད་དུ་རོ་མ་དང་༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོའི་ཚུལ་དུ་རྐྱང་མར་བཞག་པ་ཡིན་ཏེ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་མ་གྲུབ་ཅིང་མི་གནས་པའི་སྟོང་པ་ཉིད་ཡིན་ཏེ་སྟོང་པ་དབུས་སུ་བཞག་པ་སྦྱོང་བའི་གཞི་རུ་བསྟན་པ་ལས་ངེས་པར་གྲུབ་པ་མེད་པའོ༔ སྐུ་གསུམ་སྟོང་ཉིད་ཆེན་པོར་ཡེ་ནས་རང་བྱུང་བའི་ཚུལ་དུ་རྩ་གསུམ་དུ་བསྟན་པ་ཡིན༔ མ་རིག་ལས་ཉོན་གྱི་སྒྲིབ་པ་དབྱིངས་སུ་སྦྱོང་བའི་གཉེན་པོར་ཐེག་པ་རིམ་དགུར་བསྟན་པ་དེའི་ཚུལ་དུ་ལས་རླུང་ལས་ཉོན་བག་ཆགས་ཀྱི་རང་བཞིན་དུ་ཤེས་པས་རླུང་རོ་དགུ་ཕྲུགས་སུ་བསལ་བ་སྟེ༔ ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་ཁམ་ནག་གི་རྣམ་པས་ཐོན་ཏེ་ནམ་མཁར་ཡལ་བར་བསྒོམ་སྟེ་སྣ་བུག་གཡས་ནས་ལན་གསུམ་བསལ་བ་དང་༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་དམར་ནག་གི་རྣམ་པས་ཐོན་པར་བསམ་ལ་སྣ་བུག་གཡོན་ནས་ལན་གསུམ་བསལ་བ་དང་༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་སྔོ་ནག་གི་རྣམ་པས་ཕྱིར་ཐོན་ཏེ་ནམ་མཁར་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་སྣ་བུག་གཉིས་མཉམ་ནས་རླུང་རོ་ལན་གསུམ་དུ་བསལ་ཞིང་༔ ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ཐམས་ཅད་གོས་རྡུལ་སྤྲུགས་པ་ལྟར་རྡུལ་ཕྲ་རབ་ཀྱི་རྣམ་པར་ནམ་མཁའ་ལ་ཡལ་བར་བསམ་པ་དང་༔ རྩ་རླུང་ཐིག་ལེའི་ཁམས་གསུམ་འཁོར་བ་མཐའ་རུ་འཁྲུལ་པར་བྱེད་པའི་རྒྱུ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ནག་བུན་བུན་ཐོན་ནས་ནམ་མཁའ་ལ་ཡལ་བར་བསམ་ཞིང་ལུས་སྤྲུགས་བྱ་བ་ནི་ཉེས་གེགས་བསལ་བ་གནད་ཀྱི་ཡང་གཅེས་དམ་པ་རུ་ཤེས་པར་བྱའོ༔ དེ་ནས་མཉམ་བཞག་གི་རླུང་དང་༔ རྗེས་ཐོབ་ཀྱི་རླུང་གཉིས་སུ་ཡོད་པ་ལས༔ དོན་དམ་པར་ཤེས་རབ་ཀྱི་དབྱིངས་ནི་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་རིག་པ་འོད་གསལ་ཆེན་པོའི་ངང་དུ་རང་ས་བཟུང་སྟེ་སྒོ་གསུམ་བྱར་མེད་དུ་བཞག་པ་རླུང་སེམས་དབུ་མར་ཚུད་པའི་གནད་མཆོག་བླ་ན་མེད་པ་སྟེ༔ དེའི་ཚུལ་དུ་ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་ངང་ནས་རང་གི་སྣ་རྩེའི་ཐད་ཀྱི་ནམ་མཁར་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འདུས་པའི་ངོ་བོ་རླུང་མཐིང་སྐྱ་ན་བུན་འཐིབས་པ་ལྟ་བུའི་རྣམ་པར་གནས་པར་བསམ་ལ༔ རང་གི་སྣ་བུག་ནས་བྱིན་རླབས་ཡེ་ཤེས་ཀྱི་རླུང་དར་སྐུད་སྔོན་པོ་ལྟ་བུའམ༔ སྤོས་རེངས་ཀྱི་དུ་བ་ལྟ་བུར་དྲངས་ཏེ་རོ་རྐྱང་གི་ལམ་བརྒྱུད་ནས་དབུ་མའི་མར་སྣེར་ལྟེམ་གྱིས་འཁྱིལ་བའི་དབུ་མ་ཉིད་ཕྲུ་མ་ཕུས་བརྒྱང་པ་ལྟར་རྩ་མདུད་ཐམས་ཅད་ཤག་གིས་ཞིག་པར་བསམ༔ རླུང་གི་དྭངས་མ་རྩ་འདབ་ལྔ་ལ་ཐིམ་པའི་ལྷག་མ་རྣམས་དབུ་མའི་མར་སྣེ་རུ་འཁྱིལ་བར་བསམ་ལ་ཕོ་སྐོར་དང་མནན་སྟབས་ལན་གསུམ་བྱས་ཏེ་འཇམ་རླུང་ལུ་གུ་རྒྱུད་དུ་འདྲེན་པ་བར་མ་ཆད་པར་ཐུན་རེ་ལ་ཅི་ནུས་སུ་འཛིན་པ་མཉམ་བཞག་གི་རླུང་ཡིན་ནོ༔ ཡང་ན་སྙིང་གའི་ཐད་ཀྱི་རྩ་དབུ་མའི་ནང་དུ་འོད་ལྔའི་ཐིག་ལེ་ཟླུམ་པོ་གྲྭ་ཟུར་མེད་པའི་དབུས་ན་ཡི་གེ་ཨ་དཀར་པོ་གསལ་ལ་འཚེར་བ་བཅོ་ལྔའི་དུང་ཟླ་ལྟར་དཀར་བ་ཞིག་བསྒོམ༔ དབུ་མའི་མར་སྣེར་ཡེ་ཤེས་ལྔའི་རླུང་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་ཞིག་བསྒོམ་ལ་རླུང་སྔར་ལྟར་དྲངས་པའི་དྭངས་མ་ཨ་ཡིག་དང་ཐིག་ལེ་ལ་ཐིམ༔ ལྷག་མ་རླུང་གི་གཞི་སྣ་ཚོགས་རྡོ་རྗེ་ལ་ཐིམ་པར་བསམ་པ་བསྐྱང་བས་ལས་རླུང་དབུ་མར་ཚུད་ཅིང་ཡེ་ཤེས་ཀྱི་རླུང་རང་མལ་དུ་འཁོད་པར་འགྱུར་རོ༔ རྗེས་ཐོབ་ཀྱང་དོན་དམ་པར་སྣང་བ་སེམས་སུ་མི་འཁྲུལ་བར་རིག་པ་རང་གི་ཁོར་ཡུག་ལས་མི་འདའ་བ་སྟེ༔ གནད་དེ་ལྟ་བུ་དང་མི་ལྡན་པ་རྣམས་ཀྱིས་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་ཀུན་གྱི་དུས་སུ་རླུང་ཡིད་ཀྱིས་མི་བརྗེད་པར་ལྟེ་འོག་ཏུ་ཏིགས་སེ་མནན་ནས་སྡོད་པ་ནི་རྗེས་ཐོབ་ཀྱི་རླུང་སྟེ་བརྟན་པ་ཐོབ་པའི་གནད་ཟབ་ཁྱད་ཅན་ཡིན་ནོ༔ དོན་དམ་པར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཞིར་གནས་ཀྱི་དབུ་མ་མངོན་དུ་བྱེད་ཅིང་༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱིས་ལས་རླུང་རང་མལ་དུ་གསོད་ཅིང་ཡེ་ཤེས་ཀྱི་རླུང་རང་མལ་དུ་འཁོད༔ རིག་སྟོང་བྱར་མེད་ཆེན་པོ་གཏུམ་མོ་ཡེ་ཤེས་ཀྱི་མེ་བདེ་སྟོང་མཉམ་པར་སྦྱོར་བ་ཡེ་ཤེས་ལྔའི་སྟོབས་ཤུགས་རྩལ་དུ་འབར་བས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉེས་པར་བྱས་ཏེ་མ་རིག་འཁྲུལ་པའི་ལས་ཉོན་བག་ཆགས་ཐམས་ཅད་རང་སར་དག་ནས་ཆོས་སྐུ་ཀ་དག་གི་གདིང་ཆེན་པོ་རང་ཐོག་ཏུ་ཐོབ་པ་ནི་དོན་དམ་པའི་གཏུམ་མོ༔ ཀུན་རྫོབ་ཏུ་རྩ་དབུ་མ་སྟོང་ཉིད་ཀྱི་ཡར་སྣེར་བདེ་ཆེན་ཐབས་ཀྱི་རྡོ་རྗེའི་ངོ་བོ་ཧཾ་ཡིག་གི་རྣམ་པར་གསལ་བ་དང་༔ མར་སྣེར་སྟོང་ཆེན་ཤེས་རབ་ཀྱི་ངོ་བོ་ཨ་ཐུང་གི་རྣམ་པར་གསལ་བ་དང་༔ རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པ་བྱིན་རླབས་ཡེ་ཤེས་ཀྱི་རླུང་གིས་རེག་པས༔ གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་ཁ་དོག་དམར་བ༔ ངོ་བོ་བདེ་བ༔ རང་བཞིན་གསལ་བ༔ རེག་བྱ་ཚ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ༔ རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པར་གསལ་ལ་ཁུག་གྲངས་མང་པོ་དལ་གྱིས་རྔུབ་པ་དང་༔ ལྟེ་བར་དགང་བ་དང་༔ ཕོ་བར་གཞིལ་བ་དང་༔ ལྷག་མ་མདའ་ལྟར་འཕེན་པ་སྟེ༔ སྦྱོར་བ་བཞི་དང་ལྡན་པའི་གནད་ཀྱིས་མེ་ལྕེ་ལྟེ་བའི་རྩ་འཁོར་དུ་འབར་ཞིང་ཁྱབ་པས་ལས་ཉོན་བག་ཆགས་ཐམས་ཅད་ལྷག་མེད་དུ་བསྲེགས་ནས་མེ་ལྕེ་ཆེར་མཆེད་དེ་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་ཡོངས་སུ་ཁྱབ་ནས་ལས་ཉོན་བག་ཆགས་ཐམས་ཅད་ལྷག་མེད་དུ་བསྲེག༔ ཡར་མཆེད་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་ཁྱབ་ནས་ལས་ཉོན་བག་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག༔ ཡང་ཆེར་མཆེད་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་གང་ཞིང་ཁྱབ་སྟེ་ལས་ཉོན་བག་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག༔ ཡང་འབར་བ་སྤྱི་བོའི་ཧཾ་ཡིག་ལ་ཕོག་པས་ཐབས་ཤེས་འཕྲད་པའི་བདེ་སྟོང་ཡེ་ཤེས་ཀྱི་ཉམས་རྒྱས་ཏེ༔ ཐིག་ལེ་ལས་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་ངང་ན་ར་ར་བབས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་ཐམས་ཅད་གང་ཞིང་ཁྱབ་ནས་སངས་རྒྱས་བདེ་གཤེགས་སྐུའི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་གཉིས་རྫོགས༔ སྒྲིབ་གཉིས་སྦྱངས་ནས་སྐུ་བུམ་པའི་དབང་ཐོབ་སྟེ་དགའ་བའི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེས་པར་བསམ༔ ཡང་བདུད་རྩིའི་ལྷག་མ་མར་བབས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་ཐམས་ཅད་ལ་ཁྱབ་ནས་བདེ་གཤེགས་གསུང་གི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་ཚོགས་རྫོགས་སྒྲིབ་པ་དག་གསུང་གསང་བའི་དབང་ཐོབ༔ མཆོག་ཏུ་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ༔ ཡང་སྙིང་གར་བབས་པས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཐམས་ཅད་ལ་ཁྱབ་ཅིང་བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་རྫོགས༔ སྒྲིབ་པ་དག༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཁྱད་པར་གྱི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་ཉམས་སུ་མྱོང་བར་བསམ༔ ཡང་ལྟེ་བར་བབས་པས་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་ཐམས་ཅད་གང་ཞིང་ཁྱབ་ནས་བདེ་གཤེགས་ཡོན་ཏན་རིགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་རྫོགས་སྒྲིབ་པ་སྦྱངས༔ ཚིག་དབང་རིན་པོ་ཆེ་ཐོབ༔ ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་ཉམས་སུ་མྱོང་བར་བསམ༔ ཡང་གསང་གནས་སུ་བབས་པས་བདེ་སྐྱོང་གི་འཁོར་ལོའི་རྩ་འཁོར་ཐམས་ཅད་ལ་ཁྱབ་པས་བདེ་གཤེགས་ཕྲིན་ལས་རིགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་འབུལ༔ བདེ་སྟོང་བདུད་རྩི་ཟག་པ་མེད་པའི་བདེ་བ་སྐྱེད༔ གཏུམ་མོ་ཡེ་ཤེས་ཀྱི་མེས་དྲོད་ཆེན་པོར་སྦྱར༔ བྱིན་རླབས་ཡེ་ཤེས་ཀྱི་རླུང་གིས་ནུས་སྟོབས་བསྐྱེད༔ ཚོགས་རྫོགས་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་ཐོབ༔ བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་ཉམས་སུ་མྱོང་བར་བསམ༔ སླར་ཡང་བདེ་ཆེན་གྱི་བདུད་རྩི་ཨ་ཐུང་གི་མེ་ལྕེའི་རྩ་བར་བབས་པས་བདེ་སྟོང་གི་ཡེ་ཤེས་ཆེན་པོ་ཉམས་སུ་མྱོང་༔ ཡང་བྱིན་རླབས་ཡེ་ཤེས་ཀྱི་རླུང་དང་༔ གཏུམ་མོ་ཡེ་ཤེས་ཀྱི་མེ་དང་༔ བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་གསུམ་གྱི་རང་བཞིན་ཆེར་མཆེད་ཅིང་རབ་ཏུ་འབར་བས་ལུས་ཀྱི་རྩ་ཁམས་ཐམས་ཅད་ཡོངས་སུ་གང་ནས་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ཐམས་ཅད་རྩྭ་སྦུར་ཕྲ་མོ་ལ་དུས་མཐའི་མེ་མཆེད་པ་བཞིན་དུ་བསྲེག་པར་བསམ་པ་དང་༔ ཡང་དབུ་མ་མེ་དང་བཅས་པ་ཇེ་ཆེར་སོང་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་དབུ་མའི་ནང་དུ་ཚུད་དེ་སྣོད་བཅུད་དུ་འཛིན་པའི་རྣམ་རྟོག་ལས་ཉོན་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག་ནས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམ་པ་དང་༔ ཡང་དབུ་མ་དང་བཅས་པ་ཐམས་ཅད་སྔར་བཞིན་དུ་གནས་པ་ལ་ཤེས་པ་གཏད་པའི་ངང་ནས་རླུང་གི་ཁུག་པ་གྲངས་མང་པོར་བསྐྱུར་རོ༔ ཡང་ན་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལྟེ་བར་ཨ་ཐུང་དམར་པོ་ཐིག་ལེ་ནཱ་ད་དང་བཅས་པ་དང་༔ སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་བསྒོམ་པའི་སྣ་རྩེའི་ཐད་ཀྱི་ནམ་མཁར་བྱིན་རླབས་ཡེ་ཤེས་ཀྱི་རླུང་མཐིང་ག་ན་བུན་ལྟར་འཐིབས་པ་ཉིད་དར་སྐུད་ལྟ་བུར་སྣ་བུག་གཉིས་ནས་དྲངས་པ་རོ་རྐྱང་གི་ལམ་བརྒྱུད་དབུ་མའི་མར་སྣེར་གཅིག་ཏུ་འདྲེས་ཏེ་ཨ་ཐུང་གི་ཐིག་ལེ་བསྐྱེད་པས་ཤེས་རབ་ཡེ་ཤེས་ཀྱི་མེ་ལྕེ་རབ་ཏུ་འབར་བས་ལས་ཉོན་བག་ཆགས་ཐམས་ཅད་བསྲེག༔ རྩ་མདུད་ཐམས་ཅད་རླུང་གིས་བརྒྱངས་པས་ཁྲལ་མ་ཁྲོལ་མར་ཞིག༔ མེས་རྩ་འཁོར་གང་ཞིང་དྲོད་ཆེན་པོས་ལུས་ཐམས་ཅད་ཁྱབ་པར་བསམ༔ རྩ་ཆེན་དང་རྩ་འབྲིང་དང་རྩ་ཕྲན་ཐམས་ཅད་མེ་རླུང་གིས་གང་ནས་ལུས་རྩའི་དྲྭ་བ་ཐམས་ཅད་ལ་མདུད་པ་རེ་ཡོད་པའི་སྟེང་དུ་ཐིག་ལེ་དཀར་ཆ་དང་༔ འོག་ཏུ་རཀྟ་དམར་ཆའི་ཐིག་ལེ་སོ་སོར་གནས་པ་རྣམས་དབྱེར་མེད་དུ་འདྲེས༔ ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་དུ་རྒྱས་པར་བྱས༔ དབུ་མའི་ནང་ཐམས་ཅད་མེ་ལྕེས་ཁྱབ་ནས་ཧཾ་ཡིག་གི་ཐིག་ལེ་ཞུ་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱུན་མི་ཆད་པར་ངང་ན་ར་ར་བབས་པ་ཨ་ཐུང་ལ་ཕོག་པས་མེ་དང་བདུད་རྩི་གཉིས་མེད་དུ་འབར་བས་བདེ་སྟོང་དགའ་བཞིའི་ཡེ་ཤེས་གློ་བུར་དུ་རྒྱུད་ལ་སྐྱེས་ཤིང་འགྱུར་བ་མེད་པར་བརྟན་པར་བསམ་སྟེ༔ རླུང་ཁུག་གྲངས་མང་པོ་ཐུན་ཚད་དང་བསྟུན་ནས་འཛིན༔ དུས་རྣམ་ཐམས་ཅད་དུ་དབུ་མ་དང་རྩ་འཁོར་ཀུན་ཏུ་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་མཆེད་པ་མི་བརྗེད་པར་ལྟེ་འོག་ཏུ་ཏིགས་སེ་མནན་པ་ལ་ཤེས་པ་རྒྱུན་ཆགས་སུ་གཏད་པ་ནི་རྗེས་ཐོབ་ཀྱི་གནད་ཡིན་ཏེ་དེས་ཀྱང་བདེ་དྲོད་རབ་ཏུ་འབར་བར་འགྱུར་རོ༔ འགའ་ཞིག་འདི་ལ་གཞི་བྱས་ཏེ་ནམ་མཁའི་རྣལ་འབྱོར་པ་བསླབ་པ་ནི༔ ཧུབ་སྒྲ་གསུམ་རེས་ནམ་མཁའ་ལྷག་མ་ཙམ་ཡང་མ་ལུས་པར་རང་གི་ཁ་ནས་ཞུགས་པས་ཁོག་པ་ཐམས་ཅད་སྔོ་སང་ངེ་བས་ཁེངས་པར་བསམ་ལ་ནམ་མཁས་གར་ཁྱབ་ཁོག་པས་ཁྱབ་པས་ཁོག་པའི་ནང་དུ་ནམ་མཁའ་ཐམས་ཅད་ཆུབ་པར་བསྒོམ་ལ་ནམ་མཁའ་དང་རླུང་སེམས་དབྱེར་མེད་ཧར་སང་ངེ་བར་ཆམ་གྱིས་ཀློད་ལ་ཅི་གནས་སུ་མཉམ་པར་བཞག༔ ཡང་རླུང་ཐམས་ཅད་ཁ་དོག་ལྗང་གུའི་རྣམ་པར་ཧུབ་ཀྱིས་བཏབ་པས་ནམ་མཁར་རྒྱུ་ཚད་ཀྱི་རླུང་དྭངས་མ་བཅུད་དང་ལྡན་པས་རང་གི་ཁོག་པ་མེར་གྱིས་གང་བར་བསྒོམ་པ་དང་༔ ཡང་ཧུབ་ཀྱི་སྒྲས་ཆུ་རྣམས་ཐམས་ཅད་ཁ་དོག་དཀར་པོའི་རྣམ་པར་རང་གི་ཁོང་དུ་རྔུབས་པས་ཆུ་བཅུད་ནུས་པ་དང་ལྡན་པས་རང་གི་ལྟོ་བ་མེར་གྱིས་གང་བར་བསམ་པ་དང་༔ ཡང་ཁམས་གསུམ་གྱི་ས་ཐམས་ཅད་ཁ་དོག་སེར་པོའི་རྣམ་པར་ལྷག་མ་རྡུལ་ཙམ་མ་ལུས་པར་ཧུབ་སྒྲས་རྔུབས་ནས་ཁོག་པ་ལྟེམ་གྱིས་གང་བར་བསམ་པ་དང་༔ ཡང་མེ་རྣམས་ཐམས་ཅད་འོད་དམར་པོའི་རྣམ་པར་ཧུབ་ཀྱིས་བཏབ་སྟེ་སྣང་སྲིད་ཁམས་ཀྱི་མེའི་དྭངས་བཅུད་བདེ་དྲོད་དང་བཅས་པས་བདག་གི་ལྟོ་བ་ཡོངས་སུ་ཁེངས་པར་བསམ་སྟེ་མེ་དང་སེམས་ཉིད་གཉིས་མེད་བརྡལ་ཁྱབ་ཀྱི་ངང་དུ་བཞག་པ་འབྱུང་བ་བཅུད་དུ་རོལ་པའི་རྣལ་འབྱོར་གྱི་ལམ་དམ་པ་ཡིན་ནོ༔ དོན་ལ་དབུ་མ་སྟོང་ཉིད་དང་༔ མེ་རླུང་ཇི་ལྟ་ཇི་སྙེད་པ་དང་༔ ཧཾ་ཡིག་ཐབས་བདེ་བ་ཆེན་པོ་དང་༔ ཨ་ཐུང་ཤེས་རབ་སྟོང་ཉིད་ཀྱི་ངོ་བོ་དང་༔ རྩ་འཁོར་ཡེ་ཤེས་རྣམ་པ་ལྔ་དང་༔ ཕུང་པོ་བདེ་གཤེགས་ལྔ་དང་༔ ཁམས་ལྔ་ཡུམ་ལྔ་དང་༔ དབང་པོ་བརྒྱད་སེམས་དཔའ་བརྒྱད་དང་༔ ཡུལ་བརྒྱད་སེམས་མ་བརྒྱད་དང་༔ རྟག་ཆད་མུ་བཞི་སྒོ་སྐྱོང་བཞི་དང་༔ རྟོག་ཚོགས་ཐམས་ཅད་སྟོང་པར་དེངས་པའི་དབྱིངས་ཉིད་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་སུ་ལྷུན་གྱིས་གྲུབ་པ་ཡིན་ཏེ༔ དེས་ན་བརྟན་པ་རྩ༔ གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་པའི་ངོ་བོ་ནི་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་རྩལ་དུ་རྫོགས་པས་གནས་ལུགས་གཞིའི་རྫོགས་ཆེན་ཞེས་བྱ་བ་ཡིན༔ རྫོགས་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཆོས་ཉིད་ལམ་གྱི་རྫོགས་ཆེན་ཞེས་བྱ་བ་ཡིན༔ གཞིར་གནས་ཀྱི་རྫོགས་ཆེན་ལུང་མ་བསྟན་དུ་ཡོད་པ་དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་པས་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པས་ས་ལམ་ཆིག་ཆོད་དུ་བགྲོད་པ་ནི་ལམ་ངེས་རྫོགས་ཀྱི་རྫོགས་ཆེན་ཡང་དག་པ་དེ་ཀའོ༔ དེ་ལྟར་རྩ་ཐིག་རླུང་གསུམ་སྦྱངས་པའི་ཡོན་ཏན་གྱིས་མཆོག་གི་དངོས་གྲུབ་འབྲས་བུ་རྫོགས་པ་ཆེན་པོ་མངོན་དུ་འགྱུར་བ་དང་༔ ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ལ་རང་དབང་ཐོབ་པར་འགྱུར་བ་ཡིན་ནོ༔ རྩ་རླུང་ཐིག་ལེ་དག་སྦྱོར་གྱི་རྒྱུད་ཀྱང་འདི་ལས་གཞན་དུ་མ་གྲུབ་བོ༔ ཞེས་གསུངས་སོ༔ དེར་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས་འདི་སྐད་དུ༔ ཀྱཻ༔ ལེགས་སོ་ལེགས་སོ་བཅོམ་ལྡན་འདས༔ རྡོ་རྗེ་སྟོང་པས་རིན་ཆེན་འབིག༔ སྒྲ་གཅན་སྟོང་པས་ཉི་ཟླ་ཕམ༔ མེ་ལྕེ་སྟོང་པས་བུད་ཤིང་བསྲེགས༔ རླུང་གཡོ་སྟོང་པས་དངོས་པོ་གཏོར༔ ནམ་མཁའ་སྟོང་པས་སྣོད་བཅུད་ཕམ༔ ཆོས་ཉིད་སྟོང་པས་ཆོས་ཅན་ཕམ༔ སངས་རྒྱས་རྣམས་ཀྱིས་བདུད་རྣམས་ཕམ༔ དགེ་འདུན་གྱིས་ནི་ལྟ་ལོག་ཕམ༔ སྟོང་ཉིད་བདེན་པ་རིན་པོ་ཆེས༔ སྟོང་ཉིད་ལྟ་བ་རྟོགས་པར་ཤོག༔ སྟོང་ཉིད་ལྟ་བ་རིན་པོ་ཆེས༔ རྫོགས་པ་ཆེན་པོའི་དོན་རྟོགས་ཤོག༔ རྫོགས་པ་ཆེན་པོའི་སྟོབས་ཤུགས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་གྱུར་ཅིག༔ ཅེས་སྨོན་ལམ་རྒྱ་ཆེར་བཏབ་སྟེ་ཡང་འདི་སྐད་དོ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་འཁོར་འདས་རྫོགས་པ་ཆེན་པོ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་འདུས་པའི་ཀློང་ཆེན་པོ་མ་དང་མཁའ་འགྲོ་ཡོངས་ཀྱི་སྙིང་གི་ཡང་ཏིག་ཆེན་པོ་འདིའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་༔ མདོ་གང་དུ་བསྡུ༔ འགག་གང་དུ་བསྡམ༔ མིང་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས་བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་དང་པོ་གོང་བཞིན་དུ་གཞིའི་གནས་ལུགས་གཏན་ལ་དབབ་ནས་སྟོང་པ་ཉིད་དུ་ཐག་བཅད་པ་ནི་གཞི་སྟོང་ཉིད་དབུ་མ་ཆེན་པོ་དེ་ཀ་ཡིན༔ དེས་ན་སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་ཐམས་ཅད་དང་༔ འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་གཞི་རང་གི་ངང་ལས་མི་གཞན་པར་ཤེས་པ་ནི་འཁོར་འདས་རྫོགས་པ་ཆེན་པོ་ཞེས་བྱ་བའོ༔ གཞི་རང་ཐོག་ཏུ་གྲོལ་བ་མ་ཐོབ་པའི་སེམས་ཅན་ལ་འཁོར་བའི་རང་བཞིན་དུ་སྣང་ཞིང་མངོན་པར་ཞེན་ནས་འཁྲུལ་པ་ཡིན་ཏེ༔ བདག་རྟོག་མཚན་མ་ཡིད་བྱེད་ཀྱི་འཁྲུལ་པ་ལས་ལྡོག་ཅིང་དཔྱོད་བྱེད་ཀྱི་ཤེས་རབ་ཆེན་པོས་གཏན་ལ་དབབ་པས་གཞིའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་ཏེ་ལམ་དང་འབྲས་བུ་ཐབས་དང་ཤེས་རབ་ཀྱི་སྒོ་ཐམས་ཅད་གཞི་རང་གི་ངང་དུ་ཐག་གཏིང་དཔོག་པར་ཆོད་པ་ནི་གཞི་ནམ་མཁའ་རྣམ་པར་དག་པ་རུ་མདོ་བསྡུ་བ་ཡིན༔ འགག་གང་དུ་བསྡམ་ན་རྒྱ་མཚོའི་ནང་དུ་གཟའ་སྐར་གྱི་གཟུགས་བརྙན་སྣ་ཚོགས་པ་ཇི་ལྟར་ཤར་ཡང་རྒྱ་མཚོ་ཉིད་ལས་མི་གཞན་པས་འགག་རྒྱ་མཚོར་བསྡམ་པ་དང་༔ སྣོད་བཅུད་འདོད་ཡོན་གྱི་སྣང་བ་ཐམས་ཅད་ནམ་མཁའ་ཉིད་ལས་མི་གཞན་པས་འགག་ནམ་མཁར་བསྡམ་པ་ལྟར༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་དབྱིངས་ནམ་མཁའི་ངང་ལས་མི་གཞན་པའི་ཚུལ་ཤེས་ཏེ་འགག་ཆོས་དབྱིངས་ནམ་མཁའ་རྣམ་དག་ཏུ་བསྡམ་པ་ཡིན༔ མིང་ཇི་ལྟར་འཇུག་ན་འཁོར་འདས་ཀྱི་ཁམས་སུ་མིང་གི་རྣམ་གྲངས་ཇི་སྙེད་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་མིང་དུ་ངེས་པ་དང་༔ ཁྱད་པར་ལམ་མངོན་དུ་བྱེད་པའི་ཆོས་ཐམས་ཅད་ཀྱི་མིང་འདི་ལ་གདགས་ཏེ༔ འབྲས་བུ་མངོན་དུ་བྱེད་པ་རིན་ཆེན་བྱང་ཆུབ་སེམས་ཀྱི་གྲོང་དུ་འཕོ་ཞིང་འཇུག་པ་བླ་ན་མེད་པ་ཡིན་པས་བྱང་ཆུབ་སེམས་ཞེས་བྱ་བར་བཏགས་པ་ཡིན༔ དེའང་ཡང་དག་པའི་དོན་ཐམས་ཅད་རིན་ཆེན་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན་དོན༔ ཆུ་བོ་ཆུ་ཕྲན་ཐམས་ཅད་ཀྱི་འབྱུང་གནས་རྒྱ་མཚོར་ངེས་པ་ལྟར་ཆོས་ཐམས་ཅད་ཀྱི་འབྱུང་ཁུང་དམ་པར་ངེས་པས་དམ༔ དེ་ཉིད་སྐྱོན་དང་དྲི་མ་ཐམས་ཅད་བྲལ་བས་བྱང་༔ འཁོར་འདས་ལམ་འབྲས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ཆུབ་པས་ན་ཆུབ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་སྟེ་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས༔ ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་གནས་ལུགས་མངོན་དུ་གྱུར་ཏེ་གདིང་རང་ཐོག་ཏུ་ཐོབ་ཅིང་༔ ས་རང་མལ་དུ་བཟུང་བས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པ་ནི་དཔེར་ན་རྨི་ལམ་གྱི་སྣང་བ་དབྱིངས་སུ་སད་པའམ༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟ་བུར་མི་སེམས་པའི་སེམས་པ་ཆེན་པོའི་ཤུགས་ཀྱིས་ཁམས་གསུམ་འཁོར་བ་སྐུ་གསུམ་གྱི་རོལ་པར་སྒྲོལ་བས་ན་སེམས་ཞེས་བྱའོ༔ བཀའ་གསང་བ་བས་ཀྱང་ཆེས་གསང་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་འདུས་པའི་བདག་ཉིད་ཅན་གྱི་ཕྱིར་གསང་ཞེས་བྱ་སྟེ༔ གཞི་བདེ་གཤེགས་སྙིང་པོ་འདི་ཉིད་ཀྱི་གནས་ལུགས་ལམ་ཉམས་སུ་ལེན་པའི་ཚུལ་རྣམས་ནི༔ སྣོད་མ་ཡིན་པ་ཐེག་པ་ཆེན་པོའི་ཆོས་ལ་མི་མོས་ཤིང་ཐེག་པ་དམན་པ་ལ་དགའ་བའི་རིགས་རྣམས་དང་༔ སྤྱིར་སེམས་ལས་སུ་མི་རུང་ཞིང་ཤེས་རྒྱུད་ལེ་ལོ་རྣམ་གཡེང་གི་དབང་དུ་གྱུར་ཏེ་མི་ཚེ་མདོ་མེད་ལ་འདའ་བ་དང་༔ གཏམ་དང་གྲོགས་ལ་དགའ་ཞིང་མི་ཚེ་དེར་འདའ་བ་བྱ་ཁྱིས་གཟན་འཚོལ་བ་བཞིན་དུ་འདུ་ལོང་ལ་འགྲིམ་པའི་རིགས་རྣམས་དང་༔ བློ་མང་ཞིང་རྒྱུད་རྩིང་བ་བྲོད་ཆུང་བ་སེམས་ན་ཅི་ཡོད་ཁ་ནས་འདོན་པ་རྣམས་དང་༔ ཚེ་འདིའི་ཁེ་དྲག་ལོ་འདོད་ཚོང་ཁེ་གཡོ་སྒྱུའི་ལས་ལ་མོས་ཤིང་བརྩོན་པ་ལས་འཆི་བ་རྣ་ལམ་དུ་བཤད་ཀྱང་སེམས་ཀྱིས་མི་མོས་པ་དག་དང་༔ ཚེ་གཅིག་ཏུ་ཆོས་དང་གང་ཟག་དཀོན་མཆོག་གསུམ་གྱི་བྱ་བ་ལ་སྐྱུག་ལོག་ཅིང་ཆོས་བཤད་པས་གོ་ལོ་ཐོས་ལོ་ཙམ་ཁ་བཤད་དུ་སྒྲོགས་ཤིང་དཀོན་མཆོག་གསུམ་ལ་ལོག་པར་ལྟ་བ་དང་༔ ཆོས་ཚིག་བཤད་ཀྱང་མི་བདེན་པའི་རྫུན་དུ་ལྟ་བ་དང་༔ བླ་མའི་དྲུང་དུ་ཆོས་ཉན་ཅིང་བླ་མའི་མདུན་སར་དད་གུས་ཆེན་པོའི་ཚུལ་བྱེད་ཀྱང་བླ་མས་མི་མཐོང་བའི་སར་དཀོར་ནོར་རྐུ་བ་དང་༔ བླ་མ་དང་ཉེ་འཁོར་གྲོགས་མཆེད་ཐམས་ཅད་ལ་གཤེ་སྐུར་ལོག་ལྟ་ངན་སྒྲོགས་བྱེད་པའི་དམ་ཉམས་དང་༔ བླ་མ་ལས་ཆོས་ཉན་ཀྱང་བླ་མ་དང་མཆེད་ལྕམ་གྱི་དབུ་འཕང་དམན་དུ་འབེབ་ཅིང་བསྟན་ལ་གནོད་པའི་ལས་ལ་སྤྱོད་པའི་བསྟན་དགྲ་སྡིག་པོ་ཆེ་རྣམས་དང་༔ བློ་གང་ལའང་མི་ཁེལ་ཞིང་ཤེས་པ་འགྱུར་སླ་བ་བསམ་པ་འགྱུར་ལྡོག་ཅན་རྣམས་ནི་ལས་ངན་ཡིན་ཏེ་གསང་སྔགས་ཀྱི་སྣོད་མ་ཡིན༔ དེ་ཐམས་ཅད་ཚེ་རབས་ཀུན་ཏུ་གསང་སྔགས་ཟབ་མོའི་ཆོས་ལ་ལས་འབྲེལ་མེད་པ་དང་༔ བདུད་དང་དམ་སྲི་ངན་པས་ཤེས་རྒྱུད་བརླབས་པའི་ལས་ངན་པ་ཡིན་ཏེ༔ དེ་དག་ལ་གསང་སྔགས་ཀྱི་ཆོས་བསྟན་ཀྱང་རྡོ་རྗེ་དམྱལ་བར་ལྟུང་བའི་རྒྱུར་གྱུར་བ་ལས་ཕན་པ་མེད་པས་རབ་ཏུ་གསང་བ་དང་༔ དུས་ནི་ཆོས་འཆད་ཉན་གྱི་དུས་མ་ཡིན་པ་ཁྲོམ་ཚོགས་འདུ་ལོང་དང་འགྲོ་བའི་དུས་ལས་ཀ་བྱེད་པའི་དུས་དྲི་གཤང་འདོར་བའི་དུས་ཁ་རྒྱལ་རྩོད་པའི་དུས་དང་༔ ཆེ་ཐབས་སུ་གདུགས་དང་མཁར་བ་དང་མཚོན་ཆ་ཐོགས་པ༔ ཉན་པ་ལས་ལྷག་པའི་ཆོས་གཞན་ཁ་ཏོན་བྱེད་པ་དང་༔ ཕྲེང་བ་འདྲེན་པ་འཁོར་ལོ་བསྐོར་བ་ཞྭ་དང་ལྷྭམ་གྱོན་པ་ལས་ཀ་བྱེད་པ་གཏམ་ལབ་པ་རྣམས་ལ་ཆོས་བཤད་དུ་མི་རུང་བ་དང་༔ མི་དད་བཞིན་དུ་འདུ་བར་འོངས་ན་ཁོ་ཡང་དམྱལ་བར་ལྟུང་བས༔ དེ་ལྟར་དུས་མ་ཡིན་པ་དང་སྣོད་མ་ཡིན་པ་རྣམས་ལ་རླུང་ཕྱོགས་ཙམ་ཡང་འཆད་སྒྲོག་བྱེད་མི་རུང་བས་རྐུས་ནོར་བཞིན་དུ་སྦ་དགོས་པ་ཡིན་པས་ན་སྦས་པའི་གསང་བ་གཉན་པོ་དང་སྤྱིར་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡེ་སངས་རྒྱས་པ་མ་འཁྲུལ་མི་གཡོ་བའི་རང་བཞིན་གྱིས་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་ལས་མི་གཞན་པར་རྒྱ་མཚོས་ཁྱབ་པ་བཞིན་དུ་འཁོར་བའི་ཆོས་ཐམས་ཅད་ཀྱིས་ཁྱབ་ཀྱང་མ་རིག་དབང་གིས་རང་བཞིན་གྱིས་གབ་པར་གནས་པས་ན་གབ་པའི་གསང་བ་སྟེ༔ གསང་ཆེན་གཉིས་དང་ལྡན་པས་གསང་ཞེས་བྱ་བ་ཡིན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པའི་སེམས་སྣང་ཐམས་ཅད་རིག་པ་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་གཞོམ་པས་སྔགས་དང་༔ ཐེག་བརྒྱད་བློའི་གྲུབ་མཐའ་ཐམས་ཅད་ཆོས་སྐུ་མཚན་མ་དང་བྲལ་བའི་ངང་དུ་གཞོམ་པར་བྱེད་པ་ནི་མཐའ་གྲོལ་རིག་པའི་ཡེ་ཤེས་ཆེན་པོ་ཡིན་པས་ན་སྔགས་ཞེས་བྱ་བ་ཡིན་ནོ༔ དེ་ལྟ་བུའི་འོད་གསལ་རྫོགས་པ་ཆེན་པོ་གསང་སྔགས་བླ་ན་མེད་པ་གཞིར་གནས་ཀྱི་རིག་པ་འདི་ཀའི་མཚན་ཉིད་ནི་མི་ཆོད་པ༔ མི་ཤིགས་པ༔ བདེན་པ༔ སྲ་བ༔ བརྟན་པ༔ ཐམས་ཅད་དུ་ཐོགས་པ་མེད་པ༔ ཐམས་ཅད་དུ་མ་ཕམ་པ༔ སེམས་ཅན་བསྒྲལ་བར་བྱེད་པ༔ སྐྲག་པར་བྱེད་པ༔ འཇིགས་པར་བྱེད་པ༔ རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ༔ རིག་སྔགས་ཐམས་ཅད་གཞོམ་པར་བྱེད་པ༔ རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ༔ མ་གྲུབ་པ་རྣམས་གྲུབ་པར་བྱེད་པ༔ གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ༔ འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ༔ སེམས་ཅན་ཐམས་ཅད་སྲུང་བ༔ ཞི་བ༔ རྒྱས་པ༔ སེམས་ཅན་ཐམས་ཅད་རེངས་པར་བྱེད་པ༔ རྨུགས་པར་བྱེད་པ༔ ལས་ཐམས་ཅད་འགྲུབ་པར་བྱེད་པ༔ གཞན་གྱི་ལས་ཐམས་ཅད་འཇིགས་པར་བྱེད་པ༔ གདོན་ཐམས་ཅད་བརླག་པར་བྱེད་པ༔ གདོན་ཐམས་ཅད་ལས་ཐར་བར་བྱེད་པ༔ འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ༔ འབྱུང་པོ་ཐམས་ཅད་སྒྲོལ་བར་བྱེད་པའི་ཡོན་ཏན་དང་ལྡན་པས་ན་རྡོ་རྗེ་ཞེས་བྱའོ༔ ཐེག་པ་ཞེས་བྱ་བ་ནི་འཁྲུལ་པའི་ཚེ་ནའང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཀྱིས་ངན་པར་མ་བསྒྱུར་བས་རང་ཐེག་པ་དང་༔ སངས་རྒྱས་པའི་དུས་སུའང་སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་བཟང་པོར་བཅོས་སུ་མེད་ཅིང་མ་བསྒྱུར་བས་བཟང་ངན་ཐམས་ཅད་རང་ཐེག་པས་ན་ཐེག་པ་ཞེས་བྱའོ༔ བདག་རྟོག་འཁྲུལ་པའི་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པའི་རང་བཞིན་དུ་གཏན་ལ་ཕབ་ནས་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས་ཏེ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ཚུལ་རྟོགས་པ་ནི་ཤེས་པ་ཐམས་ཅད་ཀྱི་དམ་པར་གྱུར་པས་ཤེས་རབ༔ ཤེས་དང་ཤེས་བྱའི་ཡུལ་ལས་འདས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ༔ སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་མངོན་དུ་མ་གྱུར་པ་དེ་ཉིད་ད་ངོ་འཕྲོད་དེ་འཁོར་འདས་འོད་གསལ་གྱི་རོལ་པར་ཐག་ཆོད་པས་འོད་གསལ་ཞེས་བྱའོ༔ དོན་དམ་མི་ཤིགས་པའི་རྡོ་རྗེ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྙིང་པོ་གཅིག་ཏུ་དྲིལ་བའི་བདག་ཉིད་ཅན་གྱི་ཕྱིར་སྙིང་པོ་ཞེས་བྱ་བའོ༔ ལས་ཉོན་འཁོར་བའི་བག་ཆགས་ཐམས་ཅད་ལས་འདས་པས་འཁོར་འདས་ཞེས་བྱ་བ་དང་༔ དེ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་འུབ་ཀྱིས་འདུས་པས་འུབ་ཅེས་བྱ་བ་དང་༔ འཁོར་འདས་ལམ་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་ཀློང་དུ་ཡོངས་སུ་ཆུབ་པས་ན་ཆུབ་ཅེས་བྱ་བའོ༔ སྐྱེ་བའི་མཐའ་རུ་མ་ལྷུང་བས་སྐྱེ་བ་དང་བྲལ་བ༔ རྒ་བའི་མཐའ་རུ་མ་ལྷུང་བས་རྒ་བ་དང་བྲལ་བ༔ རྒུད་པའི་མཐའ་རུ་མ་ལྷུང་བས་རྒུད་པ་དང་བྲལ་བ༔ འཆི་བའི་མཐའ་རུ་མ་ལྷུང་བས་འཆི་བ་དང་བྲལ་བ་རྣམས་ལ་གཞོན་ནུའི་སྒྲ་ཞུགས་པ་ཙམ་མོ༔ གཞི་ཉིད་ནང་གསལ་ཆེན་པོ་ལྷུན་གྲུབ་ཀྱི་རོལ་པ་ཕྱི་རྒྱ་མ་རལ་བས་བུམ་པའི་མིང་གདགས་པ་ནི་དཔེར་ན་གཟའ་སྐར་ཐམས་ཅད་རྒྱ་མཚོའི་ཀློང་ལས་ཕྱི་རྒྱ་མ་རལ་བ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁའི་ཀློང་ལས་ཕྱི་རྒྱ་མ་རལ་བ་ལྟ་བུའོ༔ ལམ་གྱི་ཆོས་ཐམས་ཅད་དང་༔ ཉམས་བདེ་སྡུག་གི་མྱོང་བ་སྣ་ཚོགས་པ་དང་༔ འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་དང་༔ རྒྱུ་བསོད་ནམས་བསགས་པའི་དགེ་བ་ཐམས་ཅད་དང་༔ དེ་དག་གི་འབྲས་བུ་བདེ་སྣང་ཤར་བ་ཐམས་ཅད་མཐའ་གཅིག་ཏུ་མ་ངེས་པར་གཞི་བདེ་གཤེགས་སྙིང་པོ་ཉིད་ལ་རང་ཆས་སུ་རྫོགས་པས་ན་སྐུ་ཞེས་བྱའོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པའི་གནས་ལུགས་བློས་མི་དཔོག་པ༔ ཡིད་ཀྱིས་མི་དཔྱོད་པ༔ བརྗོད་བྱའི་ཡུལ་ལས་འདས་པ༔ ཕྱོགས་ཀུན་ནས་ཟླུམ་པས་ཐིག་ལེ་ཞེས་སུ་གྲགས་པ་དང་༔ འཁོར་འདས་ཀྱི་རྣམ་པ་ཇི་ལྟར་སྣང་ཡང་དོན་ལ་གདོད་མའི་ཡེ་གཞི་ཆེན་པོར་རོ་གཅིག་པས་ཉག་གཅིག་ཅེས་བྱའོ༔ འཁོར་འདས་ཡོངས་ཀྱི་ཆོས་ཉིད་ཁྱབ་བརྡལ་མཐའ་དབུས་དང་བྲལ་བའི་ཀློང་ཆེན་པོ་ནང་གསང་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཆེན་པོའི་ངང་རང་གསལ་བས་འོད་གསལ༔ དོན་དམ་མི་ཤིགས་པའི་བདག་ཉིད་ཅན་གྱི་རྡོ་རྗེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྙིང་པོ་གཅིག་ཏུ་དྲིལ་བའི་ངོ་བོ་ཉིད་ལ་སྙིང་པོ་ཞེས་བྱའོ༔ ཕྱོགས་གང་དུའང་མ་ངེས་མཐའ་གང་དུའང་མ་ལྷུང་བས་དབུ་མ་ཞེས་བྱ་བ་དང་༔ འཁོར་འདས་སེམས་ཀྱི་ཆོ་འཕྲུལ་དུ་ལྟ་ཞིང་མཁན་པོ་ནང་ན་གནས་པས་སྤྲུལ་པ་ཕྱིར་འགྱེད་པ་ལྟ་བུར་ཤེས་པ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་རྣམས་ཀྱང་གཞིའི་ཉག་ཕྲན་ཙམ་རེ་ཡིན་ནོ༔ གཞི་ལུང་མ་བསྟན་དུ་སོང་བའི་ཚེ་ནའང་གཞི་རང་གི་ནང་མདངས་སུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་རང་བྱུང་རང་ཆས་སུ་རྫོགས་པ་ལས་མེད་དུ་མ་སོང་བས་གཞི་དུས་ཀྱི་རྫོགས་པ་ཆེན་པོ་ཞེས་བྱའོ༔ ལམ་དུས་ཀྱི་རྫོགས་པ་ཆེན་པོ་གཞིར་གནས་ཀྱི་རིག་པ་མངོན་དུ་གྱུར་བའི་དུས་སུ་སེམས་དང་སྣང་བ་མ་བཅོས་རང་གར་ཡན་པས་ན་རང་ཀ་མའི་སེམས་དང་སྣང་བ་རྫོགས་པ་དང་༔ ཆོས་ཉིད་ཆད་ལྟ་རུ་མ་སོང་བས་མུ་སྟེགས་རྟག་པར་ལྟ་བའི་ཚུལ་རྫོགས་པ་དང་༔ རྟག་པར་ལྟ་བའི་མཐའ་རུ་མི་འཛིན་པས་ཆད་པར་ལྟ་བའི་ལམ་འཚོལ་གྱིས་སེམས་རྫོགས་པ་དང༔ སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡུལ་རང་རྒྱུད་པར་བཟུང་ནའང་བདག་གི་ངོས་ནས་མེད་པ་གང་ཟག་གི་བདག་མེད་རྟོགས་པས་ཉན་ཐོས་ཀྱི་ཐེག་པ་རྫོགས་པ་དང་༔ ཁམས་གསུམ་གྱི་སྣང་སེམས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་དུ་རྟོགས་པས་རང་རྒྱལ་གྱི་ཐེག་པ་རྫོགས་པ་དང་༔ སྣང་བ་སེམས་ལས་མི་གཞན་པར་ཐག་ཆོད་པས་སེམས་ཙམ་གྱི་ཐེག་པ་རྫོགས་པ་དང་༔ བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༔ འཁོར་འདས་བྱང་ཆུབ་སེམས་ཀྱི་རྒྱས་ཐེབས་པས་བྱང་སེམས་ཀྱི་ཐེག་པ་དང་༔ འཁོར་འདས་སྟོང་ཉིད་ཆེན་པོར་རྟོགས་པ་དེ་ཀ་དབུ་མ་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་དེ་དག་ཐམས་ཅད་རྫོགས་པའོ༔ བྱ་སྤྱོད་ཐ་མལ་དུ་མི་འཆོལ་བས་ཀྲི་ཡའི་ཐེག་པ་རྫོགས་པ་དང་༔ ལྟ་བ་དང་སྤྱོད་པ་གཉིས་མེད་དུ་སྤྱོད་པས་སྤྱོད་རྒྱུད་ཀྱི་ཐེག་པ་རྫོགས་པ་དང་༔ ལྟ་བ་གཙོ་བོར་ཤེས་པས་རྣལ་འབྱོར་ཡོ་གའི་ཐེག་པ་རྫོགས་པ་དང་༔ ལྷ་དང་རང་སྣང་གཉིས་སུ་མེད་པའི་དོན་རྟོགས་པས་མ་ཧཱ་ཡོ་གའི་ཐེག་པ་ཐམས་ཅད་རྫོགས་པ་དང་༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ཚུལ་རྟོགས་པས་ཨ་ནུའི་ཐེག་པ་ཐམས་ཅད་རྫོགས་པ་དང་༔ སེམས་གང་ཤར་མ་བཅོས་རང་གར་ཡན་པས་སེམས་སྡེ་རྫོགས་པ་དང་༔ དབྱིངས་དང་རིག་པ་གཉིས་སུ་མེད་པའི་དོན་རྟོག་པས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ལ་ཀློང་སྡེའི་ཐེག་པ་རྫོགས་པའོ༔ དེ་ལྟར་ཐེག་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པའི་ཚུལ་རྟོགས་པ་ལ་གསང་བ་མན་ངག་གི་ཐེག་པ་ཞེས་བྱ་སྟེ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོར་གྱུར་ཅིང་ས་ལམ་ཐམས་ཅད་གཅིག་ཆར་དུ་རྫོགས་པས་ན༔ སྙིང་པོ་གཅིག་ཏུ་དྲིལ་བའི་ཐེག་མཆོག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ༔ ཐེག་པ་གཞན་རྣམས་ནི་རྫོགས་པ་ཆེན་པོའི་ཉག་ཕྲན་རེ་ཙམ་རང་རང་གི་ཐེག་པར་བཟུང་བ་དཔེར་ན་རྒྱ་མཚོ་ལས་ཆུ་ཐིགས་བླངས་ཏེ་རྒྱ་མཚོ་རུ་བཟུང་བ་ལྟ་བུའི་ཕྱོགས་སུ་ངེས་པའི་ཕྱིར༔ དབང་པོ་ཐ་མའི་ཐ་མ་ལ་འདུལ་བ་དང་ཉན་ཐོས་ཀྱི་ཐེག་པ༔ ཐ་མའི་འབྲིང་ལ་རང་རྒྱལ་གྱི་ཐེག་པ༔ ཐ་མའི་རབ་ལ་བྱང་སེམས་ཀྱི་ཐེག་པ༔ འབྲིང་གི་ཐ་མ་ལ་ཀྲི་ཡའི་ཐེག་པ༔ འབྲིང་གི་འབྲིང་ལ་ཨུ་པ་ཡའི་ཐེག་པ༔ འབྲིང་གི་རབ་ལ་ཡོ་གའི་ཐེག་པ་དང་༔ དབང་པོ་རབ་ཀྱི་ཐ་མ་ལ་མ་ཧཱ་ཡོ་ག༔ རབ་ཀྱི་འབྲིང་ལ་ཨ་ནུ་ཡོ་ག༔ རབ་ཀྱི་རབ་ལ་ཨ་ཏི་སྡེ་གསུམ༔ ཡང་རབ་ཀྱི་ཐ་མར་སེམས་སྡེའི་ཐེག་པ༔ འབྲིང་ལ་ཀློང་སྡེའི་ཐེག་པ༔ ཡང་རབ་ཀྱི་རབ་ཏུ་གྱུར་པ་ལ་གསང་བ་མན་ངག་གི་སྡེ་བསྟན་པ་རྣམས་ནི་གང་ཟག་རང་རང་གི་དབང་སྐལ་དང་མཐུན་པར་སྐྱེས་བུ་གཅིག་གིས་རྣམ་པར་གྲོལ་བའི་ས་ལམ་ལ་བགྲོད་པར་བསྟན་པ་ཡང་༔ སེམས་ཅན་གྱི་སེམས་གཞི་ལ་བཟང་ངན་དང་ཆེ་ཆུང་མེད་ཀྱང་བདག་འཛིན་གྱི་དབང་གིས་བདག་མེད་ཀྱི་དོན་མི་རྟོགས་པས་དབང་པོ་ལ་བཟང་ངན་ལྟར་བཤད་ཅིང་ཐེམ་སྐས་བཞིན་རིམ་པ་བཞིན་དུ་བགྲོད་པའི་ལམ་ལ་ཐེག་པའི་རྣམ་གྲངས་སུ་བསྟན་པ་ཡིན༔ འོག་མའི་ས་ནས་སྟེང་དུ་ཕྱིན་མི་སྲིད་པ་གནམ་སྒོ་བཀག་པ་ལྟ་བུ་དང་༔ དང་པོ་ནས་སྟེང་དུ་ཡོད་པ་ལས་འོག་མར་བགྲོད་མ་དགོས་པ་གཟའ་སྐར་ཤར་བ་ལྟ་བུ་མ་ཡིན་ཏེ༔ སྔོན་སྦྱངས་ཀྱི་སྟོབས་ཀྱིས་ཐེག་པ་གང་དང་འཕྲད་ཀྱང་དེའི་ལས་འཕྲོ་རིམ་གྱིས་སད་པར་འགྱུར་བ་ཡིན་པས་ཤེས་པར་མཛོད༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ཞེས་བྱ་བ་ཀ་དག་རྫོགས་པ་ཆེན་པོའི་ཆོས་ཉིད་འདི་ལ་ཤེས་རབ་བདུན་རང་ཆས་སུ་རྫོགས་པ་ཡིན་ཏེ༔ བདུན་པོ་ནི་འདི་ལྟ་སྟེ༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་རོ་གཅིག་པའི་ངང་མ་རིག་ཉོན་ཤེས་ཀྱི་བསྒྲིབ་པས་གཞི་ལུང་མ་བསྟན་དུ་སོང་སྟེ་སེམས་གཉིས་འཛིན་གྱི་དབང་དུ་འཁྲུལ་པ་ལས༔ དེའི་ངང་ཚུལ་དངོས་པོའི་ཡིན་ལུགས་ལ་བརྟག་ཅིང་དཔྱད་པས་ཡུལ་མེད་ཟང་ཐལ་གྱི་རང་བཞིན་དུ་ཤེས་པ་ནི་སོ་སོར་རྟོག་པའི་ཤེས་རབ་ཅེས་བྱ་བ་ཡིན༔ དེ་ནི་སྣང་བའི་ཆོས་ཐམས་ཅད་སོ་སོ་རང་རང་གི་ངོས་ནས་སྟོང་ཉིད་དུ་རྟོགས་པ་ཡིན༔ མཐར་འཁོར་འདས་ཀྱི་ཆོས་ཐམས་ཅད་བདག་མེད་སྟོང་པ་ཉིད་དུ་ཐག་ཆོད་པའི་ངང་རྒྱུད་ལ་བརྟན་པ་ནི་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་བ་ཡིན༔ དེ་ནི་སྣང་བའི་དངོས་འཛིན་གཏིང་ནས་ཞིག་པ་ཡིན༔ ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞི་རང་ཆས་སུ་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཇི་ལྟ་བ་མཁྱེན་པའི་ཤེས་རབ་ཅེས་བྱ་སྟེ༔ འཁོར་འདས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ཆུ་དྭངས་གསལ་གྱི་ཆ་ལས་སྣང་བ་དང་༔ སྣོད་བཅུད་འདོད་ཡོན་ཐམས་ཅད་ནམ་མཁའ་དྭངས་གསལ་གྱི་ཆ་ལས་སྣང་བ་རྣམས་དྭངས་གསལ་གྱི་ཆ་དེ་མེད་ན་སྣང་བར་མི་འགྱུར་བ་དང་༔ མེ་ལོང་ལ་དྭངས་གསལ་གྱི་ཆ་མེད་ན་གཟུགས་བརྙན་མི་སྣང་བ་བཞིན་དུ༔ གཞི་དྭངས་གསལ་གྱི་ཆ་མེད་ན་སྣང་བ་མི་མཆེད་པས་དྭངས་གསལ་གྱི་ཆ་དེ་དངོས་པོར་བཟུང་བས་སྣང་བ་མཆེད་པ་ཡིན་པས་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན༔ དཔེར་ན་རྒྱ་མཚོའི་གཟའ་སྐར་ལ་ཆུའི་རྒྱས་ཐེབས་པ་དང་༔ སྣོད་བཅུད་ཐམས་ཅད་ལ་ནམ་མཁའི་རྒྱས་མ་ཐེབས་པ་མེད་པ་བཞིན་དུ་འཁོར་འདས་ཐམས་ཅད་ལ་ཆོས་ཉིད་རིག་པའི་ཡེ་ཤེས་ཀྱི་རྒྱས་མ་ཐེབས་པ་མེད་པར་ཁྱབ་པ་ལ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོ་ཞེས་བྱ་སྟེ༔ འཁོར་འདས་ཐམས་ཅད་ཆུ་ཟླ་ལྟ་བུར་མངོན་དུ་བྱེད་པ་ཡིན༔ དེ་ལྟར་ཤེས་རབ་ཆེན་པོས་རྟོགས་ནས་གདིང་རང་ཐོག་ཏུ་བཅའ༔ ས་རང་ས་རུ་བཟུང་བས་མ་དག་པ་ལས་ཀྱི་འཁོར་བ་དབྱིངས་སུ་སྒྲོལ་ཞིང་ཆོས་སྐུའི་རང་ཞལ་མངོན་དུ་བྱེད་པ་སྒྲོལ་བའི་ཤེས་རབ་ཅེས་བྱ་སྟེ༔ བྱ་བ་ཐམས་ཅད་དགུ་ཕྲུགས་སུ་བཏང་བས་བྱར་མེད་དུ་གནས་པ་ཡིན༔ མ་དག་གཉིས་འཛིན་གྱི་འཁོར་བའི་སྣང་ཞེན་ཐམས་ཅད་དག་པ་མཉམ་ཉིད་ཆེན་པོར་བཙན་ཐབས་སུ་སྦྱོར་བའི་ཕྱིར་སྦྱོར་བའི་ཤེས་རབ་ཅེས་བྱ་སྟེ༔ བཟང་ངན་རེ་དོགས་ཀྱི་ཡུལ་ཐམས་ཅད་མེད་མཉམ་དུ་ཤེས་པ་ཡིན༔ ཆོས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་ཡོ་ལང་དུ་རྟོགས་པས་མ་དག་ལས་ཉོན་འཁྲུལ་པའི་འཁོར་བ་ཐམས་ཅད་ཡུལ་མེད་དུ་གཞོམ་ཞིང་བསྲེགས་པས་ན་གཞོམ་པའི་ཤེས་རབ་ཅེས་བྱ་སྟེ༔ སྟོང་ཉིད་མངོན་དུ་བྱས་ཏེ་གདིང་ཐོབ་པ་ཡིན་ནོ༔ ཀྱཻ་རིགས་ཀྱི་བུ་ཤེས་རབ་ཆེན་པོ་ནི་བསྐལ་པ་འཇིགས་པའི་དུས་མཐའི་མེ་མཆེད་པ་ལྟ་བུ་སྟེ༔ ལས་ཉོན་བག་ཆགས་འཁྲུལ་སྣང་ཐམས་ཅད་རྩྭ་སྐམ་ལ་མེ་མཆེད་པ་ལྟ་བུ་ཆོས་ཉིད་རྒྱུ་འབྲས་ལས་འདས་པར་བསྲེག་པར་འགྱུར་རོ༔ ཤེས་རབ་ཆེན་པོ་ནི་མཁའ་ལ་ཉི་མ་ཤར་བ་ལྟ་བུ་སྟེ༔ མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་པར་འགྱུར་རོ༔ ཤེས་རབ་ཆེན་པོ་ནི་ནམ་མཁའ་ལྟ་བུ་སྟེ༔ དམ་པའི་ཆོས་ཐམས་ཅད་སྣོད་བཅུད་ལྟ་བུར་ཁོང་དུ་ཆུབ་པར་བྱེད་དོ༔ སྐད་ཅིག་མ་དང་པོར་སེམས་ཅན་དམུས་ལོང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་གདུང་ཞིང་བཅིངས་པ་ཉོན་མོངས་པ་དང་བག་ཆགས་དུག་གི་རྐྱལ་པ་ལྟ་བུར་གྱུར་པ་ཞིག་ལ༔ སྐད་ཅིག་མ་གཉིས་པར་ཤེས་རབ་ཆེན་པོ་ངོ་འཕྲོད་པ་ཙམ་གྱིས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པར་གྱུར་ནས་འགྲོ་བ་ལྷ་དང་བཅས་པའི་སྐྱེ་རྒུ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ༔ མཆོད་པ་དང་བཀུར་སྟི་བྱ་བའི་འོས་སུ་གྱུར་པ༔ བསོད་ནམས་ཀྱི་ཞིང་སར་གྱུར་པ༔ ཚོགས་རྣམས་ཀྱི་མཆོག་ཆེན་པོར་འགྱུར་བ་ཡིན༔ མ་དག་པ་ལས་ཀྱི་བསྐལ་པ་འདིས་འཇིག་པར་བྱེད་པ་དོན་དམ་པ་ཡིན༔ ཀུན་རྫོབ་ཏུ་བསྐལ་པ་འཇིག་པའི་མེ་བདུན་བསྟན་པའོ༔ དག་པ་ཡེ་ཤེས་ཀྱི་རླུང་བདུན་ཡོད་དེ༔ རླུང་བདུན་གང་ཞེ་ན་འདི་ལྟ་སྟེ༔ མ་དག་འཁོར་བའི་སེམས་དང་སྣང་བའི་ཁམས་སོ་སོར་རྒྱུ་ཞིང་རྟག་བརྟན་ཐེར་ཟུག་གི་མངོན་ཞེན་སྟོང་ཉིད་དུ་གཏོར་བར་བྱེད་པ་འགྱུ་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ སྣང་བའི་ཡུལ་ཐམས་ཅད་འགྱུ་ཞིང་བདེན་མེད་དུ་ཤེས་པར་བྱ་བ་ཡིན༔ འཁོར་འདས་ཐམས་ཅད་གཞིས་ཁྱབ་ཅིང་གཞི་མངོན་དུ་བྱེད་པ་ཁྱབ་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ མ་བསྒོམ་རང་སར་བཞག་པས་རང་ངོ་མངོན་དུ་གྱུར་པ་ཡིན༔ མ་དག་པ་སེམས་ཀྱི་སྒོ་སྟོང་ཉིད་དབུ་མ་ཆེན་པོར་སྡོམ་པར་བྱེད་པས་སྡོམ་བྱེད་ཤེས་རབ་ཀྱི་རླུང་ཞེས་བྱ་སྟེ༔ བརྗོད་མེད་བློ་འདས་ཆེན་པོར་རང་ས་འཛིན་པ་ཡིན༔ ཆོས་ཉིད་སྤྲོས་བྲལ་བློ་འདས་ཡེ་བབས་ཆེན་པོར་ཁོར་ཡུག་ཏུ་འཛིན་པ་འཛིན་པ་ཐབས་ཀྱི་རླུང་ཞེས་བྱ་སྟེ༔ བརྗོད་མེད་ཁོར་ཡུག་ཏུ་འདྲེས་པ་ཡིན༔ མཐར་འདི་ལྟར་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡུལ་མེད་ཆེན་པོར་གཏོར་ཞིང་འཇིག་པར་བྱེད་པའི་ཕྱིར་བསྐལ་པ་འཇིག་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ ཆོས་ཟད་བློ་འདས་ཆེན་པོར་འཕེན་པར་བྱེད་པ་ཡིན༔ ཡེ་ཤེས་ཀྱི་རླུང་བརྡལ་ཁྱབ་ཏུ་རྒྱུ་བས་འཁོར་བའི་སྲོག་གཅོད་ཅིང་མྱ་ངན་ལས་འདས་པའི་དབྱིངས་སུ་འཕེན་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱ་སྟེ༔ སེམས་སྣང་སྟོང་ཉིད་དུ་འཆར་ཏེ་མཐར་འཁྲུལ་མི་ཤེས་པའི་དབྱིངས་སུ་འཕེན་པ་ཡིན༔ མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་ཏེ་ལས་ཉོན་བག་ཆགས་ཡུལ་མེད་དུ་བསྲེགས་པས་མེ་དང་མཉམ་པའི་རླུང་ཞེས་བྱ་སྟེ༔ ཉོན་མོངས་པ་དང་རྣམ་པར་རྟོག་པ་དབྱིངས་སུ་ཆོམ་སྟེ་རྣམ་མཁྱེན་གྱི་སྲོག་ཡེ་ཤེས་སུ་རྒྱུ་བ་ཡིན༔ དེ་ལྟར་དག་པ་ཡེ་ཤེས་ཀྱི་རླུང་ཆེན་རྣམ་པ་བདུན་གྱིས་ལས་རླུང་རང་མལ་དུ་གསོད་པ་སྟེ༔ ཡེ་ཤེས་ཀྱི་རླུང་རང་མལ་དུ་རྒྱུ་ཞིང་འཁོད་པས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མི་རིང་བར་མྱུར་དུ་ཐོབ་པར་བྱེད་པའོ༔ དེ་ལྟར་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་གསལ་བའི་ཆ་ལ་ཤེས་རབ་ཞེས་བྱ་སྟེ༔ དེའི་རང་གསལ་སྟོབས་ཤུགས་ཀྱི་ཆ་ལ་རླུང་ཞེས་བྱའོ༔ དེ་ལྟར་ཇི་སྙེད་པའི་ལམ་དང་འབྲས་བུ་ཐམས་ཅད་ཆོས་སྐུ་གཞིར་གནས་ཀྱི་རིག་པ་རང་ལ་རྫོགས་པའི་ཚུལ་བསྟན་པ་ཡིན་ཏེ༔ འོད་གསལ་རྫོགས་པ་ཆེན་པོའི་ཐེག་པ་མཆོག་ཏུ་ངེས་པར་བྱ་བའི་ཕྱིར་ཐེག་པ་གཅིག་པུ་འདིའི་གནད་དོན་བསྐྱར་ཟློས་ཡང་ཡང་བྱས་ཏེ་མ་བསྟན་ན་ཇི་བཞིན་རྟོགས་པར་མི་འགྱུར་བའི་ཕྱིར་འདི་ལྟར་བཤད་པ་ཡིན་པས་མ་འོངས་པའི་རྗེས་འཇུག་རྣམས་ཀྱིས་གནད་འདིའི་གཏིང་དཔོག་ཅིང་མཐའ་ཆོད་པར་བྱེད་པ་ནི་སྒོམ་གྱི་ངོ་བོའམ་སྙིང་རྡོ་དམ་པ༔ གོལ་ས་གཅོད་པའི་སྤུ་གྲི༔ ཡེ་ཤེས་ཀྱི་མིག་གཅིག་པུ་དང་༔ ལྟ་བ་ནི་ནམ་མཁའི་ཀློང་ཡངས་ཞེས་བྱ་བ་ཡིན་ཏེ་ཤེས་པར་གྱིས་ཤིག༔ འདི་མི་ཤེས་པའི་དམུས་ལོང་རྣམས་ཀྱིས་ཇི་ཙམ་སྒོམ་ཀྱང་ཁམས་གོང་མ་ལས་མི་འཕགས་པའི་རྒྱུ་མཚན་གཞི་ཀ་དག་ཁྱབ་བརྡལ་གྱི་གནས་ལུགས་མ་ཤེས་པ་ནི་མ་རིག་པ་ཡིན་ཏེ༔ མ་རིག་པ་ནི་ཁམས་གསུམ་གྱི་འཁྲུལ་གཞི་ཡིན་པས་དེའི་ཕྱིར་འཁོར་བ་ལས་མི་འཕགས་པའོ༔ འཁོར་འདས་གདོད་མའི་ཡེ་གཞི་ཆེན་པོར་གཉིས་སུ་མེད་པར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་རིག་པའི་ཡེ་ཤེས་ཞེས་པ་སྟེ༔ གཞི་དེས་བསྐྱེད་པའི་དགེ་ཚོགས་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཁོ་ན་ཡིན་པ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁམས་གསུམ་གྱི་སེམས་ཅན་དམུས་ལོང་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་དུ༔ མ་རིག་པས་རྒྱུ་བྱས་གཟུང་འཛིན་གཉིས་ཀྱིས་རྐྱེན་བྱས་ཏེ་འཁོར་བ་མཐའ་མེད་པའི་གནས་སུ་འཁྲུལ་པའི་འཁོར་ལོ་བར་མ་ཆད་པར་ཁོར་ཡུག་ཏུ་ཞེན་ཅིང་མ་རིག་པའི་སྒོང་རྒྱར་བག་ཆགས་ཀྱི་དྲི་མ་སྡུད་པའི་དབང་གིས་སྡུག་བསྔལ་གྱི་ཁུར་ཆེན་པོས་ནོན་པ་ལས༔ འདི་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་བག་ཆགས་ཀྱི་སྒོང་རྒྱ་ཁྲོལ༔ མ་རིག་པའི་མལ་ནས་སད་པས་སྔོན་གྱི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མ་མྱོང་བ་ལ་མྱོང་བར་སྣང་བའི་འཁྲུལ་སྣང་བདེན་པར་བལྟས་ཏེ་མྱོང་ཞེན་གྱི་ཚུལ་ལ་བསམ་ནས་གད་མོ་བྲོ་བ་ནི་འདི་ལྟ་སྟེ༔ མིང་གི་གདགས་གཞི་མ་གྲུབ་པར་ཡུལ་མེད་སྟོང་པ་ལ་མིང་ཐ་དད་དུ་བཏགས་ཏེ་རང་གིས་རང་བསླུས་པ་འདི་ཧ་ཧ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྨིག་རྒྱུ་ཆུ་རུ་བཟུང་བ་ལྟ་བུ་དང་སྒྱུ་མའི་དགའ་སྟོན་ལ་ལོངས་སྤྱོད་བདག་གིར་འདོད་པ་ལྟ་བུས་རྟག་པར་བཟུང་སྟེ་མངོན་པར་ཞེན་ཅིང་སྔ་ནུབ་ཕྱི་འབྱུང་བརྟན་གནས་མེད་པ་འདི་མ་མཐོང་བས་མགོ་འཁོར་བ་དེ་ཧ་ཧ༔ སྣང་བ་བརྟན་མེད་དུ་འབྱུང་འགྱུར་བྱེད་པའི་མཚང་མི་རིག་པར་ལོངས་སྤྱོད་གསོག་འཇོག་གཏན་ནོར་དུ་རློམ་པ་དེ་ཧ་ཧ༔ ཆོས་ཉིད་རྒྱུ་འབྲས་ལས་འདས་པ་ཀ་དག་གི་རང་ས་འཛིན་པ་སངས་རྒྱས་ཡིན་པར་མ་རིག་སྟེ་ལུས་ངག་གི་དགེ་བས་འཁོར་བར་བསོད་ནམས་བསགས་པས་འཚང་རྒྱ་བར་རེ་བ་དེ་ཧ་ཧ༔ འཁོར་འདས་སྟོང་ཉིད་ཆེན་པོའི་རང་བཞིན་ཡུལ་མེད་ཟང་ཐལ་དུ་མཐོང་ཚེ་ཡུལ་སྣོད་བཅུད་ཅན་དུ་བཟུང་བའི་སངས་རྒྱས་དང་ཞིང་ཁམས་ཐམས་ཅད་གཡང་ས་རུ་ལྷུང་བ་དེ་ཧ་ཧ༔ སྣོད་བཅུད་འདོད་ཡོན་ཐམས་ཅད་གཞི་མེད་རྩ་བྲལ་ཆེན་པོ་རྨི་ལམ་སྒྱུ་མ་ལྟ་བུར་མེད་བཞིན་ཡོད་པར་སྣང་བ་སྐད་ཅིག་གིས་མཆེད་པ་དང་ཡལ་བ་དུས་མཉམ་པ་མཁའ་ལས་གློག་འཁྱུག་པ་ལྟ་བུར་མཐོང་ཚེ་འཁོར་བའི་འཁོར་ལོ་རླུང་གིས་ཁྱེར་བ་དེ་ཧ་ཧ༔ ཚེ་རབས་ཐོག་མཐའ་མེད་པའི་དུས་ནས་རང་ངོ་ཀ་དག་ཆོས་ཀྱི་དབྱིངས་ལས་འཕོ་འགྱུར་སྐད་ཅིག་ཙམ་ཡང་མེད་པའི་ངང་མ་རིག་སྟེ་འཁོར་བར་འགྲོ་འོང་དང་འཕོ་འགྱུར་དུ་སྣང་བ་དེ་ཧ་ཧ༔ ཚེ་རབས་ཐོག་མཐའ་མ་མཆིས་པའི་དུས་ནས་རང་སྣང་རང་ལ་མཆེད་པ་ལས་འདོད་ཡོན་སྤུ་རྩེ་ཙམ་ཡོད་མ་མྱོང་བའི་ངང་མ་རིག་སྟེ་ཆགས་ཞེན་མྱོང་ཚོར་གྱི་སྣང་བ་གཞན་དུ་བཟུང་ནས་རེ་དོགས་ཉེར་ལེན་གྱི་དབང་དུ་བར་མཚམས་མེད་པར་འཁྲུལ་པ་དེ་ཧ་ཧ༔ གདོད་མའི་ཡེ་གཞི་ཆེན་པོའི་རང་ཞལ་མཇལ་ཚེ་སྐྱོན་དང་བག་ཆགས་ཐམས་ཅད་ཡུལ་མེད་ཟང་ཐལ་དུ་སངས་རྒྱས་པ་འདི་ཧ་ཧ༔ གཞི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ཚུལ་མཐོང་ཚེ་ལྷ་འདྲེ་དགྲ་གཉེན་གྱིས་ཕན་གནོད་ཡུལ་མེད་དུ་ཡལ་བ་འདི་ཧ་ཧ༔ གཞི་དབྱིངས་མ་རིག་པའི་མུན་ཁམས་རིག་པ་རུ་སངས་ཚེ་སྒོམ་པ་བཟང་པོས་སངས་རྒྱས་མ་ཐོབ༔ མ་བསྒོམ་ངན་པས་འཁོར་བར་མ་འཁྱམས་པ་འདི་ཧ་ཧ༔ གཞིའི་ཆོས་སྐུ་ཁྱབ་བདག་ཀུན་ཏུ་བཟང་པོ་མངོན་དུ་གྱུར་ཚེ་ཆོས་སྐུའི་རྒྱལ་སྲིད་འབད་མེད་དུ་ཐོབ་པ་འདི་ཧ་ཧ༔ མཐའ་གྲོལ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་ཚེ་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་དམིགས་བསམ་རྣམ་པར་རྟོག་པའི་བློ་ཡིད་ཀྱིས་འབད་དང་རྩོལ་བ་མི་དགོས་པར་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་འཚང་མཉམ་དུ་རྒྱ་བ་འདི་ཧ་ཧ༔ མཐའ་གྲོལ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་བའི་ཚེ་ན་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འདུ་འབྲལ་མེད་པར་རོ་གཅིག་ཏུ་རྫོགས་ཤིང་གྲུབ་པ་འདི་ཧ་ཧ༔ འཁོར་འདས་དག་མཉམ་གྱི་རོལ་པ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་སུམ་དུ་གྱུར་ཚེ་ས་ལམ་གྱི་རིམ་པ་ལ་མ་ལྟོས་པར་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་འདི་ཧ་ཧ༔ ཞེས་རྡོ་རྗེའི་གད་མོ་ཆེན་པོའི་ཚིག་གི་སྒྲ་ཐོས་པས་དོན་གྱི་དབྱིངས་འཇལ་ཞིང་ཟབ་རྒྱའི་གནད་རྟོགས་པར་འགྱུར་བའོ༔ སླར་ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གདོད་མ་གཞིའི་སངས་རྒྱས་ཀྱི་རང་བཞིན་རྫོགས་པ་ཆེན་པོ་ཞེས་བྱ་བའི་ལམ་ཉམས་སུ་ལེན་པའི་ཚུལ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངའི་རང་བཞིན་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་ཚུལ་ནི་འདི་ལྟ་སྟེ༔ ཚེ་འདིར་རྣམ་པར་གྲོལ་བའི་ས་ལམ་བགྲོད་པ་ལ་དང་པོ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་བའི་རྒྱུ་མཚན་ཤེས་ནས་རྒྱུད་ལ་ངེས་པར་འབྱོར་བ་ཞིག་དགོས༔ འཁོར་འདས་ཀྱི་ས་མཚམས་ལ་ད་རེས་ཐུག་པའི་དུས་འདིར་ཆོས་མ་བསྒྲུབ་ན་ཕྱིས་རྣམ་པར་གྲོལ་བའི་ས་ལམ་དང་འཕྲད་པར་མི་འགྱུར་བ་དང་༔ འཕྲད་ཀྱང་ཉམས་སུ་ལེན་ཤེས་པར་དཀའ་བ་དང་༔ ངོ་སྤྲོད་པའི་བླ་མ་དགེ་བའི་བཤེས་གཉེན་དམ་པ་དང་འཕྲད་པར་དཀའ་བ་དང་༔ ཉམས་སུ་ལེན་པའི་རང་དབང་དང་ལྡན་པ་ཤིན་ཏུ་དཀའ་བ་དང་༔ ཡོ་བྱད་དང་འབྱོར་པ་ཐམས་ཅད་འཛོམ་པའང་དཀའ་སྟེ༔ ད་རེས་ཙམ་མ་གཏོགས་འཁོར་བ་སྡུག་བསྔལ་གྱི་བཙོན་དོང་ལས་ཐར་པའི་ཐབས་མི་འོང་བའི་ཚུལ་ཤེས་ནས་ཆོས་ལམ་དུ་འཇུག་དགོས་པ་དང་༔ ནམ་འཆི་ཆ་མེད་ཀྱི་ངང་ཚུལ་ཤེས་པར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་འཆི་བ་ཐོག་བབ་ཏུ་བྱུང་ནས་དུས་ད་ལྟ་མི་ཡུལ་ནས་ཕ་རོལ་ཏུ་འཕོ་རན་པ་ཡིན་སྙམ་དུ་དེ་དུས་ཀྱི་སྡུག་བསྔལ་ཐམས་ཅད་དྲན་ནས་རྒྱུད་ལ་བཀལ་བ་ནི༔ དུས་དེ་རིང་ཕ་མ་སྤུན་ཟླ་ཉེ་འབྲེལ་གནས་ཁང་ལོངས་སྤྱོད་དང་བཅས་པ་འཕྲོ་ལིང་ངེ་གྲ་མ་ཉམས་སྤུ་མ་བཅག་པར་ཤུལ་དུ་བཞག་ནས༔ ཕྱིན་ཆད་མིང་ཙམ་ཡང་མི་ཐོས་ཤིང་ཕྱོགས་ཙམ་ཡང་མི་མཐོང་བའི་སར་སླར་ལོག་པའི་དུས་མེད་པར་འགྲོ་བའི་དུས་ལ་བབས་ན་འགྲོ་ཡུལ་ནི་བསྐལ་པ་མང་པོར་བདེ་བའི་གོ་སྐབས་ཏིལ་འབྲུ་ཙམ་མེད་པར་སྡུག་བསྔལ་གྱི་རྦ་ཀློང་འཁྲུགས་པའི་གནས་སུ་མི་འགྲོ་བའི་དབང་མེད་པར་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་ཆེན་པོས་རྒྱབ་ནས་དེད༔ ཉེ་བ་རྩ་ལག་བུ་ཚ་བཟའ་མི་ཐམས་ཅད་ཀྱི་གདོང་མཆི་མས་གང་སྟེ་འོ་དོད་དྲག་པོ་བོས་ཀྱང་ཁོའི་སེམས་ལ་སྡུག་བསྔལ་གསོས་བཏབ་སྟེ་བློས་མི་ཐོང་བཞིན་དུ་ཡི་ཆད་དུང་ངེ་རྒྱུས་མེད་ཀྱི་ཡུལ་དུ་བཤེས་མེད་གྲོགས་མེད་གཅིག་པུར་འགྲོ་ཚེ་གྲོགས་སུས་བྱེད༔ སྡུག་བསྔལ་ཁུར་རོགས་སུ་ཡོད༔ ར་མདའ་སུ་འོང་༔ སྡུག་བསྔལ་བཟོད་གླག་མེད་པ་མྱོང་དུ་ཡོད་པ་སུས་ཚོར༔ བུ་ཚ་གཉེན་གྲོགས་ཀྱི་དོན་དུ་མི་དགེ་བའི་ལས་ངན་བསགས་པས་ཅི་ཕན༔ དྲིན་དྲན་ནམ་མི་དྲན་རང་གཞན་རྣམས་དཔེར་བཙུག་ནས་བརྟག་སྟེ་ཚེ་འདིར་ཐར་པའི་ལམ་སྣ་ཞིག་མ་ཟིན་ན་ལས་ཅི་བྱས་ཀྱང་ཕན་པ་སྤུ་ཙམ་མེད༔ རང་ནམ་འཆི་ནི་མི་ཤེས༔ ཚེ་ཟད་པ་ལ་ནི་ངེས་པ་མེད་པར་བྱིས་པ་རྒན་གཞོན་ཐམས་ཅད་འཆི་བ་ཡོད་ན་བློ་རིང་བའི་སྣ་ཁ་བསྟུང་ནས་མྱུར་དུ་ཐེག་མཆོག་དམ་པ་ཚེ་གཅིག་ལ་གྲོལ་བའི་མན་ངག་ཟབ་མོ་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་ཤེས་ཏེ་བརྩོན་དགོས་པ་ལས༔ གལ་ཏེ་འཆི་བ་བློས་དོར་ན་ཆོས་ཀྱི་བསམ་པ་ནུབ་ནས་ལེ་ལོ་རྣམ་གཡེང་འདུ་འཛི་ཁེ་དྲག་ལོ་འདོད་ཀྱི་དབང་དུ་ཤོར་ནས་མི་ཚེ་སྟོང་ཟད་དུ་འགྲོ་སྟེ་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བ་མཐའ་མེད་དུ་ལྟུང་བར་འགྱུར་བ་ལ་བསམ་མནོ་ཡང་ཡང་བཏང་ནས་མི་རྟག་འཆི་བ་དྲན་པ་ནི་ཐར་པའི་ལམ་གྱི་གཞི་རྩ་བླ་ན་མེད་པ་ཡིན༔ འདི་དང་བྲལ་ན་ལྟ་བའི་མིག་ལོང་བ་དང་༔ འགྲོ་བའི་རྐང་པ་ཆག་པ་ལྟར་ལས་རྐྱེན་ངན་པའི་དབང་དུ་འཆོར་ཏེ་ཆོས་བསྒྲུབ་ཀྱང་ཚུགས་མི་ཐུབ་པ་རྟ་རྔའི་མདུད་པ་ལྟ་བུར་རང་ཞིག་ཏུ་འགྲོ་བ་ཡིན་པས་ཤེས་པར་མཛོད༔ དེ་ལྟར་གནད་དེ་གཉིས་ཤེས་ཏེ་རྒྱུད་ལ་འབྱོར་བས་ལས་རྒྱུ་འབྲས་ལ་བསམ་ན༔ ཞེ་སྡང་གི་འབྲས་བུ་དམྱལ་བ་ཡིན་ན་བདག་གིས་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་ལ་རྩིས་གྲངས་ཐོང་དང་དམྱལ་བའི་མགྲོན་པོ་ཞིག་ཡིན་འདུག་པ་ཨི་ཚོར༔ ཡི་དྭགས་ཀྱི་རྒྱུ་འདོད་ཆགས་འབྲས་བུ་ཡི་དྭགས་ཡིན་ན་བདག་གི་འདོད་ཆགས་ལ་ལྟོས་དང་དེའི་དབང་གིས་ལས་བྱས་པ་ལ་རྩིས་གྲངས་ཐོང་ན་ཡི་དྭགས་ཀྱི་མགྲོན་པོ་ཞིག་ཡིན་པ་ཨི་གོ༔ དུད་འགྲོའི་རྒྱུ་གཏི་མུག་དང་འབྲས་བུ་དུད་འགྲོ་ཡིན་ན་རྒྱུ་དེས་བསྐྱེད་པའི་ལས་ངན་སྣ་ཚོགས་ལ་བརྟག་ན་དུད་འགྲོའི་མགྲོན་པོའི་ལམ་དེ་དོན་དུ་གཉེར་ཏེ་རང་ཡུལ་འཁོར་བ་ཞིག་ཡིན་པར་ཐག་ཆོད་པ་ཨི་གོ༔ ཕྲག་དོག་གིས་ཀུན་ནས་བསླངས་པའི་ལས་རྣམས་ལྷ་མ་ཡིན་གྱི་རྒྱུ་དང་འབྲས་བུ་ལྷ་མ་ཡིན་གྱི་ཡུལ་སྨིན་པར་བྱེད་པ་ཡིན་ན༔ བདག་གི་བསམ་པ་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་ལས་བསགས་པའི་ཚུལ་ལ་བསམ་ན་ལྷ་མ་ཡིན་གྱི་མགྲོན་པོས་ལྷ་མ་ཡིན་གྱི་རྒྱུ་དོན་དུ་གཉེར་ནས་སླར་ཡང་རང་ཡུལ་དུ་འགྲོ་བ་ཞིག་ཨི་གོ༔ སེམས་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྡིག་པ་མི་དགེ་བའི་ལས་ནི༔ སྲོག་གཅོད་པ་དང་༔ མ་བྱིན་པ་ལེན་པ་དང་༔ འདོད་ལོག་སྤྱོད་པ་དང་གསུམ་ལུས་ཀྱི་མི་དགེ་བ༔ རྫུན་སྨྲ་བ་དང་༔ ཕྲ་མ་སྨྲ་བ་དང་༔ ངག་འཁྱལ་སྨྲ་བ་དང་༔ ཚིག་རྩུབ་སྨྲ་བ་དང་བཞི་ངག་གི་མི་དགེ་བ༔ བརྣབ་སེམས་དང་༔ གནོད་སེམས་དང་༔ ལོག་ལྟ་དང་གསུམ་ནི་ཡིད་ཀྱི་མི་དགེ་བ་ཡིན་ཏེ༔ དེ་དག་ཐམས་ཅད་རྒྱུ་ཀུན་སློང་གི་དབང་གིས་ནུས་པ་བསྐྱེད་ནས་ངན་སོང་གསུམ་གྱི་སྣང་བ་མཆེད་པ་ཡིན༔ ཁྱད་པར་དུ་གསང་སྔགས་ཀྱི་རྩ་བ་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་ན་མནར་མེད་པ་རྡོ་རྗེའི་དམྱལ་བ་ཞེས་བྱ་བར་ལྟུང་དགོས་པས་དམ་ཚིག་འདི་ཤེས་པར་བྱ་བ་གནད་དུ་ཟུངས་ཤིག༔ མི་ཤེས་པ་རྣམས་ལ་ཉེས་པ་མི་འབྱུང་སྙམ་ན་དེ་ལྟར་མ་ཡིན་ཏེ༔ མི་ཤེས་པ་རྣམས་ཀྱིས་ནི་དམ་ཚིག་ཉམས་པ་དང་མ་ཉམས་པ་ངོ་མི་ཤེས་པས་བཤགས་སྦྱང་ཡང་བྱེད་དུས་མེད་དེ་དེ་ལ་རྟག་ཏུ་ཉེས་པ་ཆེན་པོ་བར་མ་ཆད་པར་འབྱུང་བ་རང་གིས་མ་རིག་མ་ཚོར་བའི་དབང་གིས་ལས་ངན་པའི་འབྲས་བུ་དུས་སུ་སྨིན་པ་ནི་དཔེར་ན་བསགས་པའི་ཟས་ནོར་ཐམས་ཅད་རྐུན་བུ་ཡོད་པར་མ་ཤེས་པས་ཤོར་སོང་བ་དང་༔ ཉིན་མོ་ཇག་པ་ཡོད་པར་ཤེས་ཏེ་མཐོང་བཞིན་དུ་ཤོར་བ་ལ་ཁྱད་པར་ཏིལ་འབྲུ་ཙམ་མེད་པ་བཞིན་དུ་རྣམ་སྨིན་དང་སྡུག་བསྔལ་མྱོང་ཚོར་ལ་ནི་ཤེས་པ་དང་མ་ཤེས་པ་གཉིས་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་དེ༔ ཤེས་པ་རྣམས་ཀྱིས་ཉམས་པ་འཕྲལ་དུ་གོ་ནས་བཤགས་པ་བྱས་པས་འབྱོངས་པའམ་ཉེས་པ་སྲབ་མོར་བྱེད་པ་ཡིན༔ མི་ཤེས་པས་ནི་ཉམས་ཡང་མི་ཚོར་བས་ད་དུང་ཉེས་ལྟུང་ཉམས་ཆག་ཐམས་ཅད་ལ་གསོས་བཏབ་སྟེ་འཕེལ་བ་སྐྱེད་ནས་ལས་འབྱོངས་པའི་དུས་མེད་པའོ༔ ཀྱཻ་རིགས་ཀྱི་བུ་ཆོས་ཟད་བློ་འདས་ཆེན་པོའི་ས་ལ་མ་སླེབ་ཀྱི་བར་དུ་རྣམ་པར་སྨིན་པའང་ཟད་པ་མེད་པའི་ངང་ཚུལ་ལ་བརྟག་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་ལག་ལེན་ལ་འདེབས་པ་ནི་གནད་ཀྱི་ཡང་གཅེས་དམ་པར་ཤེས་ནས་སྲོག་གི་གཏའ་རུ་བཟུང་བར་བྱའོ༔ ཁྱད་པར་དུ་སྡིག་པ་མི་དགེ་བའི་ཆ་ཕྲ་མོ་ཙམ་ཡང་སྤང་བར་བྱ་བ་གནད་དུ་བཟུང་དགོས་པ་དང་༔ གལ་ཏེ་གནད་དུ་མ་བཟུང་ནས་མི་དགེ་བའི་ལས་ལ་ཁ་འཆོལ་བར་གྱུར་ན་རིམ་པ་བཞིན་དུ་ལས་ངན་པའི་དབང་ཁ་འཕེལ་ཏེ་ནམ་ཞིག་ལས་འབྲས་ཕྲ་མོས་ཀྱང་བག་ཆགས་ཀྱི་དྲི་མ་སྣ་ཚོགས་སྡུད་ཅིང་འབྲས་བུ་ཆེན་པོར་མཆེད་དེ་ཐར་མེད་དུ་ཁ་དྲང་བར་བྱེད་དོ༔ དེའི་ཕྱིར་རྒྱུ་འབྲས་ཀྱི་གནད་དོན་ཤེས་པ་ལམ་མཐོང་བྱེད་ཀྱི་མིག་ལྟ་བུ་ཡིན་ནོ༔ འཁོར་བའི་སྡུག་བསྔལ་གྱི་ངང་ཚུལ་ལ་སེམས་ནས་འཁོར་བ་མེ་འོབ་ལྟ་བུ་དང་༔ དུག་སྦྲུལ་གྱི་ཚང་ལྟ་བུ་དང་༔ སྲིན་མོའི་གླིང་ལྟ་བུ་བདེ་བའི་གོ་སྐབས་སྤུ་ཙམ་ཡང་མེད་པར་ཤེས་ཏེ་ཐར་པ་དོན་དུ་གཉེར་བ་ལ་བརྩོན་པ་ནི་ཆོས་བསྒྲུབ་པའི་སྔོན་དུ་རྒྱུད་ལ་སྐྱེ་ངེས་པར་བསླབ་དགོས་པ་གནད་ཀྱི་དམ་པར་ཟུངས་ཤིག༔ དེ་ལྟར་བློ་མ་སྦྱངས་པ་རྣམས་ཀྱིས་གདམས་ངག་ཟབ་མོ་ཉམས་སུ་ལེན་པ་ལ་བརྩོན་ཀྱང་དཀའ་ཚེགས་དང་བཀྲེས་སྐོམ་ལ་སོགས་པའི་རྐྱེན་ཕྲ་མོ་བྱུང་ཚེ་དེའི་དབང་དུ་འཆོར་ཞིང་མཐར་མི་ཕྱིན་པའི་སྐྱོན་ཡོད་པས་དང་པོ་བློ་ལྡོག་རྣམ་བཞིས་བློ་སྦྱངས་མཐར་དུས་དང་རྣམ་པ་ཀུན་ཏུ་བརྗེད་མེད་ཁོར་ཡུག་ཏུ་རྒྱུད་དང་འདྲེས་ངེས་པ་ཞིག་གནད་ཀྱི་དམ་པར་བཟུང་བ་ནི་ཆོས་པ་ཀུན་གྱི་སྤྱི་ནོར་བླ་ན་མེད་པ་ཉིད་ཡིན་ནོ༔ ད་ནི་དངོས་གཞི་ཉམས་སུ་ལེན་པ་ལ༔ འཁོར་འདས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་པ་ནི་ལྟ་བ་ནམ་མཁའ་ཀློང་ཡངས་ཞེས་བྱ་བ་ཡིན་ཏེ་གཞིའི་རང་ཞལ་ཆོས་སྐུ་མཚན་མ་དང་བྲལ་བ་མངོན་དུ་གྱུར་པ་ཡིན༔ སྒོམ་པ་ནི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ལྟར་ཡོད་ཀྱང་གཟུང་བ་དང་འཛིན་པའི་ཡུལ་དང་བདེན་ཞེན་གྱི་དབང་གིས་མུན་པ་ལྟ་བུས་བསྒྲིབས་ཏེ་འཁྲུལ་པ་ལས༔ ད་ལྟ་ངོ་རང་ཐོག་ཏུ་འཕྲོད་པ་ལས་བསྒོམ་རྒྱུ་རྡུལ་ཙམ་མེད་པར་རང་དབང་རང་ལ་ཐོབ་སྟེ་རང་ཐོག་ཏུ་རང་ས་འཛིན་པ་ལས་བློ་ཡིད་ཀྱིས་བཅོས་བསྒྱུར་མེད་པར་ནམ་མཁའ་དག་པའི་དབྱིངས་སུ་རང་དབང་མངོན་དུ་གྱུར་པ་ཡེ་བབ་རང་བྱུང་ཆེན་པོར་འབྱམས་ཀླས་པ་དཔེར་ན་ནམ་མཁའ་ནམ་མཁའ་དང་འདྲེས་པ་ལྟ་བུ་དང་༔ སྔོན་ཆད་ཕྱི་ནང་དུ་བློ་ཡིད་ཀྱིས་བཅད་ནས་སོ་སོར་བཟུང་བ་ད་ནི་ཕྱི་ནང་མེད་པར་ཐག་ཆོད་དེ་ཁྱབ་བརྡལ་ཟང་ཐལ་ཆེན་པོའི་དོན་གཤིས་ཐོག་ཏུ་ཕེབས་པ་ལ་སྒོམ་པ་བློ་བྲལ་བྱར་མེད་ཅེས་བྱའོ༔ དེ་ལྟར་སྒོམ་པ་དེའི་ངང་དུ་ལུས་མ་བཅོས་པར་དུར་ཁྲོད་ཀྱི་མི་རོ་ལྟ་བུར་གཡོ་འགུལ་དང་བྲལ་བར་བཞག་པ་དང་༔ ངག་མ་བཅོས་པ་པི་ཝང་གི་རྒྱུན་ཐག་ཆད་པ་ལྟར་སྨྲ་བརྗོད་བཟླས་པ་ཐམས་ཅད་ཅོག་བཞག་ཏུ་བཏང་བ་དང་༔ སེམས་མ་བཅོས་པ་ཡེ་ཡིན་གྱི་ངང་དུ་བཟོ་མི་འཆོས་པར་རང་ཡན་དུ་བཞག་པ་དང་གསུམ་པོ་འདི་ནི་སྒོ་གསུམ་གྱི་བྱ་བ་བཏང་སྟེ་བྱར་མེད་དུ་མཉམ་པར་བཞག་པས་ན་མཉམ་བཞག་ཅེས་བྱའོ༔ གཞན་ཡང་ཟ་ཉལ་འགྲོ་འདུག་ཁྲོམ་ཚོགས་འདུ་ལོང་སོགས་ལུས་ངག་གི་སྤྱོད་ལམ་གང་གི་དུས་སུ་ཡང་ལྟ་བའི་སྟངས་མི་ཤོར་བ་འཁོར་འདས་གཉིས་མེད་ཀྱི་རོལ་པར་ཐག་ཆོད་པའི་རྗེས་ཤེས་རྒྱུན་ཆགས་པ་དང་༔ སྒོམ་པའི་གདིང་མི་ཤོར་བ་རིག་པ་བྱར་མེད་མངོན་གྱུར་ལས་མི་འདའ་བར་བྱ་བ་དང་༔ སྤྱོད་པ་བག་མེད་དུ་མི་འཆོར་བར་སྡིག་པ་མི་དགེ་བའི་ལས་དུག་བཞིན་དུ་སྤངས་པ་དང་༔ ལུས་ཀྱི་སྤྱོད་པ་དལ་ལ་ལྷོད་ཆགས་པ་དང་བརྟན་ཅིང་ཚུགས་ཟིན་པ་འདག་སྐུ་ལྟ་བུ་དང་༔ འགྲོ་བའི་ཚེ་དལ་གྱིས་འགྲོ་བ་དང་གོམ་པ་ལྷོད་པོར་འདོར་བ་དང་༔ སེངྒེ་ལྟར་འགྱིང་སྟབས་ཙམ་ལས་མགོ་བོ་ཕྱིར་མི་བསྐོར་བ་དང་༔ གཡས་གཡོན་དུ་མགྱོགས་པར་མི་བལྟ་བ་དང་༔ ལངས་པའི་ཚེ་ཡང་ཧར་ལངས་མི་བྱེད་པར་དལ་གྱིས་ལངས་པ་དང་༔ ཟས་ཟ་བའི་ཚེ་ནའང་གཡག་ལྟོག་གིས་རྩྭ་ཟ་བ་ལྟ་བུ་མ་ཡིན་པར་དལ་གྱིས་ཟ་ཞིང་མིད་པར་བྱ་བ་དང་༔ གཞན་ལ་གཏམ་ལབ་པའི་དུས་སུ་ཡང་ཀུ་རེ་བྲེ་མོ་ལ་སོགས་པའི་ཚིག་སྤངས་ཤིང་འཇམ་པ་དང་༔ དལ་གྱིས་སྨྲ་བ་དང་༔ གཞན་གྱི་རྒྱུད་མི་དཀྲུག་པར་བདེན་པ་སྙན་པ་དལ་བ་རྣམས་ཀྱིས་ངག་བཅོས་པ་དང་༔ སེམས་ཞི་བ་དུལ་བ་ཡངས་པ་དགའ་སྡུག་མི་སྐྱེན་པ་བསམ་པ་བཟང་བ་ཕན་སེམས་ཆེ་བ་གཡོ་སྒྱུ་མེད་པ་ཆེ་འདོད་དང་མཐོ་འདོད་ལ་སོགས་པའི་ཚིག་དང་སྤྱོད་པ་སྤངས་པ་ནི་སེམས་ཆོས་སུ་བཅོས་པ་ཡིན༔ ཁྱད་པར་དུ་རང་ལ་སྐྱོན་ཆེ་བའི་ལྟས་སུ་སྐྱོན་ཅན་ཤ་སྟག་མ་གཏོགས་སྐྱོན་མེད་མི་མཐོང་བ་ནི་དྷ་དྷུ་རའི་བཅུད་ཟོས་པའི་མི་རྣམས་ཀྱིས་མིག་ལ་གང་སྣང་ཐམས་ཅད་སྦྲུལ་དུ་མཐོང་བ་དང་༔ མཁྲིས་ནད་ཅན་གྱིས་དུང་ལ་སེར་པོའི་ཁ་དོག་སྣང་བ་ལྟར༔ རང་ལས་གཞན་མཐོང་ཚོར་གྱི་མི་རྣམས་ལ་སྐྱོན་ཅན་ཤ་སྟག་ཏུ་མཐོང་བ་དང་༔ རང་གི་ཉེ་བ་དང་ཕུ་བོ་དང་ཚ་བོ་དང་ཞང་པོ་དང་སྲིང་མོ་ལ་སོགས་པར་སྐྱོན་མི་མཐོང་ཞིང་བཟང་པོ་ཤ་སྟག་ཏུ་མཐོང་བ་ནི་རང་ཕྱོགས་ལྷ་རུ་མཐོང་ཞིང་གཞན་ཕྱོགས་འདྲེ་རུ་སྣང་བ་ཡིན་པས༔ དེ་ལྟར་མི་བྱེད་པར་ཐམས་ཅད་སྐྱོན་མེད་དུ་བལྟ་ཞིང་སྐྱོན་ཐམས་ཅད་རང་སྐྱོན་དུ་ངོས་འཛིན་པ་ནི་སྤྱོད་པའི་གནད་དང་༔ རང་ཉིད་ཆེ་དྲག་ཐོབ་ཐང་གི་འབྱོར་པ་དང་ལྡན་པའི་དུས་སུ་གཞན་ཁས་ཞན་དབང་ཆུང་དབུལ་ཕོངས་ཉམ་ཆུང་ཐམས་ཅད་ཁྱད་དུ་མི་གསོད་པར་ཀུན་དང་མཐུན་པར་མ་བྱས་ན་མཐར་རང་གི་ཐོག་ཏུ་དེ་ལྟ་བུའི་སྡུག་བསྔལ་བྱུང་ཉེན་ཡོད་པས་དེའི་ཚེ་ཕ་རོལ་པོ་ཐམས་ཅད་ཀྱིས་སྡང་བ་དང་༔ འཕྱ་བགད་ཀྱི་གནས་སུ་འགྱུར་བའི་ཚུལ་རྒྱལ་པོ་དང་བཙན་པོ་ཕྱུག་པོའི་ཚོགས་ཐམས་ཅད་མཐར་དམན་པ་དབུལ་ཕོངས་སུ་ལྟུང་བ་ལ་བརྟག་ནས་གཞན་ལ་སྡང་སེམས་མི་བྱེད་པ་གནད་དམ་པ་ཡིན༔ ཇི་ལྟར་ཆེ་མཐོ་ཐོབ་ཐང་ལོངས་སྤྱོད་ཀྱི་ཡོན་ཏན་འཛོམ་ཚེ་དམན་ས་བཟུང་ནས་རང་རྒྱུད་ཀྱི་ང་རྒྱལ་བཅོམ་པ་དང་༔ ཇི་ལྟར་རྐྱེན་ངན་དང་ཡུལ་ངན་ཐོག་ཏུ་བབས་ཚེ་སེམས་ཀྱི་དཔའ་མི་ཞུམ་པར་ལྟ་སྒོམ་གྱི་གདིང་བསྐྱེད་དེ་སྨྱོན་པ་འུར་ལངས་པ་ལྟར་ཤེས་པ་གཏད་མེད་དུ་བཏང་༔ སྣང་བ་སྒྱུ་མ་དང་རྨི་ལམ་ལྟར་ཤེས་པར་བྱ་བ་ཡང་སྤྱོད་པའི་གནད་ཡིན༔ བདེ་ཞིང་སྐྱིད་པའི་དུས་སུ་རང་མཐོང་ང་རྒྱལ་སྤངས་པ་དང་༔ བཀྲེས་འཁྱག་སྐོམ་གསུམ་གྱི་དུས་སུ་སེམས་ཀྱི་དཔང་དང་ལྟ་བའི་གདིང་བསྐྱེད་པར་བྱའོ༔ སུ་ལ་ཡང་སྨད་པ་དང་གཤེ་སྐུར་གྱི་ཚིག་མི་བརྗོད་པར་བཏང་སྙོམས་སུ་འཇོག་ཅིང་༔ ཡང་གཞན་ལ་བསྟོད་པའི་ཚིག་ཀྱང་མི་བརྗོད་པར་རང་སར་བཞག་པ་ལས་དེ་དག་ལ་སྨད་པ་དང་བསྟོད་ཆེ་ན་མཐར་བསྟོད་ཡུལ་གྱིས་གནོད་པ་བྱས་ཚེ་དེ་ལ་སྨད་པ་བྱེད་དགོས་པ་དང་༔ སྨད་ཡུལ་གྱིས་ཕན་ཆེར་བཏགས་ཚེ་བསྟོད་དགོས་འབྱུང་ན་གཞན་གྱིས་འཕྱ་ཞིང་རང་མཚང་སྟོན་པ་ཡིན༔ རང་གི་དགྲ་དང་འགལ་ཟླ་ཆེ་དྲག་རྣམས་ལ་ཡོན་ཏན་ཡོད་པ་ཀུན་གྱིས་ཤེས་ཀྱང་མེད་པར་སྨྲས་ཏེ་སྐྱོན་བརྗོད་ན་གཞན་གྱིས་ཞེ་ཁྲེལ་ཞིང་རང་གི་སྐྱོན་དུ་འགྱུར་བ་ལས་སྨད་པའི་ཚིག་གིས་གནོད་པ་མི་འབྱུང་བས་དེ་ལྟར་མི་བྱེད་པ་དང་༔ རང་གི་ཉེ་འབྲེལ་རྩ་ལག་སྐྱོན་ཅན་རྣམས་ལ་ཡོན་ཏན་བསྒྲགས་ཤིང་བསྟོད་པ་བྱས་ཀྱང་ཀུན་གྱིས་ཁྲེལ་ཏེ་གཤེ་སྐུར་གྱི་རྒྱུར་འགྱུར་བ་ཡིན་པས་དེ་དག་སྤངས་དགོས་པ་ཡང་སྤྱོད་པའི་གནད་ཡིན༔ རྫུན་གྱིས་ནི་རང་དམན་སར་འཕེན་པ་དང་༔ ཀུན་གྱིས་ཁྱི་ཤ་བཞིན་དུ་བརྙས་པ་དང་༔ ཚིག་ཅི་སྨྲས་ཐམས་ཅད་རྫུན་དུ་ཁྱེར་ནས་མི་གྲལ་དུ་མི་སླེབ་པ་ཡིན༔ རྐུ་བ་དང་མནའ་ཟོས་པ་ན་མངོན་དུ་གཞན་གྱིས་མི་ཤེས་ཚུལ་སྟོན་ཡང་ལྐོག་ཏུ་ཀུན་གྱིས་གླེང་བརྗོད་སྐུར་འདེབས་བྱེད་དུ་ཡོང་བས་ལས་དེ་དག་སྤངས་པར་བྱ་བ་དང་༔ བླ་མ་དང་སློབ་དཔོན་ཐམས་ཅད་ལ་མི་མཉེས་པའི་བརྙས་བཙུག་ཉེས་གཏོང་འགལ་ཟླར་བསྒྲུབ་ན་ཐར་པའི་ལམ་སྣ་འགག་ནས་ངན་སོང་གི་གཏིང་རྡོ་ཆེན་པོར་འགྱུར་བའི་ཚུལ་རྒྱུད་ལུང་མན་ངག་གིས་སྟོན་བཞིན་ཚེ་ལུས་སྲོག་གི་ཕྱིར་ཡང་འགལ་བ་སྤུ་རྩེ་ཙམ་ཡང་མི་གཏོང་བ་ནི་ཆོས་ཀྱི་རྩ་བ་ཡིན་པས་གནད་ཀྱི་དམ་པར་ཟུངས་ཤིག༔ གཏམ་དང་ལབ་མོ་ལ་དགའ་ནས་དེར་ཞེན་ཏེ་ཚིག་གི་རོ་མྱོང་བ་ཕན་པར་སྣང་ནས་མི་ཚེ་སྟོང་ཟད་ལ་བཏང་ཡང་ཕལ་ཆེར་གྱོད་དང་ཁ་མཆུ་ཁོང་ཁྲོའི་གཞི་རུ་འགྱུར་བ་ལས་དོན་མི་འབྱུང་བས་འདུ་འཛི་སྤངས་ནས་བསྒོམ་པར་བྱ་བ་དང་༔ ཟས་ནོར་སྟོང་གསུམ་གང་བ་ཙམ་ཡོད་ཀྱང་ཆོག་ཤེས་སྐྱེ་མི་སྲིད་པས་མི་ཚེ་སྐད་ཅིག་རྨི་ལམ་འདིའི་རིང་ལ་ཟས་ལ་མང་ཉུང་མེད་པས་མུ་གེས་མི་འཆི་ཙམ་དང་༔ གོས་ལ་བཟང་ངན་མེད་པས་ལྷག་པ་སྐྱོབ་པ་ཙམ་གྱིས་ཆོག་པར་ཤེས་དགོས༔ ཟས་ནོར་ཕལ་ཆེར་ཆགས་པའི་གནས་ངན་ཡིན་ཏེ་འཆི་ཚེ་འདྲེར་སྐྱེ་བའི་རྒྱུར་འགྱུར་བ་ཡིན༔ རྒྱུ་ཟེར་བ་ངན་སོང་དང་འཁོར་བའི་རྒྱུ་ཡིན་པའི་ཕྱིར་མིང་དུའང་རྒྱུར་གྲགས་པ་ཡིན༔ གྲོགས་སུའི་ཡང་ཁ་ལ་མི་ཉན་པར་རང་ཚོད་རང་གིས་བཟུང་སྟེ་ཆོས་ལ་ཆས༔ མཚན་ལྡན་གྱི་བླ་མ་མ་གཏོགས་གཏན་དུ་ཕན་པའི་ཁ་ད་བྱེད་མཁན་མི་ཡོང་བས་བླ་མའི་ཞལ་གདམས་སྲོག་གི་གཏའ་རུ་བཟུང་༔ འཁོར་བ་མཐའ་མེད་དུ་ལྟུང་བའི་རྒྱུ་ལ་བརྩོན་པར་དཀའ་སྤྱད་དང་སྙིང་རུས་སྡུག་སྲན་བར་མཚམས་མི་ཕྱེད་པ་སེམས་ཅན་རྣམས་ལ་དཔེར་བཞག་ནས༔ གཏན་དུ་བདེ་བའི་ཐབས་སུ་འབད་པ་ལ་དཀའ་བ་དང་དུ་བླངས༔ སླ་བ་རྒྱབ་ཏུ་བོར༔ ལུས་སྲོག་འབེན་དུ་བཙུག༔ ཤ་ཁྲག་གཟན་དུ་བོར་ནས་སྙིང་རུས་སྡུག་སྲན་བསྐྱེད་པ་ལ་བར་མཚམས་མེད་པར་མི་འབད་ན་ང་རེ་ཤི་སྙམ་ནས་འབད་པར་བྱ་བ་དང་༔ ཆོས་ཅི་བྱེད་ཐམས་ཅད་གཞན་གྱིས་བརྩི་བཀུར་དང་བསྟོད་བསྔགས་ཀྱི་ཆེད་དུ་ངོམ་ཆོས་དང་གཡོ་སྒྱུས་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་མཐའ་གཅིག་ཏུ་རྣམ་པར་དཀར་བའི་དགེ་བ་ལ་བརྩོན་པར་བྱའོ༔ དམ་ཚིག་དང་སྡོམ་པར་ངོ་ལྐོག་མི་བྱེད་པ་དང་༔ ཆོས་དང་གང་ཟག་ལ་སྐུར་པ་མི་འདེབས་པ་དང་༔ མཐོ་ལ་ངོ་དགའ་དང་དམན་ལ་སྡང་གནོད་མི་བྱེད་པར་ཐམས་ཅད་མཉམ་པར་བྱེད་པ་ཆོས་པའི་སྤྱོད་པ་ཡིན༔ གཞན་མི་བསླུ་བ་དང་༔ དད་པ་ཅན་སུན་མི་འབྱིན་པ་དང་༔ དགེ་སྦྱོར་ཅན་གྱི་རྒྱུད་མི་བསླུ་བ་དང་༔ མཚམས་སྒྲུབ་སྤྱོད་པའི་ཆ་རྐྱེན་ཟས་ནོར་ལ་མི་སྤྱོད་པ་དང་༔ གདམས་ངག་ཟགས་སུ་མི་འཇུག་པར་སྒྲུབ་པ་ལྷུར་ལེན་བྱེད་པ་ལ་མཚན་ལྡན་བླ་མས་མི་ཁྲེལ་བ་དང་༔ དམ་ཚིག་དང་སྡོམ་པ་ལ་ངོ་ལྐོག་མེད་པ་ལྷ་དང་སྲུང་མས་མི་ཁྲེལ་བ་དང་༔ གཡོ་སྒྱུ་དང་ཟོལ་ཟོག་མེད་པར་མི་ཚེ་ཆོས་ལ་དྲིལ་བ་རང་གིས་རང་ལ་མི་ཁྲེལ་བ་རྣམས་རྒྱལ་བ་རྣམས་ཀྱི་ཕྱག་བཞེས་ཏེ་རྗེས་འཇུག་རྣམས་ཀྱིས་ཉམས་ལེན་གྱི་མཆོག་ཏུ་ཟུངས་ཤིག༔ མི་ཚེ་ཡུད་ཙམ་འདིའི་རིང་ཆེ་མཐོ་བཙན་ཕྱུག་ལ་སོགས་པར་སྤྱོད་པའི་ཡུན་དང་ལོང་ཁོམ་མེད་པས་ཆེ་འདོད་མཐོ་འདོད་ཀྱིས་རང་བསྟོད་དང་གཡོ་སྒྱུ་སྤོངས་ལ་འཆི་བ་སྙིང་ལ་བཏགས་པ་དང་༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་བློས་མི་འདོར་བ་ཉམས་ལེན་གྱི་གཞི་རྩ་དམ་པ་ཡིན༔ དེ་ལྟར་ལུས་ངག་གི་སྤྱོད་པ་བཅོས་ཏེ་བག་མེད་དུ་མི་འཆོར་བ་གནད་དུ་ཟུངས་ཤིག༔ འདིར་ལྟོས་ཤིག་རྟོགས་ཤིག་ཆོངས་ཤིག༔ དེ་ནི་རྗེས་ཐོབ་ཀྱི་གནད་ཡིན༔ དེ་ལྟར་མཉམ་བཞག་དང་རྗེས་ཐོབ་གཉིས་ཀྱི་སྒོ་ནས་ཤི་བའི་མཐར་གཏུག་པར་བྱེད་པ་ནི་ལག་ལེན་གྱི་གནད་དམ་པ་ཡིན༔ སྤྱོད་པའི་གནད་ལ་སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བ་ནི་ཚེ་འདིར་ལུས་ངག་གི་དགེ་བ་ལ་འབད་ནས་བསོད་ནམས་རྒྱ་ཆེན་པོ་བསགས་པའི་ལས་ལ་བརྩོན་ཀྱང་ལྟ་སྒོམ་ཟབ་མོའི་ཉམས་ལེན་རྒྱབ་ཏུ་དོར་ན་འཆི་ཁ་ཐ་མལ་དུ་ལུས་པ་ལས་འོས་མེད་ཅིང་འཁོར་བའི་གསོས་དང་བསྣོན་པར་འགྱུར་ཏེ་གནས་སྐབས་ཀྱི་བདེ་བ་ལྷ་མིའི་གོ་འཕང་ཙམ་ལས་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་མི་སྲིད་པ་ཡིན་པས་སྐྱོན་དེས་བཅིངས་པའོ༔ དེས་ན་ལྟ་སྒོམ་ཟབ་མོ་ལ་ཡིད་ཆེས་ཀྱི་བརྟན་པ་ཐོབ་པ་ལུས་ངག་གི་དགེ་བའི་ཡོན་ཏན་མཐོང་ངམ་ཐོས་ཀྱང་ཡང་དག་པའི་ལྟ་སྒོམ་ཟིལ་གྱིས་མི་གནོན་པ་དཔེར་ན་གཅན་གཟན་གྱི་རྒྱལ་པོ་སེང་གེ་གངས་ལ་འགྱིང་ཚེ་སྲོག་ཆགས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་ལྟ་བུར་ལྟ་སྒོམ་གཞན་དབང་དུ་མི་འཆོར་བའི་གནད་དང་ལྡན་པ་ཞིག་དགོས་པ་ཡིན༔ སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བར་གྱུར་ན་རྒྱལ་པོའི་རྒྱལ་སྲིད་ཐོབ་ཐང་གཞན་ལ་ཤོར་བ་ལྟ་བུར་ངེས་པའོ༔ ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་བདུད་དང་རཱུ་ཏྲ་ལྟ་བུར་བག་མེད་ཀྱི་དབང་དུ་ཁ་འཆོལ་ཏེ་འཁོར་བའི་བྱ་བར་ཞེན་ནས་ལས་ངན་གྱི་ཆུ་ཀློང་ཆེན་པོ་རྡོལ་བས་དཀོན་མཆོག་གསུམ་ལ་ལོག་པར་ལྟ་བ་དང་ལས་འབྲས་ཁྱད་དུ་བསད་དེ་དོན་དམ་པའི་ལྟ་སྒོམ་ཉམས་སུ་མི་ལོན་པའི་ཁར་ལྷ་མིའི་གོ་འཕང་དོན་དུ་གཉེར་བའི་བསོད་ནམས་བསགས་པའི་སྒོ་ཙམ་ཡང་རྒྱུད་ལ་མི་གནས་པར་འགྱུར་བ་ནི་འཚོ་བྱེད་ཀྱི་སྨན་བཙལ་བའི་ལམ་ནས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུ་སྟེ་གཉེན་བདུད་དུ་སོང་བ་ཞེས་བྱ་བ་ཡིན༔ འཁོར་བ་སྡུག་བསྔལ་གྱི་གཅོང་ནད་ཆེན་པོ་སེལ་བར་བྱེད་པ་ལྟ་བ་ཟབ་མོ་ཡིན་ཀྱང་ལས་ངན་པའི་ལམ་དུ་བློ་ཁ་དྲང་བའི་རྒྱུར་སོང་ན་འཁོར་བ་མཐའ་མེད་པའི་སྡུག་བསྔལ་མྱོང་བར་བྱེད་པ་ཡིན་ནོ༔ མ་རིག་པའི་གཉེན་པོ་རིག་པ་དང་འཁོར་བའི་གཉེན་པོ་ལྟ་སྒོམ་ཡིན་ཀྱང་དེ་ཉམས་སུ་མི་ལོན་པའི་ཁར་རྒྱུད་ལོག་ལྟ་དང་ཆོས་མ་ཡིན་པའི་སྤྱོད་པས་གང་བའི་རྒྱུར་སོང་ན་ནི་སྟོང་ཉིད་ལོག་པར་སོང་བ་ཡིན་ཏེ་དེ་ལ་གཉེན་པོ་མེད་པ་ཡིན་པས་ཤེས་པར་བྱ་བ་གནད་དུ་ཟུངས་ཤིག༔ མདོར་ན་དུས་དང་རྣམ་པ་ཀུན་ཏུ་སྤྱོད་པ་ཞི་བ་དུལ་བ་བག་ཡོད་པ་དམ་ཚིག་དང་སྡོམ་པ་རྟག་ཏུ་བསྲུང་བ་དང་༔ སྡིག་པ་མི་དགེ་བའི་ལས་དུག་བཞིན་དུ་སྤངས་པར་བྱ་བ་དང་༔ དགེ་བ་གཞན་བསྒྲུབ་ཏུ་མེད་དེ་ལྟ་སྒོམ་ཟབ་མོ་ལྷུར་བླངས་ནས་ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་བརྩོན་ཏེ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུར་རང་རྒྱུད་སྡོམ་པས་བསྡམ་པ་གནད་དུ་ཟུངས་ཤིག༔ ཆོས་ཉིད་ཟད་པའི་ས་ལ་མ་སླེབ་ཀྱི་བར་དུ་ལས་འབྲས་བཟང་ངན་གྱི་བླང་དོར་ཚུལ་བཞིན་དུ་བྱེད་དགོས་ཏེ༔ གྲོལ་བ་ཐོབ་པའི་ཚད་མི་འཇིགས་པའི་གདིང་ཆེན་པོ་བཞི་མ་ཐོབ་ཀྱི་བར་དུ་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དང་༔ རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བའི་ཚུལ་ནི་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་འཁྲུལ་པ་སྡུག་བསྔལ་གྱི་འཁོར་ལོར་མྱོང་ཞེན་ཁོར་ཡུག་ཏུ་རྒྱུན་མ་ཆད་པར་འཁོར་བ་དང་འཁྲུལ་པའི་ཚུལ་ལ་བརྟག་ཅིང་བསམ་མནོ་ཞིབ་ཏུ་བཏང་བས་ཤེས་པར་འགྱུར་རོ༔ ཐོས་ཤེས་རྒྱ་མཚོ་ཙམ་ཡོད་ཀྱང་སྒོམ་པ་ཟབ་མོའི་ཉམས་ལེན་མེད་ན་རིན་ཆེན་གླིང་ནས་སྟོང་ལོག་བྱས་པ་ལྟ་བུར་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བར་འཁྱམས་པར་འགྱུར་བ་ཡིན་པས་སྒོམ་པ་ལྷུར་ལེན་གྱིས་སྙིང་པོའི་སྒྲུབ་པ་ལ་འབད་པར་གྱིས་ཤིག༔ དེ་ལྟར་སྒྲུབ་པ་ཉམས་ལེན་གྱི་ཚེ་ན་རིག་པ་སྔར་ལྟར་མ་ཡིན་པའི་བདེ་སྣང་འབོལ་ལེ་བ་དང་༔ གསལ་སྣང་སང་ངེ་བ་དང་༔ མི་རྟོག་པ་ཐོམ་མེ་བ་གང་བྱུང་ཡང་སྒོམ་ཚད་མར་བཟུང་ནས་རེ་བའི་ཚད་དུ་ཞེན་ནས་བསྒོམ་པ་དང་༔ དོགས་པའི་ཡུལ་དུ་ཤེས་ནས་འགོག་པ་དང་༔ བློ་ཡིད་ཀྱིས་བཅས་བཅོས་བྱེད་པ་རྣམས་ནི་རེ་དོགས་ཉེར་ལེན་གྱིས་ལམ་གྱི་གོལ་སར་འཕྱན་པར་གྱུར་བ་ཡིན་ཏེ༔ དེ་ལྟར་མ་ཡིན་པར་ཉམས་ཀྱི་ཡིན་ལུགས་ཤེས་ནས་ཆགས་ཞེན་དགག་སྒྲུབ་མེད་པར་རང་སར་བཞག་པས་ན་བུན་ནམ་མཁའ་ལ་ཡལ་བ་ལྟར་ཡུལ་མེད་དུ་ཡལ་ནས་རིག་པའི་ཡེ་ཤེས་མངོན་དུ་འགྱུར་བ་ཡིན༔ ལྷ་འདྲེ་མ་རུངས་པའི་གཟུགས་སྣ་ཚོགས་སུ་སྣང་བ་དང་༔ སྒྲ་སྙན་པ་དང་མི་སྙན་པའི་རིགས་སྣ་ཚོགས་གྲགས་པར་སྣང་བ་དང་༔ དྲི་ངན་པ་སྣ་ཚོགས་ཚོར་བ་དང་༔ རོ་མི་འདོད་པར་མྱོང་བ་དང་༔ རེག་བྱ་སྣ་ཚོགས་མྱོང་བ་དང་༔ རྨི་ལམ་མི་སྡུག་པར་མཐོང་བ་དང་༔ བསྔང་སད་འབྱུང་བ་ལ་བརྟེན་ནས་བློ་སྙིང་མི་བདེ་བ་སྣ་ཚོགས་འབྱུང་བ་དང་༔ ཟས་དང་ཁང་ཁྱིམ་དང་བྲེད་སྔངས་ལ་རྐྱེན་བྱས་ནས་ན་ཚ་འབྱུང་བ་དང་༔ ས་རྡོ་ཤིང་མཚོན་གྱིས་རེག་པ་ཙམ་ལ་རྐྱེན་བྱས་ཏེ་སོས་པར་དཀའ་བ་དང་༔ རྨ་དང་མཛེ་དང་ཕོལ་མིག་ལ་སོགས་པ་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཐན་ལྟས་ངན་པ་སྣ་ཚོགས་འབྱུང་བ་དང་༔ ནད་རླུང་མཁྲིས་བན་ཀན་ལ་སོགས་པ་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞིའི་རྣམ་པར་འབྱུང་སྟེ་སེམས་ཀྱི་རྩལ་དང་ནུས་སྟོབས་ཐམས་ཅད་དེའི་ངང་དུ་ཉམས་པ་ལྟར་བརྗོད་མི་ཤེས་པའི་སྡུག་བསྔལ་འབྱུང་བ་ནི་ནང་ལྷོང་ལུས་ཀྱི་ན་ཚ་ཞེས་བྱ་བ་དང་༔ སེམས་ཀྱི་ཡུལ་དུ་མི་བདེ་བ་ཆགས་པ་དང་སྡང་བ་དང་ཞེན་པ་དང་སྡུག་བསྔལ་མི་བཟོད་པ་དང་༔ དགའ་བ་སྐྱེ་བ་དང་༔ སྟོང་གསལ་མྱོང་ཞེན་ཅན་དང་༔ སྟོང་ཧད་དེ་བ་སྣང་སེམས་ཀྱི་གོ་འགག་པ་དང་༔ མཐོང་ཚོར་ཐམས་ཅད་གནོད་བྱེད་དུ་མངོན་པ་དང་༔ ང་འདྲ་བའི་རྣལ་འབྱོར་པ་ལྟ་སྒོམ་ཅན་ས་སྟེང་དུ་མེད་སྙམ་པའི་ང་རྒྱལ་དང་༔ ཁོང་ཁྲོ་དང་གནོད་སེམས་ཀྱི་དབང་གིས་གཞན་གྱི་རྒྱུད་དཀྲུག་པ་སྟེ་མཐར་རྗེས་འགྱོད་སྐྱེ་བ་དང་༔ རང་གི་བྱ་སྤྱོད་ཅི་བྱས་ཐམས་ཅད་བཟང་པོ་མཛེས་པར་མངོན་ནས་ལས་འཇོལ་ཉོག་ཏུ་སྤྱོད་པ་ལ་སོགས་སེམས་ལ་དགའ་སྡུག་གི་སྣང་བ་མ་ངེས་པར་འཆར་བ་ནི་གསང་སློང་སེམས་ཀྱི་དགའ་སྡུག་ཅེས་བྱ་བ་སྟེ༔ དེ་ལྟར་བདེ་སྡུག་གི་སྣང་བ་གང་བྱུང་གང་ཤར་ཐམས་ཅད་ཉམས་རྫུན་པོ་ཆེ་ལམ་གྱི་རྟགས་སུ་འབྱུང་བ་ཡིན་པར་ཤེས་ནས་ཆགས་ཞེན་དགག་སྒྲུབ་རེ་དོགས་བཅས་བཅོས་མེད་པར་རང་སར་བཞག་པས་རང་གྲོལ་དུ་འགྲོ་བ་ཡིན་པ་ནི་ཤེས་པར་བྱ་བའི་གནད་མཆོག་ཏུ་བཟུང་བར་བྱའོ༔ ཉམས་ནད་དུ་སོང་རྒྱབ་རྟེན་འདྲེར་བཟུང་སྟེ་གཏོ་བཅོས་རིམ་གྲོ་སྨན་དཔྱད་ལ་འབད་ཀྱང་ཕན་མེད་གནོད་པར་འགྱུར་བ་ལས་ཇི་ལྟར་འབད་ཀྱང་ཕན་པ་ཏིལ་འབྲུ་ཙམ་མི་འབྱུང་བ་དང་༔ མཐར་ཉམས་ངོ་སྤྲོད་ཀྱི་བྱ་མ་ཤོར་ན་སྨྱོ་བ་དང་༔ འབོག་པ་དང་༔ བརྒྱལ་བ་དང་༔ དུད་འགྲོ་ལྟར་ཅི་ཡང་མི་ཤེས་པར་འགྱུར་བའམ༔ འཆི་བ་སྲོག་ལ་བབ་པའི་རྒྱུར་འགྱུར་བ་ཡིན༔ སྔོན་དུས་ནི་སློབ་མ་དད་པ་དམ་ཚིག་དང་ལྡན་པ་མང་པོ་འབྱུང་བ་དང་༔ བླ་མ་ཡང་གྲུབ་ཐོབ་ཤ་སྟག་ཏུ་བྱུང་བས་སློབ་མའི་རྒྱུད་ཁམས་དང་དབང་པོའི་བྱེ་བྲག་སྣ་ཚོགས་པ་མཁྱེན་ཅིང་ཚེ་གཅིག་ལུས་གཅིག་ཏུ་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་དུ་འདྲོང་བ་དང་༔ གོལ་ཤོར་ནོར་སའི་དབང་དུ་མི་གཏོང་བ་ཡིན་ཡང་༔ དེང་སང་གི་དུས་འདིར་སློབ་མ་དམ་མེད་མོས་གུས་ཆུང་བ་དམུ་རྒོད་པ་ལོག་ལྟ་སྐྱེན་པ་ཤ་སྟག་ལས་མེད་པ་དང་༔ སློབ་དཔོན་དམུས་ལོང་རྣམས་ཀྱིས་ཉམས་སྐྱེ་བར་བྱེད་པའི་སེམས་འཛིན་དང་ལྟ་སྒོམ་དམིགས་གཏད་མྱོང་ཞེན་ཅན་གྱི་ཁྲིད་འདེབས་ཤིང་བསྒོམ་དུ་བཅུག་པས་སེམས་ཀྱི་དགའ་སྡུག་བདེ་རྩུབ་ཙམ་འབྱུང་བ་ཉམས་སུ་ངོ་སྤྲོད་ཤེས་པ་ལས་ཕྱི་སློང་ནང་སློང་གི་དབྱེ་བ་མི་ཤེས་པས་འདྲེ་གདོན་དུ་གྱེར་ཏེ་སློབ་མ་བསླུ་བར་འགྱུར་བ་ཡིན༔ དེ་ལྟ་བུའི་སློབ་དཔོན་ངན་པ་དག་ནི་སློབ་མའི་བདུད་དུ་འབབ་ངེས་པ་ཅན་ཡིན་ནོ༔ ཁམས་དང་དབང་པོའི་བྱེ་བྲག་གིས་ཕྱི་སློང་ཤ་སྟག་ལས་ནང་སློང་མི་འབྱུང་བ་ཡང་ཡོད༔ ནང་སློང་ཤ་སྟག་ལས་ཕྱི་སློང་དང་གསང་སློང་མི་འབྱུང་བ་ཡང་ཡོད༔ གསང་སློང་ཤ་སྟག་ལས་ཕྱི་ནང་གི་སློང་མི་འབྱུང་བ་ཡང་ཡོད་པས་དེའི་བྱེ་བྲག་ཤེས་དགོས་པའི་གནད་ཟབ་ཁྱད་ཅན་ཡིན༔ དེང་བསྐལ་པ་སྙིགས་མ་ལ་བབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་དུས་འདིར༔ སློབ་དཔོན་ལ་ལས་ནི་འགྱུ་བ་རིག་པས་སྐྱོང་ཟེར་བའི་ཁྲིད་བཏབ་ནས་ཁོ་ཡང་དེ་ལས་ཉམས་རྟོགས་མེད་པས་སྟོན་འཁོར་ཐམས་ཅད་ཀྱི་མི་ཚེ་དེར་ཟད་ནས་འཆི་ཁ་ཐ་མལ་དུ་ལུས་པ་གྲངས་མང་བ་དང་༔ སློབ་དཔོན་འགའ་ཞིག་གིས་ནི་བདེ་ཉམས་ལྷོད་འབོལ་ལེ་བ་ལ་གདིང་བཅས་ཏེ་གཞན་ལའང་ལྟ་སྒོམ་གྱི་མཆོག་ཏུ་འཆད་དེ་དེའི་ཐོག་ཏུ་ལུས་པ་དང་༔ སློབ་དཔོན་ལ་ལས་ནི་གསལ་ཉམས་ལྷ་མཐོང་འདྲེ་མཐོང་འཆར་ཞིང་སྣང་སེམས་གསལ་ཧྲིག་ཧྲིག་ཏུ་མངོན་པ་ལ་གདིང་འཆའ་སྟེ་གཞན་ལའང་དེ་འཆད་པ་དང་༔ འགའ་ཞིག་གིས་མི་རྟོག་པའི་ཉམས་སྟོང་སང་ངེ་བ་འགྱུར་དྲན་མེད་པར་སྣང་བའི་གོ་འགག་པ་ལ་གདིང་འཆའ་སྟེ་གཞན་ལའང་དེ་འཆད་པ་དང་༔ འགའ་ཞིག་གིས་ཤེས་པ་བཟོ་མེད་གོ་མ་འགག་པ་ལ་གདིང་འཆའ་སྟེ་གཞན་ལ་ལྟ་སྒོམ་གྱི་མཆོག་ཏུ་བསྟན་ནས་ངོ་སྤྲོད་བྱེད་པ་རྣམས་ཀྱིས་ལྟ་བ་སྟོང་ཉིད་མ་རྟོགས་པའི་རྐྱེན་གྱིས་ཁམས་གསུམ་ལས་མི་འཕགས་པའི་སྐྱོན་གྱིས་བཅིངས་པས་ཐར་པ་དང་རྣམ་མཁྱེན་གྱི་ལམ་མཐོང་བར་མི་འགྱུར་བ་ཡིན༔ ལ་ལས་ནི་མི་ཚེ་གཅིག་ལ་དཔེ་ཧྲུལ་དང་ཁ་བཤད་ལ་གཡེངས་ཤིང་ཞེན་ནས་འཆི་བ་ཐོག་རྒྱུག་ཏུ་བྱུང་ཚེ་མི་འཇིགས་པའི་གདིང་སྤུ་ཙམ་ཡང་མེད་པར་ཐོས་པ་དང་བཤད་པ་ཁོ་ན་ལ་ཞེན་པ་རྣམས་ཚེ་འདིར་ཁེ་དྲག་དང་ཆེ་མཐོར་རློམ་པ་ཡིན་ཏེ༔ ཚེ་གཅིག་འཁྲུལ་པའི་སྣང་སེམས་ལ་ཞེན་པ་དང་༔ ཐོས་ཤེས་ཁ་བཤད་ལ་ཞེན་པ་གཉིས་ཀ་གསེར་སྒྲོག་དང་ཐག་སྒྲོག་གིས་འཆིང་བ་ལ་ཁྱད་པར་མེད་པ་བཞིན་དུ་ཞེན་པའི་ཡུལ་ལ་བཟང་ངན་མེད་དེ༔ གང་ལ་ཞེན་པ་ཐམས་ཅད་བདག་རྒྱུད་འཆིང་བའི་རྒྱུ་ཁོ་ན་ཡིན་ནོ༔ དང་པོ་རྒྱ་ཆེ་བའི་ལྟ་སྒོམ་གྱི་གནད་དོན་དང་ལོ་རྒྱུས་ཤེས་པར་བྱས་ཏེ༔ མཐར་སྙིང་པོའི་སྒྲུབ་པ་ལྷུར་བླངས་ནས་གོལ་ཤོར་ནོར་སའི་འཕྲང་ལ་མི་ཐོགས་པར་རྣམ་པར་གྲོལ་བའི་སར་སླེབ་པ་ནི་ཐོས་པ་གནད་དུ་སོང་བ་ཡིན༔ ཐོས་པ་གྲངས་མང་པོ་གོ་གོ་དང་ཤེས་ཤེས་ཀྱི་ང་རྒྱལ་དང་རང་རྩིས་འཕེལ་ཏེ་གང་མཐོང་ཐམས་ཅད་ལོག་ལྟ་དང་སྒྲོ་སྐུར་གྱི་གནས་སུ་མངོན་ནས་རྒྱུད་ལ་དད་པ་མོས་གུས་སྤུ་རྩེ་ཙམ་ཡང་མེད་པར་བདག་འདྲ་བ་གཅིག་ཀྱང་མེད་སྙམ་དུ་མགོ་འཕང་རོ་སྟོད་གཟེང་བསྟོད་ནས་གཞན་ཁྱད་དུ་གསོད་པའི་སྡང་སེམས་ཀྱི་ཚིག་ངན་སྒྲོག་པ་དང་༔ གྲགས་པ་ཅན་གཞན་གྱིས་རྣམ་པར་བཤད་པ་ཐོས་ཤིང་མཐོང་ཚེ་ང་རྒྱལ་དྲག་པོའི་ཤུགས་ལྡང་སྟེ་ཕྲག་དོག་གི་སེམས་ཀྱིས་སྐྱོན་མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་༔ ཡོན་ཏན་ཡོད་པ་ལ་མེད་པར་སྐུར་པ་འདེབས་པ་རྣམས་ནི་ཐོས་པ་དུག་ཏུ་སོང་ནས་ངན་སོང་གི་གཞི་བཙུག་པ་ཡིན༔ དེས་ན་དེ་ལྟ་བུའི་སློབ་དཔོན་ནི་དང་པོ་ཉིད་ནས་བརྟག་སྟེ་སྤང་བ་ལས་བརྟེན་པར་མི་བྱ༔ གདམས་པའི་ཚིག་ཤློ་ཀ་གཅིག་ཐོབ་ཕན་ཆད་བླ་མ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་མི་མཉེས་པ་སྐད་ཅིག་ཙམ་ཡང་བསྒྲུབ་མི་རུང་སྟེ༔ གལ་ཏེ་བསྒྲུབ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྤངས་པ་ཡིན་པས༔ དེའི་རྒྱུད་ལ་ཉམས་རྟོགས་དང་ཡོན་ཏན་མི་སྐྱེ༔ བསོད་ནམས་བསགས་ཀྱང་འབྲས་བུ་མི་འབྱུང་༔ ལྷ་དང་དཀྱིལ་འཁོར་བསྒྲུབ་ཀྱང་དམ་སྲི་དང་འདྲེ་བདུད་མ་གཏོགས་གཅིག་ཀྱང་མི་འགྲུབ༔ ཐར་པའི་ས་བོན་སྐམ་ནས་འབྲས་བུ་མི་འབྱུང་༔ རྣམ་མཁྱེན་གྱི་སྡོང་པོ་རུལ་ནས་ལོ་འདབ་མི་སྐྱེ་སྟེ༔ དབང་དང་གདམས་པ་ཚིག་གསུམ་ཐོབ་ཟིན་ནས་མུ་སྟེགས་གྲངས་ཅན་པ་ཡིན་ཡང་བླ་མའི་མཆོག་ཏུ་བཀུར་བ་ལས་བློ་ལྡོག་མི་རུང་བ་ཡིན་ནོ༔ སྡོད་པའི་ཚེ་བླ་མ་སྤྱི་བོར་བསྒོམ་པས་དཀོན་མཆོག་སྐྱབས་སུ་བསྟེན་པ་ཡིན༔ འགྲོ་བའི་ཚེ་བླ་མ་ཕྲག་པ་གཡས་སུ་བསྒོམ་ནས་བསྐོར་བའི་འདུ་ཤེས་བཞག་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ལ་བསྐོར་བ་བྱས་པ་ལས་ཆེས་ཆེར་འཕགས་པ་ཡིན༔ བཟའ་བཏུང་གི་ཚེ་ན་བླ་མ་མགྲིན་པར་བསྒོམ་སྟེ་ཟས་བདུད་རྩིར་དམིགས་ནས་ཟོས་པས་ཅི་ཟོས་ཚོགས་དང་སྦྱིན་སྲེག་ཏུ་འགྱུར་བ་ཡིན༔ སྒོམ་དུས་དང་ཉལ་དུས་བླ་མ་སྙིང་གར་བསྒོམ་སྟེ་ཐུགས་ཡིད་བསྲེས་པས་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་སྟེ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་བ་ཡིན༔ བསྒྲུབ་ཚེ་ལྷ་དང་སྲུང་མའི་ངོ་བོར་བསྒོམ་ན་བསྐྱེད་རིམ་རང་རྒྱུད་པར་མི་གོལ་ཏེ་མཆོག་ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རབ་འབྱམས་མྱུར་དུ་འགྲུབ་པར་འགྱུར་བ་ཡིན༔ དེ་བཞིན་དུ་བླ་མ་དམ་པ་དང་མ་འགལ་བར་བསྟེན་པ་ནི་སྤྱོད་པའི་གནད་བླ་ན་མེད་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའི་རིག་པའི་རྡོ་རྗེས༔ རིག་པ་ལ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གདོད་ནས་ཡེ་རྫོགས་སུ་ཡོད་པ་ཡིན་ན་སེམས་ཅན་ཐམས་ཅད་རྫོགས་པ་ཆེན་པོའི་ལྟ་བ་ངེས་པར་སོང་བས་ཁྱད་པར་ཇི་ལྟར་ཡོད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ རིག་པའི་རྡོ་རྗེ་ཁྱོད་ཀྱི་དེ་ལྟར་མ་ལགས་ཏེ༔ སངས་རྒྱས་སེམས་ཅན་ཐམས་ཅད་རིག་མ་རིག་གི་ཁྱད་པར་ལས་མེད་པས་སེམས་ཅན་ཐམས་ཅད་ཀྱིས་རང་སྣང་གཞན་དུ་བཟུང་ནས་འཁྲུལ་པ་ཡིན༔ སངས་རྒྱས་ཐམས་ཅད་ཀྱིས་འཁོར་འདས་དག་མཉམ་དུ་གཟིགས་ནས་སངས་རྒྱས་པ་ཡིན༔ དེ་ཕྱིར་རིག་པ་ནི་གདོད་མའི་ཡེ་གཞི་ཀ་དག་ཆེན་པོ་འཁོར་འདས་དག་མཉམ་གྱི་རོལ་པར་ངོ་ཤེས་ཏེ་ངང་མངོན་དུ་གྱུར་པ་རིག་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཡིན་ནོ༔ ཞེས་གསུངས་པ་ལ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་འདི་ལྟར་རིག་པའི་ཡེ་ཤེས་ལ་ལམ་བྱས་ན་གྲོལ་བ་ཇི་ལྟར་ཐོབ༔ ཡོན་ཏན་ཇི་ལྟ་བུ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་ནས་བར་མ་ཆད་པར་བསྒོམ་ན་ཚེ་ལུས་འདི་རུ་གྲོལ་བ་ཐོབ་ཅིང་སངས་རྒྱས་པར་འགྱུར་བ་ཡིན་ཏེ༔ མཚམས་མེད་པ་ལྔའི་ལས་མང་པོ་བསགས་པ་དང་༔ ཚེ་གཅིག་ཏུ་བསྐྱེད་རིམ་ཉམས་སུ་བླངས་པའི་གང་ཟག་གཉིས་ལ་རིག་པ་མཉམ་དུ་ངོ་འཕྲོད་ནས་བསྒོམ་པར་བྱས་ན་སེམས་ཉིད་ལ་སྐྱོན་དང་ཡོན་ཏན་གྱིས་བསླད་མི་འཇུག་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་འདིར་སྡིག་པ་མི་དགེ་བའི་ལས་ལ་སྤྱོད་པའི་སྐྱེས་བུ་དང་༔ ཚེ་གཅིག་བསོད་ནམས་བསགས་པའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་རྒྱུ་འབྲས་ལས་འདས་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་འདིར་བསམ་གཏན་ཟབ་མོ་བསྒོམ་པའི་སྐྱེས་བུ་དང་༔ ཚེ་གཅིག་རྣམ་པར་གཡེངས་པའི་དབང་དུ་སོང་བའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་ནས་མཉམ་དུ་ཉམས་སུ་བླངས་ན་རིག་པར་བཟང་ངན་མེད་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་སེམས་བསྐྱེད་པ་ལ་བསླབ་ནས་གཞན་དོན་ལྷུར་ལེན་བྱེད་པའི་སྐྱེས་བུ་དང་༔ ཚེ་གཅིག་གཞན་ལ་གནོད་པའི་ལས་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་རིག་པའི་རང་ངོ་དུས་མཉམ་དུ་འཕྲོད་ནས་ཉམས་སུ་བླངས་ན་རིག་པ་བྱ་བྱེད་ལ་མི་ལྟོས་པར་རང་ཐོག་ཏུ་གྲོལ་བའི་གནད་ཀྱིས་འཚང་རྒྱ་བ་ལ་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་རྒྱུད་སྡོམ་པ་ལ་བརྩོན་པའི་སྐྱེས་བུ་དང་༔ མི་དགེ་བ་བཅུའི་ལས་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་རིག་པ་མཉམ་དུ་ངོ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་གཞན་རྐྱེན་ལ་མི་ལྟོས་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་སྦྱིན་པ་གཏོང་བའི་སྐྱེས་བུ་དང་༔ ཚེ་གཅིག་རྐུ་འཕྲོག་བྱེད་པའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་ལ་ཕན་གནོད་མེད་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་མི་བརྒྱ་རྟ་བརྒྱ་བསད་པའི་སྡིག་པོ་ཆེ་དང་༔ ཚེ་གཅིག་བསྐོར་ཕྱག་བྱེད་པའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་མཉམ་དུ་སྤྲད་དེ་སྙིང་པོའི་སྒྲུབ་པ་ལ་བརྩོན་པར་བྱས་ན་རིག་པའི་ཡེ་ཤེས་ལ་བཅོས་བསྒྱུར་མེད་པའི་གནད་ཀྱིས་འཚང་མཉམ་དུ་རྒྱ་བ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་བཀའ་དང་བསྟན་བཅོས་ཀློག་འདོན་བྱེད་པའི་སྐྱེས་བུ་དང་༔ ཚེ་གཅིག་མནའ་ཟོས་རྫུན་ཚིག་སྨྲ་བའི་སྐྱེས་བུ་གཉིས་ལ་རིག་པ་ངོ་སྤྲད་དེ་ཉམས་སུ་བླངས་ན་གྲོལ་བའི་ས་ལ་ཉེ་རིང་སྤུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ས་ལམ་སྦྱངས་བགྲོད་ཀྱི་སྒོ་ནས་རབ་དགའི་ས་ལ་གཤེགས་པའི་སྐྱེས་བུ་དང་༔ ཚེ་འདིར་ཐེག་པའི་སྒོར་མ་ཞུགས་པའི་སྐྱེས་བུ་གཉིས་ལ་མཐའ་གྲོལ་གཞིའི་རིག་པ་རང་ངོ་སྤྲད་ནས་མཉམ་དུ་ཉམས་སུ་བླངས་ཏེ་བསྒོམ་ན་དེ་གཉིས་ལ་སྔ་ཕྱི་སྐད་ཅིག་ཙམ་མེད་པར་འཚང་རྒྱ་བར་འགྱུར་བ་ནི་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་ལམ་གྱི་རིག་པ་ལ་གོམས་པའི་སྐྱེས་བུ་དང་༔ ཆོས་ཀྱི་སྒོ་མཐོང་མ་མྱོང་བའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་མཉམ་དུ་སྤྲད་དེ་ཐང་ལྷོད་མེད་པར་ཉམས་སུ་བླངས་ན་འཚང་རྒྱ་བ་ལ་ཡུན་རིང་ཐུང་སྤུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་ཏུ་ལྷ་ཁང་མཆོད་རྟེན་བརྩིགས་བཞེངས་བྱེད་ཅིང་གཞན་གྱི་སྲོག་སྐྱོབས་པ་ལ་བརྩོན་པའི་སྐྱེས་བུ་དང་༔ ཚེ་གཅིག་ཤན་པའི་གྲལ་དུ་གསོད་གཅོད་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་སྤྲད་དེ་ཉམས་ལེན་ལ་ཐང་ལྷོད་མེད་པར་བརྩོན་ན་འཚང་རྒྱ་བ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ དེ་དག་གི་གནད་ནི་འཁྲུལ་པའི་བྱ་བྱེད་ཐམས་ཅད་རྨི་ལམ་གྱི་བྱ་བ་ལྟར་ཅི་ཡང་བྱེད་མ་མྱོང་བ་ཡིན་པ་ལ་བྱས་པའི་སྣང་བ་ཤར་བ་ཙམ་ལ་བདེན་ཞེན་སྐྱེས་པས་མེད་བཞིན་ཡོད་པར་སྣང་བ་ཡིན་ཏེ༔ ལས་དེ་དག་གིས་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ལ་ཕན་གནོད་མེད་པའི་དོན་གྱིས་འཚང་རྒྱ་བ་ལ་ཁྱད་པར་མི་བྱེད་པ་ཡིན་ནོ༔ བཟང་པོའི་ལས་ཀྱིས་ཕན་ཡུལ་མེད་པས་བཟང་དུ་མེད་པ་ནམ་མཁའི་རང་བཞིན༔ ངན་པའི་སྤྱོད་པས་གནོད་ཡུལ་མེད་པས་ཡུལ་མེད་ཟང་ཐལ་བརྡལ་ཁྱབ་ནམ་མཁའི་རང་བཞིན་ཡིན་ཏེ༔ འདི་ལྟར་མེད་པ་ལ་ཡོད་སྣང་འཆར་བའི་དོན་ནི་གཞི་རང་གི་གནས་ལུགས་མ་ཤེས་པའི་དབང་གིས་ཡུལ་གཞན་ལ་ཁ་ཕྱིར་བལྟས་ཀྱི་ཞེན་པ་འདི་གཅིག་པུས་འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་པས་འདིའི་ངང་ཚུལ་རིག་ནས་རང་ཐོག་ཏུ་རང་གདིང་ཐོབ་ཅིང་རང་ལ་རང་དབང་ཐོབ་པ་ཉིད་སངས་རྒྱས་ཡིན་ནོ༔ དཔེར་ན་སྨྱོན་པ་ཞིག་གིས་དྲན་པའི་དབང་པོ་རྙེད་པ་ལྟ་བུ་སྟེ༔ དཔེ་དྲན་པའི་དབང་པོ་རྙེད་ནས་སེམས་རང་ཐོག་ཏུ་རང་ས་མ་ཟིན་གྱི་བར་དུ་ལས་ཅི་བྱས་ཀྱང་སྨྱོན་པ་ལས་སྨྱོན་པ་མིན་ཐབས་མེད་པ་ལྟར་རིག་པ་རང་ངོ་འཕྲོད་དེ་གཞི་རང་ལ་རང་གདིང་མ་ཐོབ་ཀྱི་བར་དུ་བཟང་ངན་གྱི་བྱ་བས་སངས་རྒྱས་བཟོ་ཐབས་མི་འདུག་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་ཡོན་ཏན་ནི་བརྗོད་ཀྱིས་མི་ལང་སྟེ༔ ཚེ་གཅིག་གི་མཐའ་རུ་མ་ཐུག་གི་བར་དུ་ལུས་ཀྱི་སྒོ་ནས་ཕྱག་བསྐོར་སྒྲིབ་སྦྱང་ལ་འབད་པར་བྱས་པ་བས་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དེ་ཟླ་བ་དྲུག་བར་མེད་དུ་བསྒོམ་པའི་ཡོན་ཏན་བརྒྱ་སྟོང་ཁྲི་ལས་འཕགས་པ་ཡིན་ནོ༔ ཚེ་གཅིག་ཏུ་སྦྱིན་པ་རྒྱ་ཆེན་པོ་གཏོང་བ་ལ་བརྩོན་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ནས་ཟླ་དྲུག་བར་མ་ཆད་པར་བསྒོམ་པའི་ཡོན་ཏན་བརྒྱ་སྟོང་ཁྲིས་འཕགས་པའོ༔ སྟོང་གསུམ་གྱི་སྟོང་ཆེན་པོ་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་དང་སྐུ་གཟུགས་ཀྱིས་བཀང་ནས་མཆོད་པ་དང་བཀུར་སྟི་བྱས་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲད་དེ་ཟླ་བ་དྲུག་བར་མ་ཆད་པར་བསྒོམ་ན་ཡོན་ཏན་ཁྲི་འབུམ་གྱིས་ཆར་ཡང་མི་ཉེའོ༔ ཚེ་གཅིག་མདོ་སྡེ་ཟབ་མོ་ཀློག་འདོན་བྱེད་པ་དང་སྔགས་དང་བཟླས་བརྗོད་བྱེད་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲད་ནས་ཟླ་དྲུག་ཉམས་སུ་བླངས་པའི་བསོད་ནམས་ཁྲི་འབུམ་གྱིས་འཕགས་པ་ཡིན་ནོ༔ ཚེ་གཅིག་བསྐྱེད་རིམ་ཟབ་མོ་ཉམས་སུ་བླངས་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་བྱས་ནས་ཟླ་བ་དྲུག་ཉམས་སུ་བླངས་ན་ཡོན་ཏན་བརྒྱ་སྟོང་ཁྲི་འབུམ་གྱིས་འཕགས་པ་ཡིན་ནོ༔ ཚེ་གཅིག་སེམས་ཅན་ཐམས་ཅད་ལ་སེམས་བསྐྱེད་ནས་དེ་དག་གི་དོན་ལྷུར་ལེན་བྱེད་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་རང་ཐོག་ཏུ་འཕྲོད་ནས་ཟླ་བ་དྲུག་བར་མ་ཆད་པར་ཉམས་སུ་བླངས་ན་བསོད་ནམས་བརྒྱ་སྟོང་ལས་ཆེས་ཆེར་འཕགས་པའོ༔ ཚེ་གཅིག་དགེ་བ་བཅུའི་ལས་ལ་བར་མ་ཆད་པར་བརྩོན་པ་ལས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་བྱས་ཏེ་ཟླ་བ་དྲུག་ཉིན་མཚན་བར་མ་ཆད་པར་ཉམས་སུ་བླངས་པའི་བསོད་ནམས་ཁྲི་འབུམ་གྱིས་ཆར་མི་ཉེ་བ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པ་ཉམས་སུ་ལོངས་ཤིག༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཁོང་དུ་ཆུབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཐེག་པ་རིམ་པ་དགུ་ཡི་ས་ལམ་དང་ཡོན་ཏན་ཡོངས་སུ་རྫོགས་པ་ཐོབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཚེ་གཅིག་ལུས་གཅིག་འདི་ཉིད་དུ་ཆོས་སྐུ་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་ཐོབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ འཁོར་འདས་དག་མཉམ་ཆེན་པོར་རོལ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་ཡོངས་སུ་རྫོགས་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ དེ་ངོ་འཕྲོད་པ་ཙམ་གྱི་ཡོན་ཏན་ཡང་མ་བསྒོམ་ཀྱང་སྐྱེ་བ་བདུན་ཚུན་ཆད་ལ་འཚང་རྒྱ་བར་ཐེ་ཚོམ་མེད་པ་ཡིན༔ དུས་གཅིག་ལ་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཞིང་གསུང་ཐོས་པ་བས་རིག་པ་རང་ངོ་འཕྲོད་པ་ཙམ་གྱི་ཡོན་ཏན་བྱེ་བ་དུང་ཕྱུར་ལས་འཕགས་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་རྒྱལ་བ་ཐམས་ཅད་ཀུན་ཏུ་བཟང་མོའི་ཐུགས་གསང་བྷ་ག་ཡངས་པར་རོ་གཅིག་པ་ཆོས་ཀྱི་དབྱིངས་སྐྱེ་འགག་གནས་གསུམ་ཐམས་ཅད་དང་བྲལ་བ་ནི་ནམ་མཁའ་རྣམ་པར་དག་པ་འདི་ལས་གཞན་ན་མེད་དོ༔ འཁོར་འདས་ལམ་གསུམ་ཐམས་ཅད་ནམ་མཁའ་ཉིད་དུ་རོ་གཅིག་པའི་ངང་ཚུལ་ནམ་མཁའ་འཁོར་འདས་ཀུན་གྱི་ངོ་བོ༔ ནམ་མཁའ་འཁོར་འདས་ཡོངས་ཀྱི་སྤྱི་གཞི༔ ནམ་མཁའ་འཁོར་འདས་ཐམས་ཅད་ཀྱི་རོལ་པར་ངོ་ཤེས་ཤིང་གཏིང་དཔོག་སྟེ༔ ནམ་མཁའ་ཉིད་ལས་མི་གཞན་པར་རྟོགས་ནས་ནམ་མཁའ་འདི་ཁོང་དུ་ཆུབ་སྟེ་ནམ་མཁའ་མངོན་དུ་འགྱུར་པ་ལ་ནམ་མཁའི་རྣལ་འབྱོར་ཞེས་བྱའོ༔ ཐམས་ཅད་སྟོང་ཉིད་ཆེན་པོར་རྟོགས་ནས་སྟོང་པ་ནམ་མཁའ་ཉིད་དུ་གཏིང་དཔོག་པ་ནི་སྟོང་ཉིད་དོན་གྱི་རྣལ་མ་ལ༔ དེ་མངོན་དུ་གྱུར་པ་རིག་པའི་ཡེ་ཤེས་འབྱོར་ཞེས་པའི་དོན་ཡིན་ནོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་ལ་སོགས་པ་འཁོར་འདུས་པའི་ཚོགས་ཐམས་ཅད་ཀྱིས་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་སྨོན་ལམ་འདི་བརྗོད་དོ༔ ཀྱཻ༔ ཆོས་ཉིད་སྤྲོས་བྲལ་ཆོས་སྐུ་ཡི༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་དཔལ༔ སྨོན་ལམ་འགྲུབ་པའི་དཔང་དུ་རོལ༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་རློབས༔ ཧཱུྃ༔ ཀ་དག་ཁྱབ་གདལ་ཆོས་ཀྱི་སྐུ༔ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ མཐའ་བརྒྱད་སྤྲོས་པ་དང་བྲལ་ཞིང་༔ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ བདག་ཏུ་འཛིན་པའི་རྟེན་འབྲེལ་ལས༔ གདགས་གཞི་མེད་ལ་མིང་དུ་གདགས༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ གཞི་དབྱིངས་བརྡལ་ཁྱབ་ཆེན་པོ་ལ༔ ངར་འཛིན་འཁྲུལ་གྱིས་སྣོད་བཅུད་ཤར༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ སྟོང་ཉིད་ཆེན་པོར་རྟོགས་པར་ཤོག༔ རྒྱུ་དང་འབྲས་བུའི་ཆོས་རྣམས་དང་༔ ལྷ་འདྲེས་ཕན་གནོད་སྣང་བ་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ ཡུལ་མེད་ཆེན་པོར་རྟོགས་པར་ཤོག༔ སངས་རྒྱས་དང་ནི་སེམས་ཅན་དང་༔ རེ་དོགས་ཡུལ་འཛིན་དངོས་ཞེན་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི༔ ཆོ་འཕྲུལ་འདོད་ཡོན་སྣང་བ་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ སྣང་སྲིད་གཟུང་དང་འཛིན་པའི་ཆོས༔ སྒྱུ་མའི་དཔེ་བཅུ་ཇི་བཞིན་དུ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཡུལ་མེད་ཆེན་པོར་རྟོགས་པར་ཤོག༔ ཐེག་པའི་ཆོས་དང་ལམ་འབྲས་བུ༔ མ་ལུས་རྫོགས་པའི་ཀློང་ཆེན་པོ༔ ཇི་སྙེད་གཟིགས་པའི་ཤེས་རབ་ཀྱིས༔ ཇི་ལྟ་བ་བཞིན་མཁྱེན་པར་ཤོག༔ ཀ་དག་གདོད་མའི་ཡེ་གཞི་ལ༔ འཁོར་འདས་དག་མཉམ་རོལ་པ་རུ༔ བྱང་ཆུབ་ཆེན་པོར་སངས་རྒྱས་པའི༔ ཡང་དག་ལྟ་བ་རྟོགས་པར་ཤོག༔ དེ་ལྟར་འཁོར་འདས་ལམ་གསུམ་ཆོས༔ རྒྱ་མཚོའི་གཟུགས་བརྙན་རོལ་པ་བཞིན༔ གཉིས་མེད་ཆེན་པོ་བྱང་ཆུབ་སེམས༔ མངོན་གྱུར་ལམ་མཆོག་ཉེར་ཐོབ་ཤོག༔ སྒོམ་མེད་དམིགས་གཏད་བྲལ་བ་དང་༔ ལྟ་ཡུལ་ལྟ་མཁན་གཉིས་སུ་མེད༔ དགག་སྒྲུབ་ཞེན་ཆགས་བྲལ་བ་ཡི༔ བྱ་བཏང་ལམ་མཆོག་ཉེར་ཐོབ་ཤོག༔ གདོད་མའི་ཡེ་གཞི་ཆོས་སྐུའི་ཞལ༔ མ་རིག་སྒྲིབ་གཡོགས་དང་བྲལ་ནས༔ རིག་པའི་ཡེ་ཤེས་ཆེན་པོ་ཡིས༔ ལམ་གྱི་ལམ་མཆོག་ཉེར་ཐོབ་ཤོག༔ སྦྱང་བགྲོད་འབད་རྩོལ་བྲལ་བ་ཡི༔ ཆོས་ཉིད་སྒོམ་མེད་ཆེན་པོ་རུ༔ རང་དབང་མངོན་གྱུར་གདིང་ཐོབ་པའི༔ ལམ་གྱི་ལམ་མཆོག་མྱུར་ཐོབ་ཤོག༔ སྒོ་གསུམ་རྡོ་རྗེའི་ལྷུམས་ཞུགས་ནས༔ སྐུ་དང་ཡེ་ཤེས་སྤྱན་ཆེན་པོ༔ བག་རྡུལ་རབ་རིབ་དང་བྲལ་ནས༔ ཆོས་ཉིད་མངོན་སུམ་མཐོང་བར་ཤོག༔ མངོན་སུམ་མཐོང་བའི་ཡོན་ཏན་གྱིས༔ རབ་ཏུ་དགའ་བའི་ས་མཆོག་དང་༔ རྣམ་པར་སྨིན་པའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་མངོན་གྱུར་ཤོག༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་ནས༔ མ་དག་སྣང་བ་ཐམས་ཅད་ཀུན༔ དག་དབྱིངས་དྭངས་མར་འཕོས་པ་ཡིས༔ ཉམས་སྣང་གོང་དུ་འཕེལ་བར་ཤོག༔ ཉམས་སྣང་གོང་འཕེལ་སྟོབས་ཤུགས་ཀྱིས༔ སྦྱངས་དཀའི་ས་ལས་རབ་བརྒལ་ནས༔ ཚེ་ལ་དབང་བའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་ཀུན་ཐོབ་ཤོག༔ རིག་པ་བཅུད་དུ་རབ་སྨིན་ནས༔ སྣང་སྲིད་སྐུ་དང་ཞིང་ཁམས་ཀྱི༔ རོལ་པ་ཆེན་པོར་གནས་དག་པའི༔ རིག་པ་ཚད་ལ་ཕེབས་པར་ཤོག༔ རིག་པ་ཚད་ཕེབས་ཡོན་ཏན་གྱིས༔ མི་གཡོའི་ས་ལས་རབ་བརྒལ་ཏེ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་ཀུན་ཐོབ་ཤོག༔ ཆོས་ཅན་སྣང་བ་ཐམས་ཅད་ཀུན༔ ཆོས་ཉིད་བློ་འདས་ཆེན་པོ་རུ༔ ཟད་ནས་གདིང་ཐོབ་བཙན་ས་ཟིན༔ མི་སློབ་ལམ་དུ་ཕྱིན་པར་ཤོག༔ ཆོས་ཟད་བློ་འདས་སྟོབས་ཤུགས་ཀྱིས༔ ཆོས་སྤྲིན་ཆེན་པོའི་ས་རུ་བརྒལ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་མྱུར་ཐོབ་ཤོག༔ དེ་ལྟར་མྱུར་ལམ་སྙིང་པོའི་ཆོས༔ ཚེ་འདི་ཉིད་ལ་མཐར་ཕྱིན་ནས༔ རིང་པོར་མི་ཐོགས་སངས་རྒྱས་ཀྱི༔ གོ་འཕང་མྱུར་དུ་ཐོབ་པར་ཤོག༔ ཆོས་ཉིད་བརྡལ་ཁྱབ་ཆེན་པོ་ལ༔ མཁྱེན་དང་གཟིགས་པའི་ཡེ་ཤེས་འབར༔ ཁམས་གསུམ་འཁོར་བ་ལྷག་མེད་དུ༔ སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག༔ ཀ་དག་ཆེན་པོའི་མཁའ་དབྱིངས་སུ༔ མ་དག་འཁྲུལ་པའི་ཆོས་སོ་ཅོག༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ད་ལྟ་ཉིད་དུ་གྲོལ་བར་ཤོག༔ སེམས་ཅན་ཀུན་གྱི་སེམས་སྣང་ཆོས༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ གདོད་མའི་ནང་དབྱིངས་ཆེན་པོར་ཞིག༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ དེ་ནས་གདོད་མ་གཞིའི་སྟོན་པ་ཉིད་ཀྱི་ཞལ་ནས༔ ཀྱཻ་རིག་པའི་རྡོ་རྗེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྨོན་ལམ་གདབ་པ་ལ་དང་པོ་རྒྱལ་བ་ཐམས་ཅད་དཔང་དུ་བཙུགས་ཏེ་སྨོན་ལམ་གདབ་པ་དང་༔ མཐར་སྨོན་ལམ་འགྲུབ་པའི་ཕྱིར་བདེན་བརྗོད་ཡང་ཡང་བསྐྱར་བ་དང་༔ འགྲུབ་སྔགས་ཀྱང་ལན་བདུན་ལས་མི་ཉུང་བར་མ་བརྗོད་ན་ཤིན་ཏུ་འགྲུབ་དཀའ་བ་ཡིན༔ ཡང་ན་རྟེན་གཉན་པོའམ་བླ་མ་དགེ་བའི་བཤེས་གཉེན་དང་༔ དགེ་འདུན་མང་པོའི་ཚོགས་གྲལ་དང་༔ ཉ་སྟོང་དང་ཉི་ཟླ་གཟས་བསྒྲིབ་དུས་རྣམས་སུ་སྨོན་ལམ་བཏབ་སྟེ་བདེན་ཚིག་བརྗོད་ན་འགྲུབ་པར་འགྱུར་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཐེག་མཆོག་བླ་ན་མེད་པ་ཟབ་གསང་རྫོགས་པ་ཆེན་པོའི་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་དུས་སུ་ནོར་འཁྲུལ་གྱི་གེགས་དང་གོལ་ས་མཆིས་སམ་མ་མཆིས༔ གལ་ཏེ་མཆིས་ན་དེའི་ཚུལ་ཇི་ལྟ་བ་བཞིན་དུ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་དང་པོ་ལྟ་བ་ཟབ་མོ་གཏན་ལ་ཕབ་པའི་དུས་སུ་གོ་བ་དང་རྟོགས་པ་ནོར་བའི་འཕྲང་ཡོད་དེ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ གོ་བ་ནི་སློབ་དཔོན་གྱི་ངག་ནས་བཤད་པ་ཐོས་པ་ཉིད་དེ་དཔེར་ན་ཡི་གེ་སློབ་པའི་ཚིག་བློ་ལ་འཛིན་པ་ལས་དོན་ལ་བརྟག་དཔྱད་མ་བྱས་པ་ལྟར་གོ་བ་ཙམ་ཁ་བཤད་དུ་གྱེར་བ་ལས་གཏིང་མ་དཔོག་པར་ངས་ཤེས་སྙམ་པའི་ང་རྒྱལ་ཙམ་ལས་རྒྱུད་ལ་མ་འབྱོར་བ་ནི་གོ་བ་ཙམ་ཡིན་ཏེ་རྟོགས་པ་མ་ཡིན་ནོ༔ འདི་རྟོགས་པ་རུ་རློམ་པ་ནི་རྒྱལ་པོའི་དཀོར་མཛོད་དུ་ལོངས་སྤྱོད་ཡོད་པ་མིག་གིས་མ་མཐོང་ཞིང་དབང་མ་ཐོབ་པ་ལ་གཞན་གྱིས་བཤད་པ་རྣ་བས་ཐོས་ནས་ཡིད་ལ་བཟུང་སྟེ་ངའི་ལོངས་སྤྱོད་དོ་སྙམ་པ་དང་འདྲ་མཚུངས་ཏེ་དོན་སྤུ་རྩེ་ཙམ་ཡང་མེད་དོ༔ རྟོགས་པ་ནི་སློབ་དཔོན་གྱིས་བཤད་པའམ༔ རྒྱུད་ལུང་མན་ངག་གི་གནས་མཐོང་བའམ༔ ཤེས་རབ་ཀློང་ནས་བརྡོལ་བ་གསུམ་གང་ཡིན་ཀྱང་དང་པོ་ཕྱོགས་ཙམ་གོ་བ་ལ་རྐྱེན་བྱས་ཏེ་བརྟག་ཅིང་དཔྱད་པ་ཡང་ཡང་བཏང་བས་ཕྲ་ཞིང་ཞིབ་པ་ནས་སྣང་བའི་ཆོས་ཐམས་ཅད་རང་རང་གི་ངོས་ནས་སྟོང་པ་ཡུལ་མེད་དུ་འདུག་པའི་ཚུལ་ཤེས་པ་དང་༔ མཐར་སྟོང་ཉིད་ཆེན་པོར་རོ་གཅིག་པ་འཁོར་འདས་ཐམས་ཅད་གཞི་རང་གི་ཀློང་དུ་རང་ཤར་བ་ལས་གཞན་དུ་མ་གྲུབ་པར་ཐག་གཏིང་དཔོག་པར་ཆོད་པ་ནི་རྟོགས་པ་ཡིན༔ དེ་ཡང་འགྲོ་བ་ལྷ་དང་བཅས་པས་དེ་ལ་འཁོར་འདས་རང་རྒྱུད་པ་རྟག་བརྟན་ཐེར་ཟུག་ཏུ་ཡོད་པའི་ཚུལ་ལན་གྲངས་དུ་མར་བསྟན་ཀྱང་ཡིད་ལ་ཐེ་ཚོམ་མི་ཞུགས་པའི་ཤེས་པ་རྒྱ་ཆེ་ལ་གཏིང་ཟབ་པའི་རྟོགས་པའི་ཤེས་རབ་བརྟན་པོ་ཞིག་མེད་ན་རྣམ་པར་གྲོལ་བའི་ལམ་ལས་ལྡོག་པར་འགྱུར་བ་ཡིན་ནོ༔ རྟོགས་པའི་རང་བཞིན་ནི་སྒོམ་གྱི་ངོ་བོ་ཡིན་ཏེ་རྟོགས་པ་ལས་ལྷག་པའི་སྒོམ་ཀྱང་གཞན་ན་མེད་དོ༔ དང་པོ་གོ་ནས་བར་དུ་རྒྱུད་ལ་མྱོང་སྟེ་ཐ་མ་རྟོགས་པའི་གདིང་ཞིག་མེད་ན་ལྟ་སྒོམ་གྱི་མིང་དང་དྲི་མ་ཙམ་ཡང་མེད་ངེས་པ་ཡིན་པས་རྟོགས་པ་བརྟན་པོ་ཞིག་རྒྱུད་ལ་སྐྱེ་བར་བྱེད་དགོས་པ་གནད་ཀྱི་དམ་པར་ཟུངས་ཤིག༔ རྟོགས་པ་དང་གདིང་ཐོབ་ཀྱི་དབྱེ་བ་མ་ཤེས་ན་རྟོགས་པ་གདིང་ཐོབ་དང་ནོར་ནས་རང་མགོ་འཁོར་བ་མང་བའི་ཕྱིར་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ རྟོགས་པ་ནི་ས་ལམ་གྱི་ཡིན་ལུགས་དང་འཁོར་འདས་ལམ་གསུམ་རིག་པ་རང་ལ་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཐག་ངེས་པར་ཆོད་པ་ལ་བྱའོ༔ དེ་ལ་གང་ཟག་ལ་ལས་རང་གིས་དཀའ་བ་རྒྱ་ཆེན་པོ་སྤྱད་ནས་བདེ་སྡུག་གི་མྱོང་ཚོར་མང་པོ་མྱོང་སྟེ་ཤེས་པ་ནི་རྟོགས་པ་ངེས་པར་ཡིན་པ་ལས༔ རང་བཞིན་ཐད་ཀར་དུ་ཤེས་ཀྱང་རྟོགས་པའི་གོ་ཆོད་པར་མི་འགྱུར་བར་འདོད་པ་མང་ཡང་དེ་ནི་མི་རིགས་ཏེ༔ དཔེར་ན་ལྷ་ས་བསམ་ཡས་ལ་སོགས་པ་ལ་དད་གུས་ཆེ་བའི་མི་རྣམས་ཀྱིས་རྟེན་གསུམ་ལ་མཇལ་བར་འདོད་ནས་ཐག་ཤིན་ཏུ་རིང་བའི་ས་ནས་དཀའ་སྤྱད་དང་སྙིང་རུས་རྒྱ་ཆེན་པོ་བྱས་ནས་གནས་དེར་སླེབས་ནས་མཇལ་བ་དང་༔ དཀའ་ཚེགས་དང་སྙིང་རུས་མ་དགོས་པར་གནས་དེར་སྐྱེས་པའི་མི་རྣམས་ཀྱིས་རྟེན་གསུམ་མཇལ་བ་ལ་ཁྱད་པར་མེད་པ་ལྟ་བུ་སྟེ༔ མཇལ་བའི་གནས་ནི་རྟེན་གསུམ་ཡིན་ལ༔ མཇལ་བ་ལ་ཁྱད་པར་མེད་པ་དང་༔ ཁྱད་པར་གནས་དེར་སྐྱེས་པའི་མི་རྣམས་ཀྱིས་ཕྱི་ནང་གསང་བའི་རྟེན་ཐམས་ཅད་ཀྱི་རྒྱུས་གབ་སྦས་མེད་པར་ཤེས་པ་དང་འདྲ་མཚུངས་ཏེ༔ དེ་བཞིན་དུ་དཀའ་སྤྱོད་བདེ་སྡུག་མྱོང་ཚོར་མང་པོ་མྱོང་བའི་མཐར་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ངོ་འཕྲོད་པ་དང་༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདག་མེད་དུ་གཏན་ལ་ཕབ་ནས་ཆོས་ཉིད་ཀྱི་གནས་ལུགས་ཐད་ཀར་རྟོགས་ཤིང་ཤེས་པ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པའི་ཚུལ༔ གཉིས་ཀས་ཅི་ཤེས་དགོས་ན་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཤེས་ནས་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དགོས་པ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པའི་ཕྱིར་རོ༔ དོན་ལ་རྟོགས་པ་ཐག་ཆོད་པ་གཏིང་དཔོག་པ་ཞིག་ལ་ལྟ་བ་ཞེས་བྱ་བ་ཡིན་ནོ༔ གདིང་ཐོབ་པ་ནི་དང་པོ་ངོ་འཕྲོད་པར་བྱས་ནས་རིག་པ་བྱར་མེད་རྒྱ་ཡན་ཆེན་པོ་མངོན་དུ་བྱས་ཏེ་བར་མ་ཆད་པར་ཉམས་སུ་བླངས་པས༔ མཐར་རང་ཐོག་ཏུ་བརྟན་པ་ཐོབ་ནས་དུས་དང་སྐབས་མི་འབྱེད་པར་ནམ་ལངས་ཚེ་མུན་པ་མི་འབྱུང་བ་ལྟ་བུ་ནི་རང་ཐོག་ཏུ་རང་གདིང་ཐོབ་པ་ཞེས་བྱ་བ་ཡིན་ནོ༔ དང་པོ་རྟོགས་མ་ཐག་པ་ནས་ཉམས་ལེན་གནད་དུ་བསྣུན་ཏེ་གདིང་ཐོབ་པར་མ་བྱས་ན་རང་ངོ་འཕྲོད་ཀྱང་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བར་འཁྱམས་དགོས་པ་ཡིན༔ ཟས་རི་རབ་ཙམ་བདག་ཏུ་བཟུང་ཡང་མ་ཟོས་ན་ཕན་པ་མེད་པར་མུ་གེས་འཆི་བ་དང་༔ གོས་མཁར་ཁྱིམ་གང་བ་ཙམ་བདག་ཏུ་བཟུང་ཡང་མ་གྱོན་ན་གྲང་ལྷག་གིས་ཤི་བ་དང་འདྲ་མཚུངས་པ་ཡིན༔ དེའི་ཕྱིར་ན་གདིང་ཐོབ་པར་བྱ་བ་གནད་ཀྱི་དམ་པ་རུ་ཤེས་པར་གྱིས་ཤིག༔ སེམས་དང་རིག་པ་གཉིས་ཀྱི་དབྱེ་བ་མ་ཤེས་ན་སེམས་རིག་པར་འཁྲུལ་ནས་གྲོལ་བའི་ས་ལ་བར་དུ་གཅོད་པའི་རྒྱུར་འགྲོ་བའི་སྐྱོན་ཡོད་པས་དེའི་ཤན་དབྱེ་བར་བྱའོ༔ སེམས་ལའང་འཁྲུལ་པ་སྣང་ཞེན་གྱི་སེམས་དང་༔ ལམ་འཚོལ་འགག་སྒྲུབ་ཀྱི་སེམས་དང་༔ ཤེས་པ་ལམ་བྱེད་ཀྱི་སེམས་ཞེས་བྱ་བ་རྣམས་སུ་ཡོད་དོ༔ དེ་ལ་འཁྲུལ་པ་སྣང་ཞེན་གྱི་སེམས་ནི་རང་ཀ་མ་ལམ་ཚོལ་བ་དང་ལམ་དངོས་རྣམས་ཀྱི་སྒོ་མ་མཐོང་བའི་སེམས་ཅན་གྱི་སེམས་ལ་བྱའོ༔ ལམ་འཚོལ་བའི་སེམས་ནི་སེམས་ཀྱིས་སེམས་ལ་ལྟ་བ༔ རྣམ་རྟོག་གིས་རྣམ་རྟོག་ལ་བལྟ་བ་དང་༔ བློ་དང་ཡིད་ཀྱིས་བཅས་བཅོས་དང་སྤང་ལེན་བྱས་པའི་བདེ་སྡུག་སློང་བ་ཙམ་གྱི་ལམ་འཚོལ་བའི་ཕྱིར་སེམས་ལ་ལམ་བྱེད་པ་ཞེས་བྱའོ༔ ཤེས་པ་ལམ་བྱེད་ཀྱི་སེམས་ནི་སེམས་ཀྱི་གཞི་ཐ་མལ་གྱི་ཤེས་པ་གོ་མ་འགག་པ་མངོན་དུ་བྱེད་པ་དེ་ཡང་ལྟ་བ་མ་རྟོགས་པའི་བྱེད་ལས་ཀྱིས་ཕྱིའི་སྣང་བ་ལུང་མ་བསྟན་དུ་སོང་ནས་སྣང་བ་དངོས་པོར་བཟུང་བ་ལས་དངོས་འཛིན་མ་ལྡོག༔ ནང་རང་ལུས་ལ་ལུང་མ་བསྟན་པས་ལུས་དངོས་པོར་འཛིན་པའི་དངོས་ཞེན་མ་ལྡོག༔ དེ་གཉིས་ཀ་ལ་ལུང་མ་བསྟན་པར་རང་རྒྱུད་པར་བཟུང་བས་སེམས་ལས་མི་འཕགས་པས་དེ་ཡང་སེམས་ཞེས་བྱའོ༔ དེ་ལ་རིག་པའི་མིང་དུ་བཏགས་ཀྱང་མའི་མངལ་གནས་ཀྱི་ཕྲུ་གུ་ལ་བུའི་མིང་བཏགས་པ་ལྟར་རིག་པ་རང་ཐོག་ཏུ་ལ་བཟླ་བའི་མཚན་ཉིད་མ་རྟོགས་པ་ཡིན་ནོ༔ འཁོར་འདས་སྟོང་ཉིད་ཆེན་པོར་མ་རྟོགས་པ་ནི་མ་རིག་པ་ཡིན་ཏེ༔ རིག་དང་མ་རིག་པའི་བྱེད་ལས་ཀྱིས་མིང་ཡང་དེ་ལྟར་དུ་གྲགས་པ་ཡིན༔ རིག་པ་ནི་དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དང་༔ མཐར་སྣང་ངོས་ནས་མེད་བཞིན་དུ་སྣང་བ་རྒྱ་མཚོའི་གཟའ་སྐར་རྒྱ་མཚོའི་ངང་ལས་མེད་བཞིན་དུ་སྣང་བ་རྒྱ་མཚོའི་རོལ་པར་རོ་གཅིག་པ་དང་༔ ནམ་མཁའི་འཇའ་ཚོན་ནམ་མཁའི་ངང་ལས་མེད་བཞིན་དུ་སྣང་བ་ནམ་མཁའི་རོལ་པར་རོ་གཅིག་པ་ལྟར༔ སྣོད་བཅུད་སྣང་བ་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་ལས་མེད་བཞིན་དུ་སྣང་བ་གཞི་བདེ་གཤེགས་སྙིང་པོའི་རོལ་པར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཏེ་རིག་པ་མངོན་དུ་གྱུར་པ་དཔེར་ན་ནམ་མཁའི་དབྱིངས་ལ་ནམ་ལངས་པ་ལྟ་བུ་བསྒོམ་མ་དགོས་པར་འཁོར་འདས་བྱང་ཆུབ་ཆེན་པོའི་ཀློང་དུ་འུབ་ཆུབ་པ༔ བལྟ་མ་དགོས་པར་འཁོར་འདས་ཐམས་ཅད་རྒྱ་མཚོའི་གཟའ་སྐར་བཞིན་དུ་དེར་འཛིན་མེད་པར་རང་རིག་པ༔ བཅས་བཅོས་མ་དགོས་པར་གཞི་དབྱིངས་འཁོར་འདས་དག་མཉམ་ཆེན་པོར་རང་གྲོལ་བ༔ དམིགས་གཏད་མ་དགོས་པར་ཡུལ་ཟང་ཐལ་གཏད་མེད་རྒྱ་ཡན་ཆེན་པོར་ཧར་སང་དུ་ཡན་པ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་བྱེད་ཅིང་རང་དབང་དུ་བསྒྱུར་བ་ཡིན་ནོ༔ དོན་དམ་པར་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པ་ཙམ་གྱིས་འཁོར་འདས་ཀྱི་སྲོག་ལ་དབང་ཐོབ་པ་ཡིན་ཏེ༔ དབང་ཐོབ་སེམས་སྐྱེ་བའི་ཐབས་ཆུ་དང་ཤོག་ཁྲ་ལ་སོགས་པ་གཏད་ནས་རྟེན་འབྲེལ་བརྗོད་པ་ལྟ་བུ་མ་ཡིན་པར་རྒྱལ་བ་སྲས་དང་བཅས་པའི་དབང་ཐོབ་པ་དང་༔ རིག་པའི་ཡེ་ཤེས་ལས་མཆེད་པའི་ཡི་གེའི་གཟུགས་སུ་སྣང་བ་ཐམས་ཅད་ཀྱི་ལུང་རང་ལ་འབྱོར་བར་ཤེས་པས་དབང་ལུང་ཐམས་ཅད་གཅིག་ཆར་དུ་ཐོབ་ཟིན་པ་ཡིན་ནོ༔ དེ་ལྟར་སེམས་རིག་པ་རུ་མི་ནོར་བ་གནད་ཀྱི་དམ་པར་ཟུངས་ཤིག༔ ཡིད་དང་ཤེས་རབ་ཀྱི་དབྱེ་བ་མ་ཤེས་ན་ཡིད་ཤེས་རབ་ལ་འཁྲུལ་ནས་མི་ཚེ་སྟོང་ཟད་ལ་འཆོར་ཉེན་ཡོད་པས་དེའི་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ ཡིད་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཆེད་གཞིར་གྱུར་པའི་ཡུལ་གོ་མ་འགག་པ་དྭངས་ཤིང་གསལ་བའི་བདག་ཉིད་ཅན་སྣང་བ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་དེ་ཀ་ཡིན་ནོ༔ ཡིད་གོ་མ་འགགས་པ་ཤེས་པ་ཡང་ཁྲོལ་ལེ་བ་ཉིད་སྒོམ་གྱི་ངོ་བོར་ངོ་འཕྲོད་ཀྱང་ཡིད་ཀྱི་ཤེས་པ་ལུང་མ་བསྟན་འཁོར་བའི་གཞི་རྩ་ཡིན་པས༔ དེར་བརྟན་པ་ཐོབ་ཀྱང་ཁམས་གོང་མ་གཉིས་ལས་མི་འཕགས་པར་དེ་ཀར་འཕེན་པའི་རྒྱུ་ཡིན་ཏེ་ཡིད་ཤེས་རབ་ཏུ་མ་འཕོས་པ་ཡིན་ནོ༔ ཡིད་ཤེས་རབ་ཏུ་མ་འཕོས་པས་ལས་དཀར་ནག་ཐམས་ཅད་འཁོར་བ་ཁོ་ནའི་ཕྱོགས་སུ་ངེས་པ་ལས་རྣམ་པར་གྲོལ་བའི་རྒྱུར་གཏན་ནས་མི་འགྲོ་བས་དེར་གདིང་མི་འཆའ་བ་གནད་དུ་ཤེས་པར་གྱིས་ཤིག༔ སྒོམ་ཆེན་པ་ཐམས་ཅད་འདིའི་རང་ལས་མ་འདས་པ་ཤ་སྟག་ཏུ་འདུག་པ་ནི་ཤིན་ཏུ་ཕུང་ཚབ་ཆེ་སྟེ་འདི་ཉིད་ངོ་ཤེས་པར་མ་བྱས་ན་གསལ་ཉམས་ཐམས་ཅད་ཀྱི་ངོ་བོ་དང་༔ ལུང་མ་བསྟན་ཐམས་ཅད་ཀྱི་ངོ་བོ་དང་༔ ལྷར་སྣང་འདྲེར་སྣང་མངོན་ཤེས་བན་བུན་སྣ་ཚོགས་པས་བསླུ་བ་ཡང་འདི་ལས་འབྱུང་བ་ཡིན༔ འདི་ཁོ་ན་ལ་ལམ་བྱས་ཚད་འཁོར་བ་མཐའ་མེད་དུ་འཁྲུལ་པ་ལས་ཐར་པ་དང་རྣམ་མཁྱེན་གྱི་ཕྱོགས་སུ་མི་འགྲོ་ངེས་པ་ཡིན་ནོ༔ ཤེས་རབ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་བདག་མེད་ཡུལ་མེད་དུ་གཏན་ལ་ཕབ་པའི་རྗེས་ཤེས་བདེན་མེད་སྟོང་པ་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་སྟེ༔ དེའི་རླབས་ཤུགས་ཆེན་པོས་སྣང་སེམས་ཐམས་ཅད་རིམ་པ་བཞིན་དུ་དབྱིངས་སུ་འཇིག་པར་བྱེད་པ་ནི་དཔེར་ན་རྒྱ་མཚོ་ཆེན་པོའི་རླན་གྱིས་སྣང་སྲིད་ཀྱི་ས་གཞི་ཐམས་ཅད་ལ་རྒྱས་མ་ཐེབས་པ་མེད་པ་ལྟ་བུའོ༔ བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་རྒྱུད་ལ་སྐྱེས་པ་ནི་དཔེར་ན་ལན་ཚྭ་ལ་ཆུས་རྒྱས་ཐེབས་པ་ལྟ་བུ་ཡིན་ཏེ༔ སྣང་བའི་ཆོས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོ་ཉིད་དུ་ཞི་བར་བྱེད་པ་ཡིན༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པ་ནི་ཆབ་རོམ་ལ་དྲོད་ཀྱིས་རྒྱས་ཐེབས་པ་ལྟ་བུར་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མའི་གཞིའི་དབྱིངས་སུ་ཞི་བར་བྱེད་པའོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པ་ནི་ག་བུར་ལ་རླུང་གིས་རྒྱས་ཐེབས་པ་ལྟ་བུར་འཁོར་བ་ལུགས་ལྡོག་གི་རླུང་ཆེན་དུ་ཡལ་བར་འགྱུར་རོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་ཤེས་བློའི་སྟེང་དུ་སྣང་བ་ཐམས་ཅད་ཡོད་པར་སྣང་ཡང་ཕུག་བློའི་སྟེང་དུ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པས་བདེན་མེད་དུ་གཏོར་བ་ཡིན༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་ཞེན་འཛིན་ཕུག་རྡིབ་སྟེ་བདེན་མེད་ཀྱི་གདིང་ཐོབ་པ་ཡིན་ནོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་རྒྱུད་ཀྱི་འཁོར་བའི་གཞི་རྩ་ཐམས་ཅད་ཁྲལ་མ་ཁྲོལ་མ་རུ་རལ་བར་འགྱུར་རོ༔ དེ་ལྟར་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་སྟོང་ཉིད་ཆེན་པོར་ངོ་ཤེས་པ་དང་༔ བདེན་དོན་མངོན་བྱེད་ཀྱི་ཤེས་རབ་ཆེན་པོས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་རྫོགས་པའི་ངང་ཚུལ་ཤེས་པ་དང་༔ ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་བྱེད་པ་དང་༔ ཇི་ལྟ་བ་མཁྱེན་པའི་ཤེས་རབ་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མཁྱེན་པ་དང་༔ ཇི་སྙེད་པ་གཟིགས་པའི་ཤེས་རབ་ཀྱིས་འཁོར་བའི་ཆོས་ཐམས་ཅད་ཀྱི་གཞི་རྩ་གཟིགས་པ་དང་༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་གཟིགས་ཤིང་མངོན་དུ་བྱེད་པ་ཡིན༔ དོན་ལ་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་རྒྱ་ཆེ་ཞིང་གདིང་ཐོབ་པར་གྱུར་པ་ན་ངོ་བོའི་རང་རྩལ་ལས་ཐ་མི་དད་པའོ༔ ཀྱཻ་རིག་པའི་རྡོ་རྗེ་རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱི་དབྱེ་བ་མ་ཤེས་ན་རྣམ་ཤེས་ཡེ་ཤེས་སུ་ངོ་སྤྲད་ཀྱང་འཁྲུལ་པའི་འཁོར་ལོར་འཕྱན་པར་འགྱུར་བས་དེའི་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ རྣམ་ཤེས་ནི་ཡིད་ཀྱི་ཀློང་དུ་མཆེད་པའི་ཡུལ་གོ་མ་འགག་པ་དྭངས་གསལ་གྱི་ཆ་རང་ཆས་སུ་ཡོད་པ་བུག་སྒོ་རུ་བཅུད་པ་བདག་འཛིན་གྱིས་བཅིང་པ་ཡིན་ནོ༔ བུག་པའི་སྒོ་ནས་ཁ་ཕྱིར་བལྟས་པས་ཕྱི་ན་འདོད་ཡོན་གྱི་སྣང་བ་ཡོད་པ་མཐོང་བ་ཐོས་པ་ཚོར་བ་མྱོང་བ་རེག་པར་སྣང་བ་ནི་རྣམ་ཤེས་ཞེས་བྱའོ༔ དེས་ནི་མིང་དང་དངོས་པོ་སོ་སོར་འཛིན་ཅིང་ཤེས་པ་དང་༔ བདེ་སྡུག་བར་གསུམ་ཉེ་བར་ལེན་པར་བྱེད་པ་ཡིན་ན༔ ཐམས་ཅད་སོ་སོ་ཐ་དད་དུ་སྣང་བ་ལ་མིང་སོ་སོར་བཏགས༔ དངོས་པོ་ཐ་དད་དུ་བཟུང་༔ རང་ཕྱོགས་ལ་ཆགས་པ་དང་༔ གཞན་ཕྱོགས་ལ་སྡང་བའི་རྣམ་པར་རྟོག་པའི་མཆེད་གཞི་བྱས༔ བཟང་པོ་བཟང་པོར་བཟུང་སྟེ་རེ་བའི་ཡུལ་དུ་བྱས་ནས་རེ་བའི་སེམས་རྟོག་སྤེལ༔ ངན་པ་ངན་པར་བཟུང་ནས་དེ་ལ་དོགས་པའི་སེམས་རྟོག་སྣ་ཚོགས་ཀྱི་མཆེད་གཞི་བྱེད་པའོ༔ ཡིད་ཅེས་བྱ་བ་སྣང་ཤེས་དེ་མངོན་དུ་གྱུར་པ་སྣང་བའི་ཡུལ་དུ་གྱུར་པ་དང་སྣང་བ་མངོན་དུ་བྱེད་པའོ༔ སེམས་ཞེས་བྱ་བ་ནི་བསམ་པ་དང་དམིགས་པ་ཅན་སྐྱེས་ཙམ་ཉིད་ནས་སྣང་བ་དང་གཉིས་མེད་དུ་འདྲེས་ནས་ཡལ་བའོ༔ ཡེ་ཤེས་ནི་གཞིའི་ངང་མདངས་ཡིན་ཏེ་ཡེ་ཤེས་ལྔ་རུ་བརྗོད་པ་ཡིན་ནོ༔ ཁྱད་པར་དུ་གཞི་མངོན་གྱུར་གྱི་ངང་ན་ཡེ་གནས་ཀྱི་ཡེ་ཤེས་ཆེན་པོ་ནམ་ལངས་ཏེ་ཉི་མ་ཤར་བ་ལྟ་བུ་དྭངས་ཤིང་གསལ་བའི་ཆ་གནས་པ་ཡིན༔ དེ་ཡང་ཅི་ཡང་མི་ཤེས་པའི་ཐོམ་ཡོ་རེ་བ་མུན་རུབ་པ་ལྟ་བུའི་གོ་འགག་པ་མ་ཡིན་ཏེ༔ སྣང་བ་ཐམས་ཅད་རང་ཤེས་སུ་ཡོད་པ་ལས་སྐྱེ་ཞིང་འགག་པ་ཅན་དུ་མ་གྱུར་པ་དཔེར་ན་མེའི་གཤིས་ན་ཚ་བ་རང་ཆས་སུ་ཡོད་པ་དང་༔ ཆུའི་གཤིས་ན་རླན་ཡོད་པ་དང་༔ རླུང་གི་གཤིས་ན་བསིལ་ཡོད་པ་བཞིན་དུ་ཡེ་ཤེས་ཀྱི་གཤིས་ན་རྩལ་གོ་མ་འགག་པས་སྣང་བའི་ཆོས་ཐམས་ཅད་ཀུན་ཤེས་ཀུན་རིག་ཡུལ་དང་མ་འདྲེས་པ་དང་༔ ཡུལ་ལ་འཇུག་མི་ཤེས་པ་རང་བྱུང་རང་གསལ་ཕྱི་ནང་སྒྲིབ་གཡོགས་དང་བྲལ་བ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་དྭངས་གསལ་རྙོགས་མ་དང་བྲལ་བ་ཡིན་ཏེ༔ རྣམ་པར་ཤེས་པ་ཡེ་ཤེས་སུ་གོ་འཕོས་པའི་རྒྱུ་རྐྱེན་གང་ཡིན་པར་སེམས་ན༔ འཁོར་འདས་ཀྱི་ཆོས་རྣམ་པར་ཤེས་པ་ཚོགས་བརྒྱད་འདོད་ཡོན་གྱི་སྣང་བ་དང་བཅས་པའི་རྟོག་པ་མཆེད་ཚུལ་ཇི་ལྟ་བ་བཞིན་ཏུ་ཤེས་ཏེ་ཆོས་ཉིད་ཀྱི་གཤིས་ལ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་ཆས་སུ་རྫོགས་པའི་ངང་ཚུལ་རྟོགས་ནས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ཕན་ཆད་རྣམ་ཤེས་ཡེ་ཤེས་ཀྱི་རོལ་པར་གོ་འཕོས་པར་གྱུར་པ་ཡིན༔ དེས་ན་རྣམ་པར་ཤེས་པ་ནི་བདག་རྟོག་གཅིག་པུའི་ཆོ་འཕྲུལ་གྱིས་ཡེ་ཤེས་རྣམ་ཤེས་སུ་གནས་འགྱུར་བ་ཐོ་ཡོར་མིར་འཁྲུལ་པ་ལྟ་བུ་སྟེ༔ དེ་ཡེ་ཤེས་སུ་གོ་འཕོས་པ་ནི་ཐོ་ཡོར་མིར་འཛིན་གྱི་ཤེས་པ་ལས་ལྡོག་སྟེ་ཐོ་ཡོར་དུ་ཤེས་པ་ལྟར་རྣམ་པར་ཤེས་པའི་ཡིན་ལུགས་ཚུལ་བཞིན་དུ་རྟོགས་པ་ནི་ཡེ་ཤེས་སུ་གོ་འཕོས་པ་ཡིན༔ རྣམ་ཤེས་དབྱིངས་སུ་ཡལ་ནས་ཡེ་ཤེས་ལོགས་ནས་སྐྱེ་དགོས་པ་ནི་མ་ཡིན་ཏེ༔ བདག་འཛིན་དང་བདག་མེད་གཉིས་ཀྱི་བྱེད་ལས་ཀྱིས་དེ་ལྟར་སྣང་བ་ཡིན་པས་ཤེས་པར་གྱིས་ཤིག༔ རྣམ་ཤེས་ཀྱིས་ནི་ཤེས་པ་དང་པོ་ཡུལ་གྱི་རྣམ་པར་མཆེད་པ་རྒྱ་མཚོ་ལྟ་བུ་ལ་སྣ་ཚོགས་སྣང་བ་གཟའ་སྐར་མཆེད་པ་ལྟ་བུར་ཤར་བ་རྣམ་རྟོག་གི་ཤེས་པས་ཉེ་བར་བླངས་ཏེ་དངོས་འཛིན་གྱིས་བཅིངས་ཏེ་འཁྲུལ་པ་ཡིན༔ དེའི་རྒྱུ་མཚན་རྟོགས་པ་ཡེ་ཤེས་སུ་གོ་འཕོས་པའོ༔ ཀྱཻ་རིག་པའི་རྡོ་རྗེ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་མ་ཤེས་པར་ཀུན་གཞི་དང་དེའི་རྣམ་པར་ཤེས་པ་ལ་ལམ་བྱས་ན་ཁམས་གསུམ་ལས་འཕགས་པར་འགྱུར་བ་མ་ཡིན་ནོ༔ དེ་གང་ཞེ་ན་ཀུན་གཞི་མཚན་ཉིད་པ་ནི་ཅི་ཡང་མི་སེམས་པ་བེམ་སྟོང་ནམ་མཁའ་ལྟ་བུ་སྟོང་ཧད་དེ་བ༔ སྣང་བའི་གོ་འགག་པའི་ཐོམ་ཡོ་རེ་བ་ཞིག་ཡིན་ཏེ༔ གཉིད་འཐུག་པོ་རྨི་ལམ་མེད་པའི་གནས་སྐབས་དང་༔ བརྒྱལ་བ་དང་འཆི་སྲིད་ཀྱི་དུས་རྣམས་སུ་དེའི་ཐོག་ཏུ་ཕེབས་པ་ཡིན་ཏེ་ཤེས་པར་བྱའོ༔ སེམས་རྣམ་པར་རྟོག་པ་ལ་དགག་སྒྲུབ་བྱས་པའི་རྐྱེན་གྱིས་ཀུན་གཞི་སློང་སྟེ་དེ་སྒོམ་གྱི་དམ་པར་བཟུང་ནས་ངང་བརྟན་པར་གྱུར་ན་མི་དེ་བླུན་ཅིང་རྨོངས་ནས་ཅི་ཡང་མི་ཤེས་པར་འགྲོ་བའང་སྲིད་པས་སློབ་དཔོན་འགས་ཆོས་ཟད་བློ་འདས་ཆེན་པོར་ངོ་སྤྲད་པ་ཡོད་དེ༔ དེའི་ཐོག་ཏུ་ལུས་ན་འདུ་ཤེས་མེད་པའི་ལྷར་འཕེན་པར་ངེས་པའོ༔ ཡང་སྟོང་གསལ་ཡིད་ལ་མྱོང་བ་ཅན་ཁ་ནང་དུ་བལྟས་ཏེ་ཕྱིའི་སྣང་བ་ཐམས་ཅད་གོ་འགག་ནས་མི་སྣང་བ་ཅི་ཡང་མི་སེམས་པ་ཡིད་ཆེས་ཀྱི་ཁུང་དུ་གྱུར་ཏེ་འབྲལ་མི་ཕོད་པའི་གསལ་སང་ངེ་བ་ཞིག་རྒྱུད་ལ་མྱོང་བ་ནི་ཀུན་གཞིའི་རྣམ་ཤེས་ཡིན་ཏེ༔ འདི་ཡང་བསྒོམ་པའི་ཆིངས་སུ་བཅིངས་པའི་སྟོབས་ཀྱིས་སློང་བ་ཡིན་ཏེ༔ སློབ་དཔོན་འགས་འོད་གསལ་དུ་ངོ་སྤྲོད་པ་དང་༔ འགའ་ཞིག་གིས་རིག་པ་སྒོམ་མེད་དུ་ངོ་སྤྲད་པ་དང་༔ འགའ་ཞིག་གིས་རླུང་སེམས་དབུ་མར་ཚུད་པར་ངོ་སྤྲད་པ་ཡང་ཡོད་དེ༔ དོན་ལ་ཀུན་གཞིའི་རྣམ་ཤེས་ཡིན་པས་དེའི་ཐོག་ཏུ་ལུས་ན་གཟུགས་མེད་པའི་ཁམས་སུ་འཕེན་པ་ལས་རྣམ་པར་གྲོལ་བའི་ས་ལ་ཕྱོགས་ཙམ་ཉེ་བ་མ་ཡིན་ནོ༔ ཀུན་གཞི་དང་དེའི་རྣམ་པར་ཤེས་པས་ནི་སེམས་རང་ལ་ཁ་བལྟས་པ་ལས༔ འཁོར་འདས་རང་སྣང་ཉིད་དུ་ངོ་མི་ཤེས་ཤིང་མ་རིག་པའོ༔ ཆོས་སྐུ་ནི་འཁོར་འདས་དག་མཉམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པ་སྟོང་ཉིད་ནམ་མཁའི་ཁོར་ཡུག་གཞི་མེད་རྩ་བྲལ་གྱི་རོལ་པ་ཡུལ་མེད་ཟང་ཐལ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་དང་ཡོན་ཏན་བཟང་པོས་ཕན་མ་བཏགས༔ སེམས་ཅན་གྱི་སྡིག་སྒྲིབ་སྡུག་བསྔལ་ངན་པས་གནོད་མ་བྱས་པ་བཟང་ངན་གང་དུའང་མི་འགྱུར་ཞིང་མ་བསྒྱུར་བའི་གཞི་དབྱིངས་ཀ་དག་བརྡལ་ཁྱབ་ཆེན་པོའི་གནས་ལུགས་གཏན་ལ་དབབ་ནས་ངང་མངོན་དུ་གྱུར་པ་ཉིད་རང་ཐོག་ཏུ་ངོ་འཕྲོད་པ་ལ་རང་ས་བཟུང་བ་ཙམ་ལས༔ སྔར་ཆོས་སྐུ་མེད་པ་ལས་སླར་ཆོས་སྐུ་འབྱུང་བར་གོ་ན་དེ་ནི་ཤིན་ཏུ་འཁྲུལ་པ་ཡིན༔ ཆོས་སྐུའི་དབྱིངས་མངོན་དུ་གྱུར་པའི་དབྱིངས་ནི་ནམ་མཁའ་དང་གཉིས་སུ་མེད་དོ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་རང་ཆས་སུ་ཡོད་པ༔ ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཀྱི་རོལ་པར་རྫོགས་པའི་སྐུ་ཞེས་བྱའོ༔ དེ་ལྟ་བུའི་ཆོས་སྐུ་ཀུན་ཏུ་བཟང་པོའི་ཡིན་ལུགས་གཏིང་དཔོག་པར་ཤེས་པ་ནི་རྟོགས་པ་ཡིན༔ དེའི་ངང་མངོན་དུ་བྱས་པས་དཔེར་ན་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་ཀྱི་རོལ་པ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁའ་གཅིག་གི་རོལ་པ་བཞིན་དུ་འཁོར་འདས་ཐམས་ཅད་ཆོས་སྐུ་གཅིག་གི་རོལ་པར་ཤེས་པ་ཆོས་སྐུའི་ཡོ་ལངས་ཆེན་པོ་ཡིན༔ དཔེར་ན་རྒྱ་མཚོའི་གཟའ་སྐར་རྒྱ་མཚོས་ཆིངས་པ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁས་ཆིངས་པ་བཞིན་དུ༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་སྐུ་གཅིག་གིས་ཆིངས་པའི་ངང་མངོན་དུ་གྱུར་ཏེ་བབས་ཀྱིས་གནས་པ༔ གནས་ལུགས་རང་གི་ལྷུམས་སུ་ཞུགས་པ༔ ཡིན་ལུགས་རང་གི་ཐོག་ཏུ་ཕེབས་པ༔ བཟང་ངན་ཕན་གནོད་ཐམས་ཅད་དང་བྲལ་བ་ཉིད་དུ་ཐག་ཆོད་པ་ནི་རྟོགས་པ་གདིང་ཐོབ་མངོན་དུ་གྱུར་ཏེ་སངས་རྒྱས་པ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་ལམ་ཡིན་པ་དང་མ་ཡིན་པའི་དབྱེ་བ་མ་ཤེས་ན་ལམ་མ་ཡིན་པའི་དབང་དུ་ཤོར་ནས་ཡང་དག་པའི་ལམ་མངོན་དུ་མི་འགྱུར་བའི་སྐྱོན་དུ་འགྱུར་ཉེན་ཡོད་པས་དེའི་ཤན་དབྱེ་བར་བྱའོ༔ ལྟ་བ་སྟོང་ཉིད་ཀྱི་གནད་ཇི་ལྟ་བ་བཞིན་དུ་རྟོགས་ནས་ཤེས་པ་ལམ་བྱེད་ཙམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡིན་ནོ༔ སྟོང་ཉིད་ཆེན་པོའི་དོན་རྟོགས་ནས་འཁོར་འདས་ལམ་གསུམ་ཐམས་ཅད་རྫོགས་པའི་ངང་ཚུལ་ཤེས་ཏེ་དབྱིངས་མངོན་དུ་གྱུར་པ་ནི་རྫོགས་ཆེན་གྱི་རིག་པ་ཞེས་བྱའོ༔ དེ་ཡང་གཞི་དྭངས་གསལ་རྙོག་མ་དང་བྲལ་བ་ལ་ལམ་བྱེད་པ་ཡིན་ནོ༔ ཤེས་པ་ལ་ལམ་བྱས་ན་རྣམ་པ་ལམ་བྱེད་དང་༔ གཞི་འཁོར་འདས་དག་མཉམ་གྱི་རོལ་པ་ལམ་དུ་བྱེད་པ་ནི་ངོ་བོ་ལམ་བྱེད་དེ་ལམ་ཡང་དག་པ་ཞེས་བྱའོ༔ ལམ་མ་ཡིན་པ་ནི་རྣམ་རྟོག་ལ་རྣམ་རྟོག་གིས་ལྟ་བ་ཞེས་བྱ་བ་དང་༔ རྣམ་རྟོག་ལ་དགག་སྒྲུབ་དང་བཟང་ངན་བླང་དོར་རྩིས་གདབ་བྱས་ནས་མཐར་ཤེས་པ་བཟོ་མེད་ཙམ་ལ་ལྟ་སྒོམ་གྱི་མཐར་ཐུག་ཏུ་ངོ་སྤྲོད་བྱེད་པ་ནི་ལམ་མ་ཡིན་པ་སྟེ༔ སེམས་ཀྱི་རྩལ་དང་སེམས་ཀྱི་ངོ་བོ་ལ་ལམ་བྱས་ཀྱང་སེམས་ནི་འཁྲུལ་པའི་གཞི་ཡིན་ཏེ་ཁམས་གསུམ་ལས་མི་འཕགས་པར་ངེས་པས་ལམ་མ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་དབང་དུ་བསྒྱུར་བ་དང་ལུང་མ་བསྟན་དུ་སོང་བ་གཉིས་ཀྱི་ཤན་དབྱེ་བ་མ་ཤེས་ན་ལུང་མ་བསྟན་གྱི་དབང་དུ་འཁྲུལ་པར་གྱུར་ནས་སྔར་བཞིན་འཁྲུལ་པར་འགྱུར་རོ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ མིང་མེད་པ་ལ་མིང་གི་སྣང་གཞི༔ དངོས་པོ་མེད་པ་ལ་དངོས་པོའི་སྣང་གཞི༔ ཕན་གནོད་མེད་པ་ལ་ཕན་གནོད་ཀྱི་སྣང་གཞི༔ འཁོར་འདས་མེད་པ་ལ་འཁོར་འདས་ཀྱི་སྣང་གཞི༔ འདོད་ཡོན་མེད་པ་ལ་འདོད་ཡོན་གྱི་སྣང་གཞི་ཐམས་ཅད་མེད་པའི་ངང་ཚུལ་གཏན་ལ་དབབ་ནས་མེད་པར་ཤེས་ཏེ་སྣང་གཞིའི་ཡུལ་ཆད་པར་བལྟས་ན་ཆད་ལྟ་རུ་ཤོར་བ་དང་༔ སྣང་གཞི་དང་ཡུལ་ཙམ་ཡང་མེད་ན་སྣང་བའི་དོན་མེད་དེ་སྣང་བའི་གཞི་དང་ཡུལ་གསལ་སྟོང་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་རྟོགས་པ་གཞི་ལ་དབང་དུ་བསྒྱུར་བ་ཡིན༔ གཞི་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་ཀྱང་གཟུང་འཛིན་གྱིས་དམ་དུ་བསྡམ་ནས་གཞན་དུ་དངོས་པོར་བལྟས་ཤིང་བརྟན་ཏེ་འཐས་པ་ནི་དཔེར་ན་ཆུ་རང་གྲོལ་དུ་ཡོད་པ་འཁྱག་པར་འགྱུར་པའི་སྤུན་ཐག་གྲང་ལྷག་ཡིན་པ་ལྟར༔ གཞི་རང་གྲོལ་དུ་ཡོད་པ་དངོས་པོར་སྣང་བའི་སྤུན་ཐག་གཟུང་འཛིན་གཉིས་ཡིན་པས་གཟུང་འཛིན་གྱི་ཡིན་ལུགས་ཙམ་མི་ཤེས་པའི་སྒོམ་ཆེན་པ་རྣམས་སྙིང་ཁམས་ཆེ་ཡང་གཞི་ལུང་མ་བསྟན་དུ་སོང་བས་ཇི་ཙམ་བསྒོམས་ཀྱང་སངས་རྒྱས་པར་མི་འགྱུར་རོ༔ ཀྱཻ་རིག་པའི་རྡོ་རྗེ་འཁྲུལ་པ་དང་གྲོལ་བ་གཉིས་ཀྱི་ཤན་དབྱེ་མ་ཤེས་ན་འཁྲུལ་པ་གྲོལ་བ་རུ་རློམ་ནས་གོལ་སར་འཕྱན་པས་རྣམ་པར་གྲོལ་བའི་ས་ཆེན་པོ་འཐོབ་པར་མི་འགྱུར་རོ༔ དེའི་ཚུལ་ནི་འདི་ལྟ་སྟེ༔ འཁྲུལ་པ་ལའང་རྒྱུད་དུ་འཁྲུལ་པ་དང་༔ ལམ་དུ་འཁྲུལ་པ་དང་༔ གོལ་སར་འཁྲུལ་པ་གསུམ་དུ་ཡོད་པ་ལས༔ རྒྱུད་དུ་འཁྲུལ་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་མ་རིག་གཟུང་འཛིན་དུ་འཁྲུལ་ཏེ་ལམ་གྱི་སྒོ་མ་མཐོང་བ་ལ་བྱའོ༔ ལམ་དུ་འཁྲུལ་པ་ལ་རྣམ་པ་མང་སྟེ༔ ཁྱད་པར་དུ་མི་ཚེ་མ་ཟད་ཀྱི་བར་དུ་རྣམ་རྟོག་ལ་ལྟ་བ་དང་བཅས་བཅོས་བྱེད་པས་བདེ་སྡུག་སྣ་ཚོགས་པ་ཉེ་བར་ལེན་ཅིང་ལ་ལ་ནི་སྨྱོ་འབོག་ཏུ་འཁྲུལ་པ་དཔེར་ན་ཆུ་རྒྱུན་གྱི་འོལ་ཁ་བཀག་པས་ཕྱུར་བ་དང་འཁྱིལ་བ་ལྟ་བུའོ༔ ལ་ལས་ནི་བདེ་ཉམས་འབོལ་ལེ་བ་སྒོམ་གྱི་དམ་པར་བཟུང་ནས་འཁྲུལ་པ་དང་༔ ལ་ལས་ནི་གསལ་ཉམས་མྱོང་ཞེན་ཅན་ལ་སྒོམ་གྱི་དམ་པར་བཟུང་ནས་འཁྲུལ་པ་དང་༔ ལ་ལས་གསལ་ཉམས་ཀྱི་ལྷར་སྣང་འདྲེར་སྣང་མངོན་ཞེན་སྣ་ཚོགས་པ་ལ་ཞེན་ནས་གཞན་ལ་འདོམས་པ་དང་༔ རང་གིས་མཆོག་འཛིན་བྱེད་ཅིང་ང་རྒྱལ་དང་ཁེངས་སེམས་སོགས་རྙེད་པ་དོན་དུ་གཉེར་བ་ལ་སོགས་པས་མི་ཚེ་ཟད་པ་དང་༔ སྒོམ་བྱས་ཀྱང་དེའི་ཆེད་དུ་བསྒོམ་པ་དང་༔ གཞན་གྱིས་ཁྲིད་བཏབ་ཀྱང་བདེན་པར་མི་འཛིན་ཅིང་ལམ་དེ་ལས་ལྡོག་མི་ཐུབ་པ་དང་༔ ལ་ལས་ནི་མི་རྟོག་པ་དང་སྟོང་ཉམས་ཧད་དེ་བ་སྒོམ་གྱི་དམ་པར་འཛིན་ཅིང་གདིང་བཅས་ཏེ་འཁྲུལ་པའི་འཁོར་ལོར་ཁ་འཆོལ་བ་དང་༔ ལ་ལས་ནི་ལྟ་བ་མི་ཤེས་པས་ཤེས་པ་གསལ་སྟོང་ཙམ་ལ་མི་ཚེ་འདའ་བ་རྣམས་ནི་ལམ་དུ་འཁྲུལ་པ་ཞེས་བྱའོ༔ གོལ་སར་འཁྲུལ་པ་ནི་ལམ་གྱི་མཐར་མ་ཐུག་གི་བར་དུ་ཉམས་དང་ལྟ་སྒོམ་དམིགས་གཏད་ཅན་ལ་སྒོམ་གྱི་མཐར་ཐུག་ཏུ་འདོད་ནས་དེའི་ཐོག་ཏུ་བཞག་སྟེ་འཆི་ཁ་ཐ་མལ་དུ་ལུས་པ་རྣམས་ནི་གོལ་སར་འཁྲུལ་པ་ཡིན་ནོ༔ ནོར་སར་འཁྲུལ་པ་ཞེས་བྱ་བའང་ཡོད་དེ༔ དེ་གང་ཞེ་ན༔ དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་སྟེ་ངང་ཚུལ་ཤེས་མཐར་ངས་ནི་འཁོར་འདས་སྟོང་ཉིད་ཆེན་པོར་རྟོགས་པ་ཡིན་པས་ད་ནི་ཀུན་རྫོབ་བསོད་ནམས་བསགས་པའི་ཆོས་ཀྱང་བྱེད་མི་དགོས༔ སྒོམ་པ་ཉམས་ལེན་ཡང་མི་དགོས་སྙམ་ནས་གཞན་ལ་སྟོང་སྐད་གྱེར་ཏེ་རྣམ་གཡེངས་དང་ལེ་ལོའི་དབང་དུ་མི་ཚེ་ཟད་ནས་འཆི་ཁ་ཐ་མལ་དུ་ལུས་པ་གྲངས་མང་བ་དང་༔ ལ་ལས་ཡང་དེ་ལྟར་སྟོང་པའི་ངང་ཚུལ་ཤེས་མཐར་ད་ནི་ཉམས་སུ་ལེན་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་སྙམ་ནས་ལྟ་བ་མཐོ་སྐད་སྒྲོག་ཅིང་གྲོང་ཆོག་དང་གཏོ་ཡས་ལ་མགོ་འཁོར་ནས་འཆི་ཚེ་རྣམ་སྨིན་གྱིས་སྔོན་ནས་བསྒུག་སྟེ་ངན་སོང་གི་གཏིང་རྡོར་འགྱུར་བ་ནི་ནོར་བ་ཡིན༔ ལ་ལས་སྟོང་ཉིད་གོ་ལོ་ཐོས་ལོ་ཙམ་གྱིས་བློ་ཚིམ་ནས་སྒོམ་པའི་ཉམས་ལེན་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་དམ་ཚིག་དང་སྡོམ་པ་ཐམས་ཅད་བསྲུང་མི་དགོས་པར་བཟུང་ནས་སངས་རྒྱས་དངོས་སུ་མཐོང་ཡང་ལོག་ལྟ་དང་སྐུར་འདེབས་བྱེད་པ་ལས་དད་གུས་ཏིལ་འབྲུ་ཙམ་ཡང་མེད་པ་དང་༔ ལས་ངན་པའི་སྤྱོད་པ་ནི་མའི་སྲོག་གཅོད་དགོས་ཀྱང་ཐེ་ཚོམ་མི་སྐྱེ་བ་དང་༔ ཕའི་ཤ་ཟ་དགོས་ཀྱང་བདུད་རྩི་ལྟར་ཟ་བ་དང་༔ གཞན་གྱི་མགོ་བསྐོར་ནས་ཟས་ནོར་ལ་རྔམས་པ་དང་༔ མི་དགེ་བ་སྨན་ལྟར་སྤྱོད་ཅིང་དགེ་བ་དུག་བཞིན་སྤངས་པའི་ལས་ངན་གྱིས་སྟོང་ཉིད་ལ་བསླབ་པ་ཇི་ལྟར་ན་འཚོ་བྱེད་ཀྱི་སྨན་བཙལ་བའི་ལམ་ནས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུ་ཡིན་ནོ༔ ལས་ངན་དེའི་རྒྱུར་གྱུར་ན་ནི་སྟོང་ཉིད་འདྲེ་སྒོམ་དུ་སོང་བ་བདུད་དང་རཱུ་ཏྲ་ནག་པོར་ཚེ་འདི་རུ་འཁྲུལ་པ་ཡིན་ནོ༔ ལར་སྟོང་ཉིད་རྟོགས་ནས་དགེ་བའི་ལས་བསོད་ནམས་བསགས་པ་ཐམས་ཅད་མེད་ཅིང་མི་དགོས་ན་མི་དགེ་བའི་ལས་དང་གསོག་འཇོག་རྙེད་ཚོལ་ཆགས་སྡང་ཞེན་པ་ཐམས་ཅད་ཀྱང་དེ་བཞིན་སྤངས་དགོས་པ་ཡིན་མོད༔ ཁྱོད་ཀྱི་དགེ་སྡིག་གཉིས་ཀྱི་བྱ་བ་ཐམས་ཅད་བཏང་ནས་ཅོག་བཞག་བྱས་ཏེ་སྟོང་པའི་ངང་དུ་གནས་ཡོད་ན་ཁྱེད་ཚོ་ཕོ་རྒོད་པོ་སྐྱོན་མེད་པ་ཞིག་ཡིན་སྲིད་ཀྱང་༔ དགེ་བ་སྤངས་ནས་མི་དགེ་བ་སྤྱོད་དུ་ཡོད་ན་ཁྱོད་ཀྱི་རྒྱུད་འདྲེ་དང་བདུད་དུ་སོང་བར་ངེས་པ་ཨི་གོ༔ ཁྱོད་ཀྱིས་སྟོང་ཉིད་ལ་དགེ་སྡིག་མེད་པར་ཤེས་ན་ཁྱོད་དགེ་སྡིག་མེད་པའི་གནས་མལ་དུ་ཉལ་ནས་སྡོད་ཅིག༔ དགེ་བ་མེད་པར་ཤེས་ནས་མི་བྱེད་པ་ཁྱོད་བདེན་ན་སྡིག་པ་ཡང་བྱེད་དོན་མེད་པས་དེ་ཡང་བྱར་མེད་དུ་ཐོང་ལ་ཞོག༔ སྡིག་པ་མེད་པར་ཤེས་ན་སྡིག་པ་བྱེད་དོན་ཅི་ཡོད༔ སྡིག་པ་མེད་པར་སྙམ་ནས་སྡིག་པའི་ལས་ལ་སྤྱོད་པ་སྟོང་ཉིད་ཡིན་ན་སེམས་ཅན་ཐམས་ཅད་ཀྱིས་བསམ་སྤྱོད་དེ་ཡིན་པས་སེམས་ཅན་ཐམས་ཅད་ཀྱིས་སྟོང་ཉིད་རྟོགས་པ་ཨི་གོ༔ སྡིག་པ་མི་དགེ་བ་སྤྱོད་པའི་མཁན་པོ་དེ་དང་མི་དགེ་བའི་ལས་བྱེད་དུ་ཡོད་པ་དེ་མེད་པའི་ཕུག་ན་ཡོད་པ་དེ་ཨི་གོ༔ སྟོང་ཉིད་ཀྱི་ལྟ་བ་ངེས་པར་རྟོགས་ན་དགེ་སྡིག་གི་སྤྱོད་པ་ཐམས་ཅད་བྱིས་པའི་རྩེད་མོ་ལྟར་མཐོང་ནས་བྱེད་དོན་ཅི་ཡོད༔ འདི་ལྟར་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་མཐོང་ནས་བྱར་མེད་དུ་ཆམ་བཞག་བྱེད་པ་ཡིན་ན་སྟོང་ཉིད་ཀྱི་སྤྱོད་པ་དེ་ཀ་ཡིན་མོད་དེ༔ དགེ་བ་མེད་པར་ཐག་བཅད་ནས་ཆོས་ལ་ལོག་པར་བལྟས༔ སྡིག་པ་མེད་པར་གོ་ནས་མི་དགེ་བའི་ལས་ལ་ཁོར་ཡུག་ཏུ་སྤྱོད་པའི་མཐར་དམྱལ་དཔོན་གྱི་དབང་པོ་མེད་པའི་ཕུག་ནས་ལངས་ཏེ་མི་བཟོད་པའི་ཉེས་ཆད་ཆེན་པོ་ཡུན་རིང་པོར་སྤྱོད་ཅིང་སྡུག་བསྔལ་གྱི་ཁྲི་མུན་ཆེན་པོར་མཐའ་མེད་པར་མནར་བའི་ཚེ་ན་ཁོས་ཅི་བྱེད༔ ཚེ་འདིར་དགེ་བའི་ཕན་ཡོན་བཤད་ཀྱང་མི་བདེན་པར་གྱེར་བའམ་བཏང་སྙོམས་སུ་འདོར་བ་དང་༔ སྡིག་པའི་ཉེས་དམིགས་བཤད་ཀྱང་ཞེ་ཁྲེལ་དང་ལོག་ལྟ་བྱས་མཐར་འཆི་བའི་ནང་པར་ཉེས་པ་དྲན་ནས་འདར་ཡེད་ཡེད༔ བསགས་པའི་ཟས་ནོར་དང་མཛའ་བཤེས་ཐམས་ཅད་རྒྱབ་ཏུ་བོར་ནས་གཤིན་རྗེའི་སྐྱེས་བུ་རྣམས་ལ་བྲེད་པ་དང་༔ དམྱལ་བའི་སྡུག་བསྔལ་ལ་འཇིགས་སྐྲག་བཟོད་གླག་མེད་པར་མིག་མཆི་མས་གང་༔ བྲང་ལ་སྦར་ཤད་བྱེད་བཞིན་མི་འགྲོའི་རང་དབང་དང་བྲལ་བ་བྱུང་ཚེ་ཨ་ཙ་མ༔ དེ་དུས་འགྱོད་ཀྱང་ཕྱིས་པ་དང་༔ ཉེས་པ་དྲན་ཕྱིས་པས་ད་ནི་ཕན་པ་ཅི་ཡོད༔ སྟོང་ཉིད་ཀྱི་གདིང་ཤོར་ནས་གཡུལ་དུ་འཇུག་པ་ཨི་གོ༔ དེ་ལྟར་འཁྲུལ་པ་ལམ་ལོག་གི་དབང་དུ་མི་བཏང་བར་སྟོང་ཉིད་རྟོགས་ནས་རྣམ་པར་གྲོལ་བའི་ས་ལ་མ་སླེབ་ཀྱི་བར་དུ་ཉམས་སུ་ལེན་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ཏེ་ཤེས་པར་མཛོད༔ ལ་ལས་རིག་པ་ངོ་འཕྲོད་པ་ཙམ་ནས་སྒོམ་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་དེ་བདག་ནི་ཆོས་ཉིད་ཟད་པ་ཡིན༔ སངས་རྒྱས་རྒྱུ་ཡང་འདི་ལས་ཏིལ་འབྲུ་ཙམ་ཡང་མེད་ཟེར་བ་ནི་ཤིན་ཏུ་ནོར་བ་ཡིན་ནོ༔ རིམ་བཞིན་ཉམས་སུ་བླངས་པའི་སྟོབས་ཀྱིས་རྟོགས་པའི་ཡོན་ཏན་ནར་སོན་ཏེ་གྲོལ་བའི་ས་ལ་སླེབ་དགོས་པའི་ཚུལ་ནི༔ དང་པོ་རིག་པ་ངོ་འཕྲོད་པར་བྱས་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་པའི་སྟོབས་ཀྱིས་ཐུན་ཐམས་ཅད་དུ་བརྗོད་མེད་ཀྱི་ངང་ཆགས་པ་ནི་ངོ་འཕྲོད་ཀྱི་རིག་པ་ཞེས་བྱ་བ་ཡིན༔ བར་དུ་ཉམས་སུ་བླངས་ནས་ནན་དུ་བསྒོམ་པའི་སྟོབས་ཀྱིས་ནམ་ལངས་ནས་གཉིད་མ་ལོག་གི་བར་དུ་རིག་པའི་ངང་ལས་སྐད་ཅིག་ཙམ་ཡང་མི་འདའ་བ་ནི་ཀློང་དུ་གྱུར་པའི་རིག་པ་ཞེས་བྱ་བ་ཡིན༔ མཐར་ཡང་ནན་ཆེར་བསྒོམ་པའི་སྟོབས་ཀྱིས་བར་མཚམས་མེད་པ་རིག་པ་རང་ལ་རང་གདིང་ཐོབ་པ་ནི་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་རམ་གདིང་ཐོབ་པའི་རིག་པ་ཞེས་བྱ་བ་ཡིན༔ སླར་ཡང་བར་མ་ཆད་པར་བསྒོམ་པའི་སྟོབས་ཀྱིས་བདག་འཛིན་གྱི་རྟོག་པ་རིག་སྟོང་དུ་གོ་འཕོས་ཏེ་འཁོར་བའི་གཞི་སྟོང་༔ གཉིས་འཛིན་གྱི་ཞེན་པ་ཐད་ཀར་གྲོལ་ནས་བདག་གཞན་གྱི་སྣང་བ་དབྱིངས་སུ་ཞིག་སྟེ་དགྲ་ལ་སྡང་སེམས་དང་༔ གཉེན་ལ་ཆགས་སེམས་དང་༔ བཟང་པོ་ལ་རེ་བ༔ ངན་པ་ལ་དོགས་པ༔ ཟས་ནོར་ལ་འཛིན་ཆགས༔ འདོད་ཡོན་ལ་ཞེན་པ་ཐམས་ཅད་དབྱིངས་སུ་ཞིག་སྟེ་ཆོས་ཉིད་ནམ་མཁའ་ལྟ་བུར་འབྱམས་ཀླས་ནས་བྱར་མེད་དུ་གནས་པ་ནི་ངེས་པར་གྲོལ་བ་ཡིན༔ འགའ་ཞིག་གིས་ང་ཆོས་ཉིད་ཟད་པ་ཡིན་ཟེར་ན༔ ང་ཆོས་ཉིད་ཟད་པ་ཡིན་ཟེར་བ་དང་བསམ་པ་དེ་བློ་དང་ཡིད་ཀྱི་ཆོས་ཅན་ཡིན་པས་མ་ཟད་པའི་མཚང་བརྡོལ་བ་ཡིན༔ བདག་ལ་ན་ཚ་བྱུང་བའི་སྣང་བ་ཤར་ན་ནད་དང་ན་ས་མ་ཟད་པའི་མཚང་ཐོན་པ་དང་༔ བཀྲེས་ཤིང་སྐོམ་པ་དང་དྲོ་འཁྱག་འབྱུང་བར་སྣང་ན་དེ་ནི་བདག་ཏུ་འཛིན་པའི་མཚང་ཐོན་པ་ཡིན༔ ང་ལ་ཆགས་སྡང་དང་ཞེན་འཛིན་མེད་ཀྱང་ཡོད་ཚུལ་བྱས་པ་ཡིན་ཞེ་ན་མེད་ལ་ཡོད་ཚུལ་བྱེད་པའི་ཟོབ་རྫུན་མཁན་ཏེ་མ་ཟད་པའི་མཚང་དང་༔ མེད་ལ་ཡོད་པའི་ཚུལ་བྱེད་རྒྱུ་མི་འོང་བས་ཆོས་ཟད་བློ་འདས་ཆེན་པོར་མ་གྲོལ་བའི་མཚང་ཐོན་པ་ཡིན༔ རྒྱུ་ཟས་ནོར་ཚོལ་བ་དང་ལེན་པ་དག་ནི་མ་གྲོལ་བའི་མཚང་སྟོན་པ་ཡིན༔ འདི་དག་གིས་ཁོ་གྲོལ་བ་ཡིན་ཅེས་ཁས་ལེན་བྱུང་ཡང་རྟགས་སྤྱོད་པས་སྟོན་པ་ཡིན་པས་མཚང་བརྡོལ་བ་ཡིན༔ ལ་ལས་ཁོ་བོས་བསྒོམ་ཀྱང་རུང་མ་བསྒོམ་ཀྱང་རུང་གྲོལ་ཟིན་པ་ཡིན་ཟེར་བ་ཚོས་བྱ་བྱེད་ཐམས་ཅད་ཐ་མལ་པ་ལས་སྤུ་རྩེ་ཙམ་ཡང་མ་འཕགས་པ་ནི་མཚང་མངོན་དུ་གྱུར་པས་མཁས་པ་ཡོན་ཏན་ཅན་རྣམས་ཀྱིས་ཁྲེལ་ཆེན་པོའི་གནས་སུ་ངེས་པ་ཡིན༔ ཉམས་སྣང་ནི་ན་བུན་ལྟར་ཡལ་ནས་འགྲོ་སྟེ་ཕན་གནོད་སྤུ་རྩེ་ཙམ་ཡང་མེད༔ རྟོགས་པ་ནི་ནམ་མཁའ་ལྟ་བུ་ཡིན་ཏེ་འཕོ་འགྱུར་མེད་པར་དོན་གཤིས་ཐོག་ཏུ་ཕེབས་པ་ཡིན༔ གྲོལ་དང་མ་གྲོལ་གཉིས་ཀའི་རྟགས་སྤྱོད་པས་སྟོན་པ་དང་༔ ཚད་རྨི་ལམ་གྱིས་འཛིན་པ་ནི་རབ་ཀྱི་རྨི་ལམ་འོད་གསལ་དུ་དག་ནས་ཁོར་ཡུག་ཏུ་འདྲེས་པ་དང་༔ འབྲིང་གིས་རྨི་ལམ་རྨི་ལམ་དུ་ཤེས་ཏེ་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པར་ནུས་པ་དང་༔ ཐ་མས་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་རྨི་བ་ཡིན༔ གཉིད་འོད་གསལ་དུ་འཆར་བའི་དུས་སུ་ཆོས་སྐུའི་དགོངས་པར་གདིང་ཐོབ༔ རྨི་ལམ་སྤྲུལ་བསྒྱུར་གྱི་རོལ་པར་དབང་འབྱོར་ཚེ་རང་སྣང་ལོངས་སྤྱོད་རྫོགས་པའི་རོལ་པར་འཕོ་ནུས་པ་དང་༔ བཟང་པོ་ཤ་སྟག་ལས་ངན་པ་གཅིག་ཀྱང་མི་འབྱུང་བའི་ཚེ་སྤྲུལ་པའི་སྐུར་དབུགས་དབྱུང་བར་འགྱུར་བ་གདོན་མི་ཟའོ༔ དེ་དག་ནི་རང་གི་ཚད་ལ་བརྟག་པའི་ཐབས་སུ་བསྟན་པ་ཡིན༔ ཆོས་ཉིད་ཟད་པའི་ས་ནི་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་བློ་འདས་ཆེན་པོར་ཞིག་པ་ཡིན་པས་འཁོར་བའི་བྱ་བ་ལ་སྐད་ཅིག་ཙམ་ཡང་བློ་མི་འཇུག་ཅིང་བྱ་བ་མི་བྱེད་པ་ཡིན་ཏེ་འདི་ནི་གྲོལ་བ་ངེས་པར་ཡིན་ནོ༔ གྲོལ་ཚད་མངོན་དུ་མ་གྱུར་གྱི་བར་དུ་སྒོམ་པ་ཟབ་མོའི་ཉམས་ལེན་ལ་བརྩོན་པར་གྱིས་ཤིག༔ ཐོས་པ་མང་ཞིང་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ཤེས་ཀྱང་སྒོམ་པ་ཉམས་མྱོང་ཆེན་པོས་རང་རྒྱུད་གྲོལ་བ་ཞིག་མེད་ན་ཕན་པ་རྡུལ་ཙམ་མེད་དེ༔ འཁོར་བར་འཁྱམས་དགོས་པ་ཡིན་པས་རང་རྒྱུད་གྲོལ་བར་བྱ་བ་ནི་ཐོས་པ་ཐམས་ཅད་ཀྱི་ཀློང་མཛོད༔ ཤེས་རབ་དང་ཡེ་ཤེས་ཆེན་པོའི་གཏེར་ཆེན༔ སྒོམ་པ་ཐམས་ཅད་ཀྱི་དམ་པ་ཡིན་ཏེ༔ ཉམས་ལེན་སྙིང་པོའི་སྒྲུབ་པ་ལ་བརྩོན་པ་གནད་དུ་ཟུངས་ཤིག༔ འཆོངས་ཤིག༔ ལྟོས་ཤིག༔ རྟོགས་ཤིག༔ རང་གི་རྒྱུད་ལ་ཕན་པ་མི་འབྱུང་ན་ཐོས་པ་ཚིག་གི་འབྲེལ་དོན་མང་པོ་དོན་དུ་གཉེར་ནས་མི་ཚེ་སྟོང་ཟད་ལ་བཏང་ཡང་གཞན་ལ་འཆད་ཡུལ་ཡང་དཀོན་ཏེ་གཞན་རྒྱུད་ལ་ང་རྒྱལ་དང་ཁེངས་སེམས་དྲག་པོ་བསྐྱེད་པ་ཙམ་ལས་ཕན་ཐོགས་པ་ཤིན་ཏུ་དཀའ་བ་ཡིན༔ ཆེ་མཐོ་དང་གྲགས་པ་རྒྱས་པར་བྱེད་ཀྱང་མི་ཚེ་རྨི་ལམ་གྱི་གནས་སྐབས་ཙམ་དང་ཚོང་འདུས་ཀྱི་མགྲོན་པོ་ལྟ་བུ་ཡིན་ཏེ་ཆེ་དྲག་མཐོ་ལ་སྤྱོད་པའི་ལོང་ཁོམ་མེད་པར་འཆི་བའི་དུས་ལ་ཐུག་ཡོད་པས་མགོ་མ་འཁོར༔ གང་ཟག་ལ་ལས་ཚེ་ཟད་དེ་འཆི་མཐའ་ལ་ཐུག་པའི་ལྟས་ལོ་གྲངས་རྫོགས་པ་ལུས་སྟོབས་ཤོར་བ་སེམས་རྩལ་ཉམས་པ་ལ་སོགས་པའི་འཆི་ལྟས་མངོན་སུམ་དུ་ཤར་ཟིན་པ་ལ་མི་སེམས་པར་ད་དུང་ང་ཆེ་ང་བཟང་ལ་སོགས་པའི་རང་བསྟོད་བྱེད་ཅིང་ཆེ་འདོད་མཐོ་འདོད་ཀྱི་རོ་ལ་ཆགས་ནས་ཞེན་པ་མི་འགོག་པ་ལ་བརྟག་ན་ཆེ་མཐོ་གྲགས་པ་ལ་སྤྱོད་འདོད་ངང་དུ་མི་ཚེ་ཟད་པ་མ་མཐོང་བ་འདི་སྙིང་རེ་རྗེ་སྙམ་པ་གྱིས་ལ༔ བློ་སུ་ལའང་མ་གཏོད་དཀོན་མཆོག་གསུམ་ལ་གཏོད༔ ལས་གཞན་ལ་མ་ཞེན་དམ་པའི་ཆོས་ལ་འབུང་༔ རེ་གཞན་ལ་མ་བཅའ་རྣམ་པར་གྲོལ་བའི་ས་ལ་རེ་ལྟོས་མཛོད༔ ཚེ་མདོ་མེད་དུ་མ་ཟད་པར་སྙིང་པོའི་སྒྲུབ་པ་ལ་དྲིལ༔ ཁེ་དྲག་བསྒྲུབ་པས་ནི་མི་འགྲུབ་པས་ཆོས་སྐུའི་རྒྱལ་ས་སྙོགས་པར་མཛོད༔ རང་གིས་རང་མ་བསླུ་བར་འཆི་ཆོས་གཤའ་མ་ལ་འབུང་དང་༔ མི་ལུས་ད་རེས་ཙམ་ལས་མི་ཐོབ་པས་འདི་དོན་དང་ལྡན་པ་ཞིག་ལ་རེམ༔ གདམས་ངག་ཟབ་མོ་དང་དུས་ད་རེས་ཙམ་ལས་མི་འཕྲད་པས་ཡལ་བར་མ་དོར་བར་ཉམས་སུ་ལོངས་ཤིག༔ རང་མགོ་རང་གིས་མ་བསྐོར་བར་འཆི་བ་ཡིད་ལ་མ་བརྗེད༔ འཇིག་རྟེན་ཕ་རོལ་ཏུ་འགྲོ་ཚེ་གྲོགས་དང་དཔུང་གཉེན་མེད་པས་ཉེ་འབྲེལ་རྩ་ལག་སྐྱོང་བའི་ལས་དེ་སྤོངས་མཛོད༔ འཆི་བ་ཐོག་རྒྱུག་ཏུ་བྱུང་ཚེ་ལུས་དང་ཁམ་ཕོར་ཡང་དོར་ནས་འགྲོ་དགོས་ན་གྲོགས་དང་ཉེ་འབྲེལ་ལ་འགྲོགས་ཐབས་མེད་པས་ཐམས་ཅད་ལ་ཆགས་ཞེན་དང་འཁྲི་བ་གཏིང་ནས་ཆོད་པར་གྱིས་ཤིག༔ འདི་དག་བརྒྱུད་འཛིན་རྣམས་ལ་ཤིན་ཏུ་བརྩེ་བའི་སྙིང་གཏམ་ཉམས་ལེན་མཐར་ཕྱིན་པའི་མན་ངག་ཚེ་འདིར་གྲོལ་བ་ཐོབ་པའི་ལམ་མཆོག་ཡིན་ཏེ་ཉམས་སུ་ལོངས་ཤིག༔ འབྲལ་མེད་རྒྱུད་ལ་བཀལ་བར་མཛོད༔ གནད་འདི་རྣམས་དང་མི་ལྡན་ན་ཚེ་འདིར་གྲོལ་བ་ཐོབ་པར་མི་འགྱུར་རོ༔ དེའི་ཕྱིར་གདམས་པའི་ཡང་བཅུད་དུ་ཟུངས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་དབྱེ་བ་མ་ཤེས་ན་སེམས་ཅན་སངས་རྒྱས་སུ་ནོར་ཞིང་འཁྲུལ་པའི་བླུན་པོ་མ་གོ་བ་དག་གིས་མི་ཚེ་སྟོང་ཟད་ལ་གཏོང་ཉེན་ཡོད་དེ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ སངས་རྒྱས་ཞེས་བྱ་བ་ནི་མ་རིག་པའི་དྲི་མ་དབྱིངས་སུ་སངས་ཏེ་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཀྱི་ངང་རྒྱས་པས་སངས་རྒྱས་ཞེས་བྱའོ༔ ཁྱབ་བརྡལ་ནམ་མཁའ་ལྟ་བུར་འབྱམས་ཀླས་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ༔ རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ༔ མཉམ་ཉིད་བདེ་བ་ཆེན་པོར་བྱང་ཆུབ་པ༔ ཆོས་སྐུ་མཚན་མ་ཚིག་དང་བྲལ་བས་རྒྱ་ཡན་ཟང་ཐལ་བ༔ དུས་གསུམ་འཕོ་འགྱུར་དང་བྲལ་བས་གཞི་རྩ་བྲལ་བའོ༔ དེ་ལས་གཞན་པའི་སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ དེ་སེམས་ན་སངས་རྒྱས་ལ་ཕ་མ་ཡོད་པར་འགྱུར་བས་སྐྱེ་བའི་མཐའ་རུ་ལྟུང་བའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་བདག་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་བདག་ཉིད་གཅིག་པུའི་མ་རིག་པས་བཅིངས་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ཞིང་ཁམས་ཞེས་ཡུལ་སྣོད་བཅུད་ཅན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་གཟུང་འཛིན་གཉིས་ཀྱིས་བཅིངས་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་མིག་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་མིག་གི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་རྣ་བ་ཡོད་པར་མ་སེམས་ཤིག༔ གལ་ཏེ་སེམས་པར་གྱུར་ན་རྣ་བའི་རྣམ་པར་ཤེས་པ་སྒྲ་དང་བཅས་པ་སེམས་ཅན་གྱི་སྣང་བ་སྟེ་དེ་དང་ལྡན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་སྣ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་སྣའི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ལྕེ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལྕེའི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལུས་ཀྱི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་འདས་པའི་དུས་སུ་བྱུང་བར་མ་སེམས་ཤིག༔ གལ་ཏེ་བྱུང་བར་སེམས་ན་འཆི་བའི་མཐའ་རུ་ལྷུང་བའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་མ་འོངས་པ་ན་འབྱུང་བར་མ་སེམས་ཤིག༔ གལ་ཏེ་འབྱུང་བར་སེམས་ན་སྐྱེ་བའི་དབང་དུ་འཁྲུལ་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ད་ལྟའི་དུས་ན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡུལ་ཞིག་ན་ཡོད་པར་སེམས་ན་རྟག་བརྟན་ཐེར་ཟུག་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་སྟོན་འཁོར་གྱི་རང་བཞིན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་རང་གཞན་དངོས་པོར་འཛིན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ཕྱག་མཆོད་བཀུར་སྟི་བྱས་པས་བཟང་ངན་གྱི་ཉེར་ལེན་ཡོད་པར་མ་སེམས་ཤིག༔ གལ་ཏེ་སེམས་ན་བཟང་ངན་ཕྱོགས་ཞེན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་གནས་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཅན་དུ་ངོས་བཟུང་མཚན་མ་རིས་སུ་བཅད་པ་སོ་སོར་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་མཚན་མ་རིས་ཆད་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ མདོར་ན་སངས་རྒྱས་ངེས་ཅན་སེམས་ཅན་ལྟ་བུ་ཞིག་ཡོད་ན་དེ་དངོས་སུ་བོས་པས་སླེབ་པ་དང་༔ དེ་རྗེ་དཔོན་དུ་བསྟེན་ན་རྗེ་དཔོན་ལྟར་མངོན་སུམ་དུ་མཐོང་བའི་ཡུལ་དུ་མཆིས་ཏེ་དེའི་རེ་བ་སྐོང་བར་བྱེད་དུ་ཡོད་དགོས་ཏེ༔ ཇི་ལྟར་འོ་དོད་བོས་པ་དང་མོས་གུས་བྱས་ཀྱང་འབྱུང་རྒྱུ་རྡུལ་ཕྲན་ཙམ་ཡང་མེད་པ་དེས་སྟོན་ཅིང་གོ་བར་འགྱུར་བ་ཡིན༔ སངས་རྒྱས་དུས་གསུམ་དུ་མ་གྲུབ་པའི་ལྟས་སུ་སངས་རྒྱས་བསྒྲུབ་པར་བྱ་བའི་བསམ་པས་བསྐྱེད་ཅིང་བསྒོམ་པའི་སྟོབས་ཀྱིས་གྲུབ་དགོས་པ་ནི་སྔར་མེད་པ་སླད་ནས་བསྒྲུབ་དགོས་པའི་དོན་གྱིས་བསམ་བྱ་དང་བསྒོམ་བྱ་དམིགས་བྱའི་ལམ་དུ་བསྟན་པ་ཡིན་ནོ༔ སེམས་ཅན་ཞེས་པ་ནི་འཛིན་པ་གང་ཟག་གི་བདག་འཛིན་གྱིས་བཅིངས་ཏེ༔ གཟུང་བ་ཆོས་ཀྱི་བདག་འཛིན་མཆེད་ནས་དེ་ལ་དངོས་ཞེན་ཉེར་ལེན་གྱིས་རྣམ་པར་རྟོག་པ་ལུ་གུ་རྒྱུད་བར་མ་ཆད་པར་འཕྲོས་ནས་འཁྲུལ་པའི་འཁོར་ལོར་ཁ་འབྱམས་ནས་འཁྲུལ་པ་ཡིན་ནོ༔ དེ་ལྟར་རྩེ་གཅིག་ཏུ་བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོས་ཉམས་སུ་བླངས་པའི་སྟོབས་ཀྱིས་མཐར་ཟག་བཅས་ཀྱི་ཕུང་པོ་ལྷག་མ་མེད་པར་རྡུལ་དང་རྡུལ་ཕྲན་ཆ་མེད་དུ་ཡལ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་མ་ཚང་བ་མེད་པར་འབྱུང་བ་ནི་སྒྲ་འུར་བ་ས་གཡོ་བ་འོད་འཁྲིག་པ་ཉི་ཟླ་དུས་གཅིག་ཏུ་སྒྲ་གཅན་གྱི་ཁ་རུ་འཇུག་པ་སོགས་འབྱུང་བར་འགྱུར་བ་ཡིན་ནོ༔ ད་ནི་ཚེ་གཅིག་ལུས་གཅིག་ཉིད་དུ་འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་པའི་མྱུར་ལམ་ཟབ་མོ་གྲངས་མེད་པའི་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ལ་མ་ལྟོས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་གཅིག་ཆར་དུ་རྫོགས་པར་བྱེད་པ་ཐོད་རྒལ་གྱི་གསེང་ལམ་ལ་འཇུག་པའི་སྒོ་འདི་མ་ཤེས་ན་མ་དག་པའི་སེམས་སྣང་དབྱིངས་སུ་འཕོ་བར་དཀའ་བའི་ཕྱིར་སེམས་སྣང་ཐམས་ཅད་བཙན་ཐབས་ཉིད་དུ་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་འཕོ་བར་བྱེད་པའི་གདམས་པ་ཤེས་དགོས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བསྐལ་པ་མང་པོར་ལས་རླུང་གི་འཕེན་པས་ཚོགས་བསགས་པ་དང་སྒྲིབ་པ་སྦྱང་བའི་བསམ་པ་ཤེས་པ་ཅན་གྱི་ལུས་རྟེན་ཐོབ་པའི་ངེས་པ་མེད་པས༔ དུས་ད་རེས་འདི་རུ་རྟེན་འབྲེལ་ཐམས་ཅད་འཛོམ་པས་ཚེ་གཅིག་ལུས་གཅིག་གིས་གྲོལ་བའི་མྱུར་ལམ་གྱི་གདམས་པ་ཟབ་མོ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་ལས་ངན་པའི་བསམ་སྤྱོད་རྒྱ་ཆེ་བའི་སྟོབས་ཀྱིས་འཁོར་བ་མཐའ་མེད་དུ་འཕངས་པ་ཡིན༔ བར་སྐབས་ཤིག་ཏུ་ལས་བཟང་པོ་བསགས་པ་དང་སྨོན་ལམ་བཟང་པོས་མཚམས་སྦྱར་བའི་མཐུས་ད་ལྟ་མི་ལུས་ཐོབ་ནས་ཆོས་དང་འཕྲད་པ་ཡིན་པས༔ དེང་གི་དུས་འདིར་མ་འབད་ན་ཕྱིས་ནས་ལུས་འདི་ལྟ་བུ་ཐོབ་པར་དཀའ་ཞིང་ཟབ་མོའི་ལམ་ལ་དབང་འབྱོར་བར་དཀའ་སྟེ༔ ལས་ངན་གྱི་འཕྲོ་མཐུད་དེ་འཁྲུལ་སྣང་སྡུག་བསྔལ་ཁོར་མོ་ཡུག་ཏུ་སྤྱོད་ནས་ད་ལྟ་བསོད་ནམས་བསགས་པའི་ལས་ཅུང་ཟད་ཡོད་ཀྱང་དེའི་འབྲས་བུ་བསྐལ་པ་མང་པོའི་མཐར་ལས་ཅི་འགྱུར་ཆ་མ་མཆིས་པས་ཚེ་འདི་ཉིད་དུ་གྲོལ་བ་ཐོབ་པ་ཞིག་བྱ་དགོས་པ་ཡིན་པས་གནད་དེ་ལ་ནན་དུ་ལྟོས་ཤིག་རྟོགས་ཤིག༔ ཚེ་འདིར་སངས་རྒྱས་པའི་མྱུར་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་ཐབས་དང་རྟེན་འབྲེལ་འདི་རྣམས་འཛོམ་དགོས་ཏེ༔ བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ནས་མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱེད་པ་དང་༔ བསྒོམ་དང་བསྙེན་སྒྲུབ་མཆོད་པ་དབང་ལེན་ཐུགས་ཡིད་བསྲེ་བ་རྣམས་ལ་འབད་པར་བྱ་བ་དང་༔ མཆེད་གྲོགས་ལ་དཔའ་བོ་མཁའ་འགྲོའི་འདུ་ཤེས་གཞག་སྟེ་དད་པ་དང་མོས་གུས་ཐང་ལྷོད་མེད་པར་བསྒྲུབ་པ་ལས་བརྙས་བཙུགས་དང་ལོག་ལྟ་སྐུར་འདེབས་སྐྱོན་ལྟ་སྨད་སྒྲོགས་བརྡེག་བརྡུང་མགོ་བསྐོར་བསླུ་བ་ཐམས་ཅད་དུག་བཞིན་དུ་སྤང་བ་དང་༔ སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་བཞག་ནས་སྙིང་རྗེ་བྱང་སེམས་ཀྱི་སྒོ་ནས་ལས་ཅི་བྱེད་ཐམས་ཅད་གཞན་དོན་ལྷུར་ལེན་གྱི་ཤེས་པ་རྒྱུན་མི་ཆད་པ་རྒྱུད་ལ་བརྟེན་པ་དང་༔ ཚེ་འདིའི་སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་སྙིང་པོ་མེད་པའི་ངང་ཚུལ་ཤེས་པ་དང་༔ བདག་གི་ཚེ་འདིའི་ལུས་འདི་ཡང་ལོ་ཤས་ཟླ་ཤས་ཙམ་གྱི་མ་ཡིན་པ་ལས་ངེས་པར་རྟག་པ་མེད་པས་ནམ་འཆི་ཆ་མི་ཆོད༔ བདག་གིས་ད་ལྟ་བཟའ་མི་ཉེ་འབྲེལ་གྱི་དོན་དུ་ལས་ཇི་ཙམ་བྱས་ཀྱང་བདག་ཤི་ཕན་ཆད་དྲིན་དྲན་མཁན་ནི་མི་ཡོང་བས་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པའི་ཚུལ་བདག་ཕ་མ་མེས་པོ་རྣམས་ཀྱིས་གསོ་བསྐྱང་བྱས་པའི་དྲིན་རང་གིས་མི་དྲན་པའི་ཚུལ་ལ་ལྟོས་དང་དེར་མཚོན༔ མདོར་ན་ཚེ་འདིའི་བྱ་བྱེད་ཐམས་ཅད་མདོ་མེད་བྱིས་པའི་རྩེད་མོ་ལྟ་བུར་ངེས་ནས་རང་མགོ་འདོན་པའི་ཐབས་བསྒྲུབ་དགོས་པར་ཤེས་པ་དང་༔ བདག་ལ་འཁོར་བའི་བྱ་བར་མ་འབད་ན་ལྟོ་མི་འགྲང་༔ རྒྱབ་མི་དྲོ༔ ཁས་ཞན་ཅིང་དབང་ཆུང་ཟེར་བ་དང་༔ རང་དང་ཉེ་འབྲེལ་གྱི་ཆེད་དུ་འཁོར་བའི་ལས་ལ་འབད་དགོས་ཞེས་ཟེར་བའི་ཕ་མ་ཉེ་འབྲེལ་གཉེན་གྲོགས་སོགས་མང་པོ་འབྱུང་སྟེ༔ དེ་དག་གིས་བདག་བདེ་ཞིང་སྐྱིད་པར་འདོད་ནས་སྡུག་བསྔལ་མཐའ་མེད་པ་འབྱུང་བའི་ཐབས་སློབ་པ་ནི་ལོང་བས་ལོང་བ་ཁྲིད་པ་ལྟར་བཟང་པོར་སེམས་ནས་ངན་པ་སློབ་པའི་སློབ་དཔོན་མང་ཡང་༔ མཐར་ཐུག་གཏན་དུ་བདེ་བའི་ཐབས་སློབ་མཁན་ནི་མཚན་ལྡན་གྱི་བླ་མ་ལས་མི་འོང་སྙམ་ནས་རང་ཚོད་རང་གིས་བཟུང་སྟེ་སུའི་ཁ་ལ་མི་ཉན་པ་གནད་དུ་ཤེས་པར་བྱ་བ་དང་༔ ཕ་མ་དང་ཉེ་འབྲེལ་གྱི་དོན་དུ་སྡིག་པ་བསགས་ནས་ཕན་པ་བསྒྲུབ་པར་འདོད་ཀྱང་རང་གཞན་གཉིས་ཀ་ངན་སོང་མཐའ་མེད་དུ་འཕེན་པར་འགྱུར་བའི་ཚུལ་ལ་བསམ་མནོ་བཏང་སྟེ༔ ད་ངའི་ལུས་འདི་ཕ་མའི་ཤ་ཁྲག་ལས་ཆད་ཁོང་གཉིས་ལ་ཕན་པ་དང་བདེ་བ་འདི་ལས་འབྱུང་གི་རེ་བས་དཀའ་ཚེགས་རྒྱ་ཆེན་པོའི་སྒོ་ནས་ཟས་ཀྱི་ཕུད་བྱིན༔ གོས་ཀྱི་རྩེ་གཡོགས༔ ཤིན་ཏུ་བྱམས་པས་བསྐྱེད་བསྲིང་བ་ཡིན་པས༔ ད་ནི་གཏན་གྱི་བདེ་བ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་འགྲུབ་ན་ངའི་ལུས་རྟེན་ཕ་མས་བསྐྱངས་པ་ལ་དོན་ཆེན་པོ་འགྲུབ་སྟེ་ཁོང་གཉིས་ཀྱིས་བསོད་ནམས་རྒྱ་ཆེན་པོ་བསགས་པར་འགྱུར་བ་དང་༔ ངས་ཀྱང་ཕ་མའི་དྲིན་ལན་འཁོར༔ བླ་མའི་ཞབས་ཏོག་འགྲུབ༔ སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་འབྱུང་བ་ཡིན་པར་ངོ་ཤེས་ཏེ་བློ་ཕུག་ཆོས་ལ་གཏད༔ ངེས་མེད་ཀྱི་རི་ཁྲོད་དབེན་པ་བརྟེན་ཏེ་ཟས་ལ་བཟང་ངན་མེད་པར་སྲོག་འཚོ་ཙམ་གྱིས་ཆོག་ཤེས་པ་དང་༔ གནས་ལ་བཟང་ངན་མེད་པར་ཆར་དང་རླུང་སྐྱོབ་ཙམ་གྱིས་ཆོག་པར་ཤེས་ནས་སྙིང་པོའི་སྒྲུབ་པ་ལ་འབད༔ ཧ་ཅང་ལྟོ་འགྲང་ཆེ་ན་རྣམ་རྟོག་འཕར་ནས་ལེ་ལོ་དང་རྣམ་གཡེངས་ལ་འཆོར༔ གོས་མཛེས་འཇམ་བརྟེན་ན་སྤྲོས་པའི་དབང་དུ་ཤོར་ནས་རྒྱལ་ཁམས་ལ་ངོམས་པར་འདོད༔ ཆང་བཏུང་ན་སེམས་ལས་སུ་མི་རུང་བར་སྒོམ་ཆེན་ཐ་མལ་དུ་འཆོལ༔ དཀར་དམར་མངར་དང་སྣུམ་ཟས་ལ་དགའ་ཆེས་ན་ཚེ་གཅིག་འབད་རྩོལ་ལ་དུས་འདས་ནས་དགེ་བའི་བསམ་པ་སྟོར་ཉེན་ཡོད༔ དེས་ན་ཕྱི་ན་སྤྲོས་པ་མེད་པ༔ ནང་ན་གསོག་འཇོག་མེད་པ༔ གཞན་ལ་རེ་བ་མེད་པ༔ རང་གིས་སྟེར་སེམས་མི་སྐྱེ་བ༔ ད་ལྟ་ཤི་ཡང་བྱིའུ་ཆུང་ཤིང་རྩེ་ནས་འཕུར་བ་ལྟར་ཕྱིར་ཆགས་དང་བློ་ལྷག་མེད་པ༔ གོང་ན་དཔོན་མེད་པ༔ འོག་ན་གཡོག་མེད་པ༔ ཐ་ན་ཉེ་འཁོར་མེད་པ་ཞིག་དགོས༔ དང་པོ་རང་གི་ཉེ་འབྲེལ་དང་ཕ་ཡུལ་སྤངས་ནས་ཡུལ་གཞན་དུ་སོང་སྟེ་བུད་མེད་དང་དྭ་ཕྲུག་བརྟེན༔ དཀོར་ཟས་གཤིན་གསོན་གྱི་སྲོག་སྐྱོབ་དང་འཇིགས་སྐྱོབ་ཀྱི་གླ་རྔན་ལ་སྤྱོད༔ བསྟོད་པ་ཟུར་ཙམ་ཐོས་ན་ང་རྒྱལ་དང་ཁེངས་སེམས་ཀྱིས་རྒྱུད་གང་སྟེ་རོ་སྟོད་དཔང་བསྟོད་ནས་རང་བསྟོད་དང་གཞན་སྨད་བྱེད༔ སྨོད་པ་ཟུར་ཙམ་ཐོས་ཚེ་ཞེ་སྡང་ཁོང་ཁྲོས་རྒྱུད་གང་ནས་རྩོད་པ་ལ་ཆས༔ རང་ད་ལྟ་འཆི་ཡང་མི་ཤེས་པས་གཞན་ལ་མངོན་ཤེས་འདོམས་པ་དང་༔ ལྟ་བ་མཐོ་མཐོ་མགྲིན་པའི་རྔ་ཆེན་བརྡུངས༔ ལམ་ཁའི་ཁྱི་བཞིན་བྲེལ་ཚུབ་ཀྱིས་ཡུལ་ལ་ཞེན༔ འདྲེ་གྲོང་རྒྱུག་ལྟ་བུར་བར་མཚམས་མེད་པར་གཏོ་ཡས་ལ་མགོ་འཁོར༔ སྒོམ་ཆེན་པ་ཆེ་འདོད་དང་གྲགས་འདོད་རྙེད་ཚོལ་ལ་མི་ཚེ་ཟད་ནས་ལོ་མཚམས་ཟླ་མཚམས་ཙམ་མི་བྱེད་པར་འཆི་ཁ་ཐ་མལ་དུ་ལུས་པ་དང་༔ མཁས་པས་གཞན་སྐྱོན་མི་འདོན་ཅིང་རང་རྒྱུད་ཀྱི་སྐྱོན་མཚང་འདོན་པ་ཡིན་ཡང་༔ རང་སྐྱོན་ལ་མི་སེམས་པར་ཚེ་གཅིག་ཆགས་སྡང་ལ་ཞེན་པ་རྣམས་ནི་མི་བླ་འདྲེས་ཁྱེར་ནས་ཤེས་རྒྱུད་བདུད་ཀྱིས་བརླམ་པ་ཡིན་པས་ལས་ངན་དེ་འདྲ་བ་སྤངས་ནས་བསྒོམ་དགོས༔ རང་གི་དགེ་སྦྱོར་སྤུ་ཙམ་མི་བྱེད་པའི་ཁར་གཞན་དགེ་སྦྱོར་མཁན་ལ་སྨོད་ཅིང་གཤེ་སྐུར་བྱེད་པ་ནི་བདུད་དང་དམ་སྲིས་བརླབས་པའི་སྐྱེས་བུ་ཡིན་པས་དེའི་ཆོས་ཀྱི་སྐལ་བ་ཆད་པ་ཡིན༔ ཆོས་ལ་སྤྱོད་ཀྱང་གྲོགས་མང་པོ་འཛོམ་ཚེ་དེ་ལ་སྐྱོ་ཞིང་སུན་ཏེ་གཅིག་པུར་ཐོན་ནས་ཆོས་བསྒྲུབ་སྙིང་འདོད་པ་དང་༔ རང་གཅིག་པུར་སྡོད་ཚེ་བེའུ་མ་དང་བྲལ་བ་ལྟ་བུར་གྲོང་ཡུལ་ཀུན་ཏུ་རྒྱུག་པ་དང་༔ སྲེ་མོང་ས་ཕུག་ཏུ་བཅུག་པ་ལྟར་སྡོད་མི་ཚུག་པ་དང་༔ ཁྱི་འཁྱམས་ཀྱིས་ཟས་འཚོལ་བ་ལྟར་དལ་མེད་གྲོང་ཁྱིམ་དུ་རྒྱུ་བ་དང་༔ གཏམ་དང་ལབ་མོར་དགའ་ནས་ལབ་ཡ་འཚོལ་ཏེ་གཞན་གྱི་དགེ་སྦྱོར་གཅོག་པ་དང་༔ བློ་རྩེ་མང་བས་རང་ངོ་འཕྲོད་ཀྱང་སྒོམ་པ་ལ་ཡིད་མི་ཆེས་པར་གནས་བསྐོར་དུ་འགྲོ་སྙམ་པ་དང་༔ གནས་སྐོར་ལ་འགྲིམ་ཚེ་འདུག་སྙིང་འདོད་པའམ་རང་ཡུལ་དུ་སླེབ་པ་ལ་ཡིད་གདུང་བ་རྣམས་ནི་འདི་ཕྱི་མདོ་མེད་དུ་གཏོང་བའི་སྐལ་ཆད་ཡིན་ཏེ་གདམས་ངག་ཉམས་སུ་མི་ལེན༔ གཞན་མཐོ་བ་ལ་ཕྲག་པ་དོག་པས་རང་རྒྱུད་བསྲེག་པ༔ རང་གི་བསོད་ནམས་ཟད་པ་ལ་མི་སེམས་པར་བསོད་ནམས་ཅན་ལ་གཤེ་སྐུར་འདེབས་པ༔ མཁོ་མཁོ་དགོས་དགོས་ཀྱི་བསམ་པ་ལ་ཆོག་ཤེས་མེད་པས་རང་གི་ལས་ཀ་སྤུ་ཙམ་མི་ནུས་པ་ལ་བསམ་མནོ་མེད་པར་མཐོང་ཚོར་གྱི་མི་རྣམས་བཀོལ་སྐྱེན་པ༔ རང་གིས་སྐེ་རགས་དང་ལྷྭམ་སྒྲོག་བཅིང་པའི་ཤུགས་འདོན་པར་དཀའ་ཚེགས་ཀྱི་སྣང་བ་ལ་མི་སེམས་པར་གཞན་གྱིས་རི་བཤིག་ཀྱང་མི་མགུ་བར་ད་དུང་གཅིག་ཐོག་ཏུ་གྲངས་མང་བསྣན་ཏེ་བཀོལ་བ་དང་༔ རང་གི་གོས་ཧྲུལ་དང་ཟས་ལྷག་ཙམ་གཞན་གྱིས་སྤྱོད་པ་དང་ཟ་བ་མཐོང་ཡང་ཕངས་སེམས་སྐྱེ་བ་ལ་མི་སེམས་པར་གཞན་གྱིས་ཟས་ནོར་རི་རབ་ཙམ་སྟེར་ཡང་ད་དུང་ཞེ་མི་གང་བ་རྣམས་ནི་ཀུན་གྱིས་སུན་ཅིང་སྤངས་པའི་གནས་ངན་ཡིན་པས་དགེ་སྦྱོར་མི་འགྲུབ་ངེས་པ་ཡིན༔ འགའ་ཞིག་གི་རྒྱུད་ལ་ཆོས་ཀྱི་བསམ་པ་ཡོད་ཅིང་ཇི་ཙམ་དལ་ཁོམ་ཡོད་ཀྱང་ཁ་དང་ལག་པའི་དགེ་བ་ལ་འབྱམས་པ་དང་༔ གཞན་གྱི་ལད་མོ་ལ་དགའ་བས་སྤྱོད་པ་དེ་ལ་འབྱམས་པ་རྣམས་ཀྱིས་ཀུན་རྫོབ་ཀྱི་དགེ་བ་ལ་གྲངས་ཀ་ཅི་རྫོགས་བྱེད་ཅིང་༔ ཅུང་ཟད་དཀའ་ངལ་དང་བཀྲེས་འཁྱག་བྱུང་ཚེ་དེ་ཡང་དོར་བ་རྣམས་ནི་དོན་དམ་པའི་ཆོས་ཀྱི་སྐལ་བ་ཆད་པ་ཡིན༔ དགའ་སྡུག་ཆེ་བ་སྤྲིན་བར་གྱི་ཉི་ཞུར་ལྟ་བུ་དང་༔ བྲེལ་ཚུབ་ཆེ་བ་དགུན་ཁའི་རླུང་འཚུབས་ལྟ་བུ་རྣམས་ནི་སུ་ལ་འགྲོགས་ཀྱང་འགྲོགས་ཡུན་ཐུང་བ་དང་༔ ཀུན་གྱིས་སྤང་བར་འགྱུར་བས་གང་ཟག་དེ་ལྟ་བུ་རྣམས་ཀྱིས་ཉམས་ལེན་ཁམས་ཀྱིས་མི་ལྕོགས་པར་ཡལ་བར་འདོར་ངེས་པ་ཡིན༔ ཆོས་རྣམ་དག་ཞིག་བསྒྲུབ་པར་འདོད་པའི་གང་ཟག་རྣམས་ཀྱིས༔ ཁྲིམས་ཁ་ཚ་བའི་མི་དཔོན་ལ་བཅར་བ་དང་ངོ་དགའ་འཚོ་མི་རུང་སྟེ་རང་དབང་གཞན་ལ་ཤོར་ནས་ཐར་པའི་ལམ་སྣ་འགག་པའི་དུས་འབྱུང་ཉེན་ཡོད༔ དགའ་སྡུག་ཆེ་བའི་བླ་མ་ལ་ཆོས་འབྲེལ་ཞུ་མི་རུང་སྟེ་དམྱལ་བར་འཕེན་པའི་བཤེས་གཉེན་ཡིན༔ མཁོ་དགོས་མང་བའི་བླ་མ་ལ་འབྲེལ་མི་རུང་སྟེ་དམ་ཚིག་གཉན་པོའི་སྲོག་དང་བྲལ་ཉེན་ཡོད༔ བཀོལ་སྐྱེན་པ་དང་གཞན་གྱི་དཀའ་ཚེགས་སྐྱིད་སྡུག་ལ་མི་སེམས་པའི་བླ་མ་དང་འབྲེལ་མི་རུང་སྟེ་དམ་ཚིག་ཉམས་ནས་དམྱལ་བར་ལྟུང་བ་ཡིན༔ བྱ་སྤྱོད་མང་བའི་བླ་མ་དང་འབྲེལ་མི་རུང་སྟེ་ཞབས་ཏོག་བསྒྲུབ་མི་ནུས་པའི་དབང་གིས་དམྱལ་བར་འཕེན་པ་ཡིན༔ སློབ་མའི་སྐྱིད་སྡུག་ལ་མི་སེམས་པར་རང་འདོད་དང་ཁེ་དྲག་གི་བསམ་པས་མཐོ་ལ་དགའ་ཞིང་ཉམས་ཆུང་ལ་སྡང་བའི་བླ་མ་དང་འབྲེལ་མི་རུང་སྟེ་ལོག་ལྟ་སྐྱེས་ནས་དམྱལ་བར་ལྟུང་བ་ཡིན༔ ལྟ་བ་ལོག་པ་དང་བསྒོམ་པའི་ཡུན་ཐུང་བ་ཚེ་གཅིག་ཆོས་བརྒྱད་ཀྱི་ལས་ལ་བརྩོན་པ་ཐོས་བསམ་གྱི་ཤེས་རབ་མེད་པའི་བླ་མ་དང་འབྲེལ་མི་རུང་སྟེ་ལྟ་བ་དམན་པ་ལས་མི་འཕགས་པའི་སྐྱོན་དུ་འགྱུར་བ་ཡིན་ནོ༔ དང་པོ་བླ་མ་དེ་ཉིད་གཞན་གྱིས་ཁ་ཚོད་དང་རང་གིས་མཐོང་བ་ལ་ཡུན་རིང་པོར་བརྟག་ནས་སྐྱོན་མེད་ཡོན་ཏན་འཛོམ་པ་ཞིག་ལ་བརྟེན་ན་གྲོལ་བའི་ལམ་སྟོན་ཅིང་ཉེས་ལྟུང་མི་འབྱུང་བ་ཡིན༔ བསྟེན་ཕན་ཆད་ནི་བླ་མ་དེས་ཉིན་གཅིག་མི་བརྒྱ་རྟ་བརྒྱ་བསད་ཀྱང་ལོག་ལྟ་བྱེད་མི་རུང་སྟེ༔ སྲོག་ཆགས་གསོད་པ་དང་ཇག་རྐུན་བྱ་བ་དང་ཆུང་མ་ལོངས་ཞེས་བསྒོ་ཡང་ཐེ་ཚོམ་མེད་པར་མ་བསྒྲུབ་ན་དམྱལ་བ་མནར་མེད་དུ་ལྟུང་བ་ཡིན་པས་བཀའ་བཞིན་དུ་བསྒྲུབ་དགོས་པར་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ལན་མང་དུ་གསུངས་པ་ཡིན་ནོ༔ དེ་ལྟར་བླ་མ་དམ་པ་ལ་བརྟེན་ནས་གདམས་པ་ཟགས་སུ་མི་འཇུག་པར་ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་འབད་པར་བྱ་བ་གནད་ཀྱི་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ སློབ་མ་མ་བརྟག་ན་སློབ་དཔོན་གྱི་བདུད་དུ་འབབ་ཉེན་ཡོད་པས་གདམས་ངག་ཆུ་ལ་ཕོས་པ་ལྟ་བུ་དང་༔ རང་གི་ཟས་ནོར་དགྲ་ལ་སྟེར་བ་དང་འདྲ་མཚུངས་པའོ༔ ཚེ་འདིའི་བྱ་བ་ལ་སྐྱོ་ཞིང་སུན་པ༔ དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ༔ སྙིང་རྗེ་ཆེ་བ༔ འཛིན་ཆགས་ཆུང་བ༔ སྦྱིན་གཏོང་ལ་དགའ་བ༔ ཕྲག་ཡངས་པ༔ གཡོ་སྒྱུ་མེད་པ༔ སྙིང་རུས་དང་སྡུག་སྲན་ཆེ་བ༔ བློ་རྒྱུད་བརྟན་པ༔ བློ་རྩེ་གཅིག་པ༔ འགྱུར་ལྡོག་མེད་པ་རྣམས་དུས་འཛོམ་པ་ནི་སློབ་བུའི་མཆོག་ཏུ་བཟུང་ནས༔ གདམས་པ་བསྟན་ན་དོན་ཆེན་པོ་འགྲུབ་པར་གདོན་མི་ཟ་བ་ཡིན༔ འཁོར་བ་ལ་ཞེན་ཆགས་ཆེ་བ༔ དད་གུས་ཆུང་བ༔ གཡོ་སྒྱུ་དང་ཟོལ་ཟོག་ཆེ་བ༔ སྙིང་རྗེ་མེད་པ༔ འཛིན་ཆགས་ཆེ་བ༔ ཕྲག་དོག་པ༔ ཞེ་སྡང་ཁོང་ཁྲོ་སྐྱེན་པ༔ དགའ་སྡུག་ཆེ་ཞིང་བློ་འགྱུར་ལྡོག་སྐྱེན་པ༔ ཤེས་རྒྱུད་རྩིང་ཞིང་སྙིང་རུས་དང་སྡུག་སྲན་མེད་པ༔ རྣམ་གཡེང་ལེ་ལོ་ཆེ་བ༔ འདུ་འཛི་ལ་དགའ་སྟེ་མཐོ་དགའ་ཆེ་བ༔ རང་རྩིས་ཆེ་ཞིང་གཞན་ལ་མི་མགུ་བ༔ ཅོལ་ཆུང་བ༔ ཕྲ་མ་འགྱེད་པ་ལ་དགའ་བ༔ རྫུན་དང་བྲེ་མོ་ལ་དགའ་བ་རྣམས་ལ་གདམས་ངག་འཆད་ན་མཐར་སློབ་དཔོན་གྱི་བདུད་དུ་འབབ་ངེས་པ་ཅན་ཡིན་ནོ༔ དེ་ལྟར་བརྟག་ཅིང་དཔྱད་ནས་སློབ་མ་སྣོད་དུ་མི་རུང་བ་རྣམས་སྤངས་ཤིང་སྣོད་དང་ལྡན་པ་རྣམས་བསྟེན་པར་བྱའོ༔ ད་འོད་གསལ་ཐོད་རྒལ་ཆེན་པོའི་གདམས་པ་ཉམས་སུ་ལེན་པ་ལ༔ དང་པོ་སྔོན་དུ་འགྲོ་བའི་ཆོ་ག་ཟབ་མོ་ཉམས་སུ་མ་བླང་ན་དངོས་གཞི་ཉམས་སུ་ལེན་པ་ལ་གེགས་དང་གོལ་ས་ཤིན་ཏུ་མང་བས་དེའི་ཕྱིར་སྔོན་དུ་འགྲོ་བའི་རིམ་པ་ལ༔ སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ་ལ་བརྩོན་པར་བྱ་བ་ནི༔ དང་པོ་ཕྱི་ལྟར་རུ་ཤན་དབྱེ་བ་ལ༔ གནས་དབེན་པ་མི་མེད་པའི་རི་སུལ་དུ་ཕྱིན་ཏེ༔ བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པའི་ཕྱིར་སྒོ་གསུམ་འཁོར་འདས་རུ་ཤན་འབྱེད་ཅིང་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པར་བྱའོ་བསམ་ཞིང་༔ དེ་ནས་རང་གི་བློ་རྒྱུད་ལ་འདི་ལྟར་བཀལ་བར་བྱ་སྟེ༔ རང་ལ་འཆི་རྐྱེན་གྱི་ནད་ཚབ་ཆེ་བ་ཞིག་བྱུང་ནས་བཟོད་མེད་ཀྱི་ཟུག་རྔུ་དྲག་པོས་གདུང་བ་རྒྱུད་ཐོག་ཏུ་བླངས་ནས་འཁུན་པ་དང་འགྲེ་ལྡོག་དྲག་པོ་བྱའོ༔ སླར་ཡང་བཟའ་མི་ཉེ་བ་རྣམས་ཀྱིས་གྲོས་བྱས་ནས་སྨན་པ་ཞིག་འབོད་དུ་སོང་བས༔ སྨན་པ་བྱུང་སྟེ་རེག་པ་རྩ་ལ་བརྟག་པས་རྩ་འདི་ལ་དཔྱད་ན་ཤིན་ཏུ་ངན་པས་ཕན་པ་དཀའ་བར་སྣང་བས་ད་ནི་མྱུར་དུ་རིམ་གྲོ་མང་པོ་བྱེད་དགོས་ཀྱི་ཐོབ་ཤོར་གྱི་ས་མཚམས་ལ་ཐུག་འདུག་ཟེར་བའི་བསམ་པ་དང་སྤྱོད་པ་བྱ༔ ཡང་བཟའ་མི་ཉེ་འབྲེལ་གྱིས་གྲོས་བཏབ་པས་མོ་མ་ཞིག་ལ་མོ་ལྟ༔ རྩིས་མཁན་ཞིག་ལ་རྩིས་བྱེད་དུ་འགྲོ་ཟེར་ནས་སོང་བས༔ མཐར་ཕོ་ཉ་ཕྱིར་སླེབ་ཚེ་རང་དང་བཟའ་མི་རྣམས་ཀྱིས་ཅི་ཟེར་དྲིས་པས་མོ་མ་དང་རྩིས་པ་དག་གིས་རིམ་གྲོ་བྱེད་དགོས་པས་མྱུར་དུ་འབད་པར་གྱིས་ཤིག༔ མོ་རྩིས་ཐམས་ཅད་ཤིན་ཏུ་འཁྲུགས་པས་ཕན་པ་མེད་འདྲ་ཟེར་བའི་གཏམ་ཐོས་ནས་སྙིང་མི་དགའ་ལྷང་ངེ་འགྲོ་བ་རྒྱུད་ཐོག་ཏུ་བླང་བར་བྱའོ༔ རིམ་གྲོ་མང་པོ་བྱེད་པའི་སྣང་བ་ཡང་བསྒོམ་ནས་མཐར་མལ་སར་ལྷུང་ནས་ལྡང་མི་ནུས་པ་དང་༔ མཆུ་དང་གདོང་གཡོ་བ་དང་༔ མིག་མཐོ་དགར་བྱེད་པ༔ སྐོམ་ཁ་ནས་བཏུང་བ་སྣ་ནས་ལྡོག་པ༔ མལ་ས་དོང་བས་ཟབ་པའི་སྣང་བས་ཡར་འཐེན་ཟེར་བ་དང་༔ མི་ཡུལ་ལ་འཕྲང་སེམས་དང་ཆགས་ཞེན་ཆེ་བས་ད་ཕྱི་རོལ་ཏུ་སྐྱོལ་དང་སྐྱོ་བསང་བྱེད་ཟེར་ནས་ཕྱི་རོལ་ཏུ་བསྐྱལ་བས་ས་སྟེང་ཐམས་ཅད་སེར་ཧང་ཧང་བྱེད་པའི་སྣང་བ་སྐྱེས་ཚེ་ས་སྟེང་མིག་གིས་མཐོང་བ་ཙམ་ལས་ཡུན་མི་རིང་བའི་སྣང་བ་ཤར་ནས་སེམས་སྡུག་བཟོད་གླག་མེད་པར་ཤར་བ་རྒྱུད་ལ་བཀལ་བར་བྱ་བ་དང་༔ སླར་ཡང་རང་གི་ཁང་ཁྱིམ་དང་བཟའ་མི་རྣམས་ལ་ཞེན་ཆགས་ཀྱི་བསམ་པས་འབྲལ་རན་པ་ལ་ཡིད་གདུང་ནས་ང་ཁྱིམ་དུ་སྐྱོལ་ཟེར་ཞིང་མལ་སར་བཞག་པ་ན་བཟའ་མི་ཉེ་འབྲེལ་ཐམས་ཅད་ཀྱིས་ཤི་བར་ཤེས་ནས་མཐའ་བསྐོར་ཏེ་མགོ་དང་ཡན་ལག་ལ་བཟུང་༔ ལུས་ལ་འཇུས་ཏེ་གདོང་མཆི་མས་གང་༔ འོ་དོད་དང་ཆོ་ངེ་དྲག་པོ་འདོན་པ་རྣ་བས་ཐོས༔ མིག་གིས་མཐོང་ཡང་༔ འཆི་བདག་གི་སུན་མས་ཁྲིད༔ གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་རྒྱུག་སྟེ་ཁྲིད་གྲབ་བྱེད་པའི་དུས་བྱུང་ནས་ཤིན་ཏུ་གཅེས་པའི་བུ་དང་ཆུང་མ་བརྩེ་ཞིང་བྱམས་པའི་ཕུ་ནུ་ཉེ་བ་ཐམས་ཅད་བློས་མི་ཐོང་བཞིན་དུ་བཞག༔ འབྲལ་མི་ཕོད་བཞིན་དུ་མི་མཐོང་མི་འཕྲད་པའི་ཡུལ་དུ་རང་དབང་བརྟན་པ་དང་བྲལ་བར་འགྲོ་དགོས་པའི་དུས་ལ་བབས༔ རྒྱུས་མེད་པའི་ཡུལ་དུ་བཤེས་མེད་གྲོགས་མེད་གཅིག་པུར་གཅེས་པའི་ལུས་དང་གོས་རྒྱན་ཟས་ནོར་མཁར་ཁྱིམ་དང་བཅས་པ་ཐམས་ཅད་ཤུལ་དུ་བོར་ནས་འགྲོ་དགོས་པའི་གནས་སྐབས་དེ་དེ་རིང་བབས་པར་རང་གི་རྒྱུད་ཐོག་ཏུ་བླངས་ནས་བསྒོམ་སྟེ་འཇིགས་པ་བཙན་ཐབས་སུ་སློང་བར་བྱས་ཏེ་དེའི་སྤྱོད་པ་ཐམས་ཅད་སྤྱད་པས་འཆི་ཁའི་བར་དོ་སྦྱངས་ནས་ཚེ་འདིའི་སྣང་བ་ལ་ཞེན་པ་ལྡོག་ངེས་པ་ཞིག་བྱའོ༔ དེ་ནས་ཕྱིའི་སྣང་བ་ཐམས་ཅད་རྣམ་པར་ཤེས་པ་ལ་ཐིམ་པས་དཀར་ལམ་མེ་བ་ཞིག་ཡིད་ལ་བྱའོ༔ སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ་མེ་བ་གློག་འཁྱུག་པ་ལྟ་བུ་ཡིད་ལ་བྱའོ༔ དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་སྣང་བ་མུན་རུབ་པ་ལྟ་བུ་ནག་ཐོམ་མེ་བ་ཡིད་ལ་བྱའོ༔ དེ་ནས་འཆི་བ་སྟེ་འཆི་ཁའི་དུས་སྦྱངས་པས་མངོན་ཞེན་ལྡོག་པར་བྱའོ༔ སླར་ཡང་ནམ་མཁའ་ལྟ་བུའི་དྭངས་ཤིང་གསལ་བའི་རང་བཞིན་ཡིད་ལ་བྱས་ཏེ་སྟོང་གསལ་བརྡལ་ཁྱབ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པ་ནི་གཞིའི་འོད་གསལ་མངོན་དུ་བྱེད་པའོ༔ སླར་ཡང་མིག་ལ་གསེང་རས་བཀབ་སྟེ་འོད་ལྔའི་སྣང་བ་ལ་མཉམ་པར་བཞག་ནས་སྡོད་པ་ནི་ཆོས་ཉིད་བར་དོའི་སྣང་བ་སྦྱོང་བའོ༔ སླར་ཡང་སྲིད་པ་བར་དོའི་སྣང་བ་ཡིད་ལ་བྱས་ནས་གང་བསམ་ཐམས་ཅད་ཀྱི་ཡུལ་དུ་ཐོགས་མེད་དུ་འགྲོ་བའི་འདུན་པ་བྱས་ཏེ་ཡུན་ཅིག་སྡོད་པ་དང་༔ མཐར་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་མང་པོས་སྐེ་ལ་ཞགས་པ་བསྐོན་མཚོན་ཆ་སྣ་ཚོགས་པས་བརྡེག་ཚད་བྱེད་ཅིང་རང་དབང་མེད་པར་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་ཆེན་པོས་རྒྱབ་ནས་དེད་ཅིང་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་སར་སླེབ་པས༔ ཆོས་ཀྱི་རྒྱལ་པོའི་མདུན་ན་ལས་མཁན་ཆེན་པོ་འདོད་ཆགས་སྤྲེའུའི་མགོ་ཅན༔ གཏི་མུག་གླང་གི་མགོ་ཅན༔ ཞེ་སྡང་སྦྲུལ་གྱི་མགོ་ཅན་གསུམ་གྱིས་ལས་རྡེའུ་འགྲིམ་པའི་རྒྱ་མ་དང་༔ ལེགས་ཉེས་གསལ་བའི་མེ་ལོང་༔ གྲངས་ཤན་འབྱེད་པའི་ཡིག་ཆུང་གསུམ་ཐོགས་ནས་སྡོད་པའི་མཐའ་བསྐོར་དུ་ལས་མཁན་མགོ་བརྙན་ཅན་བསམ་གྱིས་མི་ཁྱབ་པས་བསྐོར་ནས་ཡོད་པའི་མདུན་སར༔ རང་གི་གཡས་སུ་ལྷན་ཅིག་སྐྱེས་པའི་ལྷ་བུ་དཀར་པོ་དང་༔ གཡོན་དུ་མཉམ་པོར་འགྲོགས་པའི་བདུད་ནག་པོ་གཉིས་ཀས་རིམ་པ་བཞིན་དུ་དགེ་སྡིག་གི་ཡིན་ལུགས་ཆོས་ཀྱི་རྒྱལ་པོ་ལ་ཞུས་པས༔ ནག་པོའི་རྒྱལ་ཁ་ཐོབ་ནས༔ མཐར་ཆོས་ཀྱི་རྒྱལ་པོ་ན་རེ༔ ལས་ཀྱི་རྡེའུ་དཀར་ནག་རྒྱ་མར་ཐེག་ཅིག་ཅེས་ལྷ་བདུད་བུ་ཆུང་གཉིས་ཀྱིས་གཞལ་བ་གླང་མགོ་ཅན་གྱིས་བརྟག་པས་ནག་པོའི་རྒྱ་མ་ལྡོག་པ་དང་༔ མེ་ལོང་ལ་བལྟས་པས་ཉེས་པའི་དབང་བསྒྱུར་བ་དང་༔ ཡིག་ཆུང་ལ་བལྟས་པས་མི་དགེ་བའི་ལས་ཤིན་ཏུ་ཆེ་བའི་ཚུལ་ཤར་བས༔ དེ་མ་ཐག་ཏུ་ཆོས་ཀྱི་རྒྱལ་པོས་མི་འདིས་འཇིག་རྟེན་གྲང་ང་ཁམས་ན་དཀར་པོའི་དགེ་བ་དུག་ལྟར་སྤངས་ནག་པོའི་སྡིག་པ་སྨན་ལྟར་སྤྱད་པའི་རྣམ་པར་སྨིན་པ་ཐོག་ཏུ་ཕོབ་ཅིག༔ ཚ་བའི་དམྱལ་ཁམས་སུ་སྐྱོལ་ཅེས་པའི་གསུང་བསྒྲག་པས༔ ལས་མཁན་རྣམས་ཀྱིས་ཉེས་ཅན་བཙོན་དུ་བཟུང་བ་ལྟར་སོད་སོད་ཆོད་ཆོད་ཀྱི་སྒྲ་དྲག་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུས་སེམས་ཅན་མང་པོ་དེད་ཁྲིད་བྱས་ཏེ་དམྱལ་བར་བསྐྱལ༔ དེར་ཁོར་ཡུག་ཐམས་ཅད་ལྕགས་སྲེག་གི་ས་གཞི་སུབ་དང་མཚམས་མེད་པ་བར་སྣང་ཐམས་ཅད་མེ་ལྕེའི་རང་བཞིན་འབར་འཁྲིགས་གཡོ་བའི་ནང་དུ༔ ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་མཐོང་སྟེ་མཚོན་ཆ་སྣ་ཚོགས་ཀྱིས་བརྡེག་རེས་བྱས་ནས་ཤི་སོས་བྱེད་པ་ཡང་སོས་དང་༔ ལུས་ལ་ཐིག་བཏབ་སྟེ་ལྕགས་སྲེག་གི་སོ་ལེས་དྲ་གཤགས་བྱེད་པ་ཐིག་ནག་དང་༔ ལྕགས་སྲེག་གི་གཏུན་ཁུང་དུ་བླུག་ནས་ལྕགས་སྲེག་གི་གཏུན་བུས་བརྡུང་བ་བསྡུས་འཇོམས་དང་༔ ལྕགས་སྲེག་གི་ཁང་པ་སྒོ་མེད་པར་ཆུད་ནས་སྡུག་བསྔལ་བ་ངུ་འབོད་དང་༔ ལྕགས་སྲེག་གི་ཁང་པ་ཉིས་རིམ་དུ་བཙུད་ནས་བསྲེགས་པ་ངུ་འབོད་ཆེན་པོ་དང་༔ ལྕགས་ཀྱི་གསལ་ཤིང་མེ་འབར་བ་རྩེ་གསུམ་པས་ཐལ་མར་འབིག་པ་ཚ་བ་དང་༔ ལྕགས་ཟངས་ཁྲོ་ཆུར་འཚོད་པ་རབ་ཏུ་ཚ་བ་དང་༔ ལྕགས་ཀྱི་མགལ་མེ་དང་ལྷན་ཅིག་ཏུ་བསྲེག་པ་མནར་མེད་པའི་དམྱལ་བའི་བར་གྱི་སྡུག་བསྔལ་ཐམས་ཅད་བློ་ཐོག་ཏུ་བླངས་ཏེ་དེ་དག་གི་ངག་སྒྲ་དང་རྣམ་འགྱུར་བྱ་བྱེད་སྣ་ཚོགས་དངོས་སུ་སྤྱད་ནས་ཡ་ང་བ་དང་ཡི་མུག་པར་བྱེད་པ་རྣམས་ནི་སེམས་རུ་ཤན་དབྱེ་བ་དང་༔ ལུས་འགྲེ་ལྡོག་འཕར་ལྡང་ཡན་ལག་འཕེན་སྡུད་བྱེད་པ་རྣམས་ལུས་རུ་ཤན་དབྱེ་བ་དང་༔ ངག་ནས་ཆོ་ངེ་འོ་དོད་དྲག་པོ་འདོན་པ་རྣམས་ནི་ངག་རུ་ཤན་འབྱེད་པའི་ཐབས་སོ༔ གྲང་བའི་དམྱལ་བ་ལ་ས་གཞི་ཁོར་ཡུག་ཐམས་ཅད་ཆབ་རོམ་དང་གྲང་ལྷག་བུ་ཡུག་གིས་སྒྲེབ་པ༔ ཆུ་བུར་ཅན་དང་༔ ཆུ་བུར་རྡོལ་བ་ཅན་དང་༔ ཨ་ཆུ་ཟེར་བ་དང་༔ ཀྱི་ཧུད་ཟེར་བ་དང་༔ སོ་ཐམ་ཐམ་པ་དང་༔ པདྨ་ལྟར་གས་པ་དང་༔ ཨུཏྤལ་ལྟར་གས་པ་དང་༔ པདྨ་ཆེན་པོ་ལྟར་གས་པ་སྟེ་གྲང་དམྱལ་བརྒྱད་དང་༔ ཉི་ཚེ་ཉེ་འཁོར་ལ་སོགས་པའི་སྡུག་བསྔལ་བློ་ཐོག་ཏུ་བླངས་ཏེ་དེ་དག་གི་རྣམ་འགྱུར་ངག་གིས་སྒྲ་སྐད་དང་༔ ལུས་ཀྱིས་འགྲེ་ལྡོག་གཡོ་འགུལ་སྣ་ཚོགས་པ་བར་མ་ཆད་པར་བྱས་ཏེ་སྡུག་བསྔལ་གྱིས་རྒྱུད་སློང་བ་ཙམ་སྦྱང་བར་བྱ་བ་དང་༔ དེ་བཞིན་དུ་ཡི་དྭགས་ཀྱི་བཀྲེས་སྐོམ་དང་༔ དུད་འགྲོའི་བཀོལ་སྤྱོད་གསོད་གཅོད་ལ་སོགས་པ་དང་༔ མིའི་སྐྱེ་རྒ་ན་འཆི༔ ལྷ་མ་ཡིན་གྱི་འཐབ་རྩོད་དང་༔ ལྷ་འཆི་འཕོ་ལྟུང་བ་ལ་སོགས་པའི་རྣམ་འགྱུར་ལུས་གཅུ་བ་དང་༔ མཆོང་བ་དང་༔ རྒྱུག་པ་དང་༔ འཕར་ལྡང་འགྲོ་སྡོད་ཡན་ལག་འཕེན་སྡུད་སོགས་དང་༔ ངག་གིས་བརྗོད་པ་སྣ་ཚོགས་པ་དང་༔ སེམས་ཀྱིས་བདེ་སྡུག་མྱོང་ཚོར་སྣ་ཚོགས་བློ་ཐོག་ཏུ་བླངས་ཏེ་རྒྱུད་ལ་མྱོང་བར་བྱ་བ་རྣམས་བར་དོ་སྦྱོང་བའི་རིམ་པའོ༔ འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟར་སྐྱུག་ལོག་པར་བྱེད་པ་ཙམ་གྱི་བར་དུ་སྦྱངས་པས་གནས་སྐབས་སུ་འཁོར་བ་ལ་ཞེན་པ་ལོག་ནས་དམ་པའི་ཆོས་ལ་བརྩོན་པར་འགྱུར་བ་དང་༔ མཐར་ཐུག་འཁོར་བ་དོང་ནས་སྤྲུགས་པའི་རྒྱུ་བྱེད་པར་འགྱུར་རོ༔ བར་དོའི་སྣང་བ་རྒྱུད་ལ་བླངས་ནས་བློ་མ་སྦྱོང་ན་ངེས་འབྱུང་གཏིང་ནས་སྐྱེ་བར་མི་འགྱུར་བས་འདི་བཞིན་རང་གི་རྒྱུད་ཐོག་ཏུ་མ་བླངས་པར་འཆི་བ་དང་འཁོར་བའི་སྡུག་བསྔལ་བཤད་པ་ཐོས་ཀྱང་ཡུལ་གཞན་ཞིག་ཏུ་དེ་ལྟར་ཡོད་པའི་ཚུལ་བཤད་པ་ཙམ་ལས་དོན་རྒྱུད་ལ་འབྱོར་པ་ཉིན་སྐར་ཙམ་ལས་མེད་པས༔ རང་གི་རྒྱུད་ལ་བཀལ་ནས་སྣང་བ་སྦྱང་ན་དོན་རྒྱུད་ལ་འབྱོར་ངེས་པ་ཡིན་པས་བློ་སྦྱོང་བ་འདི་གནད་དུ་ཟུངས་ཤིག༔ དེ་ལྟར་འཁོར་བའི་སྣང་བ་ཐམས་ཅད་རྒྱུད་ཐོག་ཏུ་བཀལ་ནས་ཡང་ཡང་སྦྱངས་པའི་མཐར༔ རང་གི་སྣང་བ་སྐད་ཅིག་གིས་གནས་སུ་འགྱུར་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ས་གཞི་ཐམས་ཅད་རི་འབར་འབུར་དང་༔ འོབས་གཤང་གཤོང་དང་རྡོ་གསེག་མ་ཅན་དང་ཤིང་ཚེར་མ་ཅན་ལ་སོགས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་ངོས་འཇམ་ཞིང་ཁོད་སྙོམས་པ་གཞོན་ནུ་མའི་ལག་མཐིལ་ལྟ་བུ་དང་༔ རྒྱ་ཆེ་ལ་ཁྱོན་ཡངས་པ་ཚད་ནམ་མཁའི་མཐའ་དང་མཉམ་པ་མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤང་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་པའི་མེ་ཏོག་པདྨོ་བཞད་པས་ས་གཞི་ཡོངས་སུ་ཁེབས་པ༔ ནམ་མཁའ་ལ་འཇའ་དང་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ འདོད་ཡོན་མཆོད་པའི་སྤྲིན་རྒྱ་མཚོ་དབྱར་གྱི་ན་བུན་ལྟ་བུར་འཕྱོ་ཞིང་བར་སྣང་གི་སྤྲིན་ཕུང་བཞིན་དུ་གཏིབས་པ༔ དག་བྱེད་ཀྱི་ཆུ་མིག་དང་༔ བདུད་རྩི་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུ་དང་༔ དཔག་བསམ་གྱི་ཤིང་དང་༔ མཛེས་ཤིང་ཡིད་དུ་འོང་བའི་བྱ་རིགས་དང་༔ རི་དྭགས་ཅང་ཤེས་པ་སྣ་ཚོགས་པ་དང་༔ སྤྲུལ་པའི་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ ཞི་བ་བསིལ་བ་དྭངས་པ་རྙོགས་པ་དང་བྲལ་བ༔ གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ རྒྱན་དང་གོས་ཀྱིས་མཛེས་ཤིང་ཡིད་དུ་འོང་བ༔ ས་གཞིར་དལ་གྱིས་འགྲོ་བས་མེ་ཏོག་པདྨོ་མི་གཅོག་པའི་འཁོར་བསམ་གྱིས་མི་ཁྱབ་ཅིང་གྲངས་ཀྱིས་མི་ལང་བའི་དབུས་སུ་ཆོས་འཆད་པའི་ཁྲི་སྟན་དང་བཅས་པའི་སྟེང་དུ༔ རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གྱི་རི་བོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུའི་འོད་འབར་བ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་༔ ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ༔ ཞི་ཞིང་འཛུམ་བག་ཅན་ཆོས་གོས་རྣམ་གསུམ་གྱིས་ཀླུབས་པ༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ༔ བ་སྤུ་རེ་རེའི་རྩེ་ནས་འོད་ཟེར་བྱེ་བ་འབུམ་ཕྲག་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྲོས་པས་ཁམས་གསུམ་གྱི་གནས་རིས་ཐམས་ཅད་ཁྱབ་སྟེ་འོད་ཟེར་རེ་རེའི་རྩེ་ལ་སེམས་ཅན་རང་རང་གི་རིགས་དང་སྐད་དང་རྣམ་འགྱུར་སྣ་ཚོགས་པའི་སྐུའི་འོད་ཟེར་ཆེན་པོས་རང་རང་གི་རྒྱུད་ཀྱི་མི་ཤེས་པའི་རྨོངས་པ་ཐམས་ཅད་མུན་ཁམས་ལ་ཉི་མ་ཕོག་པ་ལྟར་སངས་ཏེ་ཆོས་བསྟན་པས་རྒྱུད་ཐུལ་ནས་ཆོས་ལ་ཚུད༔ ཐམས་ཅད་བྱང་ཆུབ་སེམས་དཔའ་དང་སེམས་མའི་རོལ་པར་གྱུར་ནས་བདག་གིས་བཀོད་པའི་ཞིང་ཁམས་སུ་ལྷགས་ཏེ་ཆོས་ཉན་པར་བསམ་ལ་ཤེར་ཕྱིན་སྙིང་པོ་སོགས་འདོན་ཞིང་ཆོས་འཆད་པས༔ ཐམས་ཅད་ཀྱིས་དོན་དམ་པའི་དབྱིངས་ཆེན་པོ་རིག་སྟེ་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོའི་དབྱིངས་སུ་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་སངས་རྒྱས་ནས་ཁམས་གསུམ་འཁོར་བ་ཐམས་ཅད་སྟོང་པར་བསམ་ལ་མཉམ་པར་བཞག་པས་ཞིང་ཁམས་འབྱོངས་པའི་རྟེན་འབྲེལ་བསྒྲིགས་པ་དང་༔ གནས་སྐབས་སུ་དཀོན་མཆོག་གསུམ་གྱི་སྤྱོད་པ་སྤྱད་པས་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་རུ་མཐོང་ནས་ཕྱི་ནང་གསང་བའི་བར་ཆད་སེལ་ཞིང་༔ མཐར་ཐུག་ཞིང་ཁམས་དང་སྟོན་འཁོར་གྱི་རོལ་པར་འཕྲུལ་ནས་རང་དོན་ཆོས་སྐུ་མངོན་དུ་གྱུར་ཏེ་གཞན་དོན་རླབས་པོ་ཆེ་ཤུགས་ཀྱིས་འབྱུང་བར་འགྱུར་རོ༔ དེ་ནི་སྒོ་གསུམ་ཕྱི་ལྟར་དུ་རུ་ཤན་དབྱེ་བ་ཞེས་བྱའོ༔ དེ་ནས་སྒོ་གསུམ་ནང་ལྟར་རུ་ཤན་དབྱེ་བ་ནི༔ རང་གི་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་འོད་ཐིག་བཀྲག་མེད་པའི་རྣམ་པར་གནས་པ་ལ་ལྷ་རུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་འོད་དཀར་བཀྲག་མེད་པའི་རྣམ་པར་འདུས་ནས་ས་བོན་ལ་ཐིམ་པར་བསམ་པ་དང་༔ མགྲིན་པའི་གནས་སུ་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོའི་རྣམ་པར་འོད་ཐིག་དང་བཅས་པ་གོང་ལྟར་གསལ་བ་ལ་ལྷ་མ་ཡིན་དུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་འོད་ལྗང་སེར་གྱི་རྣམ་པར་འདུས་ནས་སུ་ལ་ཐིམ་པར་བསམ་པ་དང་༔ སྙིང་ཁར་མི་ཡི་ས་བོན་ནྲྀ་སྔོ་སྐྱའི་རྣམ་པར་གནས་པ་ལས་འོད་འཕྲོས་པས་མིར་སྐྱེ་བར་བྱེད་པའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་བསྡུས་ཏེ་ནྲྀ་ལ་ཐིམ་པར་བསམ་པ་དང་༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག་ལའང་གོང་ལྟར་དུད་འགྲོར་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་ཐམས་ཅད་བསྡུས་ཏེ་ཏྲི་ལ་ཐིམ་པར་བསམ་པ་དང་༔ གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ཐལ་སྐྱ་ལས་འོད་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་སྡུག་བསྔལ་དང་བཅས་པ་ཐམས་ཅད་བསྡུས་ཏེ་པྲེ་ལ་ཐིམ་པར་བསམ་པ་དང་༔ རྐང་མཐིལ་དུ་དམྱལ་བའི་ས་བོན་ཡི་གེ་དུ་ཡིག་ནག་པོ་འོད་དང་བཅས་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གནས་པའི་དམྱལ་བར་སྐྱེ་བྱེད་ཀྱི་རྒྱུ་ལས་ཉོན་སྡིག་སྒྲིབ་བག་ཆགས་སྡུག་བསྔལ་དང་བཅས་པ་ཐམས་ཅད་ལྷག་མ་རྗེས་ཤུལ་ཙམ་ཡང་མ་ལུས་པར་འོད་ནག་པོའི་རྣམ་པར་བསྡུས་ཏེ་ས་བོན་ལ་ཐིམ་པར་བསམ་པ་སྦྱང་བྱ་ཡིན་ནོ༔ ཡང་རང་གི་སྤྱི་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ་ཉི་མ་འབུམ་གྱི་འོད་ལས་ལྷག་པར་འབར་བ་ལས་འོད་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་བསྡུས་ཏེ་ཨོཾ་ལ་ཐིམ༔ མགྲིན་པར་གསུང་གི་ས་བོན་ཨཱཿདམར་པོ་ལས་འོད་ཟེར་གོང་ལྟར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་འདུས་ནས་ཨཱཿལ་ཐིམ༔ སྙིང་གར་ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག་འོད་དང་འོད་ཟེར་འབར་བ་ལས་འོད་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དང་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་མཐིང་ནག་གི་རྣམ་པར་བསྡུས་ཏེ་ཧཱུྃ་ལ་ཐིམ་པར་བསམ༔ དེ་ནས་སྦྱོང་བྱེད་རྡོ་རྗེའི་སྙིང་པོ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་མེ་ལྕེའི་རྣམ་པར་རབ་ཏུ་འབར་བས་དམྱལ་བའི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་སྟེ་ཨོཾ་ཨཱཿཧཱུྃ་བརྗོད་ཅིང་༔ དེ་བཞིན་དུ་འཁོར་བ་ལུགས་ལྡོག་ཏུ་བསྲེག་པ་དང་༔ ཡང་ལུགས་འབྱུང་དུ་བསྲེག་པར་བྱས་ཏེ་ཤེས་པ་གཞན་དུ་མ་ཡེངས་མི་ཚིག་གིས་བར་མ་ཆོད་སྟན་གྱི་དྲོད་མ་ཡལ་བར་བསྒོམ་བཟླས་བྱ་བ་གནད་དུ་ཤེས་པར་བྱའོ༔ མཐར་འོད་ཆེར་མཆེད་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས་ནས་རང་ལུས་འཇའ་ཚོན་ནམ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟར་འོད་ཀྱི་ཕུང་པོར་གསལ་ལ་ཡང་བཟླའོ༔ སྦྱང་གཞིའི་ས་བོན་རེ་རེ་བཞིན་འབྲུ་གསུམ་རྡོ་རྗེའི་བཟླས་པ་འབུམ་ཕྲག་རེ་ཁ་སྐོང་དང་བཅས་པ་འབུམ་ཕྲག་བདུན་དུ་བཟླ་བར་བྱའོ༔ དེ་ལྟར་ཤེས་པ་གཞན་དུ་མ་ཡེངས་པར་བསྒོམ་པ་དང་༔ འཁྱལ་ཚིག་གིས་བར་མ་ཆད་པར་རྩེ་གཅིག་ཏུ་བཟླས་པས་དངོས་ཉམས་རྨི་ལམ་རྣམས་སུ་ནམ་མཁའ་གཡའ་དག་པ་དང་༔ ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་༔ རི་རྒྱལ་རྩེ་མོ་དགུང་ལ་བསྙེགས་པའི་རྩེར་ཕྱིན་པ་དང་༔ མཁའ་ལ་འཕུར་བ་དང་༔ ལུས་ལས་རྣག་ཁྲག་ཆུ་སེར་འཛག་པ་དང་༔ འབུ་སྲིན་མང་པོ་ལུས་ནས་ཕྱིར་དོན་པ་དང་༔ གནས་ཁང་བསམ་བཞིན་དུ་མེ་ལ་བསྲེགས་པ་དང་༔ ཞིང་ཁམས་སྣང་ཞིང་ལྷ་ཞལ་མཐོང་བ་རྣམས་ནི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པའི་ལྟས་སུ་འཆར་བ་ཡིན༔ དེ་ལྟར་རུ་ཤན་དབྱེ་བ་ཞེས་བྱ་བ་ནི་རང་གི་གཞི་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པ་ལ་ཁམས་གསུམ་གྱི་བག་ཆགས་ཀྱི་དྲི་མས་བསླད་ཅིང་འདྲེས་པ་ལས༔ འཁོར་བ་དབྱིངས་སུ་སྦྱངས་ཏེ་སྐུ་གསུམ་མངོན་དུ་བྱས་ནས་རུ་ཤན་དབྱེ་བ་ཡིན་ལ༔ ལུས་བསྐྱེད་པའི་ས་བོན་བསྲེག་སྟེ་སྐུ་རྡོ་རྗེ་མངོན་དུ་བྱེད་པ་ལུས་ཀྱི་རུ་ཤན༔ ངག་གིས་སྔགས་བཟླས་ཏེ་གསུང་རྡོ་རྗེ་མངོན་དུ་བྱེད་པ་ངག་གི་རུ་ཤན༔ སེམས་ཀྱི་འཁྲུལ་རྟོག་རྒྱུན་བཅད་དེ་བསྐྱེད་བསྒོམ་བྱ་བ་སེམས་ཀྱི་རུ་ཤན་ཞེས་བྱ་བ་ཡིན་ནོ༔ དཔེར་ན་དྭངས་སྙིགས་ཕྱེས་ཏེ་སྙིགས་མ་ཕྱིར་དོར་ནས་དྭངས་མ་རང་གིས་བཅང་པ་ལྟ་བུར་དྭངས་སྙིགས་འབྱེད་པའི་ཚུལ་ལོ༔ དེ་ལྟར་རུ་ཤན་ནང་ལྟར་ཕྱེས་པས་གནས་སྐབས་སུ་བག་ཆགས་དང་སྒྲིབ་པ་དག་ནས་ཚེ་དང་ཆོས་ལ་གེགས་དང་བར་ཆད་མེད་པ་དང་༔ མཐར་ཐུག་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སངས་རྒྱས་པར་འགྱུར་རོ༔ དེ་རྫོགས་པའི་རྗེས་སུ་གསང་བ་ལྟར་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བར་བྱ་སྟེ༔ དེ་ལ་དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་ནས་ཁྱབ་བརྡལ་ནམ་མཁའི་རང་བཞིན་དུ་འབྱམས་ཀླས་པར་བསམ་ལ་ཅུང་ཟད་མཉམ་པར་བཞག༔ དེ་ནས་ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར་གྲུ་མོ་ཕྱིར་བསྒྲད༔ རྐང་པ་གཉིས་མཐིལ་སྤྲད་ནས་པུས་ཕྱིར་བསྒྲད་ཅིང་འདུག་པ་ལ་སྐད་ཅིག་གིས་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ་སྟེ༔ ཡར་རྩེ་གསུམ་གྱི་དབུས་མ་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་མཚོན་བྱེད༔ གཡས་པ་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་མཚོན་བྱེད༔ གཡོན་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཀྱི་མཚོན་བྱེད་དུ་ཤེས་པར་བྱའོ༔ མར་རྩེ་གསུམ་ཡང་དབུས་མ་ཆོས་སྐུ༔ གཡས་པ་ལོངས་སྐུ༔ གཡོན་པ་སྤྲུལ་སྐུའི་མཚོན་བྱེད་དུ་ཤེས་པར་བྱ་ཞིང་༔ དེ་ཡང་ཡེ་ཤེས་ཀྱི་རང་གདངས་མེ་དཔུང་འབར་བའི་རྣམ་པར་གསལ་ཏེ་ཤེས་པ་གཞན་དུ་མ་ཡེངས་པར་ཡུན་ཅི་རིགས་པར་མཉམ་པར་བཞག་པར་བྱའོ༔ སླར་ཡང་དེ་ལྟར་སྡོད་མི་ཚུགས་པའི་དུས་སུ་དམིགས་པ་འདུག་སྟངས་སྔར་ལྟར་བྱས་ཏེ་གན་རྐྱལ་དུ་སྡོད་པ་དང་༔ ཙོག་པུར་སྡོད་པ་རྣམས་གནད་དུ་བཟུང་བ་རེས་མོས་སུ་བྱའོ༔ དེ་ལྟར་ཡུན་རིང་པོར་ནན་དུ་བསྒོམ་པའི་སྟོབས་ཀྱིས་ལུས་རྡོ་རྗེ་མེ་འབར་བར་མཐོང་ནས་བདུད་བགེགས་ཐམས་ཅད་དཔག་ཚད་བདུན་ཚུན་ཆད་ལ་ཉེ་མི་ནུས་པ་དང་༔ མཐར་ལུས་རྡོ་རྗེ་སྐུའི་རང་བཞིན་དུ་འཚང་རྒྱ་བར་འགྱུར་རོ༔ གཉིས་པ་ངག་རུ་ཤན་དབྱེ་བ་ལས༔ དང་པོ་རྒྱས་གདབ་པ་ལ༔ ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ རང་གི་ཁ་ནས་ཧཱུྃ་ཡིག་མཐིང་ག་ནས་རིམ་པར་དཀར་སེར་དམར་ལྗང་གི་རྣམ་པར་འཕྲོས་པས་ནམ་མཁའི་གར་ཁྱབ་ཐམས་ཅད་ཧཱུྃ་གིས་ཡོངས་སུ་གང་ཞིང་ཁྱབ་ནས་ས་ཆུ་མེ་རླུང་འབྱུང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་གྱུར་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་པ་དང་༔ ནང་རང་ལུས་ལ་རྒྱས་གདབ་པ་ནི༔ ཕྱི་རོལ་གྱི་ཧཱུྃ་ཐམས་ཅད་གཅིག་ནས་རིམ་པ་བཞིན་དུ་ཚུར་འདུས་ཏེ་རང་གི་ཁ་ནས་ཞུགས༔ ལུས་ནང་ཐམས་ཅད་ཧཱུྃ་གིས་གང་ནས་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་ཀྱི་ལུས་ཐམས་ཅད་ཧཱུྃ་རྡུལ་ཕྲན་གྱི་ཆ་ཙམ་ཚོགས་པས༔ རང་ལུས་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་གཏུམ་རབ་ཏུ་འཇིགས་པ༔ གཡས་རྡོ་རྗེ་དང་སྦྲུལ་ཞགས་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་བར་བསྒོམ་ལ༔ ཕྱི་ནང་རྒྱས་འདེབས་ཐམས་ཅད་ལ་ཧཱུྃ་གི་གླུ་དལ་བུར་སྙན་པའི་དབྱངས་ཀྱིས་ལེན་ནོ༔ དེས་སྣང་བ་སྒྱུ་མ་ལྟ་བུར་རྟོགས་པ་དང་༔ རང་ལུས་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ༔ སླར་ཡང་རྩལ་སྦྱང་བ་ལ་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི༔ རང་གི་ཁ་ནས་ཧཱུྃ་མཐིང་ནག་ཁྲུ་གང་བ་རྣོ་མྱུར་གྱིས་ཤུགས་དང་ལྡན་པ་ཞིག་ཐོག་ལྟར་སོང་ནས་རི་བྲག་ས་རྡོ་ཐོག་རེག་གི་གནས་སུ་གྱུར་པ་ཐམས་ཅད་ལ་བབས་པས་ཁྲལ་ཁྲོལ་ཁལ་ཁོལ་མེད་པར་ཕུག་ནས་རྗེས་ཤུལ་ཙམ་ཡང་མ་ལུས་པར་ཐམས་ཅད་ནམ་མཁའ་སྟོང་ཉིད་དུ་བསྒྱུར་བར་བསམ་པའི་ངང་ནས་ཧཱུྃ་དྲག་པོ་བཅད་ཐོན་པར་བརྗོད༔ ཡང་ཅི་ཡང་མི་དམིགས་པར་ངལ་གསོ༔ ནང་རང་ལུས་ལ་རྩལ་སྦྱང་བ་ནི༔ རང་གི་ལུས་ཐ་མལ་དུ་གནས་པའི་ངང་ནས་ཧཱུྃ་མཐིང་ནག་མཐོ་གང་བ་ཞིག་བྱུང་སྟེ་ལུས་ཕྱི་ནང་ཐལ་མར་ཕུག་ནས་ཕར་ཕུག་ཚུར་ཕུག་བར་དང་མཚམས་སྲུབ་ཀོལ་ཚེ་ཙམ་མེད་པར་ཕུག་ནས་སྟོང་པ་ཅི་ཡང་མེད་པའི་ངང་ལ་བཤིག་པར་བསམ་ཞིང་ཧཱུྃ་སྒྲ་དྲག་ལ་བཅད་ཐོན་པ་གྲངས་མང་པོ་བརྗོད་པས༔ ལུས་ཀྱི་ཤ་ཁོལ་བུར་འཕར་བ་དང་༔ སྐྲང་པ་བྱུང་ན་ནང་རང་ལུས་ལ་རྩལ་འབྱོངས་པའི་རྟགས་ཡིན་ནོ༔ དེས་སྣང་བ་རང་བཞིན་མེད་པར་རྟོགས་པ་དང་༔ དངོས་འཛིན་གྱི་འདྲེ་བདུད་ཐུལ་ནས་སྟོང་ཉིད་བཙན་ཐབས་སུ་རྟོགས་པའི་དགོས་པ་ཡོད་དོ༔ དེ་ནས་མཉེན་བཙལ་བ་ནི༔ སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ནས་རང་གི་སྙིང་གར་ཧཱུྃ་མཐིང་ནག་གཅིག་བསྒོམ་སྟེ་དེ་ལས་ཧཱུྃ་མཐིང་ནག་འོད་ཟེར་གྱི་ཐག་པས་འབྲེལ་བ་མང་པོ་ཁ་ནས་ཐོན་ཏེ་མདུན་གྱི་ཤིང་བུ་སོགས་དམིགས་རྟེན་གྱི་རྩ་བ་ནས་གཡས་དཀྲིས་སུ་དཀྲིས་ཏེ་སྔ་མ་དེ་དམིགས་རྟེན་གྱི་རྩེ་མོར་འགྲེངས་སྟབས་སུ་གནས་པ་ལ་ཤེས་པ་མདུང་ཚུགས་སུ་གཏད་ནས་ཧཱུྃ་གི་གླུ་དལ་བུས་སྙན་པའི་དབྱངས་ཀྱིས་ལེན་པ་དང་༔ རིམ་པ་བཞིན་དུ་སླར་ལུགས་སུ་ལྡོག་པ་ལའང་ཤེས་པ་འཇུར་ལ་དྲངས་ནས་མཐར་སྙིང་གར་བསྡུས་ཏེ་ངལ་གསོ་བ་དང་༔ ཡང་ཧཱུྃ་དཀར་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ ལྗང་གུ་རྣམས་རེས་མོས་སུ་གསལ་ལ་ཡང་ཡང་སྦྱངས་པས་གནས་སྐབས་སུ་རྩ་ལས་སུ་མི་རུང་བའི་གེགས་སེལ་བ་དང་༔ མཐར་རླུང་སེམས་གཉིས་ལ་དབང་བསྒྱུར་བའི་དགོས་པ་ཡོད་དོ༔ ཡང་རང་ཉིད་ཕྱག་ན་རྡོ་རྗེ་མཐིང་ནག་ཁྲོ་ཞིང་གཏུམ་པ་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་ཕྱར་ཞིང་གཡོན་སྡིགས་མཛུབ་ཀྱིས་སྦྲུལ་ཞགས་བསྣམས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་རྡུལ་འཚུབས་པ་ལྟར་འཕྲོས་པས༔ འཁོར་འདས་ཀྱིས་བསྡུས་པའི་སྣང་བ་སྣོད་བཅུད་འདོད་ཡོན་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་ལན་ཚྭ་ཆུར་ཞུ་བ་བཞིན་ཧཱུྃ་ཡིག་རྣམས་ལ་ཐིམ་ནས་སླར་ཡང་ཚུར་འདུས་པ་རང་གི་ཁ་ནས་ཞུགས་ཏེ་ལུས་གང་བས་ལུས་ཇེ་ཆེར་སོང་ནས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསམ་པ་དང་༔ འཁོར་འདས་ཐམས་ཅད་དུ་ཧཱུྃ་སྤྲོས་པ་ན་བུན་འཐིབ་པ་ལྟ་བུས་ཡོངས་སུ་གང་བར་བསམ་ཞིང་དུས་དང་བསྟུན་ཏེ་དཀར་སེར་དམར་ལྗང་གི་རྣམ་པར་ཁ་བསྒྱུར་བ་དང་ཤེས་པ་གཞན་དུ་མ་ཡེངས་པ་གནད་དུ་ཤེས་པར་བྱའོ༔ དེས་གནས་སྐབས་སུ་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པ་དང་༔ མཐར་ཐུག་ལུས་རྡུལ་ཕྲན་དུ་དེངས་ནས་རིག་པ་ཆོས་ཀྱི་སྐུར་གྲོལ་བར་བྱེད་པའི་དགོས་པ་ཡོད་དོ༔ དེ་ནས་ལམ་དུ་གཞུག་པ་ནི༔ རང་ལུས་ཧཱུྃ་ཡིག་དཀར་པོ་མེ་འབར་བ་ཞིག་ཏུ་གྱུར་ནས་ས་ལ་མཐོ་གང་མ་རེག་པའི་ས་ནས་ཕར་འཁྱོགས་ཚུར་འཁྱོགས་ཀྱིས་འགྲོ་ཞིང་རི་རབ་གླིང་བཞི་གླིང་ཕྲན་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་དུ་རིམ་བཞིན་འགྲོ་བར་བསམ་པ་དང་༔ སླར་ཡང་དཔག་ཆེན་གྱིས་མདའ་འཕང་བ་ལྟར་ཤར་ཕྱོགས་མངོན་པར་དགའ་བ༔ ལྷོ་ཕྱོགས་དཔལ་དང་ལྡན་པ༔ ནུབ་ཕྱོགས་བདེ་བ་ཅན༔ བྱང་ཕྱོགས་ལས་རབ་རྫོགས་པ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་རྣམས་སུ་རིམ་བཞིན་འགྲོ་ཞིང་སངས་རྒྱས་རིགས་ལྔའི་ཞལ་མཐོང་གསུང་ཐོས་ལུང་བསྟན་དབང་ནོད་པར་བསམ་པའི་ངང་ནས་ཧཱུྃ་གི་གླུ་སྙན་ལ་རིང་བར་བླང་བར་བྱའོ༔ དེས་འགྲོ་དོན་བྱེད་པ་དང་༔ ཞིང་ཁམས་འབྱོངས་པས་མཐར་ཐུག་དོན་དེ་ལྟར་འགྲུབ་པར་འགྱུར་རོ༔ གནས་སྐབས་སུའང་འཁོར་བའི་བྱ་བ་ཐམས་ཅད་ལ་སྐྱོ་ཞིང་སུན་ནས་ཞེན་པ་ལོག་པའི་གནད་ཡོད་དོ༔ དེ་ལྟར་ངག་གི་རུ་ཤན་དབྱེ་བ་ལ་བརྩོན་པས་ངག་རྡོ་རྗེ་གསུང་གི་རོལ་པར་སངས་རྒྱས་པར་འགྱུར་རོ༔ ངག་གི་སྐྱོན་ཐམས་ཅད་ཡུལ་མེད་དུ་སོང་ནས་དབྱངས་སྙན་པས་གཞན་ཡིད་འགུགས་པ་ཙམ་བྱུང་ན་འབྱོངས་པའི་རྟགས་ཡིན་ནོ༔ ད་ནི་ཡིད་རུ་ཤན་དབྱེ་བ་ལ་བརྩོན་པར་བྱ་བ་ནི༔ གནས་ཤིན་ཏུ་དབེན་པ་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་སར་ཕྱིན་ནས་སྔར་གྱི་སྦྱངས་པའི་བྱ་བྱེད་རྣམས་ཀྱིས་ལུས་རབ་ཏུ་དཀྲུགས་པས་འབྱུང་བ་འཁྲུག་པའི་གེགས་ཆེན་སེལ་ཕྱིར་དང་པོ་རྣལ་དུ་དབབ་པ་ལ༔ ལུས་དུར་ཁྲོད་ཀྱི་མི་རོ་རྟོག་མེད་ལྟ་བུར་གཡོ་འགུལ་མེད་པར་ཅི་བདེར་བཞག་པ་དང་༔ ངག་པི་ཝང་གི་རྒྱུན་ཐག་ཆད་པ་ལྟར་སྨྲ་བརྗོད་དང་བྲལ་བར་བཞག་པ་དང་༔ སེམས་ཡེ་ཡིན་ནམ་མཁའ་ལྟ་བུའི་ངང་དུ་བཟོ་མི་འཆོས་པར་བཞག་པ་སྟེ་སྡོད་པ་གསུམ་ལ་ཡུན་རིང་དུ་བཞག་གོ༔ དེས་ནི་འབྱུང་བ་འཁྲུགས་པའི་ནད་དང་རྐྱེན་ངན་ཐམས་ཅད་ཞི་ནས་སྒོ་གསུམ་རང་དལ་བར་འགྱུར་བ་དང་༔ མཐར་ཐུག་བྱར་མེད་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་དགོས་པ་ཡོད་དོ༔ དེ་ནས་སོར་གཞུག་པ་ནི༔ ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་སྒོ་ནས་མིག་སྣ་རྩེར་ཕབ་ལ་བྱུང་ཚོར་གྱི་རྟོག་པ་རང་ཁར་ཡན་ཏེ་མཉམ་པར་བཞག་པ་དང་༔ ཡང་བྱང་ཆུབ་སེམས་དཔའི་ལྟ་སྟངས་མིག་གཉའ་ཤིང་གང་ཙམ་དུ་བཞག་སྟེ་ཁྱབ་བརྡལ་གྱི་ཤེས་པ་མངོན་དུ་བྱས་ནས་སྡོད་པ་དང་༔ ཡང་ཁྲོ་བོའི་ལྟ་སྟངས་རྐང་པ་གྱད་ཀྱི་འདོར་སྟབས་སུ་བསྒྲད་དེ་གཡས་པས་སྡིགས་མཛུབ་ནམ་མཁའ་ལ་འཕང་བའི་རྗེས་སུ་ཤེས་པ་མདུང་ཚུགས་སུ་གཏད་ཏེ་ཁྲོ་བོའི་གད་རྒྱངས་ཧ་ཧ་ཞེས་སྒྲོགས་པ་དང་༔ གཡོན་པས་སྡིགས་མཛུབ་དཀུར་བརྟེན་པ་དང་༔ ཡང་གཡོན་པས་སྡིགས་མཛུབ་ནམ་མཁའ་ལ་འཕང་ནས་ཧི་ཧི་ཞེས་ཁྲོ་མོའི་གད་རྒྱངས་ཀྱི་གླུ་བླངས་ནས་སྣང་བ་གཏད་མེད་དུ་བཏང་ནས་བཞག་གོ༔ དེས་རིག་པ་ཆོས་ཉིད་ཀྱི་གདིང་ཆེན་པོར་དབང་འབྱོར་བར་བྱེད་པའོ༔ དེ་ལྟར་འཁོར་འདས་རུ་ཤན་ཕྱེས་པས་གསང་བ་བླ་ན་མེད་པའི་སྣོད་དུ་རུང་ཞིང་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འཕོ་བར་བྱེད་དོ༔ དེ་ཡང་ཞག་གྲངས་གཅིག་གཉིས་ཙམ་ལ་སྦྱངས་པའི་ཚུལ་བྱེད་པ་ཙམ་མ་ཡིན་པར་ཕྱི་ནང་གསང་བ་ལྟར་དུ་སྒོ་གསུམ་རུ་ཤན་དབྱེ་བ་ལ་ཞག་གྲངས་བརྒྱད་ཅུ་ལས་མི་ཉུང་བར་གནད་དུ་བསྣུན་ཏེ༔ དེ་ཡང་གོང་དུ་བརྗོད་པ་ལྟར་སྒོ་གསུམ་གྱི་ཉེས་སྐྱོན་སེལ་བ་དང་སྡིག་སྒྲིབ་དག་པའི་རྟགས་དང་ཡོན་ཏན་ཐམས་ཅད་མངོན་དུ་མ་གྱུར་གྱི་བར་དུ་སྦྱོང་བ་ནི་གནད་ཀྱི་སྙིང་པོར་གྱུར་པ་ཡིན་པས་དེ་ལྟར་ཡུན་རིང་པོར་ཉམས་སུ་བླང་བར་བྱ་བ་ལག་ལེན་ནོ༔ ད་ནི་དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ལ༔ དང་པོ་ཁྲེགས་ཆོད་ཀྱིས་གཞི་གཏན་ལ་དབབ་ནས་ཤེས་པ་དང་པོ་མ་དག་པ་ཡུལ་གྱི་རྣམ་པར་མཆེད་དེ་རྣམ་པར་རྟོག་པ་ཕྱི་མས་ཉེ་བར་བླང་ནས་འཁྲུལ་པ་ལས༔ ད་ཐོད་རྒལ་དུ་ཤེས་པ་དང་པོ་འོད་གསལ་གྱི་སྣང་བར་འཕོས་ཏེ་ཤེས་པ་རང་གི་ངང་མངོན་དུ་བྱས་པས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་ཞིག་ནས་ཡུལ་མེད་དུ་འགྲོ་བའི་ཚུལ་ཤེས་པ་ནི་ཐོད་རྒལ་གྱི་གནད་དམ་པ་མེད་དུ་མི་རུང་བ་ཡིན་པས་ཤེས་པར་མཛོད་ཅིག༔ གནད་འདི་མ་ཤེས་ན་ཐོད་རྒལ་ཇི་ཙམ་བསྒོམ་ཀྱང་གཟུང་འཛིན་གྱི་ལམ་དུ་གོལ་བར་འགྱུར་བ་ལས་རྣམ་པར་གྲོལ་བའི་ས་ལམ་བགྲོད་པར་མི་འགྱུར་རོ༔ དེ་ལྟར་འཁོར་འདས་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་མཐར་མ་དག་པ་འཁོར་བའི་སེམས་སྣང་ཐམས་ཅད་བཙན་ཐབས་ཉིད་དུ་འོད་གསལ་ཆོས་ཉིད་ཀྱི་རོལ་པར་འཕོ་བར་བྱེད་པས་ན་འཕོ་བ་ཆེན་པོའི་གདམས་པ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ལམ་འདིའི་འཇུག་སྒོ་ཇི་ལྟ་བ་བཞིན་དུ་ཤེས་པས་ཤེས་རབ་ཀྱི་མིག་ཡངས་པོས་ཆོས་ཉིད་ཡིད་དཔྱོད་ལས་འདས་པ་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་མངོན་དུ་བྱེད་ཅིང་༔ ལྐོག་གྱུར་གྱི་མུན་བསྒོམ་དང་བློ་ཡིད་ཀྱིས་བཅས་བཅོས་ལྟ་བུ་མ་ཡིན་པར་ཤེས་རབ་ཀྱི་མིག་གིས་ལྷུན་གྲུབ་རིན་པོ་ཆེ་དབྱིངས་ཀློང་འོད་གསལ་གྱི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་གདམས་པ་ཉམས་སུ་ལེན་པ་ལ༔ དང་པོ་ལུས་འདུག་སྟངས་ཀྱི་ཆིངས་ཀྱིས་མ་བཅིང་ན་དབྱིངས་དང་ཐིག་ལེ་རླུང་གི་ཆ་དང་བཅས་པ་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་འཐོར་ནས་མངོན་དུ་མི་འགྱུར་བ་ནི་དཔེར་ན་སྦྲུལ་མ་གཅུས་ན་རྐང་ལག་མི་མངོན་པ་ལས་དེ་གཅུས་ན་སྣང་བ་བཞིན་དུ་འདུག་སྟངས་ཉིད་ཤིན་ཏུ་གནད་ཆེ་བ་ཡིན་ནོ༔ དེ་ལ་དང་པོ་སེང་གེའི་འདུག་སྟངས་ནི༔ རྐང་པ་གཉིས་ཀྱི་མཐིལ་སྤྲད་དེ་མདུན་སར་བཞག་པའི་ནང་རྡོ་རྗེའི་ཁུ་ཚུར་ས་ལ་བཙུགས་ཏེ་སྟེང་གི་ནམ་མཁའ་ལ་གྱེན་དུ་ལྟ་བ་ནི་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་ཡིན་ནོ༔ ལོངས་སྐུའི་འདུག་སྟངས་ནི༔ པུས་མོ་དང་གྲུ་མོ་རྣམས་ས་ལ་བཙུགས་ཏེ་ལག་མཐིལ་གཉིས་ཀྱིས་འགྲམ་པ་བཏེགས༔ རྐང་མཐིལ་གཉིས་ཕྱིར་བསྟན་ཏེ་ལྟ་སྟངས་ཐད་དྲང་དུ་ལྟ་བ་ཡིན་ཡང་འོད་གསལ་གྱི་སྣང་བ་མངོན་དུ་མི་འགྱུར་ན་གཡས་གཡོན་སྟེང་འོག་ཏུ་རེས་མོས་སུ་བལྟས་ཏེ་ཇི་ལྟར་གསལ་བ་དེ་རུ་བཞག་པར་བྱ་བ་ཡིན༔ སྤྲུལ་སྐུའི་བཞུགས་སྟངས་ནི༔ རྐང་མཐིལ་གཉིས་ས་ལ་ཕབ་སྟེ་པུས་བྲང་སྦྱར་ཞིང་ལག་གཉིས་པུས་མོ་བཀབ་པས་སོར་མོ་རེ་མིག་ལྟར་བསྣོལ་ལ་རྒལ་པ་དྲང་པོར་བསྲངས་ནས་ལྟ་སྟངས་མཐུར་དུ་ཕབ་པ་ཡིན་ནོ༔ དེ་ལྟར་འདུག་སྟངས་ཀྱི་གནད་ནི་ཆོས་སྐུའི་བཞུགས་སྟངས་ཀྱིས་ཉོན་མོངས་པའི་རླུང་རང་མལ་དུ་བསྡམས་པའི་ཕྱིར་རྐང་མཐིལ་ཁ་སྦྱར༔ ཉོན་མོངས་པའི་རྒྱུ་ལམ་གཅོད་པའི་ཕྱིར་རྡོ་རྗེའི་ཁུ་ཚུར་སར་སྦུབས༔ ལྟ་སྟངས་གྱེན་དུ་གཟིར་བས་ཡེ་ཤེས་ཀྱི་མཐོང་ཕྱེ་བ་ཡིན༔ ལོངས་སྐུའི་བཞུགས་སྟངས་ཀྱི་རྐང་མཐིལ་ཕྱིར་བསྟན་པས་རླུང་བདེ་ལུགས་སུ་རྒྱུ༔ པུས་བྲང་སྦྱར་བས་ཚ་གྲང་ཆ་སྙོམས༔ ཚིགས་བཞི་ས་ལ་གཏད་པས་མ་དག་པའི་སྒོ་འཕར་བཀག༔ ལག་མཐིལ་གྱིས་འགྲམ་པ་བཏེགས་པས་བདེ་སྟོང་ཆ་སྙོམས༔ གཟིགས་སྟངས་ཐད་ཀར་བཞག་པས་ཡེ་ཤེས་རང་བབས་སུ་གསལ་བའོ༔ སྤྲུལ་སྐུའི་བཞུགས་སྟངས་ཀྱིས་ལས་རླུང་གི་རྩལ་གནོན་པའི་ཕྱིར་རྐང་མཐིལ་རླུང་གི་དཀྱིལ་འཁོར་གནོན་པར་བྱ་བ་དང་༔ བརླ་མེའི་དཀྱིལ་འཁོར་དང་ཕོ་བ་མེའི་དཀྱིལ་འཁོར་ཁ་སྦྱོར་བས་མ་དག་འཁོར་བའི་རླུང་རང་མལ་དུ་གསོད་པར་བྱེད་པ་དང་༔ པུས་མོ་ཆུའི་དཀྱིལ་འཁོར་དང་ལག་མཐིལ་མེའི་དཀྱིལ་འཁོར་ཁ་སྦྱར་བས་ཚ་གྲང་ཆ་སྙོམས་པ་དང་༔ ལག་མཐིལ་མེའི་འཁོར་ལོ་དང་མཆན་ཁུང་མེའི་འཁོར་ལོ་ཁ་སྦྱར་བས་གྲང་བའི་ནད་སེལ༔ ལག་རྒྱབ་ཆུའི་འཁོར་ལོ་དང་ལྐོག་མ་ཆུའི་དཀྱིལ་འཁོར་ཁ་སྦྱར་བས་ཚ་བའི་ནད་སེལ༔ ལྟ་སྟངས་མཐུར་དུ་ཕབ་པས་ཀུན་གཟིགས་ཀྱི་སྤྱན་དབྱེ་བར་འགྱུར་བ་ཡིན་ཏེ༔ ཐད་དྲང་གིས་མཐོང་ཡངས་ཀུན་མཁྱེན་གྱི་སྤྱན་ཕྱེ༔ གྱེན་ཟློག་གིས་མཐོང་ཡངས་ཀུན་ཁྱབ་ཀྱི་སྤྱན་ཕྱེ་བས་ཁྱད་པར་མ་མཆིས་སོ༔ གང་ལྟར་གསལ་ཡང་དེ་ལྟར་དུ་བཞག་པས་ཆོག་པ་ཡིན༔ བཞུགས་སྟངས་ཀྱང་གསུམ་ཀ་རྫོགས་དགོས་པ་མ་ཡིན་ཏེ༔ འོད་གསལ་འཆར་བདེ་བ་དང་༔ སྡོད་ཚུགས་པ་ལ་གང་དགའ་ཞིང་རན་པ་དེ་ལྟར་བསྡད་པས་ཆོག་པ་ཡིན༔ སྤྲོས་པ་ལ་དགའ་ན་རེས་མོས་སུ་སྡོད་པ་དང་༔ བར་སྐབས་སུ་དགེ་སྦྱོར་ལ་འབད་པར་བྱ་བ་ཡིན་ནོ༔ སྤྲོས་པ་མེད་ན་ཉིན་མཚན་ཁོར་མོ་ཡུག་ཏུ་བསྒོམ་པ་ལ་འབད་པར་བྱ་སྟེ༔ ཉིན་མོ་ལས་མཚན་མོ་བསྒོམ་མི་ནུས་པ་དག་གིས་ཀྱང་ཉིན་མོ་བར་མཚམས་མི་ཕྱེད་པར་འབད་པར་བྱའོ༔ མཚན་མོ་ཐུན་གྱི་དམིགས་གསལ་གསུམ་དང་༔ བར་བར་འཆི་སྦྱངས་ལ་འབད་པ་ལག་ལེན་ནོ༔ འཆར་བྱེད་སྒོའི་གནད་ནི་མིག་ཕྱེད་བཙུམ་གྱིས་ལྟ་བ་ལས་ཧར་གྱིས་ཕྱེས་ཏེ་བལྟས་པས་མིག་གི་རྣོ་ཉམས་པར་འགྱུར་བ་དང་༔ འོད་གསལ་གྱི་སྣང་བ་མངོན་དུ་མི་འགྱུར་བའི་སྐྱོན་ཡོད་པས་མིག་ཅེར་གྱིས་བལྟ་བར་མི་བྱའོ༔ རླུང་གི་གནད་ནི་མཆུ་སོ་བག་ཙམ་མ་རེག་པའི་བར་ནས་རླུང་འབྱུང་འཇུག་དལ་བ་ལ་བསླབ་པ་དང་༔ ཡུད་ཙམ་ཕྱི་རུ་འདུ་བར་བྱའོ༔ བལྟ་ཡུལ་དང་པོ་ཟླ་བ་རེ་ཙམ་དུ་ཉིན་མོ་ཉི་མ་ལ་ཁྲུ་གང་མ་རེག་པའི་སར་བལྟ་བ་དང་༔ མཚན་མོ་ཡང་ཉིན་མོ་མིག་ལ་ཚ་བ་འཕེལ་བའི་སྐྱོན་སེལ་བ་དང་༔ འོད་གསལ་ལ་བརྟན་པ་ཐོབ་པའི་ཕྱིར་ཟླ་བ་ལའང་དེ་བཞིན་བལྟ་བར་བྱའོ༔ མཚན་མོ་མར་མེ་ལ་བལྟ་ན་མར་མེའི་སྟེང་དུ་མིག་ཕྱེད་བཙུམ་གྱིས་བལྟས་པས་དང་པོ་དམར་སེར་རྩྭའི་ཆུན་པོ་གཤིབ་པ་ལྟ་བུ་ལས་མི་མཐོང་༔ བར་དུ་དབྱིངས་སྣང་དང་ཐིག་ལེ་འགུལ་འཁྲིག་གི་རྣམ་པར་འཆར་བ་ཡིན༔ ཐ་མ་དབྱིངས་སྣང་ཐིག་ལེ་མཛེས་ཤིང་དྭངས་ལ་གསལ་བ་རྒྱ་ཆེ་བར་སྣང་ངོ་༔ ལུས་མི་འགུལ་བར་དུར་ཁྲོད་ཀྱི་མི་རོ་ལྟ་བུར་སྡོད་པ་དང་༔ ངག་མི་འགུལ་བ་སྨྲ་བརྗོད་བཟླས་པ་ཐམས་ཅད་སྤངས་ཏེ་རླུང་སྣ་ནས་མི་བཏང་བར་ཁ་ནས་དགག་བསྒྲུབ་མེད་པར་དལ་གྱིས་བཞག་པ་རྩ་རླུང་འཛིན་རྩོལ་དང་བྲལ་བའི་གནད་ལ་བརྟན་པ་དང་༔ སེམས་མ་བཅོས་པ་འོད་གསལ་དུ་མཆེད་པ་མངོན་དུ་བྱེད་པའི་ངང་ལས་མི་འགུལ་བར་སྡོད་པར་བྱའོ༔ གནས་གང་དུ་འདུག་ཀྱང་ལུས་དྲང་པོར་བྱས་པས་རྩ་རླུང་ཐམས་ཅད་དྲང་ཞིང་སེམས་རིག་སྟོང་དུ་དེངས་ནས་ངང་བརྟན་པར་བྱེད་དོ༔ ཐེག་པ་འདིར་རང་ལམ་གྱི་རྩ་དང་ཐིག་ལེའི་བཤད་པ་ཞིག་ཡོད་པ་ནི་ཨ་ཏིའི་ཨ་ནུ་ཞེས་བྱ་བ་ཡིན་པས་དེའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་དགོས་ཏེ༔ མ་དག་པ་ཉོན་མོངས་རླུང་སེམས་རགས་པ་མངོན་དུ་གྱུར་པའི་སྒོ་ཁ་དང་༔ ཉོན་མོངས་རླུང་སེམས་ཕྲ་བ་ལྐོག་ཏུ་གྱུར་པའི་སྒོ་སྣ་བུག་ཡིན་ཏེ༔ དེའི་རྒྱུ་ཚུལ་གློ་བ་ན་རྩ་གྲོ་སོག་ཙམ་འབྱུང་འཇུག་གི་རླུང་ཞེས་བྱ་བས་གང་བ་ལས་འཕེལ་ཁ་ཆེར་མཆེད་ན་ཚ་བའི་ནད་འབྱུང་བ་དང་༔ དེ་བྲི་བར་གྱུར་ན་གྲང་བའི་ནད་འབྱུང་བ་དང་༔ དྲང་པོར་རྒྱུ་ཚེ་ཚ་གྲང་ཆ་སྙོམས་པར་འགྱུར་བ་སྟེ༔ སེམས་ཀྱི་རྣམ་པར་རྟོག་པའི་ཞེན་པ་ལྟ་བུ་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བར་འགྱུར་བ་ཡིན་ནོ༔ དེའི་ཕྱིར་རྩ་རླུང་འཛིན་རྩོལ་ཅན་རླུང་སེམས་བཙན་ཐབས་སུ་འཆིང་བར་བྱེད་པའི་ཐབས་ཟབ་མོ་ཡིན་ཀྱང་༔ དེ་ནི་གེགས་དང་གོལ་ས་ཤིན་ཏུ་ཆེ་བ་ཡིན་ནོ༔ གནས་ལུགས་གཞིའི་སྒྲོན་མ་རྣམ་པ་དྲུག་ཡོད་པ་ནི་ཡེ་ཤེས་ཀྱི་འཆར་སྒོ་ཡིན་ཏེ༔ ཡེ་ཤེས་མངོན་དུ་གྱུར་པའི་སྒོ་མིག་ཡིན༔ ཤེས་པས་སྣང་བ་དབང་བྱེད་ཀྱི་རྒྱུ་ལམ་ཡེ་ཤེས་ཕྲ་བ་ལྐོག་གྱུར་གྱི་སྒོ་རྣ་བ་གཉིས་ཡིན་པས་དེའི་སྒྲ་སྦྱང་བ་དང་༔ ཡེ་ཤེས་མངོན་གྱུར་གྱི་སྒོ་ལས་མུན་ཁྲིད་དུ་སྣང་བའི་འོད་གསལ་སྦྱང་བ་དང་༔ མིག་དྲི་མ་མེད་པ་མངོན་དུ་བྱེད་པའི་འཇུག་སྒོ་རྨི་ལམ་གྱི་སྣང་བ་དང་༔ འོད་གསལ་དང་༔ སྤྲུལ་བསྒྱུར་ལ་གོམས་པར་བྱས་པས་སྲིད་པ་བར་དོར་སྣང་བ་སྤྲུལ་བསྒྱུར་ལས་སྤྲུལ་སྐུའི་ཞིང་ཁམས་རྣམ་པར་དག་པ་འཕྲུལ་ཞིང་བར་དོའི་སྣང་བ་བསྒྱུར་བ་ལ་གོམས་པར་བྱ་བ་ཡིན་ནོ༔ འདིར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱེད་པ་ལ་སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་ནི༔ ལུས་ཀྱི་དྭངས་མ་སྙིང་ཙིཏྟ་ཤའི་སྒྲོན་མའི་སྦུབས་སུ་དཀར་འབྱམས་རྩའི་སྒྲོན་མ་རྩའི་དྭངས་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་རྟ་རྔ་ཉག་ཕྲན་བརྒྱད་དུ་གཤག་པའི་ཆ་གཅིག་ཙམ་རྩ་བ་གཅིག་པ་སྙིང་དབུས་སུ་ཟུག་པའི་ཡལ་ག་གཉིས་བ་མེན་གྱི་རྭ་ལྟར་རྣ་ལྟག་གཉིས་ནས་གུག་སྟེ་མིག་གི་ཨ་འབྲས་སུ་ཟུག་པ་དེའི་རྩ་བ་སྙིང་༔ སྡོང་པོ་རྩ༔ འབྲས་བུ་མིག་སྟེ༔ སྒོའི་དྭངས་མ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ཡིན༔ དེ་ནི་སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་མོ༔ སྣོད་ཀྱི་སྒྲོན་མ་རྣམ་གསུམ་ལ་མིང་གསུམ་དུ་བརྗོད་ཀྱང་དོན་ལ་རྩ་བ་དང་སྡོང་པོ་འབྲས་བུ་ལྟ་བུར་དོན་གཅིག་ཏུ་འདུས་པའི་ཕྱིར་ལམ་གྱི་གནས་སྐབས་སུ་རྒྱང་ཞགས་ཆུའི་སྒྲོན་མ་ཉིད་དུ་བརྗོད་པའོ༔ བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ལ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ཕྱི་འབྱུང་བ་ལྔའི་དྭངས་མ་སྟེ༔ སྙིགས་མ་དྭངས་མའི་ངོ་བོ་སྟོང་པའི་གདངས་ལྔ་འོད་དུ་འཕོས་པ་ལ་དབྱིངས་དང་༔ མ་དག་པ་དངོས་འཛིན་རྣམ་པར་དག་པ་ཞེས་བྱའོ༔ འབྱུང་བ་ནམ་མཁར་སྣང་བ་དྭངས་མར་འཕོས་པ་མཐིང་ག་དང་སྔོ་སྐྱ༔ འབྱུང་བ་ཆུར་སྣང་བ་དྭངས་མར་འཕོས་པ་དཀར་པོ་དང་སྐྱ་བོ༔ འབྱུང་བ་མེར་སྣང་བ་དྭངས་མར་འཕོས་པ་དམར་པོ་དང་ཁམ་པ༔ འབྱུང་བ་སར་སྣང་བ་དྭངས་མར་འཕོས་པ་སེར་པོ་དང་སེར་སྐྱ་དང་སེར་ནག༔ འབྱུང་བ་རླུང་ཁམས་དྭངས་མར་འཕོས་པ་ལྗང་གུ་དང་མོག་པ་ལྗང་སྐྱ་རྣམས་སྣང་བ་དང་༔ དང་པོ་མ་དག་པའི་སྣང་བ་ལ་ཁ་དོག་ཇི་ལྟར་སྣང་བ་དེ་དག་དབྱིངས་སུ་འཕོས་པ་ནའང་དེའི་ཁ་དོག་ཏུ་སྣང་བ་ཡིན་ནོ༔ དབྱིངས་སྣང་ལ་དང་པོ་ཉི་མ་དང་ཟླ་བ་མར་མེ་སོགས་ཀྱི་གཤིས་ལ་ཁ་དོག་སྣ་ལྔ་ཚང་བ་དེ་དབྱིངས་ཀྱི་འཇའ་རིས་ཀྱིས་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ་འཇའི་སྣམ་བུ་གྱེན་འགྲེང་དང་རྩིབས་ལ་ཤར་བའི་སྣང་བ་འཆར་བ་ཡིན་ནོ༔ ལས་དང་པོ་པས་ཟླ་བ་རེ་ཙམ་ལ་ཉིན་མོ་ཉི་མ་དང་མན་ཤེལ༔ མཚན་མོ་ཟླ་བ་དང་༔ ནང་ནུབ་མར་མེ་ལ་བལྟས་པས་བརྟན་པ་ཐོབ་པ་ཡིན༔ ཐོག་མར་འདར་འཕྲིག་གི་རྣམ་པར་ཤར་བ་དང་༔ བར་དུ་ཇེ་བརྟན་དུ་སོང་ནས༔ ཐ་མ་འགུལ་འཕྲིག་མེད་པར་གནས་པའི་དུས་སུ་དཀར་ཁུང་གི་གསལ་ལམ་ལ་བལྟས་ཏེ་འོད་སྣང་ལ་མཛེས་དང་མི་མཛེས་སོགས་ཡིད་ཚིམ་པ་དང་མི་ཚིམ་པའི་སྐྱོན་སྤངས་ནས་ཕྱིའི་ནམ་མཁའ་སྟོང་པ་མ་ཡིན་པའི་སྐྱ་རིབ་སྔོ་རིབ་ཙམ་མཆེད་ཀྱང་བཟང་ངན་བླང་དོར་མེད་པའི་ངང་ལ་བཞག་པར་བྱ་བ་གནད་དུ་ཤེས་པར་བྱའོ༔ ནང་འབྱུང་ལྔ་པོ་དྭངས་མར་འཕོས་པ་ནི༔ འབྱུང་བ་སེམས་ཀྱི་དྭངས་མ་མཐིང་གར་འཕོས་པས་མཐིང་ག་དང་༔ འབྱུང་བ་ཁྲག་གི་དྭངས་མ་དཀར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་ཤའི་དྭངས་མ་སེར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་དྲོད་ཀྱི་དྭངས་མ་དམར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་དབུགས་ཀྱི་དྭངས་མ་ལྗང་གུའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་ཡིན༔ ཐིག་ལེ་སྟོང་པའི་སྒྲོན་མ་ནི༔ དྭངས་མ་ལྔ་པོ་མུ་ཁྱུད་ཅན་གྱི་རྣམ་པར་སྣང་བས་ཐིག་ལེ་ཞེས་བྱ་སྟེ༔ དེ་ལ་ཟླུམ་པོ་གྲྭ་ཟུར་མེད་པ་ཞིག་ཡིན་ཀྱང་མཐོང་སྣང་དུ་ཀོ་མོའི་ཆུ་ལ་རྡོ་བོར་བའི་རྣམ་པར་སྣང་བ་ཡིན༔ རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བའི་སྦུབས་ན་དྭངས་མ་ལྔའི་འོད་ཀྱིས་གང་བའི་ཀློང་དུ་མི་ཤིགས་པའི་ཐིག་ལེའི་རྣམ་པར་གནས་པ་ཡིན་ཏེ༔ དེ་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས་རྩའི་ནང་མངོན་དུ་གྱུར་པ་ལས་ཕྱི་རུ་སྣང་བའི་རྣམ་པར་ཤར་བ་ལྟར་མི་འཛིན་པར་རང་གི་རྩ་རང་གིས་གསལ་བ་ཡིན་པས༔ དབྱིངས་ཕྱི་རུ་བཟུང་ནས་རིག་པ་ནང་དུ་བཟུང་ན་གཟུང་འཛིན་གྱིས་གོལ་སར་འཕྱན་པར་འགྱུར་རོ༔ དེའི་དབྱིངས་རྣམ་པར་དག་པའི་ཀློང་དུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་འགྲོ་འོང་གི་རྣམ་པར་སྣང་བ་ནི་དང་པོའི་གནས་སྐབས་དང་༔ བར་དུ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང་༔ ཐ་མ་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་མཆེད་པ་ཡིན་ཏེ༔ དེ་ནི་བཅུད་ཀྱི་སྒྲོན་མ་རྣམ་པ་གཉིས་ཀའི་འཆར་གཞི་ཤེས་རབ་རང་བྱུང་གི་སྒྲོན་མ་རང་གི་རིག་པ་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཡིན་ནོ༔ འཆར་བ་ལམ་གྱི་སྒྲོན་མ་བཞི་ནི༔ རྒྱང་ཞགས་ཆུའི་སྒྲོན་མ་དང་༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་༔ ཐིག་ལེ་སྟོང་པའི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་གི་སྒྲོན་མ་དང་བཞིའོ༔ རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་གནད་གཅིག་ཏུ་དྲིལ༔ མདོ་གཅིག་ཏུ་བསྡུས་ཏེ་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་བ་གནད་ཀྱི་དམ་པར་བཟུང་བར་བྱའོ༔ དེ་ལྟར་ཉམས་སུ་བླངས་ན་ཁྲེགས་ཆོད་ལྟ་བུའི་མུན་སྒོམ་བློ་ཡིད་ཀྱིས་བྱེད་ལས་ལྟར་མ་ཡིན་པར་འོད་གསལ་གྱི་ཆོས་ཉིད་དབང་པོའི་སྒོར་མངོན་སུམ་དུ་སྣང་བས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ༔ བསྐྱེད་རིམ་ལྟ་བུའི་བློ་བཅོས་ཡིད་བྱེད་བྱ་རྩོལ་གྱིས་མི་གཟུགས་ལྟ་བུའི་ལྷ་རང་རྒྱུད་པར་བསྒོམ་པ་ལྟ་བུ་མ་ཡིན་ཏེ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་གྱུར་ཆེན་པོའི་ངང་དུ་བརྟན་པ་ཐོབ་པར་བྱེད་པ་ནི་དོན་གྱི་སྐུ་གསུམ་རང་ཐོག་ཏུ་གྲོལ་བའི་གདམས་པ་འདི་ཁོ་ནའོ༔ ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་རྣམས་དབྱིབས་དང་ཁ་དོག་ཅན་དུ་བསྒོམ་ནས་སྟེང་ཕྱོགས་སུ་འཕེན་པ་ལྟ་བུའི་ལམ་ལས་འཕགས་པ་འཁོར་འདས་ཀྱི་སྣང་སེམས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་འཕོ་བར་བྱེད་པ་འཕོ་བ་ཆེན་པོའི་ཁྱད་ཆོས་ཡིན་ནོ༔ དེ་ལྟར་རྩེ་གཅིག་ཏུ་བར་མ་ཆད་པར་ཉམས་སུ་བླངས་པའི་སྟོབས་ཀྱིས་བུམ་དབང་གི་ནུས་པ་ལུས་ཀྱི་གདོས་པ་ལ་ཐེབས་པས་ལུས་འགུལ་སྙིང་མི་འདོད་པར་སྡོད་པ་དང་༔ གསང་དབང་གི་ནུས་པ་ངག་གི་རྒྱུ་བྱེད་ལ་ཞུགས་པས་ངག་སྨྲ་སྙིང་མི་འདོད་པར་གནས་པ་དང་༔ ཤེར་དབང་གི་ནུས་པ་སེམས་ཀྱི་ཤེས་རྒྱུད་ལ་ཐེབས་པས་སེམས་གར་གཏད་དུ་སྡོད་པའོ༔ འདི་ནི་མཚན་མ་མེད་པ་དོན་གྱི་ཞི་གནས་ཡིན་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོར་ཞི་བས་ན་ཞི༔ རིག་པ་རང་གི་ངང་ལས་མི་གཡོ་བར་གནས་པས་ན་གནས་ཞེས་བྱའོ༔ སྣང་སེམས་སྐུ་དང་ཡེ་ཤེས་ཀྱི་རོལ་པར་གོ་འཕོས་པས་ཆོས་ཉིད་འོད་གསལ་གྱི་སྣང་བ་ལྷག་པར་མཐོང་བས་ལྷག་མཐོང་ཞེས་བྱ་བ་དང་༔ མ་དག་པ་འཁོར་བའི་ས་ནས་ཁྲེགས་ཆོད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་༔ སྔར་མ་མཐོང་བའི་ཆོས་ཉིད་ཀྱི་མཐོང་ཆེན་པོའི་ངང་ཆགས་པས་རབ་ཏུ་དགའ་བ༔ ཐོད་རྒལ་གྱི་སྣང་བ་དང་པོས་འཁོར་བར་མི་ལྡོག་པའི་གདིང་ཐོག་ཏུ་ཕེབས་པས་མདོ་ལམ་གྱི་ས་དང་པོ་ཉིད་དོན་གྱིས་ཐོབ་པ་ཡིན༔ སྔགས་ལམ་དུ་འཁྲུལ་པའི་སྣང་སེམས་ཐམས་ཅད་འོད་གསལ་ཆོས་ཉིད་ཀྱི་རང་བཞིན་དུ་རྣམ་པར་སྨིན་པ་དང་༔ མ་རིག་པ་རིག་པར་འཕོས་ནས་རིག་པའི་རང་ས་འཛིན་པའི་ས་དེ་དོན་གྱིས་ཐོབ་པ་ཡིན༔ འདིའི་དུས་སུ་ཚེ་འཕོས་ཏེ་བར་ཆད་ནའང་སྐྱེ་བ་སྤྲུལ་པའི་སྐུ་ཐོབ་སྟེ་ཐར་པའི་ལམ་སྣ་ཟིན་པར་འགྱུར་བའོ༔ ཕྱིའི་རྟགས་ནི་དབྱིངས་སྣང་ཡོལ་བ་བཀྲམ་པ་ལྟ་བུར་ལྷུན་ཆགས་ཤིང་ངང་བརྟན་པ་དང་༔ ཐིག་ལེ་ཉ་མིག་ཙམ་ནས་མཐེབ་ཀོར་ཙམ་གྱི་བར་དུ་སྣང་བ་ཡིན་ནོ༔ ཉམས་སྣང་གོང་དུ་འཕེལ་ཚུལ་ནི༔ དང་པོ་སྙིང་ག་ནས་མགྲིན་པའི་བར་གྱི་ནང་རོལ་དུ་རླུང་གིས་གང་བའམ༔ ན་བའམ་མི་བདེ་བའི་ཟུག་རྔུ་མ་ངེས་པར་འབྱུང་བ་དང་༔ ཕྱི་ནང་ཀུན་ཏུ་མ་ངེས་པར་འགྲོ་ཞིང་བརྟན་གནས་མེད་པ་རྣམས་གང་བྱུང་ཡང་གྱེན་རྒྱུའི་རླུང་ལ་ཡེ་ཤེས་ཀྱི་རླུང་གིས་ནུས་པ་ཕོག་ནས་དཀྲུགས་པའི་རྣམ་པར་སྣང་བའོ༔ བར་དུ་ཆེར་མཆེད་དེ་མིད་པ་ན་བ་དང་༔ འགག་པས་ཟས་བཀག་ནས་ཕྱིར་འཕེན་པ་དང་༔ དང་ཀ་འགག་ནས་དབུགས་ཀྱི་རྒྱུ་ལམ་མི་བདེ་བ་དང་༔ སྐད་འགག་པ་རྣམས་འབྱུང་ངོ་༔ དེ་ནས་ཆེར་མཆེད་པས་སྲོག་འཛིན་གྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་དཀྲུགས་ནས་སེམས་ལ་དགའ་སྡུག་ཆགས་སྡང་སྣ་ཚོགས་ངེས་པ་མེད་པར་འབྱུང་བ་དང་༔ ཐུར་སེལ་གྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་འཕེལ་ཚེ་དྲི་ཆུ་དང་གཤང་ལྕི་འགག་ནས་མི་ཐོན་པ་དང་༔ འགྲིབ་ན་རྒྱུན་ཆད་མེད་པར་བརྡོལ་བའོ༔ ཁྱབ་བྱེད་ཀྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་འཕེལ་ཚེ་ལུས་སྐྲང་པའི་རྣམ་པར་རྒྱས་པ་དང་༔ འགྲིབ་དུས་ལུས་ཀྱི་ཤ་ཐམས་ཅད་ཉམས་པ་སྐམ་པ་ལྟ་བུར་རོ་གཟུགས་སུ་འགྲོ་བའོ༔ མེ་མཉམ་གྱི་རླུང་ལའང་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་ཆེར་འཕེལ་ཚེ་ལུས་ལས་རྔུལ་ཆུ་བརྡོལ་ཞིང་རླངས་པ་འཕྱོ་བ་དྲོད་ཆེན་པོ་འབར་བར་འགྱུར་བ་དང་༔ འགྲིབ་ན་ལུས་གྲང་སྤུ་འཁྲུགས་པ་དང་༔ མདངས་ཉམས་པ་དང་༔ འདར་ཤུམ་བྱེད་པར་འགྱུར་བ་ཡིན༔ མཐར་རླུང་ཐམས་ཅད་འདྲེས་ཏེ་ལུས་ཀྱི་རྩ་ཁམས་སུ་ཞུགས་པས་རྩ་ཐམས་ཅད་ལ་ན་ཚ་ཟུག་རྔུ་འབྱུང་བ་དང་༔ ལུས་ཕྱི་ནང་ཐམས་ཅད་རླུང་གི་གཡོ་བ་འཇུག་པས་ཚ་གྲང་འདུ་བ་ལ་སོགས་པའི་ནད་མ་ངེས་པར་འབྱུང་བ་དང་༔ ལུས་སྐྲང་བ་དང་༔ ལྦ་བ་བརྡོལ་བ་དང་༔ རྨ་བརྡོལ་བ་དང་༔ ནད་ཚབ་ཆེན་པོ་ལྡང་བ་དང་༔ སྨན་དཔྱད་མོ་རྩིས་འཁྲུགས་པ་དང་༔ ཐན་དང་ལྟས་ངན་སྣང་བ་དང་༔ རྩ་སོ་སོར་ན་བ་དང་༔ ཚིགས་རྣམས་ན་བ་དང་༔ དྲེག་དང་གྲུམ་བུ་འབམ་དང་ཆུ་སེར་གྱི་ནད་རྣམས་དང་༔ ཞ་བ་དང་ལོང་བ་དང་འོན་པ་དང་ལྐུག་པ་དང་བརྒྱལ་བ་རྣམས་འབྱུང་བ་དང་༔ ལུས་འདི་ལ་མི་བདེ་བའི་ཟུག་རྔུ་རྣམ་པ་སྣ་ཚོགས་ངེས་པ་མེད་པར་འབྱུང་བ་ཡིན་པས་ཤེས་པར་བྱའོ༔ ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུར་མ་ངེས་པའི་སྤྱོད་པ་སྣ་ཚོགས་བྱེད་པ་ཡིན་ནོ༔ མདོར་ན་ལུས་ཀྱི་ན་ཚ་ཟུག་རྔུ་རྩ་དང་རླུང་དང་ཁམས་ཀྱི་བྱེད་ལས་ཀྱིས་མཐའ་གཅིག་ཏུ་མ་ངེས་པས་ཚད་གཅིག་ཏུ་མི་འཛིན་པའི་གནད་ལ་ཤིན་ཏུ་མཁས་པར་གྱིས་ཤིག༔ ངག་ཀྱང་གླུ་དང་མགུར་མ་དང་འཁྱལ་ཚིག་ཅ་ཅོ་སྣ་ཚོགས་པ་དང་༔ གཞན་གྱི་ཡིད་དགའ་བར་བྱེད་པའི་གཏམ་དང་༔ ཚིག་གི་རྗེས་སུ་སྤྱོད་པ་མི་འགྲོ་བ་དང་༔ ཚིག་བཤད་པའི་ཐོག་ཏུ་མི་འདུག་པ་དང་༔ འགྱུར་ལྡོག་བྱེད་པ་དང་༔ སྨྱོན་པ་རང་ཚིག་བརྡོལ་བ་ལྟར་དགག་སྒྲུབ་མེད་པར་སྨྲ་བ་སོགས་ཆལ་མ་ཆོལ་དུ་ངེས་པ་མེད་པར་སྨྲ་བ་ཡིན་པས་ཤེས་པར་གྱིས་ཤིག༔ སེམས་སྨྱོན་པ་འུར་ལངས་པ་ལྟར་གཏད་མེད་བྱུང་རྒྱལ་དུ་ཡན་ཏེ་གང་གིས་ཀྱང་བཟོ་བཅོས་དགག་སྒྲུབ་བསྒྱུར་དུ་མི་བཏུབ་པའོ༔ རེས་འགའ་ནི་སྙིང་དང་སྲོག་རྩ་ན་བའི་དབང་གིས་ངུ་བ་དང་༔ འཁུན་པ་དང་༔ ཤུ་འདོན་པ་དང་༔ ཕུ་འདེབས་པ་དང་༔ སྡོད་སར་མི་ཚུགས་པར་འགྲོ་སྙིང་རྒྱུན་མི་ཆད་པར་འདོད་པ་དང་༔ གནས་སྡུག་བསྔལ་དུ་མངོན་ནས་འདུག་སྙིང་མི་འདོད་པ་དང་༔ དགའ་སྡུག་ཟ་ཟི་སྣ་ཚོགས་པ་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས་ཤེས་པར་བྱའོ༔ ལྷར་སྣང་དང་འདྲེར་སྣང་སྣ་ཚོགས་པ་འཆར་བ་དང་༔ བཀྲེས་སྐོམ་ཚ་གྲང་ལ་སོགས་པ་འབྱུང་བ་མ་ངེས་པའོ༔ ཕྱི་རྟགས་འོད་གསལ་གྱི་སྣང་བ་ནི་དང་པོའི་གནས་སྐབས་སུ་གདོང་རབ་ཏུ་ཁེབས་པ་ཙམ་འདར་འཕྲིག་མེད་པར་གནས་པ་དང་༔ ཐིག་ལེ་ཡང་ཤྭ་མིག་ཙམ་ནས་མཐེབ་ཀོར་ཙམ་གྱི་བར་དུ་རྣམ་པར་སྣང་བ་དང་༔ རེས་འགའ་དབྱིངས་སྣང་ཐིག་ལེ་དང་བཅས་པ་མི་གསལ་བར་རིག་གདངས་རྡོ་རྗེའི་ལུ་གུ་རྒྱུད་ཅེས་བྱ་བ་ཁྲ་ཁྲིག་ཁྲིག་གི་རྣམ་པར་སྣང་བ་ལས་དབྱིངས་ཐིག་མི་སྣང་བ་དང་༔ དབྱིངས་ཐིག་ཆེར་འཕེལ་ནས་རྒྱ་ཆེར་སྣང་བ་དང་༔ འགྲིབ་སྟེ་ཇི་ལྟར་འབད་རྩོལ་བྱས་ཀྱང་མི་གསལ་བ་དང་༔ རེས་འགའ་དབྱིངས་སྣང་འོད་དུ་གསལ་བའི་ཀློང་དུ་འོད་ལྔའི་མདངས་ཀྱི་གྲུ་ཆད་ལྟ་བུའི་རྣམ་པར་ཡང་ཡང་སྣང་བར་འགྱུར་བ་ནི་གོམས་པའི་ཚད་ཡིན་ཏེ༔ འདིའི་དུས་སུ་ཚེའི་དུས་བྱས་ཀྱང་བར་དོ་མེད་པར་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བར་འགྱུར་བ་ཡིན་ནོ༔ ཡང་བར་དུ་གོམས་པའི་ཤུགས་ཀྱིས་དབྱིངས་སྣང་རེ་ལྡེ་ལྟ་བུར་ཁྲ་ཆེམ་ཆེམ་དུ་སྣང་བ་དང་༔ ནམ་མཁའ་ལ་དྲྭ་བ་དང་དྲྭ་ཕྱེད་འཕྱང་བའི་རྣམ་པར་སྣང་བ་དང་༔ དབྱིངས་ཀྱི་སྣང་བའི་ཀློང་དུ་མཆོད་རྟེན་དང་༔ པདྨ་དང་༔ དུང་དཀར་དང་༔ འཁོར་ལོ་དང་༔ རྡོ་རྗེ་དང་༔ ནོར་བུ་དང་༔ རྒྱ་གྲམ་དང་༔ རལ་གྲི་དང་༔ མདུང་རྩེ་ལྟ་བུ་དང་༔ གླེགས་བམ་བརྩེགས་པ་ལྟ་བུ་དང་༔ ཡི་གེའི་གཟུགས་སྣ་ཚོགས་པ་དང་༔ སྲོག་ཆགས་ཀྱི་གཟུགས་ལ་སོགས་པ་ངེས་པ་མེད་པར་སྣང་བར་འགྱུར་བ་ཡིན་ནོ༔ དེ་དག་གང་སྣང་ཡང་དབྱིངས་སྣང་ཡིན་པས་ཐིག་ལེ་དང་མ་ནོར་བ་གནད་དུ་ཤེས་པར་བྱའོ༔ ཐིག་ལེ་མཐེབ་ཀོར་ཙམ་ནས་ཁམ་ཕོར་ཙམ་དང་ཕུབ་ཀྱི་སྦ་འཁོར་ཙམ་མུ་ཁྱུད་རིམ་པ་ཅན་གྱི་རྣམ་པར་འཆར་རོ༔ རིག་གདངས་རྡོ་རྗེའི་ལུ་གུ་རྒྱུད་ཅེས་བྱ་བ་ཡང་དང་པོའི་གནས་སྐབས་སུ་སྤུ་ཤད་ཀྱི་ཚད་ཙམ་གསེར་གྱི་མདངས་ལྟར་འོད་དང་ལྡན་པ་སྤུ་ཤད་རླུང་གིས་གཡེངས་པ་ལྟ་བུར་འགྲོ་འོང་གི་རྣམ་པར་སྣང་བ་ལས་བརྟན་གནས་མེད་པ་དང་༔ དེ་ནས་ཅུང་ཟད་བརྟན་པས་གསལ་ལ་འཚེར་བ་ཕྲ་ལ་འཁྱོགས་པ་ཅུང་ཟད་དལ་བ་རི་དྭགས་རྩིབས་ལ་རྒྱུག་པ་ཙམ་དུ་ཤར་གྱིས་འགྲོ་བ་དང་༔ དེ་ནས་ཅུང་ཟད་གོམས་པས་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་འཆར་ཏེ༔ དབྱིངས་ཐིག་གི་ར་བར་བུང་བ་མེ་ཏོག་ལ་འཁོར་བ་ལྟར་དལ་གྱིས་འཁོར་བ་ནི་རིག་པ་མངོན་དུ་གྱུར་པའི་ལྟས་སུ་གསལ་འཚེར་དུ་སྣང་བ་དང་༔ རྩ་གནད་ཀྱིས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོགས་པ་དང་༔ རླུང་གནད་ཀྱིས་གྲོལ་བའི་རྟགས་སུ་འགྲོ་འོང་དུ་སྣང་བ་དང་༔ ཐིག་ལེ་སྦྱངས་པའི་ཡོན་ཏན་ལ་བརྟེན་ནས་གྲོལ་བར་འགྱུར་བའི་རྟགས་སུ་འཁྱོགས་མཚམས་སུ་ཐིག་ལེ་ཡོད་དོ༔ གོམས་པའི་སྟོབས་ཀྱིས་ཤེལ་ལྟར་དྭངས་ཤིང་གསེར་ལྟར་འོད་འབར་བ་ཤེལ་ཕྲེང་འབྲིང་པོ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་སྣང་བ་དང་༔ རབ་ཏུ་གོམས་པའི་ཚད་ནི་མ་ངེས་པར་སྣང་ཡང་མི་འགྲོ་ཞིང་མི་འགུལ་བར་བརྟན་པོར་གནས་པ་ཡིན༔ འདི་ནི་རྒྱུ་མིང་འབྲས་བུར་ཆགས་པའི་མིང་ལའང་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་སྟེ་རིག་པའི་གདངས་ཡིན་པས་ནང་གི་རིག་པ་ཇི་ལྟར་བརྟན་པ་དེ་བཞིན་དུ་རིམ་གྱིས་བརྟན་པར་འགྱུར་བ་ཡིན་ནོ༔ རིག་པ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་དངོས་ནི་མ་ཡིན་ནོ༔ དེ་ལ་ལས་དང་པོ་པའི་གནས་སྐབས་ཞིག་ནས་དབྱིངས་སྣང་མཛེས་པ་དང་༔ གསལ་བ་དང་༔ བརྟན་པ་དང་༔ ལྷ་སྐུའི་གཟུགས་རྣམ་པ་སྣ་ཚོགས་པར་སྣང་བ་དང་༔ འཕེལ་བ་དང་ཟད་པའི་རྣམ་པར་བྱུང་ཡང་ནང་རྟགས་གཅིག་ཀྱང་མ་བྱུང་བར་ཕྱི་རྟགས་དེ་ལྟར་སྣང་བ་རྣམས་ནི་ས་རྫི་ཀ་ལྟར་དུས་མ་ཡིན་པར་མཐོང་སྔ་བས་ཉམས་རྟོགས་ལ་ཡར་སྐྱེད་མི་འབྱུང་བ་དང་༔ ནང་རྟགས་འབྱུང་དུས་ཀྱང་ཕྱིའི་དབྱིངས་ཐིག་མི་གསལ་བ་ཡིན་ནོ༔ དེ་ནི་ཆུ་ཁམས་པ་འགའ་ལ་འབྱུང་བར་འགྱུར་བ་ཡིན་ཏེ་ཉམས་རྟོགས་ནར་སོན་པ་ལ་བང་བུལ་བར་འགྱུར་བའི་རྩ་ཁམས་ཡིན་ནོ༔ དེ་ཉམས་གོང་འཕེལ་དང་རིག་པ་ཚད་ཕེབས་ལ་ནོར་ནས་ངོ་སྤྲད་ན་ཆོས་ཉིད་ཟད་པའི་སྣང་ལྟས་བྱུང་ཡང་ཤེས་རྒྱུད་ཐ་མལ་པ་ལས་སྤུ་ཙམ་ཡང་མ་འཕགས་པར་ཡོད་པ་ནི་རྒྱུད་དང་མི་མཐུན་པར་ཡ་འགལ་དུ་སོང་བས་མཚང་ཤིན་ཏུ་ཆེ་བ་ཡིན་ཏེ་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ཡིན་ནོ༔ ཕྱི་རྟགས་རབ་རིབ་ལ་གསལ་སྣང་ཡོད་ཀྱང་ནང་རྟགས་རྣམས་འབྱུང་བ་གནད་དུ་ཤེས་པ་ཡིན་ནོ༔ ནང་གི་ཤེས་རྒྱུད་ལ་ཉམས་ཀྱི་སྣང་བ་ཐོན་ཡང་ཕྱི་རྟགས་མི་གསལ་བ་ནི་འོད་གསལ་ལ་བལྟ་བའི་གནད་ཡུན་བསྲིང་མ་ཐུབ་པ་དང་བར་ཆད་པའི་རྟགས་སུ་ཤེས་པར་བྱའོ༔ ནང་དུ་ཉམས་སྣང་ཆལ་མ་ཆོལ་མར་ཤར་ཚེ་ཁྲེགས་ཆོད་ཀྱི་སྣང་བ་སློང་བས་ཐོད་རྒལ་གྱི་ཉམས་དཀྲུག་ཀྱང་སྣང་བ་འོད་གསལ་དུ་མ་སྨིན་པ་དེ་ནི་འོད་གསལ་གྱི་རྩལ་མ་རྫོགས་པ་དང་༔ མཚམས་ཆད་པས་འོད་སྣང་ནར་མ་སོན་པ་དང་༔ ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་མ་ཚུད་པའི་རྟགས་ཡིན་པས་བར་མ་ཆད་པར་སྦྱང་བ་ལ་འབད་པར་བྱའོ༔ གནས་སྐབས་དེ་ལ་བབས་ཚེ་ལ་ལས་ནི་བློ་ཡིད་ཉམས་ཀྱིས་བསླད་ནས་ཡུལ་མང་པོར་བགྲོད་མཐར་རྐྱེན་ངན་གྱི་དབང་དུ་ཤོར་བས་དེའི་ཐོག་ཏུ་ལུས་པས་གྲོལ་བ་མི་ཐོབ་པ་དང་༔ འགའ་ཞིག་གི་རྒྱུད་བདུད་དང་ལྷ་འདྲེའི་ཆོ་འཕྲུལ་ལས་སྐུ་གསུང་ཐུགས་རྟེན་རེ་རྙེད་པ་དང་༔ རྩལ་སྣང་གིས་ཆོས་ཚིག་ཡི་གེར་ཤར་བ་འབྲི་སྙིང་འདོད་པའི་དབང་དུ་སོང་ཞིང་ཞེན་ནས་བུད་མེད་ལ་སྤྱོད་པས་གཏེར་སྟོན་དུ་ཁས་ལེན་ཅིང་རང་གཞན་གཉིས་ཀ་ཕུང་གཞི་བྱེད་པའང་ཤིན་ཏུ་མང་བ་དང་༔ ལ་ལས་ནི་མངོན་ཤེས་དང་རྨི་ལམ་གྱི་སྣང་བས་རང་གཞན་གྱི་ལེགས་ཉེས་འགའ་རེ་མཐོང་བ་དང་༔ ས་རྡོ་དང་དངོས་པོ་འགའ་ལ་ལག་རྗེས་སྣང་བ་སོགས་ལྷ་འདྲེའི་ཆོ་འཕྲུལ་གྱིས་ལྟས་མངོན་པ་གྲུབ་ཐོབ་ཏུ་ཁས་ལེན་ཅིང་ཁྱིམ་ཐབས་འཛིན་ནས་འཁོར་བའི་ཁ་དཔོན་བྱེད་པ་དང་༔ མངའ་ཐང་དང་ལས་ཀ་ཆེན་པོའི་གཞི་གཏིང་ནས་དལ་མེད་ཁོར་ཡུག་ཏུ་འབད་རྩོལ་ཆེན་པོས་མི་ཚེ་ཟད་པ་དང་༔ ཚེ་གཅིག་གཏོ་ཡས་ལ་མགོ་འཁོར་ཞིང་སློང་མོ་དང་རྙེད་འཚོལ་ལ་ཆོག་ཤེས་མེད་པར་འཁྱམས་པ་ནི་བདུད་དང་འདྲེས་བརླམ་སྟེ༔ བྱ་བཏང་བ་དང་བླ་སྒར་ཆེན་པོའི་གོ་སར་ཕེབས་པའང་ཆོས་བརྒྱད་བདུད་ཡུལ་ནག་པོར་མགོ་འཁོར་བ་ཡིན༔ ལ་ལས་ནི་ཉམས་ནད་དུ་བཟུང་༔ རྒྱབ་བརྟེན་འདྲེ་རུ་འཛིན་ཅིང་༔ སྨན་དཔྱད་དང་རིམ་གྲོ་བྱེད་ཚེ་མོ་རྩིས་དཔྱད་བརྟག་གི་རིགས་ཐམས་ཅད་འཁྲུགས་ནས་རྣམ་པར་རྟོག་པ་སློང་༔ རྨི་ངན་ཐན་ལྟས་མཐོང་ནས་རྣམ་རྟོག་བཙན་ཐབས་སུ་སློང་བ་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཡིན༔ ལུས་ལ་ནད་རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ་འདུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་གང་ཡང་རུང་བའི་རྣམ་པར་ལྡང་བ་ནི་ནང་སློང་ལུས་ཀྱི་ན་ཚ་སྟེ་དེ་བདེན་པར་བལྟས་ན་གོལ་སར་ཤོར་བ་ཡིན་ཏེ་འཆི་བ་སྲོག་ལ་འབབ་པའམ་ཡུལ་རྐྱེན་ངན་པའི་དབང་དུ་འཁྲུལ་པར་འགྱུར་བ་ཡིན་ནོ༔ ལ་ལར་སེམས་ལ་མི་བཟོད་པའི་ཟུག་རྔུ་རྣམ་པ་སྣ་ཚོགས་དང་༔ དགའ་བ་དང་མགུ་བའི་སྣང་བ་སྣ་ཚོགས་ཤར་བ་ཐམས་ཅད་གསང་སློང་སེམས་ཀྱི་དགའ་སྡུག་ཅེས་བྱ་སྟེ༔ མངོན་ཞེན་དང་བདེན་པར་བཟུང་ན་གོལ་སར་འཕྱན་ནས་གྲོལ་བ་ཐོབ་པར་མི་འགྱུར་རོ༔ སེམས་ལ་སྡུག་བསྔལ་བ་དང་༔ སྙིང་སྲོག་ན་བ་དང་གཟེར་བའི་དབང་གིས་ཤུ་འདེབས་པ་ངུ་སྙིང་འདོད་པ་མཐོང་ཚོར་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་མངོན་ནས་མི་ཡི་རྒྱུ་འགྲུལ་མེད་པའི་སར་འབྲོས་སྙིང་འདོད་པ་དང་༔ སྡོད་སར་མི་ཚུགས་པར་གནས་དབེན་པར་སླེབས་ཚེ་གྲོགས་དང་སྲོག་ཆགས་རྒྱུ་འགྲུལ་ལ་དགའ་བ་དང་༔ འདོད་པ་དང་བསྐམ་པ་བྱུང་ནས་དེར་ཡང་སྡོད་མི་ཚུགས་པ་འབྱུང་སྟེ༔ དེ་ལ་ཞེན་ཅིང་ཆགས་པའི་དབང་དུ་སོང་ནས་བདེ་བ་འཚོལ་བའི་ཐབས་ལ་འབད་པ་ནི་གོལ་སར་ཤོར་བ་ཡིན་པས་ཤེས་པར་བྱའོ༔ སྡུག་བསྔལ་གྱིས་སྐྲག་པའི་དབང་གིས་ལུས་ངག་ཡིད་གསུམ་རྣམ་པར་གཡེངས་ནས་ལས་བྱེད་པ་ལ་ཁ་འཁྱོལ་བ་ནི་ཤིན་ཏུ་འཁྲུལ་པར་ཤོར་བ་ཡིན༔ ལ་ལས་ནི་སྙིང་སྲོག་མི་བདེ་བའི་སྡུག་བསྔལ་ལ་སྐྱོ་ཞིང་སུན་པས་གྲོང་ཡུལ་མང་པོ་འགྲིམ་ཚེ་ཕན་པར་སྣང་བ་དང་༔ སླར་ཡང་རང་ཡུལ་ལ་སོགས་པར་འཁོད་ནས་ཞག་གྲངས་མི་མང་བ་ལས་སྔར་བཞིན་མི་བདེ་བའི་ཟུག་རྔུ་ལྡང་ནས་ཡང་འགྲོ་སྙིང་འདོད་དེ་འགྲོ་བ་ནི་མི་ཚེ་སྟོང་ཟད་དུ་གཏོང་བའི་སྐྱེས་བུ་ཡིན༔ ལ་ལས་ནི་སེམས་ཐེ་ཚོམ་ཡིད་གཉིས་ཀྱིས་གང་ནས་ཐག་ཆོད་པ་ཞིག་འབྱུང་རྒྱུ་ཨི་ཡོད་སྙམ་དུ་ཡུལ་མང་པོར་ཡང་ཡང་འགྲོ་སྟེ་མི་ཚེ་སྟོང་ཟད་དུ་འཆོར་བ་ཡིན༔ ལ་ལས་ནི་སློབ་དཔོན་གྱིས་བསླབ་ཉེས་སུ་གོ་ཞིང་ཁྱེར་ནས་ལོག་པར་ལྟ་བ་དང་༔ ལ་ལས་ནི་རང་གི་སྒོམ་ཉེས་པར་འཛིན་ཞིང་འགྱོད་སེམས་དང་ཅི་བྱེད་སེམས་པའི་བསམ་མནོ་རྒྱུན་ཆད་མེད་པར་གཏོང་བ་དང་༔ ད་དགེ་བའི་བཤེས་གཉེན་གཞན་གྲགས་པ་ཅན་ཞིག་གི་ཚལ་དུ་སོང་ན་ཕན་ནམ་སྙམ་ནས་ཕྱིན་པས༔ དགེ་བའི་བཤེས་གཉེན་གང་ལའང་དེང་སང་གི་དུས་འདིར་ལམ་འདིའི་ཡིན་ལུགས་དང་ཉམས་ཀྱི་འབྱུང་ཚུལ་ལ་སོགས་པའི་རྒྱུས་ཤེས་པ་གཅིག་ཀྱང་མེད་པས་ཁོང་རྣམས་ཀྱི་ཆེ་བ་བྲི་བར་དོགས་ནས་མི་ཤེས་དང་རྒྱུས་མེད་ཅེས་པ་གསུང་མི་ནུས་པར་ལ་ལས་ནི་བློ་ཡིད་ཀྱི་བཅས་བཅོས་ཤིག་བསླབ་ནས་ཁྱོད་ཀྱི་སྒོམ་པ་སྒོམ་ལོག་ཏུ་སོང་བ་ཡིན་པར་སྐད་པ་དང་༔ ལ་ལས་ནི་ཁྱོད་ཀྱི་བླ་མས་ཁྲིད་མི་ཤེས་པས་ལོག་ལམ་ཏུ་སོང་བ་ཡིན་ཅེས་ཟེར་ཞིང་འདི་ལྟར་གྱིས་ཟེར་ནས་ཁོང་གི་ཤེས་ཚོད་ཀྱི་གདམས་པ་གོ་མ་ཆོད་པ་རེ་བསླབ་ནས་དེ་ལ་བསྟོད་པ་བརྗོད་པར་བྱེད་པ་དང་༔ ལ་ལས་ནི་ཁོང་གི་དགོངས་པ་འཕོ་ནུས་པར་སྐད་པའི་མཐོ་སྐད་ཀྱི་ཚིག་གྱེར་ནས་ངས་ཐུགས་གཏད་བྱེད་ཁྱོད་ཀྱིས་ཐུགས་ཡིད་བསྲེས་དང་ས་ལམ་ཐམས་ཅད་དུས་གཅིག་ལ་རྫོགས་འོང་བར་སྐད་པ་ནི་ཤིན་ཏུ་མང་སྟེ༔ དེ་ལྟར་ཡིན་ན་སངས་རྒྱས་ཀྱི་ཐུགས་རྒྱུད་སེམས་ཅན་ལ་འཕོས་ནས་འཁོར་བ་སྟོང་ཟིན་དགོས་པ་དང་༔ ཁྱད་པར་སངས་རྒྱས་ཀྱི་འཁོར་ཉན་རང་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ལ་ཐུགས་ཡིད་བསྲེས་པས་སངས་རྒྱས་ཀྱི་དགོངས་པ་འཕོ་ན་ཐེག་པ་དམན་པ་ལས་ཆེར་བསྐྱེད་ནས་གོང་ནས་གོང་དུ་ཅིས་མི་འདྲོང་༔ དགོངས་རྒྱུད་འཕོ་ཞེས་པའི་ཁ་ཕོ་མཐོ་བ་ལ་བདེན་པར་མ་ཞེན་ཅིག༔ འགའ་ཞིག་གིས་བདག་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་ཞེན་མེད་པར་སེམས་པ་དང་༔ འགའ་ཞིག་རང་རྒྱུད་སྔར་ལས་སྤུ་ཙམ་མ་འཕགས་ཏེ་སྣང་བ་སྣ་ཚོགས་མཆེད་པ་ལ་སྣང་ཐོག་ཏུ་ཞེན་ནས་འཁྲུལ་པར་འབྱམས་པའི་ངང་ཚུལ་ལ་བརྟག་དཔྱད་མི་བྱེད་པའི་དམུས་ལོང་རྣམས་ཀྱིས་ང་ནི་ཆོས་ཉིད་ཟད་པའི་སར་སླེབ་ཟིན་ཟེར་བ་དང་༔ ངའི་འཁྲུལ་པ་ཞིག་པ་ཡིན་སྙམ་དུ་སེམས་པ་དག་འབྱུང་བ་ལ༔ མཁས་པ་ཡོན་ཏན་ཅན་རྣམས་ཀྱིས་ཤིན་ཏུ་ཁྲེལ་ཞིང་ལུང་རིག་གི་མཚོན་ཆས་བསྣུན་པར་བྱེད་ངེས་པས༔ ལམ་འདིར་ཞུགས་པའི་སྐྱེས་བུ་རྣམས་ཀྱིས་གཟབ་དགོས་པའི་གནས་ཡིན་ནོ༔ ཆོས་གཞན་བསྒྲུབ་ཀྱང་ཚེ་འདི་ཉིད་ལ་རྣམ་པར་གྲོལ་བའི་ས་མཆོག་ཐོབ་པར་མི་འགྱུར་བའི་ཕྱིར་བདུད་རྣམས་ཀྱིས་དེ་ལ་ཕྲག་དོག་དང་ཞེ་སྡང་བར་མི་འགྱུར་བས་བར་ཆད་ཡང་མི་བྱེད༔ ལམ་འདི་ཉིད་མཐའ་རུ་ཕྱིན་པར་གྱུར་ན་ཚེ་གཅིག་ལུས་གཅིག་འདི་ལ་བདུད་ཀྱི་སྡེ་དཔོན་དྲག་ཤུལ་ཅན་གྱི་མངའ་འོག་ནས་ཐོན་ཏེ་སངས་རྒྱས་ཀྱི་སར་གཤེགས་པ་ལ་བདུད་ཕྲག་པ་དོག་ཅིང་ཞེ་སྡང་སྟེ་བར་ཆད་རྩོམ་པ་ལ་ཆས་ནས་གེགས་བྱེད་ཅིང་སྣང་བའི་ཡུལ་དུ་བསླུ་བའི་རྫུ་འཕྲུལ་རྣམ་པར་སྟོན་པར་བྱེད་པ་ཡིན༔ དེ་ལྟར་བར་ཆད་ཀྱི་དབང་དུ་མ་སོང་བར་རྩེ་གཅིག་ཉམས་སུ་བླངས་པས་འོད་སྣང་ཆེར་འཕེལ་ནས་མཉམ་པར་བཞག་པ་ཙམ་ནས་སྣང་བ་ཐམས་ཅད་བར་དང་གོ་མཚམས་མེད་པར་འོད་དང་ཐིག་ལེས་ཁྱབ་པའོ༔ མ་དག་པའི་སྣང་བ་ལ་མིག་གིས་བལྟས་པས་ཐ་མལ་གྱི་སྣང་བ་བཞིན་སྣང་བ་ནི་ཆུ་བུར་མིག་གིས་མཐོང་བ་ཡིན༔ འོད་སྣང་དྲན་པ་ཙམ་གྱིས་དབྱིངས་ཐིག་གམ་ལུ་གུ་རྒྱུད་དུ་སྣང་བ་ནི་ཤེས་པ་མངོན་དུ་གྱུར་པའི་བྱེད་ལས་ཡིན་པས་ཤེས་རབ་ཀྱི་མིག་གིས་མཐོང་བ་ཞེས་བྱའོ༔ མཉམ་པར་བཞག་པའི་ཚེ་ན་དབྱིངས་དང་ཐིག་ལེའི་རོལ་པར་མཆེད་དེ་ངང་བརྟན་ཅིང་རྒྱུན་ཆགས་པ་ནི་ཡེ་ཤེས་ཀྱི་མིག་གིས་གསལ་བ་ཞེས་བྱ་བ་ཡིན༔ དང་པོའི་གནས་སྐབས་སུ་འོད་གསལ་གྱི་སྣང་བ་མངོན་དུ་བྱེད་པའི་ཤེས་པ་ནི་ཤེས་རབ་ཀྱི་མིག་ཅེས་བྱ་བ་ཡིན༔ དེ་ལ་ཡེ་ཤེས་ཀྱི་སྤྱན་རྡུལ་དང་བྲལ་བ་ཇི་ལྟར་ཚུད་པ་བཞིན་དུ་དབྱིངས་ཐིག་འོད་གསལ་ལྷ་སྐུའི་སྣང་བ་མ་མཐོང་གི་བར་དུ་དེ་ལྟར་གསལ་བར་བྱེད་པ་ཡིན༔ སླར་ཡང་ཤེས་རབ་ཀྱི་མིག་གསལ་འགྲིབ་དང་བྲལ་བའི་རྣོ་ཡེ་ཤེས་རྩེ་མོས་མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་ཀུན་ཏུ་སྣང་བ་ཐམས་ཅད་འོད་དང་འཇའ་ཐིག་གི་རོལ་པར་ཇེ་འཕོ་ཇེ་གསལ་དུ་སོང་ནས་མཐར་ས་རྡོའི་སྣང་བ་མི་མངོན་པར་འོད་སྣང་གི་རོལ་པ་བར་མཚམས་མེད་པར་ཁོར་ཡུག་ཏུ་འདྲེས་པ་ནི་ཐ་མ་གོམས་པའི་ཚད་དང་སྙིགས་མ་དྭངས་མར་འཕོས་དྭངས་མ་འོད་ལྔར་འཕོས་ཏེ་མངོན་ཏུ་གྱུར་པ་ཡིན༔ ཉམས་གོང་འཕེལ་གྱི་རྩལ་རྫོགས་པའི་ཚད་དང་ས་མཚམས་འདིར་ཐིག་ལེ་ཆེ་བ་གནམ་ས་ཁེབས་པ་ཙམ་དང་ཆུང་བ་ཡུངས་འབྲུ་ཙམ་གྱི་བར་དུ་མ་ངེས་པར་འཆར་ཏེ་ལྔ་ཚོམ་དུ་སྣང་༔ དབྱིངས་སྣང་དུ་མཁར་ཐབས་ཀྱི་སྒོ་དང་ཡ་ཕུབ་ཆོས་འཁོར་གདུགས་ཏོག་དྲིལ་གདང་དར་དཔྱངས་དང་བཅས་པའི་རྣམ་པར་སྣང་བར་འགྱུར༔ དེ་ལྟར་མྱུར་ལམ་ཟབ་མོ་ཉམས་སུ་ལེན་པའི་སྐྱེས་བུ་ལས་དང་སྨོན་ལམ་དུས་འཛོམ་པའི་སྐལ་བར་ལྡན་པ་རྣམས་འཆི་བའི་དུས་ནའང་དང་པོའི་གནས་སྐབས་གྲུ་ཆད་ཀྱི་རྣམ་པར་སྣང་ཚེ་རང་བཞིན་སྤྲུལ་པའི་སྐུར་དབུགས་འབྱིན་པ་དང་༔ མཐར་རྩལ་རྫོགས་ནས་ཐིག་ལེ་ལྔ་ཚོམ་ལས་མི་སྣང་བའི་དུས་བར་དོ་མེད་པར་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་འགྱུར་རོ༔ ས་ལམ་གྱི་དོད་དུ་བསྟན་ན་ཐོད་རྒལ་རང་ལམ་ནས་ཉམས་སྣང་གོང་འཕེལ་ཞེས་བྱ་བའི་ཐོག་ཏུ་ཕེབས་ཚེ་མདོ་ལམ་དུ་ས་ལྔ་པ་སྦྱངས་དཀའ་བ་ཞེས་པར་ངེས་པ་ཡིན་ཏེ༔ ཉམས་ཀྱི་ཟུག་རྔུ་མི་བཟོད་པ་དང་༔ ཉམས་ཀྱི་དབང་དུ་ཞེན་ཅིང་འཆོལ་བས་གནས་སྐབས་འདིར་བབས་ཚེ་ལམ་མཐར་ཕྱིན་པར་སྦྱང་ནུས་པ་ཤིན་ཏུ་དཀའ་བའི་ཕྱིར་སྦྱངས་དཀའ་བ་ཞེས་བྱ་བ་དང་༔ སྔགས་ལམ་དུ་འཁོར་བར་སྐྱེ་འཆིའི་སྣང་བ་ཐམས་ཅད་ཆོད་ནས་མི་འཆི་ཚེ་ལ་དབང་བའི་རིག་འཛིན་གྱི་ས་ཐོབ་པ་ཡིན་ནོ༔ དེ་ནས་རིག་པ་བཅུད་དུ་སྨིན་པ་ཚད་ཕེབས་ཞེས་བྱ་བའི་སྣང་བ་འདི་ལྟར་འབྱུང་བ་ཡིན་ཏེ༔ ཐིག་ལེ་ལྔ་ཚོམ་ཐམས་ཅད་ཀྱི་ཀློང་དུ་སྐུ་ཡར་ཕྱེད་སྐུ་སྨད་སྤྲིན་གྱི་རྣམ་པའི་འོད་ཀྱི་རྣམ་པར་སྣང་བ་དང་༔ སྐུ་གདོང་ཕྱེད་བཀས་པ་ལྟར་དུ་སྣང་བ་རྣམས་དེའི་དུས་སུ་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་རིམ་པ་བཞིན་ལྷ་སྐུ་ཆ་ཚང་དུ་སྣང་ནས་སྐུ་རྐྱང་པ་ལོངས་སྤྱོད་རྫོགས་པའི་རྒྱན་རྫོགས་པ་དཀར་པོ་རྣམ་པར་སྣང་མཛད༔ སྔོན་པོ་རྡོ་རྗེ་སེམས་དཔའ༔ སེར་པོ་རིན་ཆེན་འབྱུང་ལྡན༔ དམར་པོ་སྣང་བ་མཐའ་ཡས༔ ལྗང་གུ་དོན་ཡོད་གྲུབ་པ་རྣམས་སྣང་བ་དང་༔ དེ་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་སྐུ་ཡབ་ཡུམ་ཟུང་འབྲེལ་གྱི་རྣམ་པར་རིམ་པ་བཞིན་དུ་སྣང་བ་དང་༔ ཡང་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མ་བཞི་དང་བཅས་པ་འཆར་བ་ཡིན་ནོ༔ དེར་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིགས་ལྔའི་ཚོམ་བུ་རྣམས་སྐུ་རྒྱན་རྫོགས་པར་མཛེས་ཤིང་ཡིད་དུ་འོང་བ་དར་སྣ་ཚོགས་པས་ཀླུབ་པ་འོད་ཟེར་འབར་ཞིང་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པར་སྣང་ངོ་༔ དེ་ཡང་ཆེས་ཆེར་གོམས་པའི་སྟོབས་ཀྱིས་ཕྱི་གཞལ་ཡས་ཁང་ནང་ཐོད་པ་ར་རི་གསུམ་གྱིས་བརྩིག་པའི་གཞལ་ཡས་ཁང་མེ་རི་འབར་བའི་ཀློང་དུ་ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཡབ་ཡུམ་འཁྲིལ་སྦྱོར་དང་ཡབ་རྐྱང་རྣམས་གླང་ཆེན་གྱི་ཀོ་རློན་དང་༔ མི་ལྤགས་ཀྱི་སྐེད་དཀྲིས་དང་༔ སྟག་ལྤགས་ཀྱི་ཤམ་ཐབས་ཀྱིས་ཀླུབ་པ༔ མཚོན་ཆ་ཐོགས་པ༔ ཆེ་བ་གནམ་ས་ཙམ་ནས་ཆུང་བ་སྲན་མ་ཙམ་གྱི་བར་དུ་ཚད་མ་ངེས་པར་སྣང་བ་ཡིན་ནོ༔ སྣང་སྲིད་ཐམས་ཅད་འཇའ་འོད་མེ་དཔུང་གི་རྣམ་པས་གང་ཞིང་ཡོངས་སུ་ཁེབས་པའི་རྣམ་པར་སྣང་བ་དང་༔ ཡུལ་ཁབ་མིག་ཙམ་གྱི་ནང་དུ་ལྷ་སྐུ་རྒྱན་རྫོགས་པས་གང་ཞིང་གསལ་བར་སྣང་བ་ནི་ཚད་ཕེབས་ཀྱི་རྩལ་རྫོགས་པའི་ཚད་དུ་འཆར་བའོ༔ ངག་གི་ཚད་ནི་གྲུལ་བུམ་གྱི་ཕྲུ་གུས་གླུ་ལེན་པ་ལྟར་གཞན་གྱི་རྣ་ལམ་དུ་སྙན་ཅིང་བློ་ཁ་བསྒྱུར་ནུས་པ་དང་༔ གཞན་ཡང་ཆོས་ཀྱི་ཚིག་སྣ་ཚོགས་དང་༔ གཏམ་རྒྱུད་རྣམ་པ་སྣ་ཚོགས་པ་དང་༔ སྒྲ་དང་སྙན་ངག་སྡེབ་སྦྱོར་སྣ་ཚོགས་པ་རང་བརྡོལ་བ་དང་༔ སྣང་བ་བརྡ་དང་དཔེ་ཆར་ཤར་ནས་རྒྱུད་ལུང་མན་ངག་གི་ཚིག་དོན་ཐམས་ཅད་ཆུའི་གཞུང་བཞིན་དུ་བརྡོལ་བ་དང་༔ གླུ་དབྱངས་མགུར་མ་ལ་སོགས་པའི་ཚིག་གིས་གཞན་སྣང་དབང་དུ་བསྒྱུར་ཞིང་གཞན་རྒྱུད་ལ་ཕན་གདགས་པ་ཡིན་ནོ༔ ལུས་ཀྱི་རྟགས་ནི་ལུས་མེ་ལོང་གི་བྱད་ལྟར་དྭངས་ཤིང་གསལ་བའི་ཀློང་དུ་གཟུགས་བརྙན་སྣང་བ་བཞིན་དུ་རིགས་ལྔའི་ཕྱག་རྒྱ་གསལ་བ་དང་༔ གཟུགས་བརྙན་སྣ་ཚོགས་པ་སྣང་བ་དང་༔ ལུས་ཤིང་བལ་ལྟར་ཡངས་ཤིང་གདོས་པའི་སྣང་བ་མེད་པ་དང་༔ ལུས་ཀྱི་སྲིན་བུ་འོད་གསལ་དུ་གྲོལ་བའི་ལྟས་སུ་ལུས་ལ་ཤིག་སྲོ་མི་བྱུང་བ་དང་༔ སྐྲ་དཀར་ནག་པོར་འགྱུར་བ་དང་༔ དུང་སོ་དཀར་པོ་ཤིན་ཏུ་གསལ་བར་སྐྱེ་བ་དང་༔ གཞོན་ཤ་རྒྱས་ཏེ་གཉེར་མ་རྣམས་དྭངས་པ་དང་༔ ཕ་རོལ་པོའི་མིག་གིས་མཐོང་བ་ཙམ་ནས་སྣང་བ་བསྒྱུར་ཏེ་དད་གུས་སྐྱེ་བ་དང་༔ ཡེ་ཤེས་ཀྱི་མེ་དྲོད་འབར་བས་གོས་ཀྱི་འདུ་ཤེས་བོར་ནས་གྲང་བའི་སྣང་བ་ཡུལ་མེད་དུ་སངས་ཏེ་བདེ་དྲོད་རྒྱུན་མི་ཆད་པ་དང་༔ ཟས་ཀྱི་འདུ་ཤེས་བོར་ནས་ཏིང་ངེ་འཛིན་གྱི་ཟས་བདེ་སྟོང་གི་ནུས་པས་ལོ་ཟླར་འཚོ་བ་དང་༔ བ་སྤུ་རེ་རེའི་ཁུང་བུར་སེམས་ཅན་གྱི་གནས་རིས་བསམ་གྱིས་མི་ཁྱབ་པའི་སྣང་བ་བཀོད་པ་དང་༔ སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་བཀོད་པ་ནི་རྫུ་འཕྲུལ་ལ་རང་དབང་ཐོབ་པ་ཡིན༔ འཇུག་པ་དང་སྤྲུལ་པ་ལ་རང་དབང་བསྒྱུར་ཏེ་སེམས་ཅན་གྱི་གནས་རིས་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲུལ་ནས་སྐད་ཅིག་དེ་ཉིད་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པ་འདྲེན་པ་དང་༔ སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲུལ་ནས་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་ཅིང་དབང་ནོད་དེ་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་འབྱེད་པ་དང་༔ དེ་གཞན་དུ་བསྒྱུར་ནས་ཡང་རང་དང་གཞན་གྱི་སྣང་བ་བཀོད་པ་དང་༔ སྤྲུལ་པ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་འཕྲུལ་ཅིང་འགྱེད་པར་བྱེད་པའོ༔ སྣང་བ་རྣམ་པར་དག་པས་སྣང་བ་ཞིང་ཁམས་ཀྱི་རོལ་པར་འཆར་བ་དང་༔ སེམས་ཉིད་རྣམ་པར་དག་པས་སྲིད་པ་ལྷ་སྐུའི་རོལ་པར་འཆར་བ་དང་༔ སྒྲ་རྣམ་པར་དག་པས་སྒྲ་གྲགས་ཆོས་ཀྱི་འཁོར་ལོར་སྣང་བ་ཡིན་ཏེ༔ དེ་ལྟར་རྣམ་པར་དག་པ་གསུམ་གྱི་རོལ་པར་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བ་ལས་མ་དག་པའི་སྣང་བ་རྡུལ་ཙམ་ཡང་མི་འབྱུང་བ་ཡིན༔ སྦྱོར་བ་ལ་རང་དབང་འབྱོར་ནས་མ་དག་པ་འཁོར་བའི་སྒོ་དུ་མ་དག་དབྱིངས་བདེ་བ་ཆེན་པོར་སྦྱོར་ནུས་པ་དང་༔ སྒྲོལ་བ་ལ་རང་དབང་ཐོབ་ནས་མཚམས་མེད་པ་ལྔ་ལ་སྤྱོད་པའི་སྐྱེས་བུ་ལའང་རིག་པ་གཏད་པ་ཙམ་གྱིས་རྣམ་པར་གྲོལ་བའི་ས་ལ་སྒྲོལ་བར་བྱེད་པ་དང་༔ འབྱུང་བ་ལ་རང་དབང་འབྱོར་ནས་དངོས་པོ་ཐམས་ཅད་གསེར་དང་དངུལ་ལ་སོགས་པར་བསྒྱུར་བ་དང་༔ ཆུ་མེ་ལ་བསྒྱུར་བ་དང་༔ མེ་ཆུ་ལ་བསྒྱུར་བ་ལ་སོགས་པའི་སྣང་བ་དབང་དུ་བྱེད་པ་ཡིན་ནོ༔ ཟད་པ་ལྔའི་སྐྱེ་མཆེད་ལ་དབང་འབྱོར་བས་ལུས་འབྱུང་བ་ལྔར་སྤྲུལ་ནུས་པ་དང་༔ སྲོག་ཆགས་གཞན་ལ་བརྫུ་བར་ནུས་པ་དང་༔ སྤྲུལ་པའི་གཟུགས་སྣང་སྣ་ཚོགས་པ་འཕྲུལ་བར་བྱེད་ནུས་པ་ཡིན་ནོ༔ སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་ལ་མངའ་དབང་བསྒྱུར་ནས་འཇིག་རྟེན་གསུམ་ལས་འདའ་བར་འདོད་ཚེ་ཆོས་སྐུ་ཀུན་ཏུ་བཟང་པོའི་དབྱིངས་སུ་སངས་རྒྱས་པར་འགྱུར་རོ༔ འདི་དུས་ནི་ཚེ་རབས་ཐམས་ཅད་ཀྱི་དགེ་སྡིག་རྒྱུ་འབྲས་ལ་མ་ལྟོས་པར་ཡར་གྱི་ཟང་ཐལ་ཆེན་པོར་སངས་རྒྱས་པ་ཞེས་བྱ་སྟེ་ལས་ལ་བཟང་ངན་དང་བར་མ་དོའི་སྣང་བ་ལ་མ་ལྟོས་པར་སེམས་སྣང་ཐམས་ཅད་མུན་རུབ་པའི་ནམ་མཁའ་ལྟ་བུའི་སྟེང་དུ་ནམ་ལངས་པ་ལྟར་རང་ཐོག་ཏུ་རང་སད་པ་ཙམ་ལས་འཆི་བ་མེད་པའོ༔ རྫོགས་ཆེན་རང་ལམ་དུ་ཚད་ཕེབས་དང་༔ མདོ་ལམ་དུ་ས་བརྒྱད་པ་ཞེས་བྱ་བ་འདིར་དོན་གྱིས་ཐོབ་པ་དང་༔ བསྐྱེད་པའི་ལམ་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ་ཡང་འདིར་དོན་གྱིས་ཐོབ་པ་ཡིན་ནོ༔ གཞན་ཡང་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས་ཉམས་ཀྱི་འཆར་སྒོ་ཡང་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡོད་པས་མཐའ་གཅིག་ཏུ་མི་འཛིན༔ ཚད་བཟུང་ཡང་མེད་དེ་བཤད་ཟིན་པ་འདི་དག་དཔེ་དང་བརྡ་ཙམ་ཡིན་ཏེ༔ རིག་པས་དཔྱད་ཅིང་གང་ཤར་གང་སྣང་ཐམས་ཅད་ཉམས་ཀྱི་རང་བཞིན་ཡིན་པར་ཐག་ཆོད་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་དེ་ལྟར་ཉམས་སུ་བླངས་པས་སྐྱེས་བུ་བརྩོན་འགྲུས་སྙིང་སྟོབས་ཆེན་པོ་དང་ལྡན་པ་ལམ་གཞན་ལྟར་དབང་པོ་རྣོ་རྟུལ་དང་ལས་ལ་བཟང་ངན་དང་ན་སོ་རྒས་གཞོན་སོགས་ལ་ལྟོས་པ་མ་ཡིན་ཏེ༔ བརྩོན་འགྲུས་དང་སྙིང་སྟོབས་ཁོ་ནའི་བྱེད་ལས་ཀྱི་ཕྱིར་དབང་པོ་ཡང་རབ་ཏུ་བརྗོད་པ་ཡིན༔ དེས་ན་སྒོམ་པ་ཉམས་ལེན་ལ་སྣ་མི་སུན་པར་མི་ཚེ་ཆོས་ལ་དྲིལ་བ་དག་གིས་བཤད་པའི་རིག་པ་ཚད་ཕེབས་ཀྱི་སྣང་བ་ཕྱི་ནང་མ་འཛོལ་བ་རྒྱུད་ལ་འབྱུང་བའི་ཚེ་ན་སྣང་བ་ཐམས་ཅད་འོད་གདངས་ཉིད་ལས་ཐ་མལ་གྱི་སྣང་བ་མི་འབྱུང་ཞིང་སྣང་བར་མི་འགྱུར་རོ༔ མཐར་བཅོ་ལྔའི་ཟླ་བ་ལྟ་བུ་སྐུ་དང་ཐིག་ལེའི་སྣང་བ་ཐམས་ཅད་རིམ་བཞིན་ཇེ་ཉུང་དུ་འགྲོ་སྟེ༔ དུང་ཁང་ནས་འོད་ཕུང་དཀར་པོ་སྤྲིན་ཕུང་ལྟ་བུ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ༔ ཐིག་ལེ་ལྔ་ཚོམ་དུ་ཤར་བའི་དབུས་སུ་རྣམ་པར་སྣང་མཛད་ཡབ་ཡུམ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས་པ་དེ་ལ་དེ་འདྲ་བ་བཞི་ཡིས་བསྐོར་བར་སྣང་སྟེ༔ སྐུ་དེ་དག་གི་ཐོ་ཕྱི་དང་ཁོར་ཡུག་ཐམས་ཅད་རྡོ་རྗེ་ལུ་གུ་རྒྱུད་དཀར་པོ་ཤེལ་དཀར་གྱི་ཕྲེང་བ་བསྟར་ལ་རྒྱུས་པ་ལྟ་བུར་དྲྭ་བ་དྲྭ་ཕྱེད་འཕྱང་བའི་རྣམ་པར་འཆར་རོ༔ དེ་ནས་ཡར་མཆེད་པ་དང་མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་ཟླ་ལྟར་དཀར་བ་རང་གི་སྨིན་མཚམས་སུ་ཟུག་པ༔ འོད་ཀྱི་སྣམ་བུ་དེ་ལ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་ཞག་བདུན་ནམ་ལྔར་འཆར་ཏེ༔ མཐར་རང་གི་སྨིན་མཚམས་སུ་ཐིམ་པས་ལུས་འོད་ཕུང་དུ་སྨིན༔ མི་འགྱུར་བ་སྐུ་རྡོ་རྗེའི་དབང་ནོད་པ་ཡིན་ཏེ༔ འདིའི་དུས་སུ་ཚེའི་དུས་བྱས་ནའང་དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ༔ ས་གཞི་ཐམས་ཅད་རིན་པོ་ཆེ་ཤེལ་ལས་གྲུབ་པ་རྒྱ་ཆེ་ཞིང་ཁྱོན་ཡངས་པ་ཁྱབ་བརྡལ་ནམ་མཁའི་ཁྱོན་ལ་བསྙེགས་པ༔ ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་བྱད་ལྟ་བུ༔ མནན་ན་མར་ལ་ནེམ་ཞིང་བཏེགས་ན་ཡར་ལ་སྤར་བ༔ སའི་བཞིན་ལ་རྐང་པའི་མཐིལ་གྱིས་རེག་པས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་འབར་བ༔ སྨན་གྱི་སྤང་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་པདྨོས་ས་གཞི་ཐམས་ཅད་ཡོངས་སུ་ཁེབས་པ༔ ནམ་མཁའ་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ གཞན་ཡང་འཇའི་བླ་བྲེ་དང་༔ གདུགས་དང་རྒྱལ་མཚན་དང་འཕན་ལ་སོགས་པའི་རྣམ་པར་སྣང་བ༔ ཁོར་ཡུག་ཐམས་ཅད་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཆེན་པོས་བསྐོར་བའི་འགྲམ་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་པ་དང་༔ གཡུའི་ནེའུ་སིང་དང་༔ གསེར་གྱི་བྱེ་མ་བརྡལ་བ༔ དེའི་ནང་གི་ཁོར་ཡུག་ཏུ་དཔག་བསམ་གྱི་ཤིང་གི་ནགས་ཚལ་ལྷུན་ཧ་ཅང་མི་འཐུག་ཅིང་རྒྱ་ཡོངས་སུ་མ་ཆད་པ༔ རྫིང་བུ་དེའི་ཚལ་ན་སངས་རྒྱས་སྤྲུལ་པའི་བྱ་ཚོགས༔ དུང་གི་མདོག་ལྟར་དཀར་བ༔ གསེར་གྱི་མདོག་ལྟར་སེར་བ༔ བྱེ་རུའི་མདོག་ལྟར་དམར་བ༔ ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ༔ བཻ་ཌཱུཪྻའི་ཁ་མདོག་ལྟར་སྔོ་བ༔ གཞན་ཡང་ཁྲ་བོ་དང་ནག་པོ་དང་༔ མོག་པོ་ལ་སོགས་པས་མཛེས་པའི་གཟུགས་ངོམས་ཤིང་སྙན་པའི་དབྱངས་ཀྱིས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པ༔ རྒྱ་མཚོར་འཁོར་ཞིང་དཔག་བསམ་གྱི་ཤིང་ལ་འབབ་པ༔ ཆུ་བོ་དེའི་ནང་ན་ལྷ་ཡི་བུ་མོ་དང་༔ ཀླུའི་བུ་མོ་དང་༔ དྲི་ཟའི་བུ་མོ་དང་༔ མིའམ་ཅིའི་བུ་མོ་རྣམས་ཀྱིས་རྣམ་པར་འཕྲུལ་པའི་ལྷ་མོ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་དཔག་ཏུ་མེད་པས་མཆོད་པའི་སྤྲིན་རྒྱ་མཚོས་རྒྱུན་མི་ཆད་པར་མཆོད་ཅིང་བཀུར་སྟི་བྱེད་པའོ༔ ཞིང་ཁམས་དེའི་དབུས་སུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་དང་ལྡན་པ༔ ཤར་ཤེལ་ལས་གྲུབ་པ༔ ལྷོ་གསེར་ལས་གྲུབ་པ༔ ནུབ་པདྨ་རཱ་ག་ལས་གྲུབ་པ༔ བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ༔ ཡ་ཕུབ་བཻ་ཌཱུཪྻ་ལས་གྲུབ་པ༔ ཕྱི་ནང་ཟང་ཐལ་དུ་གསལ་བ༔ ནང་གི་ས་གཞི་ཐམས་ཅད་རིན་པོ་ཆེའི་འཇའ་ཤེལ་ལས་གྲུབ་པ༔ ཉི་ཟླའི་སྐར་ཁུང་གི་འོད་ཕོག་པས་འཇའ་འོད་དང་ཐིག་ལེར་འཁྲིག་པ༔ རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ༔ གདུགས་དང་༔ རྒྱལ་མཚན་དང་༔ བ་དན་དང་༔ དར་གྱི་ལྷབ་ལྷུབ་རླུང་གིས་བསྐྱོད་པ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་ལ་སྤུ་སྡུག་ཡིད་དུ་འོང་བའི་རི་དྭགས་ཆོས་ཉན་པ་མང་པོ་ཡོད་པ༔ རྟ་བབ་བང་རིམ་ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུའི་ཏོག་གིས་མཛེས་པར་བརྒྱན་པའི་གཞལ་ཡས་ཁང་རྒྱ་ཆེ་ཞིང་ཁྱོན་ཡངས་པ༔ བཀོད་ལེགས་ཤིང་རྒྱན་རྫོགས་པ༔ འཇའ་དང་འོད་ཕུང་གིས་བརྒྱན་པའི་དབུས་སུ་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ༔ གཟུགས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ༔ རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར་བར་དོ་མེད་པར་སྣང་བ་འཕོས་ཏེ་བརྟན་པ་ཐོབ་པར་འགྱུར་བ་ཡིན༔ ལམ་གྱི་གནས་སྐབས་སུའང་སྐབས་སྐབས་སུ་ཞིང་ཁམས་དེ་ཡིད་ལ་བྱེད་པ་གནད་དུ་ཤེས་པར་བྱའོ༔ ཀྱཻ་རིག་པའི་རྡོ་རྗེ་ལམ་སྦྱངས་པའི་སྐྱེས་བུ་དེ་ཉིད་ས་མཚམས་དེ་ལས་འདས་མཐར༔ རང་གི་མགྲིན་པ་ནས་འོད་གདངས་དམར་པོ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ་ཐིག་ལེ་ལྔ་ཚོམས་སུ་ཤར་བའི་དབུས་སུ༔ སྣང་བ་མཐའ་ཡས་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་དམར་པོ་པདྨ་རཱ་གའི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་མགྲིན་པར་ཟུག་པའི་རྒྱུད་དུ་ཐིག་ལེ་དམར་པོ་པདྨ་རཱ་གའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་ཡང་ཞག་ཉེར་གཅིག་གམ་བདུན་ནམ་ལྔ་ནས་རང་གི་མགྲིན་པར་ཐིམ་པའི་སྣང་བ་འཆར་རོ༔ མི་འགག་པ་གསུང་གསང་བ་རྡོ་རྗེའི་དབང་ནོད་ཅིང་གདིང་ཐོབ་པར་འགྱུར་རོ༔ འདིའི་དུས་སུ་མཚམས་ཆད་དེ་འཕོ་བའི་དབང་དུ་གྱུར་ནའང་སྐད་ཅིག་གིས་ས་གཞི་ཐམས་ཅད་པདྨ་རཱ་ག་ལས་གྲུབ་པ་རྒྱ་ཆེ་ལ་ཁྱོན་ཡངས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤངས་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་པདྨོ་བཞད་པས་ཡོངས་སུ་ཁེབས་པ༔ ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པས་རྒྱ་ཡོངས་སུ་མ་ཆད་པར་བསྐོར་བ༔ བདུད་རྩིའི་རྫིང་བུ་དང་༔ རིན་པོ་ཆེའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ དཔག་བསམ་གྱི་ཤིང་དང་༔ བདུད་རྩིའི་ཆུ་མིག་དང་༔ འཇའི་བླ་བྲེ་དང་༔ གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་རྣམས་རང་ཤར་བ་དང་༔ མཆོད་པའི་ལྷ་མོ་བསམ་ཡས་པས་མཆོད་ཅིང་བཀུར་སྟི་རྒྱུན་མི་ཆད་པར་བྱེད་པའི་དབུས་སུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་༔ ནང་གི་ལོགས་ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་༔ ཡ་ཕུབ་མཐིང་གའི་ཁ་དོག་འབར་བ༔ རྒྱན་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ༔ རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དྲུང་དུ་སྣང་བ་འཕོས་ཏེ་ངང་བརྟན་ཅིང་གདིང་ཐོབ་པར་འགྱུར་རོ༔ ཡང་ས་མཚམས་དེ་ལས་འདས་པའི་དུས་སུ་རང་གི་སྙིང་ག་ནས་འོད་གདངས་མཐིང་ག་སྤྲིན་ཕུང་ལྟ་བུ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ༔ ཐིག་ལེ་མཐིང་ག་རྒྱ་ཆེ་ལ་ཁྱོན་ཡངས་པ་ལྔ་ཚོམས་སུ་ཤར་བའི་དབུས་སུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་རྒྱན་རྫོགས་པར་འཆར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་མཐིང་ག་མུ་མེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་མཐིང་ག་རང་གི་སྙིང་གར་ཟུག་པའི་རྒྱུད་དུ་བཻ་ཌཱུཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་ཏེ༔ དེ་ཡང་ཞག་བཅུ་ཕྲག་སོགས་ནས་རང་གི་སྙིང་གར་ཐིམ་པར་སྣང་ངོ་༔ མི་འཁྲུལ་པ་ཐུགས་ཤེས་རབ་ཡེ་ཤེས་རྡོ་རྗེའི་དབང་ནོད་ཅིང་གདིང་ཐོབ་པར་འགྱུར་རོ༔ དེའི་དུས་སུ་མཚམས་ཆད་ནའང་བར་དོ་མེད་པར་སྣང་བ་གནས་སུ་འགྱུར་ཏེ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ༔ མེ་ལོང་གི་བྱད་ལྟར་ངོས་འཇམ་ཤིང་དྭངས་པ༔ ཁ་དོག་མཐིང་ག་བཻ་ཌཱུཪྻ་ལྟ་བུ༔ འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ སྨན་གྱི་སྤངས་རི་ལ་རབ་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་པས་བརྒྱན་པ༔ དཔག་བསམ་གྱི་ཤིང་དང་༔ ཡན་ལག་བརྒྱད་ལྡན་གྱི་ཆུ་མཚོ༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ རིན་པོ་ཆེའི་གྲམ་པ་དང་༔ མཆོད་པའི་ལྷ་མོ་བསམ་ཡས་པས་མཆོད་བསྟོད་བཀུར་སྟི་བྱེད་པ༔ ནམ་མཁའ་དང་བར་སྣང་མཛེས་པའི་རྒྱན་ཐམས་ཅད་རྫོགས་པའི་དབུས་སུ༔ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ༔ ཕྱི་བཻ་ཌཱུཪྻའི་ཁ་དོག་ལྟ་བུ་མཐིང་ལ་འོད་འབར་བ༔ ནང་ཡེ་ཤེས་ལྔའི་ཁ་དོག་བཀྲ་ཞིང་གསལ་བའི་དབུས་སུ་གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་སྐུ་མདོག་མཐིང་ནག་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་རྫོགས་ཤིང་ཕྱག་གཉིས་ས་གནོན་དང་མཉམ་བཞག་མཛད་པ༔ འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་འདུས་ཤིང་སྟོན་པ་ལས་ཆོས་ཉན་ཅིང་འདུད་པ་དེར་སྣང་བ་འཕོས་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ས་མཚམས་དེ་ལས་འདས་ཚེ་རང་གི་ལྟེ་བ་ནས་འོད་ཕུང་སེར་པོ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུ་ཞིག་མདུན་གྱི་ནམ་མཁར་འཕྲོས་ཏེ༔ འཕྲོས་མ་ཐག་ཏུ་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟ་བུ་འོད་གདངས་སེར་པོ་དང་༔ གཞན་ཡང་སྣང་བ་ཐམས་ཅད་འོད་གདངས་སེར་པོའི་རོལ་པར་འཆར་རོ༔ འོད་ཕུང་དེའི་ཀློང་དུ་ཐིག་ལེ་ཆེན་པོ་ཕུབ་ཀྱི་སྦ་འཁོར་ལྟ་བུ་ལྔ་ཚོམས་སུ་ཤར་བའི་དབུས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་སེར་པོ་རིན་པོ་ཆེ་སྦུར་ལེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་འཕྱང་བའི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་སེར་པོ་རང་གི་ལྟེ་བར་ཟུག་པར་སྣང་ངོ་༔ འོད་ཀྱི་སྣམ་བུ་དེའི་རྒྱུད་དུ་གསེར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་ཞག་ལྔའམ་བདུན་དུ་འཆར་ཏེ༔ མཐར་རང་ལ་ཐིམ་པར་འགྱུར་རོ༔ ཡོན་ཏན་ཡོངས་སུ་རྫོགས་པ་མཚན་མ་ཚིག་དང་བྲལ་བ་ཡེ་ཤེས་རྡོ་རྗེའི་དབང་ནོད༔ འདིའི་དུས་སུ་མཚམས་ཆད་ནའང་བར་དོ་མེད་པར་སྣང་བ་གནས་སུ་འགྱུར་ནས༔ དཔལ་ལྡན་རིན་པོ་ཆེའི་ཞིང་ཁམས་ས་གཞི་ཐམས་ཅད་བཙོ་མ་གསེར་གྱི་ཁ་དོག་ལྟ་བུ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ༔ ངོས་འཇམ་ཞིང་ཁོད་སྙོམས་པ༔ སྨན་གྱི་སྤངས་རི་ལ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ༔ བདུད་རྩིའི་རྫིང་བུ་དང་༔ དག་བྱེད་ཀྱི་ཆུ་མིག༔ དཔག་བསམ་གྱི་ལྗོན་ཤིང་ལ་སོགས་པ་མཆོད་པའི་སྤྲིན་རྒྱ་མཚོས་ཡོངས་སུ་གང་བའི་དབུས་སུ་ཡེ་ཤེས་འཕྲུལ་གྱི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་གསེར་གྱི་ཁ་དོག་ལྟ་བུ༔ ནང་ཡེ་ཤེས་ལྔའི་རང་མདངས་ལས་ལས་བཞིའི་ཁ་དོག་དང་ལྡན་པའི་དབུས་སུ་རྟ་མཆོག་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་ཚོར་བའི་ཕུང་པོ་གནས་སུ་དག་པའི་ངོ་བོ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་ལ་རྟག་ཏུ་ཆོས་སྟོན་པ་དེར་སྣང་བ་མཆེད་དེ་གྲོལ་བ་ཐོབ་པར་འགྱུར་རོ༔ ས་མཚམས་དེ་ལས་འདས་ཚེ་རང་ལུས་འོད་ལྔར་སྣང་ཏེ་དེ་ལས་འོད་ཕུང་ལྗང་ནག་མདུན་གྱི་ནམ་མཁར་འཕྲོས་པའི་ཀློང་དུ་འོད་ལྔའི་ཁ་དོག་ལྔ་ལྡན་བསེ་ཕུབ་ཙམ་ལྔ་ཚོམས་ཀྱི་ནང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་སྐུ་སྐྱེ་མཆེད་དྭངས་ཤིང་རྒྱན་རྫོགས་པ་འོད་དང་འོད་ཕུང་བལྟར་མི་བཟོད་པར་འབར་བ༔ དེ་དག་ཐོ་ཕྱི་ཐམས་ཅད་དུ་རྡོ་རྗེ་ལུ་གུ་རྒྱུད་གཡུའི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མར་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་ལྗང་གུ་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུ་རང་གི་གསང་གནས་སུ་ཟུག་པའི་རྒྱུད་དུ་གཡུའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པ་འཆར་ཏེ༔ དེ་ཡང་ཞག་བཅུ་ཕྲག་སོགས་ཚད་རྫོགས་པའི་རྗེས་སུ་རང་ལ་ཐིམ་པར་སྣང་ངོ་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ལ་མངའ་དབང་བསྒྱུར་བའི་དབང་ནོད༔ འདིའི་དུས་སུ་སྣང་བ་གནས་སུ་འགྱུར་ནའང་ལས་རབ་རྫོགས་པའི་ཞིང་ཁམས་ས་གཞི་ཐམས་ཅད་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་ལྟར་འབར་བ༔ ཁོར་ཡུག་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཕྱི་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་ལྟར་ལྗང་བ༔ ནང་ཡེ་ཤེས་ལྔའི་རང་མདངས་ལས་བཞིའི་ཁ་དོག་གསལ་ཞིང་བཀྲ་བ༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཤང་ཤང་ཏེའུ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་བྱ་གྲུབ་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར་སྣང་བ་འཕོས་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ལྷུན་རྫོགས་ཀ་དག་རྡོ་རྗེའི་དབང་ནོད་དེ་ཉམས་སྣང་དག་པའི་མཐར་ཐུག་དེ་ལས་འདས་ཚེ་དུང་ཁང་དུ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་སྣང་སྟེ༔ སྟེང་གི་ནམ་མཁའ་ལ་འཕགས་ནས་འཇིགས་པའི་གད་རྒྱངས་དང་གར་གྱི་རྣམ་འགྱུར་སྣ་ཚོགས་བསྒྱུར་བས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་འགུལ་ཞིང་ས་ཆེན་གཡོ་བ་དང་༔ སྒྲ་ཆེན་པོ་འུར་བ་ལ་སོགས་པའི་རྐྱེན་ལས་སྣོད་བཅུད་ཐམས་ཅད་འོད་ཀྱི་ངང་དུ་ཡལ་ཏེ་རང་ལུས་ཀྱང་འོད་ཀྱི་ཀློང་དུ་ལག་པའི་སོར་མོ་བཀྲམ་པ་ཙམ་ལས་མི་སྣང་ངོ་༔ འདིའི་དུས་སུ་མི་འཇིགས་པའི་གདིང་ཆེན་པོ་བཞི་ཐོབ་པར་འགྱུར་ཏེ༔ བཞི་གང་ཞེ་ན༔ རང་གཞི་ཆོས་སྐུ་གདོད་མའི་མགོན་པོ་ཡེ་སངས་རྒྱས་པའི་དོན་གཤིས་ཐོག་ཏུ་ཕེབས་པས་སངས་རྒྱས་ནམ་མཁའ་གང་བ་ཙམ་གྱི་ཞལ་མཐོང་ཡང་དད་པ་དང་མོས་གུས་ཅུང་ཟད་ཙམ་ཡང་མེད་པའི་གདིང་ཆེན་པོ་དང་༔ རང་ངོར་སངས་རྒྱས་པ་ལས་རྒྱུ་འབྲས་གཞན་གྱིས་ཕན་གནོད་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་ཆེན་པོ་དང་༔ རང་གཞི་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་གཤིས་ཐོག་ཏུ་ཕེབས་པས་སྲོག་གཅོད་ཀྱི་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་བ་ཅུང་ཟད་ཙམ་མེད་པའི་གདིང་ཆེན་པོ་དང་༔ ཀ་དག་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་གྱུར་ཏེ་གདོད་ནས་འཁྲུལ་མི་ཤེས་པའི་དོན་གཤིས་ཐོག་ཏུ་ཕེབས་པས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་ཆེན་པོ་དང་བཞི་ཐོབ་པ་ཡིན་ནོ༔ དེ་ནས་དབྱིངས་དང་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཐམས་ཅད་རིམ་གྱིས་ནུབ་པ་ནི་ཟླ་བ་ཉ་གང་བ་ནས་གནམ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་བཞིན་དུ་ཡལ་བའོ༔ མཐར་མ་རིག་པ་གཞི་ལ་སངས་ནས་ཆོས་ཉིད་ཀྱི་དོན་གཤིས་ཐོག་ཏུ་ཕེབས༔ བདག་འཛིན་གྱི་གཞི་རྩ་ཞིག་ནས་འཛིན་པའི་སེམས་ཟད༔ གཟུང་འཛིན་གྱི་ཟེར་ཐག་ཆད་པས་གཟུང་བའི་ཡུལ་ཟད༔ གཉིས་སྣང་གི་རྟོག་པ་ཟད་པས་འཁོར་འདས་དག་མཉམ་དུ་ཕྱམ་བརྡལ་བའི་ངང་དུ་འབྱམས་ཀླས་པ་ཡིན༔ ལུས་དུར་ཁྲོད་ཀྱི་མི་རོ་ལྟ་བུར་སྲོག་གཅོད་ཀྱི་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་བ་མི་སྐྱེ་བ་དང་༔ ངག་བྲག་ཅ་ལྟ་བུར་སོང་ནས་ཕ་རོལ་པོའི་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཟློ་བ་དང་༔ སེམས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཆོས་ཉིད་སྤྲོས་མཐའ་དང་བྲལ་བ་ཁྱབ་བརྡལ་ཕྱོགས་ཡན་ཆེན་པོའི་ངང་དུ་འབྱམས་ཀླས་པའོ༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་པའི་སྐྱེས་བུ་དེ་ལ་མདོ་ལམ་གྱི་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བ་ལས་ཆེས་ཆེར་འཕགས་པ་དང་༔ སྔགས་ལམ་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་མཆོག་དོན་གྱིས་ཐོབ་པ་ཡིན་ནོ༔ ད་དུང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་བག་ལ་ཉལ་བ་ལངས་ཏེ་མཁའ་ལ་གློག་འཁྱུག་པས་སྣང་བ་སྟོན་པ་བཞིན་དུ་སྐབས་རེ་ལ་རང་ལུས་འོད་ཀྱི་ཀློང་དུ་འོད་ལག་སོར་བཀྲམ་པ་ཙམ་སྣང་སྟེ༔ སྣང་སེམས་སྐབས་འབྱེད་ཅིང་གཏམ་དང་ཆོས་ཚིག་སྔར་བཞིན་སྨྲ་བའི་སྐབས་འགའ་མཆིས་པས་ཤེས་པར་གྱིས་ཤིག༔ དེ་ལྟར་ཞག་བཅུའམ་ཟླ་བ་བཅུའི་ཚད་རྫོགས་པའི་ཚེ་ཤེས་སྒྲིབ་ཕྲ་བའི་ཕྲ་བ་དབྱིངས་སུ་དེངས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་རྫོགས་ཏེ་གཞི་ཀ་དག་གདོད་མའི་ཆོས་སྐུ་ལ་མངའ་དབང་བསྒྱུར༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་མངའ་དབང་བསྒྱུར་ཏེ་ཀ་དག་གཞོན་ནུ་བུམ་སྐུར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཕོས་ཏེ་འབྱམས་ཀླས་པར་འགྱུར་བ་ཡིན་ནོ༔ དབང་པོ་ཡང་རབ་ཏུ་གྱུར་པ་དག་ཆུ་ལ་ཆུ་ཐིམ་པའམ་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་བརྡལ་ཁྱབ་ཆོས་ཀྱི་སྐུར་འབྱམས་ཀླས་པ་འཕོ་བ་ཆེན་པོའི་སྐུར་གྲོལ་བ་དང་༔ དབང་པོ་འབྲིང་རྣམས་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འཇའ་ལུས་ཆེན་པོར་སངས་རྒྱས་པར་འགྱུར༔ དབང་པོ་ཐ་མ་གཞིའི་འོད་གསལ་ཤར་བའི་དུས་སུ་དབྱིངས་ལས་འཇའ་ཚོན་འཁྲིགས་ཏེ་ལུས་ཀྱི་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་ཕུང་པོ་ལྷག་མ་མེད་པར་འཇའ་ལུས་སུ་དེངས་པ་འཇའ་ལུས་ཆུང་ངུ་ཞེས་བྱ་བ་ཡིན་ནོ༔ འགའ་ཞིག་གཞིའི་འོད་གསལ་ཤར་བའི་གནས་སྐབས་སུ་ཞག་གྲངས་བདུན་ཕྲག་ཚུན་ཆད་དུ་ལུས་ཀྱི་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་སྐྲ་དང་སེན་མོ་ཙམ་སྙིགས་མར་ལུས་ཏེ་ལུས་རྡུལ་ཕྲན་དུ་དེངས་པ་འཕོ་བ་ཆུང་ངུ་ཞེས་བྱའོ༔ དབང་པོ་ཡང་རབ་ལ་ཁྲེགས་ཆོད་དུའང་ལུས་རྡུལ་ཕྲན་དུ་དེངས་པ་འདི་འབྱུང་བ་ཡིན་ནོ༔ ཀྱཻ༔ རིག་པའི་རྡོ་རྗེ་ལ་སོགས་པའི༔ འདུས་པའི་འཁོར་རྣམས་གསན་ཅིང་དགོངས༔ ལྷུན་གྲུབ་གཞོན་ནུ་བུམ་སྐུ་ལ༔ ཁྱད་དུ་འཕགས་པའི་ཡོན་ཏན་ནི༔ མ་རིག་སྒྲིབ་པ་དབྱིངས་སངས་ཏེ༔ ཀུན་གཞི་ལས་ནི་ཆོས་སྐུར་འཕགས༔ གདངས་ཀྱི་ཡེ་ཤེས་མངོན་གྱུར་ཏེ༔ གདངས་གསལ་ལས་ནི་ཁྱད་དུ་འཕགས༔ བདག་མེད་ཆེན་པོ་མངོན་གྱུར་ཏེ༔ བདག་སྣང་ལས་ནི་ཁྱད་དུ་འཕགས༔ སྐུ་དང་ཡེ་ཤེས་མངོན་གྱུར་ཏེ༔ སྣང་བ་ལས་ནི་ཁྱད་དུ་འཕགས༔ ཇི་སྙེད་གཟིགས་པ་མངོན་གྱུར་ཏེ༔ སེམས་ལས་ཡེ་ཤེས་ཁྱད་དུ་འཕགས༔ རང་ཐོག་རང་སངས་རྒྱས་པ་ལ༔ ཞིང་ཁམས་བགྲོད་ལས་ཁྱད་དུ་འཕགས༔ སྤྲོས་མཐའ་ཀུན་དང་བྲལ་བ་སྟེ༔ རྟེན་འབྲེལ་རྒྱུ་ལས་ཁྱད་དུ་འཕགས༔ རྣམ་ཐར་བརྒྱད་དང་ལྡན་པ་ལ༔ ལམ་འབྲས་ཀུན་ལས་ཁྱད་པར་འཕགས༔ དབྱིངས་དང་ཡེ་ཤེས་མཉམ་བརྡལ་ཏེ༔ སྲིད་པ་ལས་ནི་ཁྱད་དུ་འཕགས༔ ཁྱད་འཕགས་ཆེ་བ་དགུ་ལྡན་པའི༔ ཡང་དག་རྫོགས་པའི་སངས་རྒྱས་ལ༔ རྒྱལ་བ་ཀུན་གྱིས་མངོན་པར་བསྟོད༔ ཅེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེ་ལ་སོགས་པའི་འཁོར་ཚོགས་ཐམས་ཅད་ཀྱིས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས༔ དེང་སྙིགས་མ་ལྔ་བདོ་བའི་དུས་འདིར་སེམས་ཅན་དམུ་རྒོད་པའི་དབང་གིས༔ ལ་ལ་ནི་ཟས་དང་ནོར་གྱིས་ཕོངས་པའི་དབང་གིས་དེ་དོན་དུ་གཉེར་ནས་མི་ཚེ་སྟོང་ཟད་དུ་འགྲོ་བ་དང་༔ ལ་ལ་ནི་རྣམ་གཡེངས་དང་ལེ་ལོའི་དབང་དུ་ཤོར་ནས་མི་ཚེ་དེར་འདའ་བ་དང་༔ ལ་ལ་ནི་དགྲ་འདུལ་གཉེན་སྐྱོང་གི་ཕྱིར་འབྲངས་ཏེ་ཁེ་འདོད་དང་གྲགས་འདོད་ཀྱི་བསམ་པ་རྒྱུན་མི་ཆད་པས་མི་ཚེ་དེར་འདའ་བ་དང་༔ ལ་ལ་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལ་ཁ་འཆོལ་ཏེ་སྲིད་པའི་ཕུན་ཚོགས་ཀྱི་དབང་དུ་ཤོར་བ་དང་༔ ལ་ལ་ནི་བདུད་དང་བར་ཆད་ཀྱི་དབང་དུ་སོང་ནས་སྒོམ་ཐ་མལ་དུ་འཆོལ་བ་ལ་སོགས་པའི་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བའི་དབང་གིས་ཇི་ལྟར་གྲོལ་བའི་ས་ལ་ཕེབས་པ་ནི་ཤིན་ཏུ་ཉུང་སྟེ༔ དེར་མ་གྲོལ་ན་བར་མ་དོའི་གནས་སུ་འགྲོ་དགོས་པས་ན་དེར་ཉམས་ལེན་གྱི་གནད་ཇི་ལྟ་བ་བཞིན་དུ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ལ་སོགས་པ་འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག༔ བར་དོ་ཞེས་བྱ་བའི་ངོ་བོ་ནི༔ ད་ལྟའི་ཐ་མལ་གྱི་ཤེས་པ་དྭངས་ཤིང་གསལ་ལ་བཟོ་མ་བཅོས་པ་བསླད་མ་ཞུགས་པའི་ཟང་ཀ་མ་འདི་ཀ་ཡིན་ནོ༔ དེ་ཅིའི་ཕྱིར་ཞེ་ན༔ འདི་མ་རྟོགས་པའི་དབང་གིས་འཁོར་བ་མཐའ་མེད་དུ་འཁྱམས་པར་བྱེད་པ་དང་༔ རྟོགས་པའི་དབང་གིས་མྱ་ངན་ལས་འདའ་བར་བྱེད་པ་ཡིན༔ ཤེས་པ་འདི་ཉིད་ནི་དུས་གསུམ་དུ་གྲོལ་བས་སངས་རྒྱས་སུ་མ་སོང་༔ མ་གྲོལ་བས་འཁོར་བར་མ་འཁྱམས་པར་བར་དོར་ལུང་མ་བསྟན་པར་གནས་པ་ནི་སེམས་ཅན་གྱི་མཚན་ཉིད་དོ༔ གཞི་མ་རིག་པ་ལས་སེམས་ཅན་མཆེད་པ་ནི་ཉི་མ་ལྟ་བུའོ༔ སེམས་ལས་སེམས་བྱུང་གི་རྟོག་པ་མཆེད་པ་ནི་ཉི་ཟེར་ལྟ་བུ༔ སེམས་བྱུང་ལས་སྣང་བ་མཆེད་པ་ནི་ཉི་འོད་ལྟ་བུ་ཡིན་ཏེ༔ སེམས་ཀྱི་ངོ་བོ་དྭངས་ཤིང་གསལ་བའི་ཆ་མངོན་དུ་བྱེད་པ་ནི་མིག་ལྟ་བུ་དེ་ཀ་ཡིན་ནོ༔ སེམས་ཀྱི་ངེས་ཚིག་ནི་སྣང་བའི་ཕྱིར་སེམས་པ་ལ་བྱའོ༔ དེ་ལྟར་སེམས་ཀྱི་གཞི་བར་དོའི་ངོ་བོར་རང་བྱུང་བ་ཡིན་ནོ༔ བར་དོའི་ངེས་ཚིག་ནི་སྲིད་པ་སྔ་མ་ལས་ནི་འདས་ཕྱི་མའི་སྲིད་པ་མ་བྱུང་གི་བར་དུ་འཁྲུལ་སྣང་རྟེན་གནས་མེད་པའི་རྨི་ལམ་ལྟ་བུ་ཞིག་ཤར་བ་ལ་བྱའོ༔ དེ་ལ་དབྱེ་ན༔ སྐྱེ་སྲིད་འཛིན་པའི་བར་དོ་དང་གཅིག༔ བསྒོམ་པ་བསམ་གཏན་གྱི་བར་དོ་དང་གཉིས༔ རྨི་ལམ་འཁྲུལ་པའི་བར་དོ་དང་གསུམ༔ འཆི་ཁ་ཐིམ་རིམ་གྱི་བར་དོ་དང་བཞི༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བར་དོ་དང་ལྔ༔ སྲིད་པ་ལས་ཀྱི་བར་དོ་དང་དྲུག་ཏུ་ཡོད་པ་ལས༔ དང་པོ་སྐྱེ་གནས་བར་དོའི་དཔེ་ནི༔ ཤིང་ཁའི་བྱེའུ་དང་འདྲ་སྟེ་ཡུན་རིང་དུ་མི་སྡོད་པར་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ཆོས་ཅན་ཡིན་ཏེ༔ འདིའི་རང་བཞིན་ལ་བསམ་ནས་ཡུན་རིང་དུ་སྡོད་གྲབ་བྱེད་པའི་བློ་སྣ་བསྟུངས་ཏེ་དང་པོ་བུང་བ་བཅུད་ལ་རྒྱུ་བ་བཞིན་དུ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ཅིང་ཉམས་ལེན་གྱི་དུས་སུ་ཐེ་ཚོམ་དང་ཡིད་གཉིས་ཆོད་པ་ཐི་བྱ་ཚང་ལ་འཇུག་པ་ལྟ་བུ་ཞིག་དགོས་པ་ཡིན༔ ཐི་བྱ་འདབ་ཆགས་ནང་ནས་དཔྱོད་པ་ལ་མཁས་པས་དང་པོ་ཚང་བཅའ་བའི་དུས་སུ་གནས་ལ་སྲོག་ཆགས་གཞན་གྱི་རྒྱུ་འགྲུལ་དང་འཚེ་བ་ཡོད་མེད་ཡུན་རིང་པོར་ཞིབ་ཏུ་བརྟག་ནས་ཐག་ཆོད་པའི་རྗེས་སུ་ཚང་བཅའ་བ་ཡིན་ལ༔ ཚང་བཅས་ཟིན་ཕན་ཆད་ཐེ་ཚོམ་དང་ཡིད་གཉིས་མེད་པར་མདའ་ལྟར་ཤར་གྱིས་ཡོང་ནས་ཚང་དུ་འཇུག་པ་ལྟར༔ དང་པོ་སློབ་དཔོན་མཚན་ཉིད་དང་ལྡན་པ་བསྟེན་ཏེ་ཐོས་པ་རྒྱ་ཆེ་ཞིང་གཏིང་དཔོག་པས་ལམ་གྱི་གནད་ལ་གོལ་འཕྱུག་མེད་པར་རང་སྟོབས་ཀྱིས་བགྲོད་ནུས་པ་ཞིག་དགོས་པ་ཡིན༔ དེ་ལ་དང་པོ་ལྟ་སྒོམ་ཉམས་རྟོགས་དང་ས་ལམ་གྱི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཉམས་འོག་ཏུ་ཆུད་པར་བྱས༔ དེའི་མཐར་ཚེ་འདིའི་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པའི་ངང་དང་མི་འབྲལ་བར་ཚོང་འདུས་ཀྱི་མགྲོན་པོས་རང་དོན་གཉེར་བ་བཞིན་དུ་བརྩོན་འགྲུས་དང་སྙིང་སྟོབས་དྲག་པོས་ཆོས་ལ་ཆོག་ཤེས་མེད་པར་ཉམས་སུ་ལེན་པ་དང་༔ ཐག་རིང་མགྲོན་པོས་དོན་གཉེར་ཆེན་པོ་ཐོབ་ནས་ལམ་དུ་ཞུགས་ཚེ་དགྲ་རྐུན་ལ་ཤོར་བ་ལྟ་བུའི་གེགས་ཆེན་འདུ་འཛི་རྣམ་གཡེངས་དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བའི་དབང་དུ་མ་ཤོར་བ་གནད་ཀྱི་ཡང་གཅེས་དམ་པར་བཟུང་བ་ནི་ཆོས་པ་ཀུན་གྱི་སྙིང་རྡོ་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ དེ་ལྟར་ཉམས་སུ་བླངས་པས་དབང་པོ་རབ་ཏུ་གྱུར་པ་རྣམས་འཆི་བ་ཚེ་ཚད་ལ་མི་ལྟོས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་འཚང་རྒྱ་བ་དང་༔ འབྲིང་རྣམས་འཆི་ཁ་བར་དོ་མེད་པར་ཆོས་ཉིད་རང་ཐོག་ཏུ་གྲོལ་བར་འགྱུར་བ་དང་༔ ཐ་མ་བར་དོར་འོད་གསལ་མ་བུ་འདྲེས་ཏེ་གྲོལ་བ་ཐོབ་པ་ཡིན་ནོ༔ བར་སྐབས་འདི་ལྟར་འཕོ་བའི་ལམ་ལ་སྦྱང་བ་ཐོབ་པར་བྱ་བ་གཅེས་ཏེ༔ ཨཿརང་གི་སྤྱི་བོར་ཨ་ཡིག་དཀར་པོ་བསྒོམ༔ དེ་ལས་འོད་ཕུང་དཔག་མེད་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ཆེན་པོའི་ཞིང་༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ལ༔ བཀོད་ལེགས་རྒྱན་མཛེས་གཞལ་ཡས་ཡངས་པའི་དབུས༔ ཨ་ལས་གདོད་མ་གཞི་ཡི་ཆོས་སྐུ་ནི༔ མཐིང་ནག་བཻ་ཌཱུཪྻ་ཡི་ལྷུན་པོ་ལྟར༔ རྒྱན་མེད་གཅེར་བུ་པད་ཟླར་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་མཚན་དཔེའི་འོད་ཕུང་འབར༔ ཞིང་ཁམས་རྒྱ་མཚོའི་བཀོད་པ་སྐུ་ལ་རྫོགས༔ སྐད་ཅིག་རྨི་ལམ་དབྱིངས་སུ་སད་པ་ལྟར༔ རང་གི་སྣང་སེམས་དབྱེར་མེད་རོ་གཅིག་ཏུ༔ འོག་མིན་བདེ་བ་ཆེན་པོའི་དབྱིངས་སུ་འཕོས༔ ཨ་ཞེས་ཁམས་གསུམ་གྱི་སྣོད་བཅུད་ཞིང་ཁམས་དེར་ཐིམ་པས་དབྱེར་མེད་དུ་གྱུར༔ ཨ་ཞེས་པས་ངོ་ཤེས་པར་ཡིད་ལ་བྱ༔ ཨ་ཞེས་གདིང་ཆེན་པོ་ཐོབ་པར་བསམ༔ ཤར་ཕྱོགས་སུ་ཞིང་ཁམས་མངོན་པར་དགའ་བ་ནམ་མཁའ་བར་སྣང་ཐམས་ཅད་བཅོ་ལྔའི་དུང་ཟླ་ལྟར་དཀར་ཞིང་གསལ་ལ་རྒྱ་ཆེ་བ་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ ལྷོ་ཕྱོགས་སུ་དཔལ་དང་ལྡན་པའི་ཞིང་ཁམས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟར་འབར་ཞིང་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ ནུབ་ཕྱོགས་སུ་བདེ་བ་ཅན་གྱི་ཞིང་ཁམས་པདྨ་རཱ་གའི་ཁ་དོག་ལྟ་བུ་རྒྱ་ཆེ་ཞིང་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ བྱང་ཕྱོགས་སུ་ལས་རབ་རྫོགས་པའི་ཞིང་ཁམས་མརྒད་ཀྱི་ཁ་དོག་ལྟ་བུ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཞིག་ཡིད་ལ་བྱ༔ རང་ཉིད་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་རྩལ་ཤུགས་དང་ལྡན་པ་ཞིག་ཡིད་ལ་བྱས་ཏེ༔ ཤར་ཕྱོགས་ནས་རིམ་པར་ཞིང་དེ་དག་ཏུ་དཔག་ཆེན་གྱིས་མདའ་འཕང་བ་ལྟར་སོང་ནས་རིགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་རྣམས་ལ་བསྐོར་བ་ལན་གསུམ་རེ་བྱས༔ ཕྱག་འཚལ་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་དབང་ཞུས་གདམས་པ་ཉན་ལུང་ནོད་ཅིང་བྱིན་གྱིས་བརླབས་ཏེ་སླར་ཡང་དབུས་ཕྱོགས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དེར་སླེབས་ཤིང་གདོད་མ་གཞིའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཉིད་རང་གི་མདུན་གྱི་ནམ་མཁར་བཞུགས་པར་བསམ་པ་ནི་རང་སྣང་ཞིང་ཁམས་སུ་འཕོ་བ་དང་འཇུག་པ་ཞེས་བྱ་བའི་གདམས་པ་ཡིན་ཏེ༔ བར་དོའི་སྐབས་སུ་ཤི་བ་ཡིན་པར་ངོ་ཤེས་ཏེ་འདི་ལྟར་ཡིད་ལ་བྱས་པ་ཙམ་གྱིས་བར་དོའི་སྣང་བ་ཞིང་ཁམས་སུ་འཕོས་ཏེ་གྲོལ་བ་ཐོབ་པའི་གནད་ཡོད་དོ༔ གཉིས་པ་བསམ་གཏན་གྱི་བར་དོ་ནི༔ མི་ཐང་ཆད་པ་ངལ་གསོ་བའི་གནས་སྐབས་ལྟ་བུ་ཡིན་ཏེ༔ ཅིའི་ཕྱིར་ན༔ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཁམས་གསུམ་གྱི་གནས་རིགས་ཐམས་ཅད་དུ་གར་འགྲོ་གཟའ་གཏད་མེད་པ་སྲང་ཁའི་ཁྱི་གླེན་ལྟ་བུར་འཁྱམས་ཏེ་དལ་བའི་སྐབས་སྐད་ཅིག་ཙམ་ཡང་མི་བྱེད་པའི་ངང་ཚུལ་ཤེས་ཏེ་སྐྱོ་བ་དང་སུན་པ་སྐྱེད་པའི་ཚུལ་ནི༔ སྔོན་ཆད་བདག་ཇི་ལྟར་འཁྲུལ་པའི་རྒྱུ་རྐྱེན་ལ་བརྟག་པས་མ་རིག་པའི་གཞི་བྱས་ཏེ་གཟུང་འཛིན་གྱི་གདོན་ཆེན་པོས་བཏབ་པས་སྨྱོས་ཤིང་རང་དབང་བརྟན་པ་དང་བྲལ་བར་གྱུར་པའི་ངང་ཚུལ་ཤེས་ཏེ་རླུང་སེམས་དབང་དུ་སྡུད་ཅིང་དྲན་ཤེས་བརྟན་པོའི་སྟེང་དུ་གདིང་འཆའ་བ་དང་༔ རིག་པ་རང་ཐོག་ཏུ་རང་ས་བཟུང་སྟེ་བསྒོམ་པ་ཉམས་ལེན་ལ་བརྩོན་པ་ནི་འཁྲུལ་པ་བསམ་གཏན་གྱི་ཐོག་ཏུ་ངལ་གསོ་བ་དེ་ཀ་ཡིན་པས་སོ༔ འདིའི་དུས་སུ་བཀྲེས་སྐོམ་གྱིས་གདུང་བའི་མི་བཟའ་བཏུང་དང་འཕྲད་ཚེ་མ་འགྲང་བར་དུ་ཆོག་ཤེས་མེད་པར་བཟའ་བ་ལྟར་སྐྱེ་བུ་རབ་འབྲིང་ཐ་མ་གསུམ་གྱི་དཔེ་བེའུ་ལྟ་བུས་མཚོན་ཏེ༔ དང་པོ་འོ་མས་འཚོ་བ་དང་༔ ཅུང་ཟད་ནར་སོན་ཚེ་རྩྭ་དང་འོ་མ་གཉིས་ཀས་འཚོ་བ་དང་༔ མཐར་འོ་མ་སྤངས་ཏེ་རྩྭ་ཤ་སྟག་གིས་འཚོ་བ་གོ་རིམ་བཞིན་དུ༔ དང་པོ་རླུང་སེམས་རྣམ་པར་རྟོག་པ་དགག་པ་དང་གཅུན་པ་དང་ལྷོད་དེ་རྣམ་རྟོག་མངོན་དུ་བྱེད་པ་དང་༔ བསྒྲིམ་ལྷོད་རེས་མོས་སུ་བྱེད་པ་དང་བཅས་པ་རྣམས་ནི་བེའུ་འོ་མས་འཚོ་བའི་གནས་སྐབས་ལྟ་བུ་སྟེ༔ དེའི་ཐོག་ཏུ་ལུས་ཚེ་རྩྭ་དང་མ་འཕྲད་ན་མུ་གེས་འཆི་བ་ལས་འོས་མེད་པ་བཞིན་དུ་རྣམ་པ་མངོན་གྱུར་གྱི་ལམ་དང་མ་འཕྲད་ན་སྲིད་པ་འོག་མ་ལས་འཕགས་པར་མི་འགྱུར་ཏེ་དེར་འཕྲད་པར་འགྱུར་བ་ཡིན༔ ཤེས་པ་མངོན་དུ་བྱས་ཏེ་རྩེ་གཅིག་ཏུ་ཉམས་སུ་བླངས་མཐར་ཁྱབ་བརྡལ་གྱི་རིག་པ་མཐའ་གྲོལ་རྫོགས་པ་ཆེན་པོ་ཀ་དག་གཞིའི་རིག་པ་ཉིད་དང་མ་འཕྲད་པར་དེའི་ཐོག་ཏུ་ལུས་ན་རྩྭ་དང་འོ་མ་འཛོམ་དགོས་པའི་དུས་སྐབས་སུ་རྩྭའམ་འོ་མ་གང་རུང་གཅིག་མ་འཛོམ་ན་མུ་གེས་འཆི་བ་ལྟར༔ སྲིད་པ་གསུམ་ལས་མི་འཕགས་པར་སྔར་བཞིན་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཁ་འཁྱོལ་བ་ཡིན་ནོ༔ འཁོར་འདས་སྟོང་ཉིད་ཆེན་པོར་ཐག་བཅད་དེ་ཆོས་སྐུའི་རིག་པ་ངོ་འཕྲོད་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་བྱ་བ་དགུ་ཕྲུགས་སུ་བཏང་སྟེ་བྱར་མེད་རང་བབས་ཀྱི་སྤྱོད་པས་ཉམས་སུ་བླང་བ་ནི་འོ་མ་ལ་མི་ལྟོས་པར་རྩྭ་ཤ་སྟག་གིས་འཚོ་བའི་གནས་སྐབས་ལྟ་བུ་སྟེ༔ ངོ་འཕྲོད་ཙམ་གྱི་ཐོག་ཏུ་ལུས་པར་གྱུར་ན་ཟས་རང་ལ་ཡོད་ཀྱང་མ་ཟོས་ན་བཀྲེས་སྐོམ་མི་སེལ་བར་འཆི་བ་ལས་འོས་མེད་པ་ལྟར་ཉམས་ལེན་ཤི་བའི་མཐའ་ལ་མ་གཏུག་ན་ད་ལྟའི་བདེ་སྡུག་བཟང་ངན་ཐམས་ཅད་ལ་རེ་དོགས་ཉེར་ལེན་གྱི་སེམས་ཡིད་འདི་མཆིས་ན་མ་འོངས་པ་ནའང་བདག་གཞན་གཉིས་སུ་སྣང་བ་དང་༔ རེ་དོགས་བཟང་ངན་ཉེ་བར་ལེན་པའི་རྣམ་རྟོག་འདིས་འཁོར་བ་མཐའ་མེད་དུ་འཁྲུལ་པར་འགྱུར་བ་ཡིན་པས་ཤེས་པར་གྱིས་ཤིག༔ དེའི་ཕྱིར་ན་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་མངོན་དུ་མ་གྱུར་གྱི་བར་དུ་བརྩོན་འགྲུས་དང་སྙིང་སྟོབས་དྲག་པོའི་སྒོ་ནས་ཉམས་སུ་བླང་བར་བྱ་བ་གནད་ཀྱི་དམ་པར་བཟུང་དགོས་པ་ཡིན་ནོ༔ སྐྱེ་སྲིད་དང་བསམ་གཏན་གཉིས་ཀ་ཤེས་པ་བར་མ་དོར་གཞི་བྱས་པས་ན་བར་དོ་ཞེས་བརྗོད་པ་ཡིན་ནོ༔ གསུམ་པ་རྨི་ལམ་འཁྲུལ་པའི་བར་དོའི་སྣང་ཚུལ་ནི༔ འགའ་ཞིག་ན་རེ་ཉིན་གྱི་སྣང་བ་རྨི་སྣང་དུ་ཤར་བ་ཡིན་ཟེར་བ་སྲིད་ཀྱང་༔ ཡེ་ཐོག་མའི་དུས་ནས་གཞི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་དེ་ཉིད་ཀྱི་རང་ཞལ་མ་རིག་པས་བསྒྲིབས་ནས༔ ཁམས་གསུམ་འཁོར་བའི་སྨྱོ་འདྲེ་ལས་རླུང་གི་གདོན་ཆེན་པོས་བཏབ་ནས་ནང་འཛིན་པ་སེམས་ཀྱིས་རྒྱུ་བྱས༔ ཕྱི་གཟུང་བ་ཡུལ་གྱིས་རྐྱེན་བྱས༔ འདོད་ཡོན་ལྔའི་སྣང་བ་ལ་བདེན་ཞེན་གྱི་དབང་གིས་ཉིན་སྣང་མཆེད་པ་དང་༔ དེ་དབྱིངས་སུ་ཞིག་ནས་རྨི་ལམ་གྱི་སྣང་བ་མཆེད་པ་ལས༔ ཉིན་སྣང་བདེན་པ་དང་རྨི་སྣང་རྫུན་པ་མ་ཡིན་པའི་ཚུལ་འདི་དང་ཕྱི་མའི་སྣང་བས་སྟོན་ཏེ༔ ཉིན་སྣང་དང་རྨི་སྣང་གཉིས་ཀ་མཆེད་པའི་རྒྱུ་རྐྱེན་འབྲེལ་བདག་མེད་པ་ལ་ཡོད་པར་སྣང་བའི་ཤེས་པ་བག་ལ་ཉལ་བ་དེ་ལ་རྒྱུ་བྱས༔ ཡུལ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྐྱེན་བྱས༔ རྒྱུ་རྐྱེན་དུས་འཛོམ་པ་ལས་གཉིས་མེད་ལུ་གུ་རྒྱུད་ཀྱི་ཚུལ་དུ་འབྲེལ་བས་འཁྲུལ་པའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན༔ དེའི་ངང་ཚུལ་ཤེས་པ་གཞིར་བཞག་སྟེ༔ སྣང་བ་ཐམས་ཅད་རྨི་ལམ་དུ་སྦྱངས་ནས་རྨི་ལམ་གྱི་སྣང་བ་ངོས་ཟིན་པས་རིག་པའི་རང་ས་བཟུང་བ་ལ་གོམས་འདྲིས་ཀྱིས་གདིང་ཐོབ་ན་བར་དོའི་སྣང་བ་ཆོད་ཅིང་ཆོས་ཉིད་ཀྱི་ཡོ་ལངས་ཆེན་པོར་དབང་འབྱོར་བར་འགྱུར་རོ༔ བཞི་པ་འཆི་ཁ་བར་དོ་ཞེས་བྱ་བ་ནི༔ ཉེས་ཅན་གཤེད་མའི་ལག་ཏུ་འཕྲད་པ་ལྟ་བུ་ཡིན་ཏེ༔ འཆི་རྐྱེན་ནད་ཀྱིས་བཏབ་པ་ནས་ནང་དབུགས་ཁྲོག་གིས་ཆད་པའི་བར་ཚུན་ལ་བྱའོ༔ དེ་ཡང་དང་པོ་ནད་ཀྱིས་ཐེབས་པའི་དུས་སུ་དགེ་སྦྱོང་དུ་བ་ཆད་དམ་མ་ཆད༔ གནམ་ས་འབྲེལ་ཐག་ཆད་དམ་མ་ཆད༔ ནམ་མཁའི་ཚེ་གཟུགས་ཡལ་ལམ་མ་ཡལ༔ རི་རྩེའི་ཉི་མ་ནུབ་བམ་མ་ནུབ༔ རྣ་བའི་རང་སྒྲ་ཡལ་ལམ་མ་ཡལ༔ དེ་རྣམས་ཞིབ་ཏུ་དཔྱད་དེ་རིམ་གྲོ་ཚོགས་བསགས་སོགས་ལ་བརྩོན༔ དེས་ཀྱང་མ་ཕན་ན་རབ་མི་མེད་ལུང་སྟོང་རྐྱེན་དང་བྲལ་བའི་གནས་སུ་གྲོགས་བཟང་པོ་དམ་ཚིག་ལ་སེལ་མེད་པ་ཞིག་ཁྲིད་ཅིང་སོང་ནས༔ རང་གི་སྙིང་གར་ཡི་གེ་ཨ་དཀར་པོ་ཆེ་བ་ཞིག་བསམ་སྟེ་དེའི་སྟེང་དུ་ཨ་དཀར་པོ་ཉི་ཤུ་རྩ་གཅིག་བརྩེགས་མར་གནས་པ་དེ་རིམ་གྱིས་ཨ་ཉི་ཤུ་རྩ་གཅིག་བརྗོད་པ་དང་ཆབ་གཅིག་ཏུ་ཡར་བསྡུས་ཏེ་ཨ་དཀར་ཐོག་མ་འོག་མིན་བདེ་བ་ཆེན་པོ་གདོད་མ་གཞིའི་སངས་རྒྱས་ཀུན་ཏུ་བཟང་པོའི་མཁའ་ཀློང་དུ་ཕཊ་ཀྱིས་བསྲེས་ཏེ་ཁྱབ་བརྡལ་དུ་བཞག་པས་འཕོ་བ་ནམ་མཁའ་གོ་འབྱེད་དུ་གྲོལ་བ་ཐོབ་པའི་རྟགས་ཚངས་བུག་ཏུ་རླངས་པ་ཕྱུ་རུ་རུ་འབྱུང་སྟེ་དབུགས་ཆད་པ་ཡང་ཡོད༔ དེས་ཀྱང་འཕོ་མ་ཐུབ་ན་སེང་གེ་ཉལ་སྟབས་ཀྱིས་འདུག་སྟེ་ཤེས་པ་མིག་ལ་གཏད་མིག་བར་སྣང་ལ་ཧ་རེ་གཏད་ནས་ལུས་སེམས་སྣང་བ་ཐམས་ཅད་ཆབ་གཅིག་ཏུ་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་མེར་གྱིས་ཞིག་པར་བསམ་ལ་འོད་སྣང་ལམ་དུ་བྱས་ཏེ་མཉམ་པར་བཞག་པས་དབུགས་ཆད་དེ་བར་དོ་མེད་པར་གྲོལ་བའང་ཡོད༔ ཡང་ན་གྲོགས་དེས་སྐད་ཆེར་གཏོན་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཀྱི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་བཅོམ་ལྡན་འདས་གདོད་མ་གཞིའི་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་སྲིད་ཞིའི་མཐའ་ལ་མི་གནས་པའི་སངས་རྒྱས་སྐུ་གཅེར་བུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་བཞུགས་ནས་ཡོད་པས་ཁྱོད་ཀྱི་རྣམ་པར་ཤེས་པ་དེའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བསྲེས་ཤིག༔ ཅེས་ལན་གསུམ་བརྗོད་ཅིང་ཧིཀ་སྒྲ་ཡང་ལན་གསུམ་རེ་བྱས་པས་མིག་སྐྱ་ལོག་གིས་འགྲོ་ན་ཐེབས་པའི་ཚད་ཡིན་ནོ༔ དེས་མ་ཤི་ན་དབུགས་ཕྱིར་ལ་འཕེན་ཅིང་ཕྱི་རོལ་གྱི་ཡུལ་སྣང་ནུབ་པའི་དུས་སུ་རྣ་གོང་དུ་སྨྱུག་སྦུག་གམ་ཤོག་སྦུག་བཙུགས་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ལ་ཐིམ་རིམ་གྱི་སྐབས་དཀར་ལམ་དམར་ལམ་འཆར་ན་དེ་ཀ་འཁོར་བ་ལུགས་སུ་ལྡོག་པ་ཡིན་ཏེ་གཞི་དབྱིངས་སྤྲོས་པ་དང་བྲལ་བ་ཀ་དག་གདོད་མའི་གཞི་རུ་བསྲེས་ཤིག་འཕོས་ཤིག༔ ཅེས་ལན་གསུམ་བརྗོད་དེ་ཕཊ་སྒྲ་ཡང་ལན་གསུམ་བྱ༔ ཡང་དེས་ཀྱང་དབུགས་མ་ཆད་ན༔ རིགས་ཀྱི་བུ་ཁྱོད་རང་གི་རྣམ་པར་ཤེས་པ་ཡི་གེ་ཨ་དཀར་པོ་ཞིག་ཏུ་གསལ་ལ་དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་ཚངས་བུག་ནས་སོང་ལ་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འཕོས་ཤིག༔ ཅེས་གདམས་པ་ནི་འཆི་ཁ་མི་གསལ་བ་གསལ་བར་བྱེད་པ་རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུ་ཡིན་ནོ༔ དེ་ལྟར་རང་སྟོབས་ཀྱིས་འཕོ་བ་དང་གཞན་གྱིས་གསལ་བཏབ་པ་གང་གིས་ཀྱང་ཕན་པ་མ་བྱུང་ན༔ ཁྱབ་བྱེད་ཀྱི་རླུང་བྲོས་པའི་རྟགས་སུ་ལུས་ཀྱི་བཀྲག་མདངས་ཉམས་པ་དང་༔ མེ་མཉམ་གྱི་རླུང་བྲོས་པའི་རྟགས་སུ་རྐང་ལག་ལ་སོགས་ལུས་ཀྱི་དྲོད་ཐམས་ཅད་ཤོར་ཏེ་རྡོ་ལྟར་གྲང་བ་དང་༔ ཐུར་སེལ་གྱི་རླུང་བྲོས་པའི་རྟགས་སུ་ལུས་ཀྱི་བཅུད་ཐམས་ཅད་ཕྱི་རུ་ཤོར་བ་དང་༔ གྱེན་རྒྱུའི་རླུང་བྲོས་པའི་རྟགས་སུ་དབུགས་རྣམས་ཕྱི་རུ་འཕེན་པ་དང་༔ ཟས་སྐོམ་ཁ་ནས་བཏུང་བ་སྣ་ནས་འབྱུང་བ་དང་༔ ཁ་ཆུ་དང་སྣ་ཆུ་འཛག་པར་བྱེད་དོ༔ རྩ་ཁམས་ཀྱི་རླུང་དང་ཁྲག་རྣམས་འཐབ་པས་འཁྲུལ་པའི་སྣང་བ་སྣ་ཚོགས་འབྱུང་སྟེ་མཐར་ཁྲག་རྣམས་སྲོག་རྩར་འདུས་ཤིང་རླུང་རྣམས་ཕྱིར་ཐོན་ཏེ་རིག་པ་སྙིང་གི་དཀྱིལ་དུ་བརྒྱལ་བ་ནི་རླུང་སེམས་རྒྱབ་གྱེས་པ་ཞེས་བྱ་བའི་ཐོག་ཏུ་ཕེབས་པ་ཡིན༔ དེར་མ་ཐུག་གི་བར་དུ་རིམ་པ་བཞིན་དུ་རྣམ་ཤེས་སྣང་བ་ཐིམ་པས་དམར་ལམ་གློག་འཁྱུག་པ་ལྟ་བུ་ཞིག་བྱུང་བ་དང་༔ སྣང་བ་མཆེད་པ་ལ་ཐིམ་པའི་རྟགས་སུ་དཀར་ལམ་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་མཐར༔ མཆེད་པ་ཉེར་ཐོབ་ལ་ཐིམ་པའི་རྟགས་ནག་ལམ་སྲོད་མུན་འཁྲིགས་པ་ལྟ་བུ་ཞིག་འབྱུང་སྟེ་དེའི་ངང་དུ་བརྒྱལ་བ་ནི་ཤི་བ་ཡིན་ཏེ༔ འདི་དག་གི་དུས་སུ་ཐིམ་རིམ་ངོ་ཤེས་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གནད་མཆོག་ཏུ་གཅེས་ཏེ༔ རབ་ཀྱིས་འོད་གསལ་སྦུབས་འཇུག་གི་གདམས་པ་དང་༔ འབྲིང་གིས་མ་དག་པ་འཁོར་བའི་སྣང་སེམས་འོད་གསལ་ཆོས་ཉིད་ཀྱི་རོལ་པར་ལུགས་སུ་ལྡོག་པར་བྱ་བ་དང་༔ ཐ་མས་ཀྱང་ཐིམ་རིམ་ངོས་བཟུང་ནས་ཐོག་ཕེབས་ཀྱི་འོད་གསལ་གདིང་ཚུགས་པར་བྱ་བ་གནད་ཀྱི་དམ་པ་ཡིན་ནོ༔ དབང་པོའི་བྱེད་ལས་ཀྱིས་འགའ་ཞིག་ནི་ཉིན་ཕྱེད་དང་༔ འགའ་ཞིག་ཞག་གཅིག་གམ༔ འགའ་ཞིག་ཞག་གཉིས་སམ༔ འགའ་ཞིག་ཞག་གསུམ་དུ་དེར་བརྒྱལ་བའང་ཡོད༔ དེ་དག་གང་ཡང་ཐོག་ཕེབས་ཀྱི་ཀུན་གཞི་མཚན་ཉིད་པར་ཐིམ་པའི་གནས་སྐབས་ཡིན་ནོ༔ དེ་མཐར་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ་དཔེར་ན་བུམ་ནང་གི་ནམ་མཁའ་ཕྱིའི་དབྱིངས་དང་འདྲེས་པ་བཞིན་དུ་བདག་ཏུ་སྣང་བ་རྡུལ་ཙམ་མེད་པར་བརྡལ་ཁྱབ་ནམ་མཁའ་ལྟ་བུའི་དབྱིངས་དྭངས་གསལ་རྙོག་མ་དང་བྲལ་བ་མཁའ་ལ་ནམ་ལངས་པ་ལྟ་བུ་ཞིག་འཆར་ཏེ༔ འདིའི་གནས་སྐབས་སུ་སྔོན་ཁྲེགས་ཆོད་གཞིའི་རིག་པ་ལ་གོམས་ཤུགས་ཆེ་བ་དང་གདིང་ཐོབ་པ་རྣམས་ཀྱིས་སྔོན་གྱི་སྦྱངས་པའི་རིག་པ་སྔར་འདྲིས་ཀྱི་མི་ལྟ་བུ་དེ་ཉིད་ཕྱིས་ཐོག་ཕེབས་ཀྱི་འོད་གསལ་དང་འཕྲད་པའི་དུས་སུ་ངོ་ཤེས་པ་དང་༔ དེའི་ཐོག་ཏུ་རང་ས་འཛིན་པ་རྒྱལ་པོ་ཁྲི་ཁར་འཁོད་པ་ལྟ་བུ་ཞིག་དགོས་སོ༔ ཐོད་རྒལ་ལ་རྒྱུས་མེད་པ་དང་སྦྱངས་པ་མ་ཐོན་པར་ཁྲེགས་ཆོད་ལ་ལམ་བྱེད་པ་རྣམས་ཀྱིས་གནས་སྐབས་འདི་ཉིད་དུ་བབས་ཚེ་སྙིང་ལ་གསེར་ཐུར་འདྲེན་པ་ལྟ་བུའི་དུས་ཚིགས་ཡིན་ཏེ༔ ངོ་ཤེས་ཐོག་ཏུ་གདིང་ཚུགས་ན་འཆི་སྲིད་ཆོས་སྐུའི་འོད་གསལ་དུ་གྲོལ་བ་ཞེས་བྱ་བ་ཡིན་ཏེ་སྙིང་ཆུ་འདྲེན་ནས་འཚོ་བ་ལྟ་བུའོ༔ ངོ་མ་ཤེས་ཤིང་གདིང་མ་ཚུགས་ན་འཁྲུལ་པའི་འཁོར་ལོར་ཁ་འཁྱོལ་ཏེ་མཐའ་མེད་དུ་འཁྲུལ་པ་ནི་གསེར་ཐུར་སྙིང་ལ་ཕོག་ན་འཆི་བ་ལས་འོས་མེད་པ་ལྟ་བུ་ཡིན་ནོ༔ འཆི་སྲིད་ཀྱི་འོད་གསལ་འདིར་བསམ་གཏན་གྱི་ཞག་ནི་ད་ལྟའི་ཉམས་ལེན་ལ་ཇི་ཙམ་བརྟན་པ་དང་གནས་པ་དེའི་ཡུན་ཙམ་མོ༔ ཉིན་མཚན་ཁོར་ཡུག་ཏུ་བརྟན་པ་ཐོབ་པ་རྣམས་ལ་མིའི་ཞག་བདུན་དུ་བརྟན་པ་ཐོབ་པ་ཡིན་ཏེ་ལམ་དུ་མ་ཞུགས་པ་རྣམས་ལ་ཟན་ཕོར་པ་གང་བཟའ་བའི་ཡུན་ཙམ་དུ་འཆར་བ་ལས་མི་གནས་སོ༔ ལྔ་པ་ཆོས་ཉིད་ཀྱི་བར་དོ་ནི༔ འོད་གསལ་ཐོད་རྒལ་ཆེན་པོའི་སྒོ་མཐོང་ནས་ཉམས་ལེན་ལ་སྐབས་སྐབས་སུ་བརྩོན་པ་དག་ལ་འོད་གསལ་ལྷུན་གྲུབ་ལ་ཐིམ་པ་ཞེས་བྱ་བའི་བདག་སྣང་ཙམ་གྱིས་ཤེས་པ་ཞིག་ལངས་ཏེ༔ ཕྱོགས་གང་དུ་བལྟས་པའི་ཡུལ་སྣང་ཐམས་ཅད་འཇའ་རིས་ཀྱིས་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ་འོད་ཀྱི་གདངས་ཆེན་པོས་ཡོངས་སུ་གང་ཞིང་ཁྱབ་པར་འཆར་རོ༔ དེ་འབྲས་ཀྱི་ལྗང་པ་ལྟ་བུ་སྟེ་དེའི་ཐོག་ཏུ་སྙེ་མ་འབྱུང་བ་ལྟར་ཐིག་ལེ་ཆེ་བ་གནམ་ས་ཁེབས་པ་ཙམ་དང་ཆུང་བ་ཉ་མིག་ཙམ་གྱི་བར་དུ་གྲངས་མང་བ་སྣང་བས་གར་ཁྱབ་ཐམས་ཅད་གང་བར་འཆར་རོ༔ སྙེ་མ་ལ་འབྲས་བུ་སྨིན་པ་བཞིན་དུ་དང་པོ་ཐིག་ལེ་ཆེན་པོ་གཅིག་གི་ཀློང་དུ་རྣམ་པར་སྣང་མཛད་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་འཆར་ཏེ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་བལྟར་མི་བཟོད་པ་རང་གི་སྤྱི་བོར་ཟུག་པའི་སྟེང་དུ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་ནི་རྣམ་པར་སྣང་མཛད་ཁོང་གསེང་གི་ལམ་ཞེས་བྱ་བ་ཡིན་ནོ༔ དེ་དང་མཉམ་དུ་དུད་འགྲོའི་རྒྱུ་ལམ་སྔོ་ལ་བཀྲག་མདངས་ཆུང་བ་ཞིག་གཤིབ་སྟེ་འཆར་རོ༔ གནས་སྐབས་འདིར་བབས་ཚེ་སྔར་གྱི་སྦྱངས་པའི་འོད་གསལ་བུ་ལྟ་བུ་དང་སླད་ནས་ཤར་བའི་སྣང་བ་མ་ལྟ་བུ་གཉིས་དུས་འཛོམ་པས་ཐེ་ཚོམ་མེད་པར་མ་པང་དུ་བུ་འཇུག་པ་ལྟ་བུར་ཤེས་པ་འོད་གསལ་ལ་འཇུག་པའི་གནད་དང་ལྡན་ན་ཟུང་འཇུག་བདེ་བ་ཆེན་པོར་གྲོལ་བ་ཐོབ་པར་འགྱུར་རོ༔ དེར་ངོ་མ་ཤེས་པའི་དབང་གིས་མ་གྲོལ་ན་སྣང་བ་ཐམས་ཅད་འོད་དམར་གྱི་རོལ་པར་འཕོས་པའི་ཀློང་དུ་ཐིག་ལེ་གནམ་ས་འབྲེལ་བ་ཙམ་གྱི་ནང་དུ་སྣང་བ་མཐའ་ཡས་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པར་འཆར་རོ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་མགྲིན་པར་ཟུག་པའི་སྟེང་དུ་པདྨ་རཱ་གའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་ཡི་དྭགས་ཀྱི་རྒྱུ་ལམ་དམར་སྐྱ་བཀྲག་མདངས་མེད་པ་ཞིག་འཆར་སྟེ༔ འདི་དུས་རང་སྣང་རང་ངོ་ཤེས་པ་སྐུ་དང་འོད་གདངས་ཆེན་པོར་བསྲེ་འཕོ་བྱས་ཏེ་གཞན་དུ་མ་ཡེངས་པར་གདིང་ཚུགས་ན་གྲོལ་བ་ཐོབ་པ་ཡིན་ནོ༔ དེར་ངོ་མ་ཤེས་པའི་དབང་གིས་མ་གྲོལ་ན་སྣང་བ་ཐམས་ཅད་འོད་གདངས་མཐིང་ནག་གིས་ཡོངས་སུ་ཁེབས་ཤིང་ཁྱབ་པའི་ཀློང་དུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པའི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་མཐིང་ནག་བལྟར་མི་བཟོད་པ་རང་གི་སྙིང་གར་ཟུག་པའི་སྟེང་དུ་བཻ་ཌཱུཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་དེའི་འོག་ན་དམྱལ་བའི་རྒྱུ་ལམ་འོད་ནག་པོ་བཀྲག་མེད་པ་ཞིག་འཆར་ཏེ༔ འདི་དུས་ཀྱང་ཤེས་པ་སྐུའི་དབྱིངས་སུ་བསྲེས་ཏེ་གདིང་རང་སར་བཟུང་བས་མངོན་པར་དགའ་བའི་ཞིང་ཁམས་སུ་གྲོལ་བ་ཐོབ་པར་འགྱུར་བ་ཡིན༔ དེར་མ་གྲོལ་ན་སྣང་བ་ཐམས་ཅད་འོད་གདངས་སེར་པོའི་རོལ་པར་འཕོས་ཤིང་མཆེད་པའི་ཀློང་དུ་ཐིག་ལེ་སེར་པོ་བསེ་ཕུབ་ལྟ་བུ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་ཟླའི་སྟེང་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་ཏེ་ཡུམ་དང་འཁྲིལ་བ་གཟི་བརྗིད་འོད་ཕུང་བལྟར་མི་བཟོད་པར་འབར་བའི་གཡས་སུ་སེམས་དཔའ་ཀུན་ཏུ་བཟང་པོ་དང་གཡོན་དུ་སེམས་དཔའ་ནམ་མཁའི་སྙིང་པོ༔ མདུན་དུ་སེམས་མ་མཱ་ལེ་མ་དང་རྒྱབ་ཏུ་དྷུཥྤེ་མ་རྣམས་གསེར་བཙོ་མ་ལ་ཉི་འོད་ཕོག་པ་ལྟ་བུ་འོད་ཕུང་རབ་ཏུ་འབར་བ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་སེར་པོ་རང་གི་ལྟེ་བར་ཟུག་པའི་སྟེང་དུ་ཐིག་ལེ་སེར་པོ་སྦུར་ལེན་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་དེའི་འོག་ན་ལྷ་ཡི་རྒྱུ་ལམ་དཀར་པོ་འོད་དང་བཀྲག་མདངས་མེད་པ་ཞིག་གཤིབ་སྟེ་འཆར་རོ༔ རིན་ཆེན་འབྱུང་ལྡན་ཁོང་གསེང་གི་ལམ་དུ་ངོ་ཤེས་ཤིང་བསྲེ་འཕོ་བྱེད་པའི་གནད་དང་ལྡན་ན་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ལ་དབང་བསྒྱུར་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ དེ་དག་ནི་ཡེ་ཤེས་བཞི་སྦྱོར་གྱི་ལམ་ཞེས་བྱ་བ་ཡིན་ཏེ་གསང་ཆེན་བླ་ན་མེད་པའི་མྱུར་ལམ་སྐད་ཅིག་མ་དང་པོར་ངོ་ཤེས་གཉིས་པར་གདིང་ཐོབ་གསུམ་པར་གྲོལ་བར་འགྱུར་རོ༔ དག་པའི་ལམ་སྣང་བལྟར་མི་བཟོད་ཅིང་གཏད་མི་ཚུགས་ཏེ་མ་དག་པའི་ལམ་བཞི་རུ་བསྲེ་ཞིང་གཏད་པས་གནས་རིས་དེ་དག་ཏུ་སྐྱེ་སྲིད་འཛིན་པར་འགྱུར་རོ༔ ཉམས་སྣང་གོང་འཕེལ་གྱི་རྩལ་མ་རྫོགས་ཀྱི་བར་དུ་དོན་ཡོད་གྲུབ་པ་ཁོང་གསེང་གི་ལམ་ནི་སྣང་བར་མི་འགྱུར་ཏེ་རྩལ་རྫོགས་ཕན་ཆད་ནས་རིག་པ་ཚད་ཕེབས་ཀྱི་སྐབས་ཚུན་ཆད་དུ་བར་དོ་མེད་པར་སངས་རྒྱས་ཏེ་སྣང་བར་མི་འགྱུར་རོ༔ དེ་ནས་སྐུ་དང་ཐིག་ལེའི་སྣང་བ་ཇེ་ཉུང་དུ་སོང་སྟེ༔ དུང་ཁང་ནས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ་སྟེང་ཕྱོགས་ཀྱི་ནམ་མཁར་འཕྲོས་ཤིང་ཁྱབ་པས་རེ་རེ་ལས་ཀྱང་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཁྱབ་ཅིང་གང་ནས་སྤྱན་མིག་ནས་ཉི་ཟླ་འབུམ་གྱི་འོད་ཟེར་ལྟ་བུ་མཆེད་པ༔ ཞལ་གདངས་ཤིང་མཆེ་བ་ཟླ་ལྟར་གཙིགས་པ་སྨ་ར་ལས་མེ་འབར་ཞིང་སྨིན་མ་ནས་གློག་འཁྱུགས་པ་དུར་ཁྲོད་ཀྱི་ཆས་རྫོགས་པ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་ནས་མཚོན་ཆ་སྣ་ཚོགས་གདེངས་ཤིང་ཧཱུྃ་ཕཊ་དང་རྒྱོབ་སོད་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་སྒྲོགས་པ་དང་༔ མགོ་བརྙན་ཅན་རྣམ་པ་སྣ་ཚོགས་ཀྱིས་མཚོན་ཆ་གདེངས་ཤིང་གར་བྱེད་པ་སྐུ་འཇིགས་པའི་ཆ་ལུགས་མཐོང་ཞིང་གསུང་དྲག་པོའི་ང་རོ་ཐོས་པའི་ཚེ་ན་འཆི་བདག་གཤིན་རྗེའི་ཚོགས་རྣམས་དཔའ་བཀོང་ཞིང་ཉམ་ཐག་པར་བྱེད་པའི་སྣང་བ་མཆེད་དོ༔ དེ་དག་ཐམས་ཅད་རང་གི་རྡོ་རྗེའི་ཕུང་པོའི་གྲོང་ཁྱེར་གྱི་ཞི་ཁྲོ་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་སྣང་བ་ཡིན་པར་ངོ་ཤེས་ནས་གཉིས་མེད་མཉམ་པ་ཉིད་དུ་འཇོག་པའི་དབང་སྐལ་དང་ལྡན་ན་འོག་མིན་དུར་ཁྲོད་མེ་རི་འབར་བར་གྲོལ་བ་ཐོབ་པར་འགྱུར་རོ༔ འོད་དང་ཐིག་ལེ་ཞི་བ་དང་ཁྲོ་བོའི་སྣང་བ་དེ་དག་ཐམས་ཅད་འོད་གསལ་ཐོད་རྒལ་ཆེན་པོའི་ལམ་ལ་རབ་ཏུ་གོམས་པ་དང་སྦྱངས་པ་ཐོན་པ་རྣམས་ལ་བསམ་གཏན་གྱི་ཞག་གྲངས་བདུན་ཕྲག་བདུན་དུ་འཆར་ཏེ་ཡུན་རིང་བའི་སྟོབས་ཀྱིས་ངོ་ཤེས་པ་དང་གྲོལ་ལོང་ཡོད་དེ༔ འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་སྒོ་མ་མཐོང་བ་དང་༔ སྒོ་མཐོང་ཡང་དད་པའི་ངེས་ཤེས་མ་སྐྱེས་པ་དང་ལེ་ལོ་དང་རྣམ་གཡེངས་འདུ་འཛིའི་དབང་དུ་གྱུར་ནས་ཉམས་སུ་མ་ལོན་ཅིང་སྦྱངས་པ་མ་ཐོན་པ་རྣམས་ལ་ནམ་མཁའ་ལ་སྒྲ་གཅན་དལ་གྱིས་འགྲོ་བ་ཙམ་གྱི་ཡུན་ལས་མི་སྣང་བས་ངོ་ཤེས་ལོང་དང་གྲོལ་ལོང་ཡོད་པ་སྨོས་ཅི་དགོས༔ དེ་ལྟར་ཤར་བའི་ཞི་ཁྲོའི་སྣང་བ་ཐམས་ཅད་དབྱིངས་སུ་ཡལ་ཚེ་སྔར་གྱི་ཐོས་པའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་དྲན་ཅིང་དྲན་མ་ཐག་ཏུ་བརྗེད་ནས་འགྲོ་བ་དང་༔ ཐོས་མ་མྱོང་ཞིང་རྒྱུས་མེད་པའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པར་འཆར་ཞིང་ཤར་བ་དང་བརྗེད་པ་དུས་མཉམ་དུ་འབྱུང་བའི་གནས་སྐབས་ལ་ཐུག་སྟེ༔ གང་ཟག་སྤྱི་མཐུན་ལ་འོད་གསལ་གྱི་སྣང་བ་ཡུན་ཐུང་ཞིང་གནས་སྐབས་འདིའི་ངང་དུ་ཅུང་ཟད་གནས་ཏེ་བླ་མ་ལ་དད་གུས་དང་གདུང་བ་ཆེན་པོ་ཡོད་པ་རྣམས་ཀྱིས་བླ་མ་དྲན་པའི་མོད་ལ་གདུལ་བྱ་རང་སྣང་གི་སྟོན་པ་བླ་མར་ཤར་ནས་གྲོལ་ལམ་སྟོན་ཅིང་གྲོལ་བ་ཐོབ་པའང་ཡོད༔ རྡོ་རྗེའི་བླ་མ་ལ་དམ་ཚིག་ཉམས་པ་དང་མཚམས་མེད་ཀྱི་ལས་སྤྱོད་པ་རྣམས་ནི་མར་གྱི་ཟང་ཐལ་དུ་འགྲོ་སྟེ༔ ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཀྱི་མཚམས་ཤི་དང་མ་ཤིའི་མཚམས་མི་ཕྱེད་པར་བར་དོ་མེད་པར་རྡོ་རྗེའི་དམྱལ་བར་ལྟུང་བ་དང་༔ བླ་མ་དང་རྡོ་རྗེའི་མཆེད་ལྕམ་ལ་དམ་ཚིག་མ་ཉམས་ཤིང་ཁྲེགས་ཆོད་དང་ཐོད་རྒལ་ལ་སྦྱངས་པ་ཤིན་ཏུ་ཐོབ་པ་རྣམས་ནི་ཡར་གྱི་ཟང་ཐལ་དུ་འགྲོ་བ་སྟེ་ཕྱི་དབུགས་ཆད་དེ་ནང་དབུགས་མ་ཆད་ཀྱི་མཚམས་ནས་ཤི་དང་མ་ཤིའི་མཚམས་མི་ཕྱེད་པར་བར་དོ་མེད་པར་རང་ཐོག་ཏུ་རང་གྲོལ་བ་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་གདོད་མ་གཞིའི་ཆོས་སྐུར་སངས་རྒྱས་པ་ཡིན་ནོ༔ དེ་མ་གཏོགས་པ་ཐམས་ཅད་ལ་བར་དོའི་སྣང་བ་འདི་དག་འབྱུང་ངེས་པ་ཡིན་ཏེ༔ དེང་སང་གི་དུས་སྐབས་ནས་རྒྱུད་ལུང་མན་ངག་གི་ནང་ནས་བར་དོའི་འཆར་ཚུལ་བསྟན་པ་རྣམས་ལ་བལྟས་ཤིང་དཔྱད་ནས་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཉམས་འོག་ཏུ་ཆུད་པ་ཞིག་ཤིན་ཏུ་གལ་ཆེ་བ་ཡིན་པས་ཤེས་པར་བྱའོ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བར་དོ་རྫོགས་ནས༔ དྲུག་པ་སྲིད་པ་ལས་ཀྱི་བར་དོར་ཁ་འཆོལ་བའི་ཚུལ་ནི༔ རྣམ་པར་ཤེས་པ་ལས་རླུང་གིས་བསྐྱོད་པའི་དབང་གིས་ཆོས་དབྱིངས་རྡོ་རྗེའི་གདན་དང་༔ མའི་མངལ་གཉིས་ཀ་ལ་ཐོགས་པ་ཡིན་ཏེ༔ དེ་མ་གཏོགས་པའི་ས་རྡོ་རི་བྲག་ཤིང་གི་ཁོངས་ལ་སོགས་པ་དངོས་པོ་ཐོག་རེག་གི་གནས་ཐམས་ཅད་ལ་ཐོགས་པ་མེད་པར་ཟང་ཐལ་དུ་རྒྱུ་བ་རང་སྣང་སྟོང་པའི་གཟུགས་བརྙན་སྔོན་གྱི་ཤ་གཟུགས་ཇི་ལྟ་བ་བཞིན་དུ་ཚང་བ་དང་༔ དབང་པོའི་སྒོ་ཐམས་ཅད་ཚང་བའི་ཡུལ་ལྔ་ཇི་ལྟ་བ་བཞིན་དུ་སྣང་ཞིང་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་བ་དང་༔ རང་དང་རིགས་མཐུན་པ་སྣ་ཚོགས་མཐོང་བའི་ལྷའི་མིག་དང་ལྡན་ཏེ་ཕ་རོལ་རྣམས་ཀྱི་ཤེས་རྒྱུད་དེར་ཆགས་སྡང་གི་བསམ་པ་ཇི་ལྟར་སྐྱེས་པ་རྣམས་ཤེས་པ་ཡིན༔ རེས་འགའ་མི་གྲལ་ན་འདུག་སྟེ་མི་རྣམས་ཀྱིས་གཏམ་སྨྲ་བ་གོ་ཞིང་ཕར་སྨྲ་བ་མི་གོ་བར་ལན་མི་སྟེར་བ་ལ་ཐམས་ཅད་ང་ལ་ཁྲོས་འདུག་སྙམ་དུ་ཞེ་སྡང་སྐྱེ་བ་དང་༔ བཟའ་མིའི་གྲལ་དུ་ཡོད་ཀྱང་རང་ལ་བཟའ་བཏུང་མི་སྟེར་བ་དང་༔ ཉི་མ་དང་མེ་འོད་དུ་གྲིབ་མ་མི་འབྱུང་བ་དང་༔ བྱེ་མ་ས་འབོལ་ཁ་བ་རྣམས་ཀྱི་ནང་དུ་རྐང་རྗེས་མི་འབྱུང་བ་ལ་སོགས་པ་ལ་ཐེ་ཚོམ་ནས་ཤི་བ་ཡིན་པར་ཤེས་ཏེ་འཇིགས་སྐྲག་དང་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་སྟེ༔ བླ་མཆོད་ཀྱི་ཚལ་དུ་སྐྱབས་འཚོལ་ལ་ཕྱིན་ཚེ་དེ་དག་གིས་ཆོ་ག་མ་དག་པ་དང་༔ བསྐྱེད་རྫོགས་མེད་པ་དང་༔ དམ་སྡོམ་ཉམས་པ་ལ་སོགས་པའི་སྐྱོན་ཐམས་ཅད་མཐོང་སྟེ༔ འདི་དག་གིས་ང་བསླུས་ཏེ་ངན་སོང་དུ་འཕེན་པར་འདུག་སྙམ་དུ་ལོག་ལྟ་སྐྱེས་ནས་མྱུར་དུ་ལུས་ཞིག་ལེན་པར་གདུང་བས་ཕྱོགས་ཐམས་ཅད་དུ་རྒྱུག་ནས་མངལ་སྒོ་འཚོལ་མོད་ཀྱི༔ བར་སྲིད་ཀྱི་ཚེ་ཚད་མ་རྫོགས་ཀྱི་བར་དུ་མངལ་སྒོ་མི་མཐོང་ཞིང་མི་རྙེད་དེ་ཞག་བདུན་རེའི་མཚམས་སུ་སྔར་འཆི་རྐྱེན་གྱི་སྣང་བ་རེ་འཆར་བས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་དང་༔ རི་བོ་སྟོང་ཉིལ་གྱི་སྒྲ་དང་༔ རྒྱ་མཚོ་འཁྲུགས་པའི་སྒྲ་དང་༔ མེ་ཆེན་འབར་བའི་སྒྲ་དང་༔ རླུང་ཆེན་འུར་བའི་སྒྲ་སྟེ་འཇིགས་པའི་སྒྲ་བཞི་དང་༔ གཡང་ས་དཀར་པོ་དང་དམར་པོ་དང་ནག་པོ་དུག་གསུམ་རང་གཟུགས་ཀྱི་གཡང་ས་ཤར་ཏེ་དེར་ལྷུང་བའི་འཇིགས་སྐྲག་བཟོད་གླག་མེད་པར་འཆར་བ་དང་༔ དམག་དང་གཤེད་མས་བདས་པ་དང་༔ རི་ཆེན་པོ་ཉིལ་བས་དེད་དེ་བྱུང་བ་དང་༔ ཐོག་སེར་དྲག་པོ་སྟེང་དུ་འབབ་པ་ལ་སོགས་པའི་འཁྲུལ་པའི་སྣང་བ་བཟོད་མེད་དུ་འཆར་བ་ཡིན་ནོ༔ རེས་འགའ་ནི་ཡར་ཕྱེད་སྔ་མའི་ལུས་ཏེ་མར་ཕྱེད་ཕྱི་མའི་ལུས་སུ་སྣང་བ་དང་༔ ལྷ་དང་མིའི་གནས་གཉིས་སུ་སྐྱེ་བའི་ལྟས་ནི་མགོ་བོ་སྟེང་དུ་ལྟ་བ༔ ལྷ་མ་ཡིན་དང་བྱོལ་སོང་དུ་སྐྱེ་བའི་ལྟས་སུ་འཕྲེད་དུ་ལྟ་བ་དང་༔ དམྱལ་བ་དང་ཡི་དྭགས་ཀྱི་ལྟས་སུ་མཐུར་དུ་ལྟ་བ་ཡིན་ནོ༔ དམྱལ་བར་སྐྱེ་བའི་ལྟས་སུ་འོད་ནག་སྡོང་དུམ་ལྟ་བུ་དང་༔ ཡི་དྭགས་ལ་བལ་ནག་གཡེངས་པ་ལྟ་བུ་དང་༔ བྱོལ་སོང་ལ་ཁྲག་མཚོ་ལྟ་བུ་དང་༔ མི་ལ་འོད་དཀར་པོ་དང་༔ ལྷ་མ་ཡིན་ལ་འོད་ལྗང་གུ་དང་༔ ལྷ་ལ་འོད་དཀར་འདོམ་གང་དུ་སྣང་བ་ཡིན་ཏེ༔ ཤེས་རྒྱུད་གཟུགས་མེད་པའི་ཁམས་སུ་སྟོང་པ་ལ་དགའ་གདུང་ཆེ་བ་དང་༔ གཟུགས་ཁམས་གསལ་བ་ལ་གདུང་བ་དང་༔ འདོད་ལྷ་བདེ་བ་ལ་གདུང་བ༔ མི་རྣམས་ཡུལ་ལ་གདུང་བ༔ ལྷ་མིན་ཁ་ཆར་ལ་གདུང་བ༔ དུད་འགྲོ་འོད་ནག་ལ་གདུང་བ༔ ཡི་དྭགས་འོད་དམར་སྐྱ་ལ་གདུང་བ༔ དམྱལ་བ་མེ་ལྕེ་ལ་གདུང་བ༔ ཡུལ་དེ་དག་ཐམས་ཅད་མཛེས་ཤིང་ཡིད་དུ་འོང་བར་སྣང་ནས་དེ་ལ་དགའ་གདུང་དྲག་པོ་བློ་ཡིད་འགོག་མི་ནུས་པ་ཙམ་འཆར་ཏེ༔ འདི་དག་གི་ངང་ཚུལ་དེང་སང་གི་གནས་སྐབས་ནས་ཤེས་པར་བྱས་ཏེ་ཉམས་འོག་ཏུ་ཚུད་ན་ད་གཟོད་སྐྱེ་བའི་ལྟས་འདི་དག་ངོ་ཤེས་ཏེ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་བྱས་ཤིང་དེར་གདིང་ཚུགས་གཞིའི་འོད་གསལ་ཀ་དག་གི་ཆོས་སྐུ་སླར་ཡང་འཆར་བ་ནི་ཡུར་བ་རྐང་ཆད་པ་ལ་ཝ་འཛུག་པ་ལྟ་བུ་ཡིན་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ཡང་རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་ཁམས་མངོན་དུ་བྱས་ཏེ་བག་ཆགས་ཡིད་ལ་བཞག་པ་ཡོད་ན་དེ་དྲན་ནས་ཚུལ་བཞིན་ཡིད་ལ་བྱས་པས་སྣང་བ་དེར་འཕོས་ཏེ་བརྟན་པ་ཐོབ་པར་འགྱུར་རོ༔ དེ་ལྟར་སྦྱངས་པའི་བག་ཆགས་མེད་པ་དག་གིས་མེ་དཔུང་མཛེས་པ་མཐོང་ནས་ཁྲོད་དུ་སླེབས་མ་ཐག་ཏུ་དམྱལ་བའི་སྣང་བ་མཆེད་དེ་སྡུག་བསྔལ་དང་༔ ཕུག་སྡུག་གི་ནང་དུ་ཕྱིན་པས་ཡི་དྭགས་ཀྱི་སྣང་བ་དང་༔ ཆུ་བོ་དང་འདམ་རྫབ་ཏུ་ཕྱིན་པས་དུད་འགྲོའི་སྣང་བ་མཆེད་པ་དང་༔ སྦྲང་ཆར་དང་ཁ་བ་བུ་ཡུག་འཚུབ་པའི་ནང་དུ་ཕྱིན་པས་ལྷ་མ་ཡིན་གྱི་སྣང་བ་མཆེད་པ་དང་༔ སྐྱེད་མོས་ཚལ་དང་གཞལ་ཡས་ཁང་ལ་སོགས་པ་སྣང་བས་ལྷའི་མངལ་སྒོར་ཞུགས་པ་དང་༔ མི་ཡུལ་འཛིན་པ་ལའང་ཤར་ལུས་འཕགས་པོ་ཉ་གཟུགས༔ བ་ལང་སྤྱོད་ངང་པ༔ སྒྲ་མི་སྙན་ཁྲུང་ཁྲུང་༔ འཛམ་བུའི་གླིང་པ་མི་ཕོ་མོ་ཆགས་སྦྱོར་བྱེད་པར་སྣང་སྟེ༔ དེའི་དུས་སུ་མངལ་སྒོ་བཀག་ནས་གོང་གི་གནད་ཡིད་ལ་བྱས་པས་གྲོལ་བ་ཐོབ་པ་ཡང་ཡོད༔ ཡང་ན་ནི་མངལ་གྱི་སྒོ་འདམ་སྟེ་གླིང་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་དུ་ཆོས་དར་བ་དང་དགེ་བའི་བཤེས་གཉེན་བཟང་པོའི་ཉེ་འདབས་སུ་རིགས་རུས་ཕུན་སུམ་ཚོགས་པའི་མི་ཕོ་མོ་སྦྱོར་བ་བྱས་པའི་ཚལ་དུ་མ་ལ་ཆགས་ཤིང་ཕ་ལ་སྡང་བའི་སེམས་ཀྱིས་མའི་བཤང་ལམ་ནས་ཐེ་ཚོམ་མེད་པར་འཇུག་པའི་ཚེ་རང་བླ་མའམ་ཡི་དམ་གྱི་སྐུར་གསལ་ཏེ་འགྲོ་དོན་རྒྱ་ཆེན་པོ་འབྱུང་བར་ཡིད་སྨོན་བྱེད་ནུས་ན་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པར་ངེས་སོ༔ ཕ་ལ་ཆགས་ནས་མ་ལ་སྡང་བའི་སེམས་ཀྱིས་ཞུགས་ན་བུ་མོར་སྐྱེ་བ་ཡིན་པས་ཤེས་པར་བྱ་བ་གནད་དུ་ཆེའོ༔ དེང་སང་གི་གནས་སྐབས་འདིར་བར་དོ་སྦྱོང་བའི་གདམས་པ་ཉམས་སུ་ལེན་པ་ལ༔ ཨེ་ཨེ་ང་ཤི་བ་རེད་སྣང་བ་འདི་ནི་བར་དོའི་སྣང་བའོ༔ ཞེས་ཞེ་ཐག་པ་ནས་ཡིད་ལ་འཆར་བར་བྱས་ཏེ༔ འཁོར་འདས་སྟོང་ཉིད་ཆེན་པོ་ངོ་ཤེས་པའི་ངང་དུ་ཡུན་ཅིག་བཞག༔ སླར་ཡང་ང་ནི་ཤི་བ་དངོས་རེད་སྣང་བ་འདི་ནི་སྲིད་པ་བར་དོའོ༔ དེ་ནི་འཁོར་བ་སྡུག་བསྔལ་གྱི་བཙོན་དོང་༔ འདི་ལས་ཐར་བའི་ཐབས་ཤིག་བྱ་དགོས་སྙམ་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཡིད་ལ་བྱས་ཏེ་འོད་དཀར་པོ་སྤྲིན་ཕུང་ལྟ་བུ་ཞིག་ཤར་ཕྱོགས་ཀྱི་དཔག་ཚད་གྲངས་མེད་པའི་ཕ་མཐར་སྟེང་གི་ནམ་མཁའ་ལ་མཐོང་སྣང་བྱས་ཏེ༔ ཞིང་ཁམས་དེ་ནི་རྒྱ་ཆེ་ཞིང་ཁྱོན་ཡངས་པ་བློ་དང་ཡིད་ཀྱིས་དཔག་ཏུ་མེད་པ་ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་ངོས་ལྟར་དྭངས་ཤིང་གསལ་བ༔ ཁ་དོག་སྣ་ཚོགས་པའི་མེ་ཏོག་པདྨོས་ཡོངས་སུ་གང་ཞིང་ཁེབས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ་ཕྱོགས་བཞི་མཚམས་བརྒྱད་དུ་དཔག་བསམ་གྱི་ལྗོན་ཤིང་རྒྱས་པ༔ དག་བྱེད་བདུད་རྩིའི་ཆུ་མིག་འབབ་པ༔ ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་མཚོ་དང་རྫིང་བུ་འཁྱིལ་བ་ལ་རིན་པོ་ཆེའི་གྲམ་དང་གཡུའི་ནེའུ་སིང་དང་གསེར་གྱི་བྱེ་མ་བརྡལ་བ༔ ཕྱོགས་དང་ཁོར་ཡུག་ཐམས་ཅད་འཇའ་ཚོན་གྱི་དྲྭ་བ་མིག་མང་རིས་སུ་བྲེས་པ་ལས་འདོད་ཡོན་གྱི་མཆོད་སྤྲིན་སྤེལ་བའི་ལྷ་མོ་མང་པོ་དང་༔ སྤྲུལ་པའི་བྱ་ཚོགས་མཛེས་སྡུག་ཡིད་དུ་འོང་བ་སྐད་སྙན་པ་མང་པོས་ཆོས་ཀྱི་སྒྲ་དབྱངས་གླུ་རུ་ལེན་པ༔ ནམ་མཁའ་ལ་འཇའ་ཚོན་ལས་གྲུབ་པའི་བླ་བྲེ་དང་དར་གདུགས་འཕན་ལ་སོགས་པའི་གཟུགས་སྣང་འཆར་བ༔ ཞིང་ཁམས་དེའི་དབུས་སུ་ཡེ་ཤེས་འོད་གདངས་ལས་གྲུབ་པའི་གཞལ་ཡས་ཁང་དཀར་སེར་དམར་ལྗང་མཐིང་གའི་ཁ་དོག་རྣམ་པར་བཀྲ་ཞིང་རྒྱ་ཆེ་ལ་ཁྱོན་ཡངས་པ༔ བཀོད་ལེགས་ཤིང་ཡིད་དུ་འོང་བའི་རྒྱན་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ༔ གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་སྤྲས་པ༔ ཡེ་ཤེས་སྒྱུ་མའི་སྐུ་མཆོག་ཉིད་ལ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ་ཡིད་ལ་བྱས་ཏེ༔ ཞིང་ཁམས་དེར་དཔག་ཆེན་གྱི་མདའ་འཕངས་པ་བཞིན་དུ་སོང་ནས་གཞལ་ཡས་ཁང་དེ་ལ་བསྐོར་བ་ལན་གསུམ་བྱས༔ སྡིག་པ་མི་དགེ་བ་བཤགས༔ སྒོ་བ་ལ་གསོལ་བ་བཏབ་པས་སྒོ་ཕྱེས་ཏེ་ནང་དུ་ཞུགས་ནས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ༔ མཆོད་པ་འབུལ༔ སྡིག་པ་བཤགས༔ གསོལ་བ་བཏབ༔ དེ་བཞིན་གཤེགས་པ་དེའི་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་བྱིན་གྱིས་བརླབས༔ ལུང་བསྟན་དབང་བསྐུར་ཆོས་གསུངས་པའི་ཆོས་གྲལ་དུ་འཁོད་པ་དང་བཅས་པ་རྣམས་ཡིད་ལ་བྱས་ཏེ༔ སྣང་བ་གནས་འགྱུར་སྦྱངས་པ་ཐོན་ན་སྲིད་པ་བར་དོའི་སྐབས་སུ་རང་ཤི་བ་ངོ་ཤེས་མ་ཐག་ཏུ་སྔོན་སྦྱངས་ཀྱི་བག་ཆགས་དེའི་སྟོབས་ཀྱིས་འཁོར་བ་ལས་ཐར་འདོད་ཀྱི་བསམ་པས་ཞིང་ཁམས་རྗེས་སུ་དྲན་ཅིང་ཚུལ་བཞིན་ཡིད་ལ་བྱེད་པའི་ཤེས་པ་ལངས་ཏེ་དེར་གྲོལ་བའི་འདུན་པ་གཏད་པས་དཔག་ཆེན་གྱི་མདའ་བཞིན་བགྲོད་པ་དང་སླེབས་པའི་སྐལ་བ་ཐོབ་ནས་ཞིང་ཁམས་དེར་བརྟན་པ་ཐོབ་པར་འགྱུར་རོ༔ རེས་འགའ་ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་ནམ་མཁའ་དང་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟར་འབར་བའི་དབུས་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་ལྟ་བུ་རིན་ཆེན་རིགས་ཀྱི་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བའི་དྲུང་དུ་གོང་ལྟར་བགྲོད་སླེབས་ཡིད་ལ་བྱ་བ་དང་༔ རེས་འགའ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་པདྨ་རཱ་ག་ལྟ་བུའི་དབུས་ན་སྣང་བ་མཐའ་ཡས་དམར་པོ་པདྨ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་དྲུང་དུ་བགྲོད་སླེབས་ཡིད་ལ་བྱ་བ་དང་༔ རེས་འགའ་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུའི་དབུས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པ་ལ་འཁོར་ཀརྨ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་བསྐོར་བ་ཞིང་ཁམས་ཀྱི་བཀོད་པ་མངོན་སུམ་མིག་གིས་མཐོང་བ་ལྟ་བུར་ཡིད་ལས་བྱས་ཏེ་དེར་དཔག་ཆེན་གྱི་མདའ་བཞིན་དུ་བགྲོད་པ་དང་༔ ཉེས་ཅན་བཙོན་ནས་ཐར་ཏེ་རང་ཡུལ་ལ་སླེབས་པ་བཞིན་དུ་འཁོད་དེ་དེ་བཞིན་གཤེགས་པ་ལ་ཕྱག་མཆོད་གསོལ་བ་འདེབས་པ་ལ་སོགས་གོང་བཞིན་ཡིད་ལ་བྱ་བ་དང་༔ སྐབས་འགར་སྣང་བ་ཐམས་ཅད་ཡི་དམ་ལྷའི་ཞིང་ཁམས་སུ་གསལ་ཏེ་དཔེར་ན་ཡུལ་ཡངས་པའི་དབུས་ནས་ཤར་ལྷོ་ནུབ་བྱང་གི་ས་ཆ་མིག་གིས་མཐོང་བ་བཞིན་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་མེ་ཏོག་དཀར་པོས་བརྒྱན་པར་འོད་དཀར་པོ་ནམ་མཁའ་ལ་འཕགས་པ་དང་༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་མེ་ཏོག་སེར་པོས་བརྒྱན་པར་འོད་སེར་པོ་ནམ་མཁའ་ལ་འཕགས་པ་དང་༔ ནུབ་བདེ་བ་ཅན་གྱི་ཞིང་ཁམས་མེ་ཏོག་དམར་པོས་བརྒྱན་པར་འོད་དམར་པོ་ནམ་མཁའ་ལ་འཕགས་པ་དང་༔ བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་མེ་ཏོག་ལྗང་གུས་བརྒྱན་པར་འོད་ལྗང་ནག་ནམ་མཁའ་ལ་འཕགས་པ་རྣམས་མངོན་སུམ་མིག་གིས་མཐོང་བ་བཞིན་དུ་ཡིད་ལ་བྱས་ཏེ་དེའི་ངང་དུ་གདིང་བསྐྱེད་དེ་འདུག་ཅིང་༔ རེས་འགའ་དཔག་ཆེན་གྱི་མདའ་འཕང་བ་བཞིན་དུ་ཞིང་ཁམས་དེ་དག་ཏུ་བགྲོད་པ་དང་སླེབས་པའི་སྣང་བ་སྦྱོང་བ་ནི་བར་དོར་དབུགས་ཆེན་པོ་འབྱིན་པའི་སྟོབས་ནུས་རྒྱུད་ལ་འཇོག་པ་ཡིན་པས༔ གདམས་པ་འདི་ལ་སྦྱངས་པ་ཐོན་ཅིང་རྒྱུད་ལ་བརྟན་པ་ཐོབ་པ་ཞིག་གནད་མཆོག་ཏུ་བཟུང་བར་བྱའོ༔ ཆོས་ཉིད་བར་དོའི་དུས་སུ་བླ་མའམ་མཆེད་གྲོགས་དམ་ཚིག་ལ་སེལ་མེད་པ་ཞིག་གིས་འདི་སྐད་བརྗོད༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཞེས་མིང་ནས་ལན་གསུམ་བོས་ཏེ༔ མ་དག་པ་འཁོར་བའི་སྒོ་དག་པ་ཆོས་ཉིད་དུ་ཐིམ་པས་སྟོན་གནམ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་གནས་སྐབས་ལྟ་བུ་ཁྱབ་བརྡལ་ཕྱོགས་མཐའ་དང་བྲལ་བ་དྭངས་གསལ་རྙོགས་པ་མེད་པ་ཞིག་འཆར་བ་དེ་ནི་ཁྱེད་རང་གི་གདོད་མའི་ཡེ་གཞི་ཀ་དག་གི་ངོ་བོ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཤེས་ཐོག་ཏུ་གདིང་བསྐྱེད་ཅིག༔ གདིང་ཐོག་ཏུ་ས་ཟུངས་ཤིག་དང་༔ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཕྱིན་ཅི་མ་ལོག་པའི་དབྱིངས་སུ་འཚང་རྒྱ་བར་འགྱུར་རོ༔ ཞེས་ལན་གསུམ་གདབ༔ དེ་ཞག་གསུམ་རེ་ལ་ལན་གྲངས་གསུམ་རེ་བརྗོད༔ གསུམ་པ་ནས་བདུན་པ་ཚུན་ཆད་དུ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱེད་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་༔ འོད་དང་ཟེར་དང་ཐིག་ལེ་དང་སྐུ་ཞི་བ་དང་ཁྲོ་བོའི་སྣང་བ་འཆར་བ་དེ་རྣམས་ནི་ཀ་དག་ལྷུན་གྲུབ་ཏུ་ཐིམ་པ་ཞེས་བྱ་བ་ཡིན་ཏེ༔ འབྱུང་བའི་སྙིགས་མ་དྭངས་མར་མཆེད་པས་འོད་ལྔའི་དྭངས་མ་བཅུད་དུ་སྨིན་པའི་ཐིག་ལེའི་བཅུད་འབྲས་བུར་སྨིན་པ་སྐུ་རུ་སྣང་བ་ཡིན་ཏེ༔ ཤེས་པ་གཞན་དུ་མ་ཡེངས་པར་མ་པང་དུ་བུ་འཇུག་པ་ལྟ་བུར་སྣང་བ་འོད་དང་བསྲེས་ཤིག༔ སེམས་སྐུ་དང་ཐིག་ལེ་རུ་བསྲེས་ཤིག༔ རང་སྣང་འོད་གསལ་བདེ་བ་ཆེན་པོའི་རང་བཞིན་མངོན་དུ་གྱུར་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དེར་བསྲེས་ཤིང་འཕོས་ཏེ་གདིང་ཚུགས་པར་གྱིས་ཤིག༔ གདིང་ཐོག་ཏུ་ས་ཟུང་ལ་གཞན་དུ་མ་ཡེངས་མ་འཁྲུལ་པར་ས་ཟིན་ན་ཁྱོད་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་འགྱུར་རོ༔ རང་སྣང་ཁྲོ་བོའི་དཀྱིལ་འཁོར་ལ་མ་སྐྲག༔ རང་སྒྲ་རང་ལ་སྣང་བ་ལ་མ་འཇིགས༔ སྣ་ཚོགས་སྣང་བའི་ཟེར་ལ་མ་དངངས་པར་གཞིའི་རིག་པ་འཁོར་འདས་འུབ་ཆུབ་ཀྱི་རོལ་པར་ངང་བརྟན་ཅིང་འབྱམས་ཀླས་པར་གྱིས་ཤིག༔ ཅེས་གདབ་བོ༔ བདུན་ཞག་དྲུག་ལའང་རང་གི་མདུན་དུ་རྟེན་བཙུགས་པ་ལ་འགུག་གཞུག་ལན་དགུར་བསྐྱར་ནས་འོད་ཀྱི་གྭའུར་ཚུད་པར་བསམ་སྟེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ཉོན་ཅིག༔ ཁྱོད་ངེས་པར་ཤི་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཁྱོད་ལ་སྲིད་པ་བར་དོའི་སྣང་བ་གར་བསམ་པ་དེར་སྐད་ཅིག་གིས་སླེབས་པ་དང་༔ འཁྲུལ་སྣང་འཇིགས་སྐྲག་གི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་འདུག་པ་དེ་སྲིད་པ་ལས་ཀྱི་བར་དོ་ཞེས་བྱ་བ་ཡིན་གྱི༔ འཁོར་འདས་ཀྱི་ས་མཚམས་ལ་ཐུག་པ་རེད་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་བདེ་བའི་གནས་སྐབས་ཏིལ་འབྲུ་ཙམ་ཡང་མེད་པ་འདི་ལ་སྐྱོ་ཞིང་སུན་པར་གྱིས་ལ༔ ལྷ་དང་མི་སོགས་གནས་རིས་དྲུག་གི་འཇིག་རྟེན་འདི་དག་འཁྲུལ་སྣང་སྒྱུ་མ་དང་རྨི་ལམ་གྱི་གནས་ཡུལ་ལྟ་བུ་ཡིན་པས༔ ཞེན་པ་དང་ཆགས་པ་བཙན་ཐབས་སུ་ཆོད་ལ་འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་མངོན་པར་དགའ་བ་ཞེས་བྱ་བ་དགའ་བདེ་དང་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པའི་ཞིང་ཁམས་ཞིག་ཡོད་ཀྱི༔ དེ་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་འཁོར་ཚོགས་དཔག་ཏུ་མེད་པ་ལ་ཆོས་སྟོན་ཅིང་བྱིན་གྱིས་རློབས་པ་ཡོད་དེ༔ དེ་ཡིད་ལ་གྱིས་ཤིག༔ ཁྱོད་ལ་གདོས་བཅས་ཤ་ཁྲག་གི་ཕུང་པོ་ནི་མེད་དེ༔ སྟོང་གཟུགས་ཡིད་ཀྱི་ལུས་དེ་ཤར་ཕྱོགས་ཀྱི་ཞིང་ཁམས་དེར་དཔག་ཆེན་གྱི་མདའ་བཞིན་དུ་སོང་ཞིག༔ ཅེས་ཕཊ་བརྗོད་པས་སྐར་མདའ་བཞིན་དུ་སོང་བར་བསམ༔ ཡང་ཕཊ་བརྗོད་པས་ཞིང་དེར་སླེབས་པར་བསམ༔ ཡང་ཕཊ་བརྗོད་པས་ཞིང་ཁམས་ཀྱི་སྣང་བ་མཆེད་ངོ་ཤེས་གདིང་ཐོབ་རྩལ་རྫོགས་བརྟན་པ་ཐོབ་པར་བསམ༔ ཡང་གོང་བཞིན་ཁ་བསྒྱུར་ཏེ་འདི་ནས་ལྷོ་ཕྱོགས་སུ་དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ་བདེ་སྐྱིད་ཡོན་ཏན་གྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པ་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞེས་བྱ་བས་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ལ་སོགས་དང་༔ ཡང་འདི་ནས་ནུབ་ཕྱོགས་ཀྱི་དཔག་ཚད་གྲངས་མེད་པའི་ཕ་མཐའ་ན་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་བདེ་སྐྱིད་དཔག་ཏུ་མེད་པའི་ཞིང་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པ་ཞེས་བྱ་བས་འཁོར་སོགས་དང་༔ ཡང་འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྲངས་མེད་པའི་ཕ་མཐར་ན་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་རབ་ཏུ་རྫོགས་པའི་ཞིང་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཞེས་བྱ་བས་འཁོར་སོགས་དང་༔ ཞེས་བསྐྱེད་རྫོགས་ལ་གོམས་འདྲིས་ཅུང་ཟད་ཡོད་པ་མ་གཏོགས་ངོ་སྤྲོད་ཀྱིས་ཕན་ཐོགས་པ་ཤིན་ཏུ་དཀའ་སྟེ༔ བསྐྱེད་རྫོགས་ལ་གོམས་འདྲིས་ཅུང་ཟད་ཡོད་པའི་སྐྱེས་བུ་ལ་ངོ་སྤྲོད་འདི་དག་ཐེབས་ན་མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པར་འགྱུར་བ་ཡིན་ནོ༔ འདྲེན་པ་པོ་ལྟ་དགོངས་དང་ལྡན་ན་མཆེད་པ་ཉེར་ཐོབ་ཐིམ་པའི་གནས་སྐབས་སུ་ཁོའི་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་དྲི་མ་མེད་པ་གསལ་ལ་འཚེར་བ་ཞིག་ཏུ་སྒོམ་ལ་མིང་ནས་ལན་གསུམ་བོས་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཀྱི་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་དྲི་མ་མེད་པ་ཞིག་ཏུ་བསྒོམ་ཞིག་ཅེས་ལན་གསུམ་གདབ༔ ཀྱཻ་རིགས་ཀྱི་བུ་ཁྱོད་རང་གི་སྤྱི་བོ་ཚངས་པའི་བུ་ག་རྒྱ་སྐར་ལྟ་བུ་དེ་ཉིད་ཡར་གྱི་ཟང་ཐལ་དུ་འགྲོ་བའི་ལམ་ཡིན་ཏེ་དེར་སྐར་མདའ་རྒྱུག་པ་བཞིན་དུ་འཕོས་ཤིག༔ ཅེས་བརྗོད་དོ༔ འདྲེན་པ་པོ་རང་གི་རིག་པ་དང་ཕ་རོལ་པོའི་རྣམ་པར་ཤེས་པ་གཉིས་མེད་དུ་བསྲེས་ནས་ཡུན་ཅིག་མཉམ་པར་བཞག་སྟེ་སྐར་མདའ་རྒྱུག་པ་བཞིན་དུ་ཚངས་པའི་བུ་ག་ནས་ཐོན་སྟེང་ཕྱོགས་འོག་མིན་གྱི་གནས་སུ་ཐིམ་པར་བསམ་ལ་ཨ་ལྔ་ཚར་བརྗོད་པ་དང་ཆབ་གཅིག་ཕཊ་སྒྲ་གསུམ་གྱིས་སྤར༔ འདྲེན་པོ་ཡེ་ཤེས་ཡོན་ཏན་གྱི་དཔལ་དང་ལྡན་པས་ཕ་རོལ་པོའི་ཚངས་བུག་ཏུ་རླངས་པ་ཕྱུ་རུ་རུ་སོང་ན་ཐེབས་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་ན་རང་གི་སྙིང་ག་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་མེར་གྱིས་ཞུ་ནས་ཐིབས་ཀྱིས་འདུས་ཏེ་ཚེ་འདས་དེའི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་སངས་རྒྱས་འོད་དཔག་ཏུ་མེད་པ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་གསལ་ཞིང་དེ་བཞིན་གཤེགས་པའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་ཆེ་ཆུང་མཐོ་གང་བ་གཅེར་བུ་གོས་རྒྱན་མེད་པ་ཞིག་གི་ཐུགས་ཀར་ཨ་ཡིག་དཀར་པོ་ཟླ་བ་ལྟར་གསལ་བ་བསྒོམ༔ དེ་དག་གི་སྐུ་ལས་འོད་ཕུང་ཁ་དོག་ལྔ་ལྡན་སྤྲིན་ཕུང་གཏིབ་པ་བཞིན་དུ་ཚེ་འདས་དེའི་ལུས་ངག་ཡིད་གསུམ་ལ་ཞུགས་པས་སེམས་དང་སྣང་བ་ཐམས་ཅད་འོད་དུ་ཞིག་ནས་ལུས་འོད་ལུས་སྟོང་རའི་གུར་ཁྱིམ་དུ་གྱུར་པའི་དབུས་སུ་འོད་ཕུང་དེ་དག་གིས་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་དང་བཅས་པ་བསྡུས་ཏེ་བྱིན་རླབས་འོད་ཀྱི་སྦུ་གུ་ཁང་སྟོང་དུ་ཀྭ་བ་བཙུག་པ་ལྟ་བུར༔ ཡར་སྣ་ཀུན་ཏུ་བཟང་པོའི་ཐུགས་ཀའི་ཨ་ལ་ཟུག་པ་མར་སྣ་སྙིང་གར་ཟུག་ཅིང་འགག་པ༔ དེའི་ནང་དུ་སྤྱི་བོ་མན་ཆད་སྙིང་ག་ཡན་ཆད་ཀྱི་བར་དུ་ཨ་དཀར་པོ་ཉི་ཤུ་རྩ་གཅིག་བརྩེགས་མར་གནས་པ་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་གྱི་ངོ་བོར་བསམ་སྟེ༔ ཨ་ཕཊ་ཉི་ཤུ་རྩ་གཅིག་བརྗོད་པས་རིམ་པ་བཞིན་དུ་ལུགས་སུ་ལྡོག་ནས་ཨ་ཐོག་མ་ནམ་མཁའི་སྐར་མདའ་ཆད་པ་བཞིན་དུ་ཀུན་ཏུ་བཟང་པོའི་ཐུགས་ཀའི་ཨ་ལ་བསྟིམ་སྟེ་ཕཊ་གཅིག་བརྗོད་པས་བདེ་བ་ཅན་གྱི་ཞིང་ཁམས་ཇི་ལྟ་བ་བཞིན་དུ་མཆེད་པར་བསམ༔ གཉིས་བརྗོད་པས་ངོ་ཤེས་པར་བྱས༔ གསུམ་བརྗོད་པས་རྩལ་རྫོགས་བརྟན་པ་ཐོབ་པར་བསམ་ལ་ཞིང་ཁམས་དེ་ཡིད་ལ་བྱས་ནས་ཅི་གནས་སུ་བཞག་པ་འདི་མཆོག་དམན་ཀུན་ལ་སྦྱར་ཀྱང་གནད་ཟབ་ལ་ཆོད་ཆེ་བ་ཡིན་ནོ༔ འདྲེན་པ་པོ་བསྐྱེད་རིམ་གྱི་གནད་མི་ཤེས་ཤིང་གོམས་འདྲིས་མེད་ན་ཇི་ལྟར་བྱས་ཀྱང་ཐ་མལ་གྱི་སྨོན་ལམ་བཏབ་པ་ཙམ་ལས་ཕན་སྐྱོབས་ཀྱི་ནུས་པ་ཟད་དེ༔ དེའི་ཕྱིར་གཤིན་པོའི་འདྲེན་སྟོན་བྱེད་པ་རྣམས་ཀྱིས་ལྟ་སྒོམ་གྱི་གདིང་དང་ལྡན་པར་བྱ་བ་དང་གཞན་དོན་བསྒྲུབ་པ་ལ་བསྐྱེད་རིམ་དང་འཕོ་བའི་གནད་ལ་བསླབ་ནས་སྦྱངས་པ་ཐོན་པ་རེ་མ་བྱས་ན༔ རྔོན་ཇག་དོན་གཉེར་ལ་ཆས་ཏེ་དོན་ཐོབ་པ་ཙམ་དུ་གྱུར་ནས་གཞན་མགོ་བསྐོར་བས་རང་འཆིང་བ་ནི་སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བ་ལྟ་བུར་འགྱུར་ཏེ༔ རང་ངན་སོང་གི་སྡུག་བསྔལ་མྱོང་བར་བྱེད་པའི་རྒྱུ་རིན་གྱིས་ཉོ་བ་ཡིན་པས་དེའི་ངང་ཚུལ་ཤེས་དགོས་སོ༔ རྒྱུད་ཀྱི་ཡང་སྙིང་གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཀློང་མཛོད་ཀ་དག་གཞོན་ནུ་བུམ་སྐུའི་ཡེ་ཤེས་ཀྱི་སྒོ་དུ་མར་སྣང་ཚུལ་དང་ཆོས་ཉིད་རང་གི་ངང་དུ་རང་གྲོལ་བར་བྱེད་པའི་ཐབས་ཀྱི་སྒོ་འདི་ལྟར་གདོད་མ་གཞིའི་སྟོན་པ་མཚོ་སྐྱེས་རྡོ་རྗེ་བདག་ལས་མི་གཞན་པར་རོལ་པའི་འཁོར་ཚོགས་རྣམས་ལ་བསྟན་པའི་དགོས་ཆེད་ནི༔ སྔོན་བྱུང་གི་དུས་སུ་རྫོགས་པ་ཆེན་པོའི་བསྟན་པ་ཉི་མ་ལྟར་ཤར་ཏེ་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ལ་སྟོན་མཆོག་དམ་པ་རྣམས་ཀྱིས་འཆད་པའི་ཚེ་ན༔ དང་པོ་ལྟ་བས་ཐག་བཅད༔ བར་དུ་སྒོམ་པས་ངོ་སྤྲོད་ཅིང་སྐྱོན་བསལ༔ ཐ་མ་སྤྱོད་པ་བྱར་མེད་དུ་གནས་ཤིང་ཉམས་སུ་བླངས་པས་གྲུབ་ཐོབ་ཤ་སྟག་བྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་ནི་ཟབ་ལམ་རྡོ་རྗེ་སྙིང་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ༔ དེང་སང་གི་དུས་ན་ལྟ་བ་ལ་ཉམས་རྒྱུས་མེད་པར་ཤེས་པ་རང་གསལ་ཙམ་ངོ་སྤྲད་དེ་ཇི་ལྟར་བསྒོམས་ཀྱང་ཐ་མལ་པ་ལས་མི་འཕགས་ཤིང་རྣམ་མཁྱེན་སངས་རྒྱས་ཀྱི་འབྲས་བུ་ལ་ཐོབ་དུས་མེད་པ་དང་༔ སློབ་དཔོན་འགའ་ཞིག་ཁ་བཤད་ལ་མཁས་ཀྱང་རྣམ་པར་གྲོལ་བའི་ལམ་སྟོན་མི་ནུས་པས་གཞན་རྒྱུད་ལ་ཕན་ཐོགས་པ་ཡང་དེ་ཙམ་ལས་མི་སྲིད་དོ༔ དེ་ལྟར་རིམ་པ་ཇི་བཞིན་དུ་འཆད་པའི་སློབ་དཔོན་དཀོན་པ་དང་ཉམས་སུ་ལེན་པའི་སྐྱེས་བུ་མེད་པའི་དབང་གིས་རྫོགས་པ་ཆེན་པོའི་བསྟན་པ་རི་མོའི་མར་མེ་ལྟར་སོང་བ་ལ་ཕངས་ནས་དུས་སྐབས་འདི་ཀ་ཙམ་དུ་སྣོད་བཅུད་ཀྱི་རྟེན་འབྲེལ་འགྲིགས་པའི་ཕྱིར་བསྟན་པ་ཡིན་ཏེ༔ འདི་ཡང་སྤྲིན་བར་གྱི་ཉི་ཞུར་ཙམ་ལས་ཡུན་དུ་གནས་པར་འགྱུར་བ་ནི་མ་ཡིན༔ དེ་ཅིའི་ཕྱིར་ཞེ་ན༔ འཆད་མཁན་གྱི་སློབ་དཔོན་མེད་པ་དང་༔ ལས་སྨོན་སྐལ་བར་ལྡན་པའི་སྐྱེས་བུ་དཀོན་པའི་ཕྱིར་དབྱིངས་ལས་བྱུང་ཞིང་དབྱིངས་སུ་སྡུད་པ་ཡིན་ནོ༔ ཞེས་གསུངས་པ་ལ་རིག་པའི་རྡོ་རྗེ་ལ་སོགས་པའི་འཁོར་འདུས་པ་ཐམས་ཅད་ཡི་རང་སྟེ་མངོན་པར་བསྟོད་དོ༔ དེ་མ་ཐག་ཏུ་སྟོན་པ་མཚོ་སྐྱེས་རྡོ་རྗེ་འོད་ཕུང་དུ་དེངས་ཤིང་འཁོར་རྣམས་ཀྱང་འོད་དེར་དེངས་ནས་འོད་ཆེར་མཆེད་པས་སྣང་བ་ཐམས་ཅད་ཁྱབ་བོ༔ སྣང་བ་ཐམས་ཅད་འོད་དུ་དེངས་ནས་འོད་ནམ་མཁའ་དང་འདྲེས༔ ནམ་མཁའ་ཁྱབ་བརྡལ་དུ་འབྱམས་ཀླས་སོ༔ སླར་ཡང་ཡུལ་མེད་སྟོང་པའི་དབྱིངས་ནས་སྒྲ་འདི་སྐད་བྱུང་སྣང་༔ ཀྱཻ་འོད་གསལ་རྡོ་རྗེ་སྙིང་པོ་བསྒོམ་པའི་སྐྱེས་བུ་རྣམས་ཉོན་ཅིག༔ རྟོགས་པས་བདག་གྲོལ་ཐུགས་རྗེས་གཞན་གྲོལ་གཉིས་མེད་དག་མཉམ་གྱི་རོལ་པར་སངས་རྒྱས་པའི་ཚུལ་ནི་དེ་ལྟ་བུ་ཞིག་ཡིན་ནོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁམས་གསུམ་གྱི་དབང་ཕྱུག་མ་ཧཱ་དཱེ་ཝ༔ དེའི་སྲས་མཆོག་མགོན་པོ་ཡོངས་ཀྱི་སྤྲུལ་གཞི་ཚོགས་ཀྱི་བདག་པོ༔ འཁོར་འདས་སྟོང་ཆེན་དུ་རོལ་པ་དབྱིངས་ཀྱི་རྗེ་མོ༔ ཁམས་གསུམ་དབང་སྡུད་ཀྱི་རྒྱལ་པོ་གནོད་སྦྱིན་བཤན་པ་དམར་ནག༔ སྣང་སྲིད་ཡོངས་ཁྱབ་ཀྱི་བདག་པོ་གཟའ་བདུད་དུག་གི་སྤུ་གྲི༔ འབྱུང་བ་ལྔའི་བྱེད་པོ་རྒྱལ་བཙན་དྲག་ཤུལ་དཔལ་འབར་དང་བཅས་པ་རྣམས་ལ༔ དུས་གསུམ་རྒྱལ་བ་ཡོངས་ཀྱི་སྲོག་གི་ཏི་ཀ་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་བཅུད་དུ་དྲིལ་བ་རྒྱུད་ཀྱི་རྒྱལ་པོ་གནས་ལུགས་རང་བྱུང་གི་རྒྱུད་ཆེན་པོ་འདི་ཉིད་བཀས་གཏད་དོ༔ དམ་ཚིག་གིས་གཉེར་རོ༔ སྣོད་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ལ་སྤྲོད་ལ་ཐར་པ་དང་རྣམ་མཁྱེན་གྱི་ས་ལ་སྦྱོར་བའི་བྱེད་པོ་གྱིས་ཤིག༔ སྣོད་མེད་ལོག་པར་ལྟ་བའི་རིགས་རྣམས་ལ་གསང་རྒྱས་ཐོབས་ཤིག༔ སྒྲོ་འདོགས་སྐུར་འདེབས་བྱེད་པའི་བསྟན་དགྲ་རྣམས་ཀྱི་དབང་པོ་བསྣུབ་ལ་དུས་མཐའ་བསྟུངས་ཤིག༔ འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྲིང་ལ་མཐུན་རྐྱེན་སྒྲུབས་ཤིག༔ གདུལ་བྱ་དང་བསྟན་པ་ཆབ་སྲིད་སྟོབས་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་བསྐྱེད་ཅིང་སྤེལ་བའི་ཕྲིན་ལས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་པའི་ཚེ་སློབ་བུ་ཚེས་བཅུ་དང་།  ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས།  ལྷ་རྗེ་རིག་འཛིན་བཟང་པོ་རྣམས་ཀྱིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་དང་།  མགོ་ལོག་ཕྱོགས་ཀྱི་ལྷ་རྗེ་རིག་འཛིན་བཟང་པོ་གཉིས་ཀྱིས་བགྱིས་པའོ།  །།  །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་།  །གསང་སྔགས་རྡོ་རྗེ་ཐེག་པའི་མཐུ་བྱིན་གྱིས།  །འདི་མཐོང་ཚུལ་བཞིན་ཉམས་སུ་ལེན་པ་ཡི།  །བརྒྱུད་འཛིན་སྐལ་ལྡན་ཕོ་མོ་མ་ལུས་པ།  །ཆོས་སྐུ་གདོད་མའི་མགོན་པོའི་འོད་ཀློང་དུ།  །གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག།  །།  ༈  ཨོཾ་སྭསྟི་སིདྡྷཾ།  ཀུན་ཁྱབ་གདོད་ནས་ཀ་དག་གཉུག་མའི་གཤིས།  །མ་འགགས་ཟུང་འཇུག་བདེ་ཆེན་རྡོ་རྗེའི་སྤྲིན།  །གང་གདུལ་ཐུགས་རྗེ་རང་སྣང་སྟོན་པ་རུ།  །ཡོངས་ཤར་ཁྲག་འཐུང་བདུད་འཇོམས་དཔའ་བོ་རྒྱལ།  ༡།  ཁྱོད་ཐུགས་འོད་གསལ་ཀློང་ཆེན་ནམ་མཁའི་བབས།  །བློས་བྱས་སྒོམ་ལས་རབ་འདས་རྫོགས་པ་ཆེ།  །བརྗོད་བྲལ་བདེ་བ་ཆེན་པོའི་ལྷུམས་ཞུགས་པས།  །ཀུན་བཟང་བླ་མའི་དགོངས་པར་རོ་གཅིག་འདྲེས།  ༢།  གང་ཚེ་ལྷུན་གྲུབ་སྒྱུ་འཕྲུལ་དྲྭ་བའི་གར།  །ཞིང་དང་སྟོན་འཁོར་མི་ཟད་རྒྱན་འཁོར་ལོར།  །ཡོངས་སྣང་སྐད་ཅིག་བསྐལ་པར་བསྒྱུར་བའི་སྟོབས།  །ངོ་མཚར་དག་པའི་གཟིགས་མོ་འབྱམས་སུ་ཀླས།  ༣།  དེ་ཚེ་ཆོས་ཉིད་མི་ཤིགས་ནཱ་དའི་དབྱངས།  །གནས་ལུགས་རང་བྱུང་རྡོ་རྗེ་གསང་བའི་རྒྱུད།  །ཟབ་ལས་ཆེས་ཟབ་ཀུན་བཟང་དགོངས་པའི་བཅུད།  །འབུམ་ཕྲག་རྒྱུད་སྡེའི་སྙིང་པོའི་ཆོས་ཆར་ཕབ།  ༤  །ལུང་རིག་བཤད་ཡམ་ཚིག་གིས་མ་རྙོགས་པའི།  །ཀློང་བརྡོལ་གཏམ་གྱི་བདུད་རྩིའི་ཉིང་ཁུ་ནི།  །གདམས་ངག་ཚེ་གཅིག་སངས་རྒྱས་ལག་བཅངས་སུ།  །ལེགས་གཏོད་སྐལ་བཟང་སྙིང་གི་ཟུངས་སུ་སྨིན།  ༥  །མཁས་པའི་གཞུང་ལུགས་ཕལ་དང་འདི་མི་འདྲ།  །གྲུབ་པའི་དོ་ཧ་ཕལ་དང་འདི་མི་འདྲ།  །ཟབ་ཟབ་གདམས་པ་ཕལ་དང་འདི་མི་འདྲ།  །ཡིན་ཡིན་ཉམས་ལེན་ཕལ་དང་འདི་མི་འདྲ།  ༦།རྗོད་བྱེད་ཚིག་ཉུང་བརྗོད་བྱ་དོན་ཟབ་པ།  །དུས་གསུམ་རྙེད་དཀའ་ཨུ་དུམ་ཝ་ར་བཞིན།  །ལེགས་བྱོན་ཀུན་ཏུ་བཟང་པོ་དངོས་མཇལ་ཡང་།  །འདི་ལས་གཞན་དུ་ཚིག་གཅིག་ཡོད་རེ་ཀན།  ༧  །ཤིན་ཏུ་ལྔ་བདོ་ཐ་མའི་དུས་འདིར་ཡང་།  །ཀུན་བཟང་ཐུགས་ཀྱི་བསྟན་པ་འབྱུང་ངོ་ཞེས།  །རྡོ་རྗེའི་ལུང་གིས་དྲིལ་ཆེན་བསྒྲགས་པའི་དོན།  །བསླུ་མེད་མངོན་སུམ་མཐོང་བའི་དགེ་མཚན་ཤར།  ༨  །སྙིང་ནས་ཐར་འདོད་སྐལ་བཟང་གྲོགས་རྣམས་ཀྱཻ།  །ཟབ་ཟབ་མང་པོས་འགྲམ་ཆུ་མ་ལྡང་བར།  །གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདིར་གཟིགས་ལ།  །སྣ་ཚོགས་གདམས་པའི་སྤྲོས་པ་འདི་རུ་ཆོད།  ༩  །ཐ་སྙད་རྟོག་གེ་རིག་པའི་བསྟན་བཅོས་བཞིན།  །ཚིག་དོན་འཚོལ་ལ་དཀའ་ངལ་མི་འཚལ་གྱི།  །མོས་གུས་བསྐྱེད་ལ་མ་ཡེངས་རང་བབ་ངང་།  །མཇལ་ན་བྱིན་བརྒྱུད་ཡེ་ཤེས་འཐོབ་པར་ངེས།  ༡༠། མི་བསླུ་ཉག་གཅིག་གདམས་པ་རིན་པོ་ཆེ།  །འདི་འདྲ་ཚིག་གཅིག་ཐོས་དང་མཇལ་བས་ཀྱང་།  །ཆོས་སྐུའི་ཡེ་ཤེས་རྗེན་པར་རྟོགས་གྱུར་ན།  །ཚུལ་བཞིན་འཛིན་རྣམས་རྒྱལ་བ་དངོས་མིན་ནམ།  ༡༡  །དེ་ལས་སྲིད་པ་རིན་ཐང་མེད་བགྱིད་པའི།  །ཆོས་སྐུའི་འདྲ་འབག་ཆོས་ཀྱི་རིང་བསྲེལ་མཆོག།  སྙིང་པོ་མེད་པ་སྒྱུ་མའི་ནོར་རྫས་ལས།  །སྙིང་པོའི་དབྱིག་ཏུ་བསམ་ཕོ་ཐའི་ཇིས་བསྐྲུན།  ༡༢  །རིང་ནས་གོམས་པའི་རྣམ་དཔྱོད་གྲུང་པོ་ནི།  །ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པ་ལ།  །རིམ་གྲོར་བགྱི་བའི་གཡར་དམ་རྡོ་རྗེ་བཞིན།  །དུས་སུ་ངོམས་འདི་སངས་རྒྱས་ཉིད་ཀྱི་མཐུ།  ༡༣  །འདུས་བྱས་རྣམ་དཀར་ཕྲ་མོའི་དགེ་ཚོགས་ཀྱང་།  །དཔག་པར་དཀའ་ན་ཟག་མེད་འདུས་མ་བྱས།  །ཁམས་གསུམ་ཆོས་དབྱིངས་ཀློང་དུ་བཟླུམ་པ་ཡི།  །བསོད་ནམས་ཕ་མཐའ་སུ་ཞིག་གཞལ་བར་ནུས།  ༡༤  །བློ་ཡི་ཡུལ་མིན་བརྗོད་བྲལ་གཉུག་མའི་དོན།  །རྗོད་བྱེད་གླེགས་བམ་འཕྲུལ་གྱིས་གསལ་བྱེད་གང་།  །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པའི་གནས།  །གདུལ་བྱའི་ཁམས་ལ་འཇུག་པའི་ཚུལ་ཁོ་ན།  ༡༥  །ལེགས་བྱས་དྲི་མ་མེད་ལས་འགྲོ་ཀུན་གྱི།  །མེད་སྣང་གློ་བུར་འཁྲུལ་པ་རང་སངས་ཏེ།  །གནས་ལུགས་མ་བཅོས་རང་བྱུང་གདོད་མའི་གཞི།  །སྤངས་ཐོབ་བྲལ་བའི་དེ་ཉིད་མངོན་གྱུར་ཤོག༡༦།  ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན།  །ནམ་མཁའ་ཇི་སྲིད་རྟག་ཅིང་ཡོངས་སུ་ཁྱབ།  །ཐེག་མཆོག་སེང་གེའི་ང་རོ་ཆེར་སྒྲོགས་པས།  །ལོག་རྟོགས་ཝ་སྐྱེས་ཀླད་པ་འགེམས་བྱེད་ཤོག༡༧།  ཀུན་ཁྱབ་གན྄༷ས་ལུག྄༷ས་ཀ་དག་རྫོགས་པ་ཆེ།  །མ་བཙལ་རང྄༷་བྱུང྄༷་ལྷུན་གྲུབ་རིག་པའི་གཤིས།  །འཕོ་བྲལ་རྟག་པ་དམ་པའི་བདེན་པ་ཡིས།  །བཀྲ་ཤིས་ཀུན་ཏུ་བཟང་པོ་གྲུབ་གྱུར་ཅིག  ༡༨  །ཅེས་པའང་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཐུགས་བསྐྱེད་ཕྲིན་ལས་ཀྱི་ཆ་ལས་ཆོས་སྐུའི་རིང་བསྲེལ་ཆོས་སྦྱིན་མི་ཟད་པའི་གཏེར་དུ་བསྐྲུན་ཏེ་ངོ་མཚར་བསམ་རྒུ་འགྲུབ་པའི་གནྡྷོ་ལ་འོག་མིན་ཀུན་ཏུ་བཟང་པོའི་ཕོ་བྲང་གི་ཆོས་སྡོང་ཆེན་པོར་བཞུགས་སུ་གསོལ་བའི་སྐབས།  ཕྱི་མོའི་ཡིག་སྡེབས་ཡུལ་སྐད་དུ་ཤོར་བ་སོགས་མ་དག་ནོར་བ་རྒྱུན་འབྱམས་ཀྱི་སྐྱོན་རྣམས་བསལ་ཏེ་ལེགས་པར་དཔྱད་པའི་སྒོ་ནས་གཙང་དག་ཏུ་གཏན་ལ་ཕབ་པ་དང་འབྲེལ་སྤར་བྱང་སྨོན་པའི་ཚིག་ཕྲེང་ཅུང་ཟད་བསྟར་བ་པོ་ནི་གཏེར་འབྱིན་རིག་འཛིན་ཆེན་པོ་གང་གི་སྐྱེ་བའི་སྒྱུ་གར་དུ་རློམ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ།  འདིས་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་ལ་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེར་སྤྱོད་པས་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་ནང་དབྱིངས་གདོད་མའི་གཞི་ཐོག་ཏུ་གྲོལ་བའི་རྒྱུར་གྱུར་ཅིག།  །།    ༈  པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ།    །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་།    །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར།    །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 13:04, 1 August 2024

Wylie title dag snang ye shes drwa ba las gnas lugs rang byung gi rgyud rdo rje'i snying po TTDL-ZABTER-17-TSA-001.pdf
Location bdud 'joms gling pa zab gter
Volume 17, Text 1, Pages 1-511 (Folios 1a1 to 256a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las gnas lugs rang byung gi rgyud rdo rje'i snying po. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 17: 1-511. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rdzogs chen   Verso: bdud 'joms gnas luT rang byung gi rgyud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Dzogchen - rdzogs pa chen po
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་པ་འདི་ནི་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་པའི་ཚེ་སློབ་བུ་ཚེས་བཅུ་དང་། ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས། ལྷ་རྗེ་རིག་འཛིན་བཟང་པོ་རྣམས་ཀྱིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་དང་། མགོ་ལོག་ཕྱོགས་ཀྱི་ལྷ་རྗེ་རིག་འཛིན་བཟང་པོ་གཉིས་ཀྱིས་བགྱིས་པའོ།

zhes pa 'di ni mi lo bco brgyad bar du bka' rgya byas mthar rten 'brel dus la babs pa'i tshe slob bu tshes bcu dang /__hor gyi bla ma phun tshogs bkra shis/__lha rje rig 'dzin bzang po rnams kyis bskul ba don yod par bya ba'i phyir:_khrag 'thung bdud 'joms rdo rjes 'od gsal sgyu 'phrul drwa ba'i dbyings las bsgyur ba'i yi ge pa ni hor gyi bla ma phun tshogs bkra shis dang /__mgo log phyogs kyi lha rje rig 'dzin bzang po gnyis kyis bgyis pa'o/

[edit]
༄༅།།དག་སྣང་ཡེ་ཤེས་དྲྭ་བ་ལས་གནས་ལུགས་རང་བྱུང་གི་རྒྱུད་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།


༁ྃ༔ (བརྡ་ཡིག་) ཁྱབ་བདག་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་པ་ལ་ཕྱག་འཚལ་ལོ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དགོངས་པ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་རྒྱལ་བ་དགོངས་པའི་བརྒྱུད་པ༔ བསླབ་པ་དང་སྦྱངས་པའི་རིམ་པ་ལ་མ་ལྟོས་པར་ཆོས་ཉིད་ནམ་མཁའ་མཛོད་ཀྱི་བརྡ་རང་བྱུང་དུ་གྲོལ་བས་རིག་འཛིན་བརྡ་ཡི་བརྒྱུད་པ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་སྣང་ཆ་མི་མིན་རང་སྣང་གི་སྟོན་པས་གདམས་ངག་བུམ་པ་གང་བྱོས་ཀྱི་ཚུལ་དུ་གདུལ་བྱའི་ལམ་གྱི་འཇུག་སྒོར་སྙན་བརྒྱུད་དུ་རང་ཤར་བས་གང་ཟག་སྙན་ཁུང་གི་བརྒྱུད་པ༔ རྣམ་གསུམ་གཅིག་ཏུ་དྲིལ་བའི་བདག་ཉིད་ཆེན་པོ་འགྲོ་བའི་བླ་མར་ཆས་པ་ལ༔ རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་རློབ་ཅིང་༔ རྩ་གསུམ་དམ་ཅན་རྒྱ་མཚོས་གནང་བ་སྩལ་ཏེ་བརྩམ་པ་མཐར་ཕྱིན་པར་མཛད་དུ་གསོལ༔ གདོད་མའི་གནས་ལུགས་ཀ་དག་སྤྲོས་པ་དང་བྲལ་བའི་ཆོས་ཉིད་བློ་འདས་ཆེན་པོ་བདག་རྟོག་གཉིས་འཛིན་གྱི་སྒྲིབ་པས་བསྒྲིབས་ཤིང་ཁམས་གསུམ་འཁྲུལ་པའི་འཁོར་ལོར་བདེན་ཞེན་གྱིས་བཅིང་པའི་གང་ཟག་ཏུ་གྱུར་ཀྱང་༔ བསྐལ་པ་མང་པོར་བསོད་ནམས་རྒྱ་ཆེར་བསགས་ཤིང་སྨོན་ལམ་རྣམ་པར་དག་པའི་སྟོབས་དང་ལྡན་ཏེ་རང་བྱུང་གི་ཡེ་ཤེས་ཆེན་པོར་བྱར་མེད་ཀྱི་བྱ་བ་བྱས་པའི་ལས་འཕྲོ་སད་པས་ཆོས་ཉིད་ནམ་མཁའ་མཛོད་ལ་དབང་བའི་སྐལ་པ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་དུ༔ རྒྱུད་ཀྱི་རྒྱལ་པོ་གཞི་རྒྱུད་བདེ་གཤེགས་སྙིང་པོའི་གནས་ལུགས་རང་བྱུང་གི་རྒྱུད་འདི་འགོད་པར་བྱ་སྟེ༔ དེ་ལ་ཐོག་མར་བྱུང་བའི་ཚུལ་བཤད་པ་ནི༔ ཆུ་ཕོ་ཁྱིའི་ལོ་ཧོར་ཟླ་དང་པོའི་ཚེས་ལྔ་ལ་བབས་པའི་ནུབ་མོ་ཐོད་རྒལ་མྱུར་ལམ་ཟབ་མོའི་སྟོབས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཤར་བ་དང་༔ བསྐྱེད་རིམ་ཐབས་ཀྱི་ལམ་ལ་ཅུང་ཟད་སྦྱངས་པའི་མཐུས་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ལ་སླེབས་པའི་སྟོབས་དབང་གིས་སྣང་སེམས་ཐམས་ཅད་ཆོས་ཉིད་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་སུ་འབྱམས་ཀླས་ནས་ཆོས་སྐུའི་རང་ཞལ་མངོན་དུ་གྱུར་ཏོ༔ རེ་ཞིག་གི་ཚེ་ལྷུན་གྲུབ་ཀྱི་སྣང་བ་ཞིང་ཁམས་ཀྱི་བཀོད་པ་རུ་མཆེད་པ་ནི་འདི་ལྟ་སྟེ༔ རང་བྱུང་ཀ་དག་བདེ་བ་ཆེན་པོའི་དུས་དེ་ཉིད་དུ༔ གནས་རང་སྣང་དོན་གྱི་འོག་མིན་སྒྱུ་འཕྲུལ་རོལ་པའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ངོས་འཇམ་ཞིང་ཁོད་སྙོམས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་མཐིང་ག་དང་ཁྲ་བོ་སོགས་བཀྲག་མདངས་འོད་དུ་འབར་བ་གསལ་ལ་འཚེར་ཞིང་སྣུམ་ལ་མཛེས་པ་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་པས་ས་གཞི་ཐམས་ཅད་ཡོངས་སུ་ཁེབས་པ༔ ཕྱོགས་བཞི་རུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་བཞི་ཡོད་པ༔ རྒྱ་མཚོ་ཆེན་པོ་དེ་དག་གི་འགྲམ་ན་རིན་པོ་ཆེའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ འཇའ་ཡི་འོད་ཁྱིམ་འཁྲིགས་པ༔ མཚམས་བཞི་ན་དཔག་བསམ་ལྗོན་ཤིང་གི་ནགས་ཚལ་རྒྱས་ཤིང་ལྗོན་ཤིང་ལས་འདོད་ཡོན་གྱི་སྤྲིན་ཕུང་སྣ་ཚོགས་འཕྲོ་བ༔ སྤྲུལ་པའི་བྱ་རིགས་སྣ་ཚོགས་ཀྱིས་མཛེས་པའི་གཟུགས་ངོམས་ཤིང་སྙན་པའི་དབྱངས་ཀྱིས་ཆོས་སྒྲ་སྒྲོགས་པ༔ སྤྲུལ་པའི་སྲོག་ཆགས་སྣ་ཚོགས་ཀྱིས་རྩེ་འཇོ་རོལ་ཞིང་མཛེས་པའི་རྣམ་འགྱུར་ངོམས་བཞིན་ཆོས་ཉན་པའི་ཚུལ་སྟོན་པ༔ ནམ་མཁའ་ཐམས་ཅད་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ བར་སྣང་གི་ཁོར་ཡུག་ཀུན་ཏུ་དཔའ་བོ་དང་དཔའ་མོས་བྲོ་གར་བསྒྱུར་བ༔ ལྷ་མོ་མང་པོས་འདོད་ཡོན་སྤེལ་ཞིང་བཀུར་སྟི་བྱེད་པའི་གནས་དེ་ཉིད་ཀྱི་དབུས་སུ་མངོན་པར་དགའ་བའི་སྐྱེད་མོས་ཚལ་ཆེན་པོ་ན༔ སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བ༔ ལྗོན་ཤིང་ལོ་འདབ་མེ་ཏོག་རྒྱས་པ་ལ་ལོགས་གཏད་པ༔ ལྗོན་པའི་ཡལ་ག་ལ་དར་སྣ་ཚོགས་པའི་དཔྱངས་པ་འཕྱང་བ༔ རིན་པོ་ཆེའི་ཕྲེང་བའི་དྲྭ་བ་དང་དྲྭ་ཕྱེད་དྲིལ་གཡེར་སིལ་སྙན་མང་པོས་དམ་པའི་ཆོས་ཀྱི་སྒྲ་རང་བྱུང་དུ་གྲགས་པ༔ སེང་ཁྲི་དེའི་ཁར་པད་མ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་གཞིའི་ངང་མདངས་རང་སྣང་དོན་གྱི་སྟོན་པ་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་མཐིང་ནག་གཞོན་ནུ་ལོ་བརྒྱད་ལོན་པའི་རྣམ་པ་ཅན༔ ཕྱག་གཡས་པས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང་༔ གཡོན་པས་མཉམ་བཞག་མཛད་པ༔ མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ སྐུ་དྭངས་གསལ་རྒྱ་མཚོ་ལྟ་བུའི་དབྱིངས་སུ་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཞིང་དང་བཀོད་པ་ཐམས་ཅད་མཚོ་ལ་གཟའ་སྐར་གྱི་གཟུགས་བརྙན་བཀྲ་བ་ལྟར་རང་ཤར་བ༔ འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་འབར་བའི་རྩེ་ནས་བརྡ་ཡིག་སྣ་ཚོགས་འཆར་བ༔ སྟོན་པ་དེ་ལ་རང་རྩལ་སྒྱུ་འཕྲུལ་རོལ་པའི་འཁོར་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་དང་༔ བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ཡེ་ཤེས་རྡོ་རྗེ་དང་༔ བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་དང་༔ བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་བཀོད་པ་ལྷུན་གྲུབ་དང་༔ བྱང་ཆུབ་སེམས་དཔའ་གཞན་སྣང་དབང་བྱེད་དང་༔ བྱང་ཆུབ་སེམས་དཔའ་མིག་གི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་རྣ་བའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་སྣའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ལྕེའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ལུས་ཀྱི་དབང་པོ་ལ་སོགས་པའི་འཁོར་འདུས་པ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཐམས་ཅད་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ༔ དེ་ཐམས་ཅད་ཀྱིས་སྟོན་པ་ཉིད་ཀྱི་ཞལ་ལ་བལྟ་ཞིང་གུས་པས་འདུད་དེ་ཅང་མི་སྨྲ་བར་འདུག༔ སྟོན་པ་ཉིད་ཀྱང་སྤྱན་ནམ་མཁའི་དབྱིངས་སུ་གཟིགས་ནས་ཅི་ཡང་མི་གསུང་བར་བཞུགས་སོ༔ དེའི་ཚེ་ན་ནམ་མཁའ་རྣམ་པར་དག་པའི་དབྱིངས་ནས་ཆོས་ཉིད་ཀྱི་རང་སྒྲ་འདི་བྱུང་ངོ་༔ ཨ༔ འཁོར་འདས་ཐམས་ཅད་གཞི་རྩ་བྲལ༔ རྡོ་རྗེ་བཙུན་མོ་ནམ་མཁའ་ཆེ༔ སྟོང་ཆེན་ནམ་མཁའ་ཡུམ་ཆེན་མོ༔ ཆོས་རྣམས་ཐམས་ཅད་ཆོས་ཉིད་ངང་༔ བདག་ཉིད་གཅིག་པུའི་ཆོ་འཕྲུལ་ལས༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེ་བའི་ཆོ་འཕྲུལ་འབྱུང་འགྱུར་འགག༔ རྒྱུ་རྐྱེན་རང་མལ་གསོད་པའི་ཕྱིར༔ སྟོན་དང་བསྟན་པ་ལམ་འབྲས་བུ༔ ཆོས་ཉིད་མཚན་མ་ཚིག་བྲལ་ལས༔ ཐབས་དང་ཤེས་རབ་དུ་མའི་སྒོ༔ རང་བྱུང་རང་ཤར་ཆེན་པོར་སྣང་༔ ཡུལ་མེད་ཟང་ཐལ་ཆེན་པོའི་མཁའ༔ དྭངས་གསལ་རྙོགས་མ་བྲལ་བ་ལས༔ ཞིང་དང་སྟོན་འཁོར་བཀོད་པ་ཀུན༔ མེད་བཞིན་མེད་ལས་ཡོད་སྣང་བ༔ ངོ་མཚར་ཆེན་པོས་མངོན་པར་བསྟོད༔ ཅེས་སྒྲ་དེ་བྱུང་མ་ཐག་ཏུ་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ འདིར་ཞིང་དང་སྟོན་པ་འཁོར་འདུས་པའི་ཚོགས་དང་བཅས་པ་ཐམས་ཅད་ཅིའི་ཕྱིར་ཅི་ལས་བྱུང་བའི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་སོ༔ སྟོན་པ་ཉིད་ཀྱིས་བཀའ་སྩལ་པ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ཉོན་ཅིག༔ འདིར་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཞིང་དང་སྟོན་འཁོར་ཅིའི་ཕྱིར་བྱུང་ཞེ་ན༔ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀྱི་དབང་སྐལ་དུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པའི་སྒོ་སྟོན་པའི་ཕྱིར༔ རང་སྣང་དོན་གྱི་འོག་མིན་ཞིང་ཁམས་ཀྱི་བཀོད་པ་རུ་སྣང་བ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་ཆོས་ཉིད་ཀྱི་མཐོང་ཆེན་པོ་ཕྱེས་པའོ༔ ང་ནི་ཡེ་གཞི་བདེ་གཤེགས་སྙིང་པོའི་རང་གདངས་ལས་རང་སྣང་གི་སྟོན་པ་རང་ལ་སྣང་བ་དང་༔ རིག་སྟོང་སྤྲོས་པ་དང་བྲལ་བའི་རང་གདངས་རིག་པའི་རྡོ་རྗེ་དང་༔ བདག་མེད་ཤེས་རབ་ཀྱི་རང་གདངས་ཤེས་རབ་དབང་པོ་དང་༔ རྣམ་པར་ཤེས་པ་ཚོགས་བརྒྱད་སེམས་བྱུང་དང་བཅས་པའི་རང་གདངས་འདུས་པའི་འཁོར་གྱི་ཚོགས་སུ་སྣང་བའོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཉིད་བདེ་གཤེགས་སྙིང་པོའི་རང་མདངས་སུ་ཤར་བ་དང་༔ བདག་ཤེས་རབ་དབང་པོ་ཤེས་རབ་ཀྱི་རང་གདངས་དང་༔ རིག་པའི་རྡོ་རྗེ་རིག་པའི་རང་གདངས་ལས་སྣང་བ་དང་༔ རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་ལས་བྱང་ཆུབ་སེམས་དཔའ་དང་༔ སེམས་མའི་ཚོགས་སུ་སྣང་བ་ཡིན་ན༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དེ་ལྟར་སྣང་དགོས་པ་ལས་འཁྲུལ་པ་བདེ་སྡུག་དགྲ་གཉེན་གྱི་སྣང་བ་མཆེད་ནས་ཁམས་གསུམ་དུ་ཁ་བརྒྱུད་དེ་སྡུག་བསྔལ་བ་ལས༔ དག་པའི་སྣང་བ་མི་འབྱུང་བ་དེ་ཅིའི་ཕྱིར་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་གཞི་ལུང་མ་བསྟན་དུ་སོང་བའི་སེམས་ཅན་རྣམས་ཀྱིས་དག་པའི་སྣང་བ་མཐོང་བ་མ་ཡིན་ཏེ༔ མ་དག་འཁྲུལ་པའི་སེམས་སྣང་དགྲ་གཉེན་བདེ་སྡུག་ཏུ་སྣང་བ་སེམས་ཅན་རང་ཀ་མ་དག་གི་མཚན་ཉིད་ཡིན་ནོ༔ འདིར་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་མཆེད་པ་ནི་སྔོན་མི་མིན་རང་སྣང་གི་སྟོན་པ་རྫོགས་པའི་སངས་རྒྱས་དང་༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཞལ་སྔར་འཁོད་ཅིང་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོར་ཞུགས་ཏེ་སྒྲུབ་པ་ལྷུར་ལེན་བྱས་པས་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་ཁམས་རྒྱ་མཚོ་མ་སྟོང་གི་བར་དུ་སྨོན་ལམ་རྣམ་པར་དག་པའི་སྟོབས་བསྐྱེད་པས་ཡང་ཡང་འགྲོ་བའི་དོན་དུ་གདུལ་བྱ་རང་རྒྱུད་དང་མཐུན་པའི་སྟོན་པར་བཞེངས་ཏེ་སྔོན་གྱི་ལས་འཕྲོ་སད་ནས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ཤིང་ཤེས་རབ་ཀློང་ནས་བརྡོལ་བའི་སྐྱེས་བུ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་དག་པའི་སྣང་བ་ཤར་ཡང་སེམས་དང་སེམས་བྱུང་མ་ཡིན་ཏེ༔ ངོ་བོ་མངོན་གྱུར་གྱི་དབྱིངས་ལས་རྩལ་དུ་སྣང་བ་ནི་སེམས་ཚོགས་བརྒྱད་ཀྱང་མིན་ཅིང་དེ་ལས་མི་གཞན་པའི་ཕྱིར་དེ་ལ་དེའི་མིང་བཏགས་པའོ༔ སྟོན་འཁོར་གཉིས་སུ་མེད་པ་ལས་སྣང་བའི་སྒོ་དུ་མ་རུ་ཤར་བ་ཡིན་ཏེ༔ བྱང་ཆུབ་སེམས་དཔའ་ཞེས་སུ་གྲགས་པ་ཡང་སངས་མ་རྒྱས་ཀྱང་སྲིད་པ་ལས་རབ་ཏུ་འཕགས་པ་ལ་དེ་ལྟར་དུ་གྲགས་པ་ཡིན༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་དབང་པོས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལགས་སོ༔ དེ་ལྟར་སྒྱུ་འཕྲུལ་རོལ་པའི་སྟོན་འཁོར་ཐམས་ཅད་གཉིས་སུ་མེད་ཅིང་ཐ་མི་དད་ན་སྟོན་པ་དང་འཁོར་ཚོགས་འཆད་ཉན་ཐམས་ཅད་ལ་དགོས་པ་མེད་ཅིང་༔ ཐམས་ཅད་ཀྱི་ཡེ་ཤེས་ཡོན་ཏན་ལ་ཁྱད་པར་མ་མཆིས་པས་འདིར་འཆད་ཉན་གྱི་ཚུལ་སྟོན་པ་ལ་དགོས་པ་ཅི་ཞིག་ཡོད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་ཤེས་རབ་དབང་པོ་སྔོན་འདས་པའི་དུས་སུ་གདུལ་བྱ་རང་སྣང་གི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཉི་མ་ལྟ་བུའི་སྟོན་པ་ཉིད་ཀྱིས༔ ཉི་འོད་ལྟ་བུའི་སྤྲུལ་པ་ཤར་ཏེ༔ སྟོན་པ་དང་༔ ཞུ་བ་པོ་དང་༔ འཁོར་ཉན་པ་པོའི་ཚུལ་དུ་གདུལ་བྱ་འདུལ་བའི་ལམ་ཐེག་པའི་རྣམ་གྲངས་སོ་སོར་འཆད་ཉན་གྱི་རྣམ་པར་སྣང་བ་ནི་སྟོན་འཁོར་གཉིས་སུ་མེད་ཀྱང་གདུལ་བྱའི་ཆེད་དུ་ཐབས་ཀྱི་རྣམ་འགྱུར་སྣ་ཚོགས་པ་སྒྱུ་མ་མཁན་དང་སྒྱུ་འཕྲུལ་ལྟ་བུར་བསྟན་པ་ཡིན་ནོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས་བཅོམ་ལྡན་འདས་ལ་གུས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ཏེ་འདི་སྐད་དོ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ལ་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་པར་གྲོལ་བའི་ས་ལ་སྦྱོར་བའི་ཕྱིར་ཚེ་གཅིག་ལུས་གཅིག་ཉིད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་འཐོབ་པར་བྱེད་པའི་གདམས་ངག་ཟབ་མོ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ སྟོན་པ་ཉིད་ཀྱིས་བཀའ་སྩལ་པ༔ ཀྱཻ་སྟོང་ཆེན་མཐའ་ཡས་པ་ལ་སོགས་འཁོར་འདུས་པའི་ཚོགས་ཐམས་ཅད་ཉོན་ཅིག༔ སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་ས་ལམ་ལ་སྦྱོར་བ་ལམ་གྱི་ལམ་མཆོག་དམ་པ་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་དམ་པ༔ ལམ་ཐམས་ཅད་ཀྱི་སྤྱི་ཆིངས༔ ཐེག་པ་ཐམས་ཅད་ཀྱི་མདོ་འགགས༔ གསང་སྔགས་ཐམས་ཅད་ཀྱི་ཀློང་མཛོད་ཟབ་མོ་ཞིག་ཡོད་ཀྱང་༔ དེ་ནི་བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་ཀྱི་སྒོ་དུ་མ་ནས་ཚོགས་རྒྱ་ཆེན་པོ་བསགས་ཤིང་༔ ཡང་ནས་ཡང་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དང་༔ སྔོན་ཡང་ཐེག་པ་གཞན་ནས་ལམ་ངེས་པར་རྙེད་པའི་ཕྱིར༔ ལམ་བཙལ་ནས་ལམ་ལ་བག་ཆགས་བཞག་པའི་སྐྱེས་བུ་མ་གཏོགས་པ་ལམ་འདི་དང་འཕྲད་པར་མི་འགྱུར་རོ༔ ཅིའི་ཕྱིར་ཞེ་ན༔ ལས་ངན་པའི་དབང་དང་ཉོན་མོངས་པའི་བསླུ་བདུད་སྟོབས་ཆེ་བའི་ཤུགས་ཀྱིས་ཐེག་པ་འདི་འཆད་ཉན་གྱི་ཁྲོད་ན་ཡོད་ཀྱང་སྐལ་མེད་རྣམས་ཀྱི་བློ་ཡིད་ཆོས་འདི་ལས་དཔག་ཚད་ལྔ་བརྒྱའི་ཕ་མཐར་འབྲོག་དགོན་པ་རུ་གནས་པ་དང་༔ སྐལ་མེད་སྨོན་ལམ་ལོག་པའི་བདུད་འབངས་རྣམས་ཀྱིས་གཤེ་བ་དང་༔ སྒྲོ་འདོགས་དང་༔ སྐུར་འདེབས་ཕྲག་དོག་སོགས་ཟབ་ཆོས་འདི་ལ་འགལ་ཟླ་བསྒྲུབ་པར་འགྱུར་བ་ལས༔ འདིའི་སྒོར་འཇུག་ཅིང་དོན་ཉམས་སུ་ལེན་པ་ནི་ཉིན་མོའི་སྐར་མ་ཙམ་ལས་ཡོངས་མི་སྲིད་དོ༔ ལ་ལ་སྒོ་འདིར་ཞུགས་ན་ཡང་གོ་ཙམ་ཐོས་ཙམ་གྱི་ཐོག་ཏུ་བཞག་ནས་བག་མེད་པར་ཁ་འཆོལ་ཏེ་ཉམས་སུ་མི་ལོན་པར་འཆི་ཁ་ཐ་མལ་དུ་ལུས་ནས་གྲོལ་བ་མི་འཐོབ་བོ༔ སྤྱིར་ཐེག་པ་འདིའི་སྒོར་འཇུག་ཅིང་ཉམས་སུ་ལེན་པ་ལ་མཚན་ཉིད་འདི་དག་ཚང་དགོས་ཏེ༔ ཆོས་དང་བླ་མ་ལ་ཡིད་ཆེས་པ༔ ལམ་ལ་ཐེ་ཚོམ་མེད་ཅིང་བློ་གཏད་པ༔ འཆི་བ་སྙིང་ནས་དྲན་ཅིང་འདུས་བྱས་མི་རྟག་པའི་རང་བཞིན་དུ་ཐག་ཆོད་ནས་འཁོར་བའི་བྱ་བ་ལ་ཆགས་ཞེན་ཆུང་བ༔ ཟས་ནོར་ལོངས་སྤྱོད་ལ་ཆོག་ཤེས་ཡོད་པ༔ བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོས་ཆོས་ལ་ཆོག་མི་ཤེས་པ༔ སྡུག་ཡུས་མེད་པས་རྟག་ཏུ་ཚེ་དང་སྒྲུབ་པ་མཉམ་པར་བྱེད་པ༔ ལོ་ཟླའི་མཚམས་སྒྲུབ་ཙམ་ལ་བྱས་ཡུས་མེད་པར་བློ་རྒྱུད་བརྟན་པ་རྣམས་ཀྱིས་སྒོ་འདི་མཐོང་ནས་ཉམས་སུ་བླངས་ན་ཚེ་འདི་ཉིད་ལ་རྒྱལ་བ་རྡོ་རྗེ་འཆང་གི་ས་མཆོག་ངེས་པར་འཐོབ་པར་གདོན་མི་ཟ་བ་ཡིན༔ ཐེག་པ་གཞན་རྣམས་ལ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་ནས་མཐར་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་ཀྱང་༔ བསྐལ་པ་དུ་མར་ལས་ཉོན་བག་ཆགས་ཀྱི་དབང་གིས་སྐྱེ་བ་མང་པོར་ཁ་བརྒྱུད་ཚེ་བསམ་སྤྱོད་ལས་ཀྱི་སྣ་ཁ་རྐྱེན་གྱིས་བསྒྱུར་ནས་ཚོགས་བསགས་སྒྲིབ་སྦྱང་གི་ལམ་དང་འཕྲད་དཀའ་བའི་ཚུལ་བསམ་མནོ་ཞིབ་ཏུ་ཐོང་དང་གསལ་ངེས་པ་ཅན་ཡིན་མོད༔ དེང་དུས་སྔོན་གྱི་ལས་འབྲེལ་བཟང་པོའི་སྟོབས་ཀྱིས་མི་ལུས་དམ་པ་དལ་འབྱོར་ཐོབ་པ་དང་༔ ཆོས་ཀྱི་དམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དང་འཕྲད་པའི་དུས་འདིར་ཡུན་རིང་པོའི་བར་དུ་ཚོགས་བསགས་ནས་མཐར་འཚང་རྒྱ་བར་རེ་བ་དོན་དམ་པ་རུ་མི་འཛིན་པར་ཚེ་འདིར་གྲོལ་བའི་ལམ་ཡེ་གཞི་བདེ་གཤེགས་སྙིང་པོའི་རང་ངོ་མངོན་དུ་གྱུར་ཏེ་རང་ཐོག་ཏུ་རང་ས་ཟིན་པ་ཞིག་བྱེད་དགོས་པ་ཡིན༔ དེ་མ་གཏོགས་སྐྱེ་བ་གཞན་ནས་གཞན་དུ་ཁ་བརྒྱུད་དེ་ལས་མང་པོ་བསགས་པའི་འབྲས་བུ་རྣམ་པར་གྲོལ་བའི་ས་འཐོབ་ཏུ་ཡོད་པར་བསྟན་པ་རྣམས་ནི་སེམས་ཅན་གྱི་རྒྱུད་ལ་གནས་སྐབས་ཀྱི་བདེ་འབྲས་འཇོག་པ་ཙམ་ལས་སངས་རྒྱས་པ་ནི་ཤིན་ཏུ་དཀའ་སྟེ་དྲང་དོན་ཙམ་དུ་ཟད་པ་ལ་ལྟོས་ཤིག༔ ཅེས་གསུངས་པ་ལ༔ བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས་འདི་སྐད་དུ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ད་རེས་མི་ཚེ་འདིར་སེམས་རྒྱ་བསྐྱེད་པའི་བསམ་བཟང་དང་ལུས་ངག་གི་དགེ་བ་ལ་འབད་པར་བྱ་བ་ལས༔ གསང་སྔགས་རྡོ་རྗེ་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་མ་འོངས་པའི་དུས་ཤིག་ཏུ་ཉམས་སུ་བླངས་པས་གྲོལ་བ་ཐོབ་པར་འགྱུར་སྲིད་ཀྱང་༔ ད་ལྟའི་ཚེ་འདིར་ཉམས་སུ་བླངས་པ་ཙམ་གྱིས་གྲོལ་བ་ཐོབ་དཀའ་བར་འཆད་པ་དང་༔ ཉན་རང་སོགས་སེམས་ཅན་བློ་ཆུང་རྣམས་རྡོ་རྗེ་ཐེག་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་བློར་མི་ཤོང་ཟེར་བ་བདེན་པ་ཡིན་ནམ་མིན༔ གལ་ཏེ་ཡིན་ན་ནི་སེམས་ཅན་གྱི་སེམས་ལ་བཟང་ངན་དང་ཆེ་ཆུང་ཡོད་སྲིད་དེ༔ ཐེག་པ་ཆེན་པོའི་རིགས་ཅན་དུ་བསྒྱུར་དགོས་ན་ཆུང་བ་ཆེ་རུ་འགྲོ་བས་སྐྱེ་བ་དང་༔ ཆེ་བ་བསྐྱེད་དུ་མེད་པས་ཡངས་པ་རྣམས་མཆིས་ན་རང་གི་རྒྱུད་ལ་མི་གནས་པའི་གསང་སྔགས་ཞིག་གཞན་ངོས་ནས་འབྱུང་དགོས་པར་སོང་བས་འདིའི་དོན་མ་ཤེས་ཏེ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྟོང་ཆེན་མཐའ་ཡས་ཁྱོད་དེ་ལྟར་སེམས་ན་དུས་ད་ལྟའི་ཚེ་ལུས་འདི་ལ་གསང་སྔགས་ཀྱི་སྒོ་དང་འཕྲད་དེ༔ དེ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་དང་༔ ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོ་ཞིག་ཡོད་ན་ཉམས་སུ་ལེན་པའི་དུས་ལ་བབས་པ་ཡིན་པ་ལས༔ ལས་སྐལ་དང་ལྡན་པའི་སྐྱེས་བུ་རྣམས་ལ་གསང་སྔགས་ཟབ་མོའི་སྒོ་དང་འཕྲད་ཚེ་ཡིད་ཆེས་པའི་དད་པ་བརྟན་པོ་ཐོབ་པ་ཙམ་ལས་ད་རེས་གསང་སྔགས་ཉམས་སུ་ལེན་པའི་དུས་ལ་བབས་པ་རེད་སྙམ་པའི་མངོན་ཤེས་དང་རྟགས་དང་རྟེན་འབྲེལ་གཞན་འབྱུང་རྒྱུ་ནམ་ཡང་མེད་དེ༔ མི་ལུས་ཐོབ་ནས་གསང་སྔགས་ཀྱི་ཆོས་དང་བླ་མ་འཕྲད་ཚེ་རྫོགས་ཆེན་ཉམས་སུ་ལེན་པའི་དུས་མ་ཡིན་ན༔ རྟེན་འབྲེལ་དེ་ཙམ་ལས་སྐྱེ་བ་གཞན་དུ་ཡང་འབྱུང་རྒྱུ་མེད་ངེས་པ་ཅན་ཡིན༔ ཉན་རང་དང་སོ་སྐྱེ་ལ་སོགས་པ་བློ་སེམས་ཆུང་བ་ཡང་མ་ཡིན་ཏེ༔ སྔོན་ལས་ཀྱི་དབང་གིས་གསང་སྔགས་ཀྱི་སྒོ་དང་མི་འཕྲད་པ་དང་༔ འཕྲད་ཀྱང་མི་དད་པ་དང་༔ ཡིད་མི་ཆེས་པ་དང་༔ ལེ་ལོ་དང་རྣམ་པར་གཡེང་བའི་དབང་གིས་ཉམས་སུ་མི་ལེན་པ་ལས་སེམས་ཆེ་ཆུང་གི་བྱེ་བྲག་མ་ཡིན་པའི་ངང་ཚུལ་ཤེས་པར་གྱིས་ཤིག༔ སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཆེ་ཆུང་ཡོད་པར་མ་སེམས་ཤིག༔ སེམས་བདག་འདོད་ཀྱིས་བཅིངས་པ་རྣམས་ལ་རང་དོན་དུ་མི་དམིགས་པར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སེམས་རྒྱ་ཆེར་བསྐྱེད་ན་དེའི་འབྲས་བུ་བདག་གཞན་གཉིས་སུ་མེད་པའི་དོན་མཐོང་བར་འདོམས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟ་ན་དེ་རྣམས་ཀྱིས་ཟབ་གསང་རྫོགས་པ་ཆེན་པོ་བསྒོམ་པའི་བློ་རྒྱ་བསྐྱེད་མི་ནུས་པ་ཡིན་ནམ༔ རྫོགས་པ་ཆེན་པོ་བསྒོམ་ཡང་བྱང་ཆུབ་ཀྱི་སེམས་ལོགས་ནས་བསྐྱེད་དགོས་པ་ཡིན༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་རྫོགས་པ་ཆེན་པོ་འདི་ནི་འབྲས་བུ་བླ་ན་མེད་པའི་ཐེག་པ་ཡིན་ཏེ༔ འཁོར་འདས་ཡོངས་ཁྱབ་ཀྱི་བདག་ཉིད་ཆེན་པོ་དེ་ཉིད་མངོན་དུ་བྱེད་པ་དོན་དམ་གཞིའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ༔ དེ་ཉིད་དུ་རང་ས་བཟུང་བ་ལས་གཞན་དུ་བྱ་རྩོལ་བློ་ཡིད་ཀྱིས་བཟོ་བཅོས་བྱས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཅེས་བྱ་བ་དེ་ནི་བསྐྱེད་པ་པོ་བདག་དང་བསྐྱེད་ཡུལ་སེམས་ཅན་གཞན་ལ་དམིགས་པའི་བློ་ཕུར་ཁུངས་ལྟ་བུ་ཡིན་ནོ༔ རྫོགས་པ་ཆེན་པོའི་དབྱིངས་ན་གདོད་ནས་འཁོར་འདས་དག་མཉམ་ཆེན་པོའི་རང་བཞིན་ཡིན་པའི་ངང་ཚུལ་ཀུན་མཁྱེན་ཡེ་ཤེས་ཆེན་པོས་གཞི་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་༔ ཀུན་གཟིགས་ཡེ་ཤེས་ཆེན་པོས་གཟིགས་པ་ལས་ལྷག་པའི་སེམས་བསྐྱེད་ཞིག་ཡོད་པར་འཆད་ན་ཆུ་རང་ལ་ཡོད་ཀྱང་རླན་གཞན་ནས་འཚོལ་དགོས་ཟེར་བ་དང་འདྲ་མཚུངས་ངེས་པ་ཡིན་ནོ༔ གདོད་ནས་ཡེ་གཞི་ཀ་དག་འཁོར་འདས་ཡོངས་ཁྱབ་ཀྱི་བདག་ཉིད་ཆེན་པོ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པར་མ་ཤེས་ན༔ ཕ་མས་བུ་ལ་སྙིང་རྗེ་དང་བྱམས་སེམས་བྱས་པ་ཙམ་གྱི་བསམ་བཟང་གཅིག་པུ་ནི་རྣམ་པར་རྟོག་པའི་བསམ་པ་དམིགས་བཅས་ཡིན་ཏེ༔ མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བ་ཙམ་ལས་སངས་རྒྱས་ཀྱི་ས་ལ་རེ་བ་ནི་མོ་གཤམ་གྱི་བུ་ཁྱིམ་གྱི་བདག་པོར་རེ་བ་ཙམ་དུ་ཟད་དོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གདུལ་བྱ་རྣམ་པར་གྲོལ་བའི་ལམ་ཟབ་མོ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས་བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ཐབས་དང་ཤེས་རབ་ཀྱི་སྒོ་དུ་མར་སྣང་ཡང་༔ དོན་དམ་པར་སེམས་ལ་ལམ་བྱས་ནས་ཡང་དག་པའི་ལམ་འཚོལ་བ་དང་༔ གཞི་གཏན་ལ་དབབ་ནས་ཆོས་ཉིད་རང་ལ་ལམ་བྱེད་པ་གཉིས་ཡོད་པ་ལས༔ དང་པོ་སེམས་ལ་ལམ་བྱེད་པའི་ཚུལ་ནི༔ ཐོག་མར་དམ་ཚིག་དང་ལྡན་པའི་སློབ་མ་རྣམས་ལ༔ དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་དང་༔ ཐུན་མོང་མ་ཡིན་པ་ནང་གི་སྔོན་འགྲོ་རྣམ་པ་བདུན་གྱི་སྒོ་ནས་རྒྱུད་ཐུལ་བར་བྱས་ཏེ༔ མཐར་དངོས་གཞི་ལམ་འཚོལ་བའི་རིམ་པ་ལ་འཇུག་ཚུལ་ནི་འདི་ལྟ་སྟེ༔ དང་པོ་གནས་རབ་ཏུ་དབེན་པའི་ཚལ་དུ་ཕྱིན་ནས་བླ་མ་ལ་གསོལ་བ་གདབ་ཅིང་ཐུགས་ཡིད་བསྲེས་ཏེ་ཡུན་ཅིག་བབས་ཀྱིས་བཞག༔ ཀྱཻ་སྟོང་ཆེན་མཐའ་ཡས་ཁྱོད་ཀྱི་ལུས་དང་༔ ངག་དང་༔ ཡིད་གསུམ་པོ་གཙོ་གང་གིས་ཆེ༔ བྱེད་པ་པོ་སུ་ཡིན༔ འགྱུར་བ་མེད་པའི་རང་དབང་རྒྱལ་པོ་དེ་གང་ཡིན་ང་ལ་སྨོས་ཤིག་དང་༔ གདུལ་བྱའི་དོན་ཆེན་པོ་རུ་འཆད་ཉན་དང་ཁྲིད་ཚུལ་ཇི་བཞིན་པ་གསལ་བར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལུས་ནི་སེམས་ཀྱིས་བཟོས་པ་ཡིན་ཏེ༔ ཤི་ནས་བེམ་རིག་སོ་སོར་གྱེས་ཚེ་སེམས་ལས་ཀྱི་རྗེས་སུ་འབྲངས་ནས་འཁྲུལ་ཏེ་ཡང་ལུས་སྣང་བཟུང་༔ གཞན་ཡང་ཉིན་མོའི་ལུས་དང་༔ རྨི་ལམ་གྱི་ལུས་དང་༔ ཕྱི་མའི་ལུས་རྟེན་ཐམས་ཅད་སེམས་བདག་འཛིན་གྱིས་བཟོས་ཏེ་སེམས་ལ་སྣང་བ་ཙམ་ལས་ཡོད་མ་མྱོང་བར་འཕྲལ་དུ་གནས་འགྱུར་བྱེད་པས༔ སེམས་ནི་ཀུན་བྱེད་ཀྱི་རྒྱལ་པོ་ཡིན་པས་དེ་གཙོ་ཆེ༔ སེམས་མེད་པའི་ལུས་རོ་རུ་སོང་བས་དེ་ལ་ནུས་སྟོབས་མེད་པ་དང་༔ ལུས་སེམས་སོ་སོར་གྱེས་ཚེ་བདེ་སྡུག་མྱོང་ཚོར་དང་༔ སངས་རྒྱས་ཀྱི་ས་ལ་སླེབ་པའམ༔ ཁམས་གསུམ་འཁོར་བར་འཁྱམས་ཡང་སེམས་རྣམ་པར་ཤེས་པ་ཡུལ་དུ་འཁྲུལ་པ་ལས་སྣང་བས་མཁན་པོ་དེར་ངེས་པའོ༔ ངག་ནི་སྨྲ་བརྗོད་ཀྱི་སྣང་བ་ཇི་ལྟར་ཤར་ཡང་སེམས་ལ་སྣང་བ་ཙམ་ལས་མེད༔ སེམས་རྣམ་པར་རྟོག་པས་སྨྲ་བརྗོད་ཀྱི་སྣང་བ་བཟོས་པ་ཙམ་ལས་ངག་གཞན་ན་མ་གྲུབ་པས་སེམས་གཙོ་ཆེ་བ་དང་༔ ལུས་ངག་ཡིད་གསུམ་སོ་སོར་གྱེས་པའི་ཚེ་སེམས་ཕ་རོལ་དུ་སོང་༔ ལུས་རོ་རུ་སོང་༔ ངག་ཡུལ་མེད་དུ་ཡལ་བ་དེ་ཡིན་པས་སེམས་གཙོ་ཆེ་ངེས་པ་ཡིན༔ སྒོ་གསུམ་ཐ་དད་དུ་མ་གྲུབ་པའི་ཚུལ་ནི་བསྐྱེད་རིམ་གྱི་སྐབས་སུའང་སྒོ་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རོལ་པར་སྦྱངས་པས་དེར་གནས་སུ་དག་ནས་གྲོལ་བ་ཐོབ་པ་ཡིན་ཏེ༔ ཐ་དད་པ་ཡིན་ན་སྐུ་མི་འགྱུར་བའི་རྡོ་རྗེ་དང་༔ གསུང་མི་འགགས་པའི་རྡོ་རྗེ་གཉིས་ཤུལ་དུ་ལུས་ཏེ་ཐུགས་གཞན་ཡུལ་དུ་དེངས་ནས་རྡོ་རྗེ་གསུམ་གྱི་ཚོགས་པ་གྱེས་ཚེ་ལྷ་ཤི་བ་མིན་ནམ༔ དེའི་ཕྱིར་ཐ་དད་དུ་མ་གྲུབ་པས་དུ་མ་རོ་གཅིག་ཏུ་ཐག་ཆོད་པར་གྱུར་ལགས་སོ༔ དེ་ལྟར་གསུམ་ཀ་སེམས་ལས་མེད་དེ་སེམས་གཅིག་པུ་རུ་ཐག་ཆོད་པ་ནི་མཆོག་ཏུ་ཆེ་བ་བླ་ན་མེད་པ་ཡིན་ནོ༔ ཞེས་ཞུས་སོ༔ ཡང་སྟོན་པའི་ཞལ་ནས༔ ཀུན་བྱེད་ཀྱི་རྒྱལ་པོ་ཁྱོད་ལ་གཟུགས་མཆིས་སམ་མ་མཆིས༔ གལ་ཏེ་མཆིས་ན་སྲོག་ཆགས་གང་དང་གང་གི་གཟུགས་ལྟ་བུར་ངེས༔ དེ་ལ་མིག་དང་༔ རྣ་བ་དང་༔ སྣ་དང་༔ ལྕེ་དང་༔ ཡིད་རྣམས་མཆིས་སམ་མ་མཆིས༔ གལ་ཏེ་ཡོད་ན་དེང་སང་དེ་དག་གང་དུ་མཆིས༔ གར་གནས༔ གཞན་ཡང་ཁྱོད་ལ་དབྱིབས་ཟླུམ་པོའམ༔ གྲུ་བཞི༔ ཟླ་གམ༔ གྲུ་གསུམ༔ ཟུར་མང་ལ་སོགས་པ་མཆིས་སམ་མ་མཆིས༔ ཁ་དོག་ཀྱང་དཀར་པོ༔ སེར་པོ༔ དམར་པོ༔ ལྗང་གུ༔ སྔོན་པོ༔ ཁྲ་བོ་རྣམས་ཡོད་དམ་མེད༔ ཡོད་ན་མངོན་སུམ་མིག་གིས་མཐོང་བ་དང་༔ རེག་པ་ལག་པས་བཟུང་སྟེ་ང་ལ་ངེས་པར་སྟོན་ཅིག༔ གལ་ཏེ་ཅི་ཡང་མེད་ངེས་པ་ཞིག་ཡིན་ན་ཆད་པའི་མཐར་ལྟུང་བས་ད་ལྟ་འཁོར་འདས་བདེ་སྡུག་སྣང་སེམས་ཉེར་ལེན་ཐམས་ཅད་ཆོས་ཅན༔ དེ་དོན་ང་ལ་སྨོས་ཤིག༔ ཅེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདག་ལ་གཟུགས་མ་མཆིས་པས་གཟུགས་ཀྱིས་སྟོང་༔ དེ་བཞིན་དུ་སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་མ་མཆིས་པས་དེ་དང་དེས་སྟོང་༔ དབྱིབས་དང་ཁ་དོག་གིས་སྟོང་སྟེ་སྟོང་པའོ༔ མིག་དང་༔ རྣ་བ་དང་༔ སྣ་དང་༔ ལྕེ་དང་༔ ཡིད་རྣམས་ཐམས་ཅད་ཤེས་པ་དྭངས་གསལ་ཉིད་ལས་མ་གྲུབ་པར་ངེས་པའོ༔ མེད་པ་ཆད་པ་རུ་མ་སོང་བར་འཁོར་འདས་ཀྱི་རྣམ་འགྱུར་མ་ངེས་པ་སྒྱུ་མ་མཁན་དང་སྒྱུ་མའི་འཕྲུལ་ལྟ་བུར་སྣང་བས་མཁན་པོ་གོ་མ་འགག་པ་ཙམ་དུ་ངེས་ལགས་སོ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཁྱོད་དང་པོ་བྱུང་བའི་ཁུངས་གང་ཡིན་པ་དེ་ང་ལ་སྨྲོས་ཤིག༔ ས་ལས་བྱུང་ངམ༔ ཆུ་དང་མེ་ལས་བྱུང་ངམ༔ རླུང་དང་ནམ་མཁའ་ལས་བྱུང་ངམ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གང་ལས་བྱུང་༔ བྱུང་ས་དང་བྱུང་མཁན་ལ་བརྟག་ཅིང་དཔྱོད་ཅིག༔ དེ་བཞིན་དུ་བར་དུ་གནས་པའི་ས་དང་གནས་མཁན་ལ་ཡང་བརྟག་ཅིང་དཔྱོད་ཅིག༔ སེམས་ཞེས་བྱ་བ་འདི་མགོ་བོ་ལ་གནས་ན་རྐང་པ་ལ་ཚེར་མས་བཏབ་པ་ལྟ་བུ་ལའང་ན་ཚ་ཟུག་རྔུ་འབྱུང་བའི་དོན་མ་མཆིས་པ་དང་༔ རྐང་པ་ལ་གནས་ན་མགོ་དང་ཡན་ལག་གཞན་རྣམས་བཅད་ཀྱང་ན་ཚ་སོགས་ཅི་ལ་འབྱུང་༔ ལུས་སྤྱི་ལ་གནས་ན་ཕ་རོལ་གྱི་ལུས་ཆས་དང་ཁམ་ཕོར་གནས་ཁང་དང་ནོར་རྫས་ལ་སོགས་པ་གཞན་གྱིས་ཁྱེར་བ་དང་རྐྱེན་གྱིས་འཇིག་པ་ལ་སོགས་པ་ཅི་བྱུང་ཡང་སེམས་ལ་མི་བཟོད་པའི་འགྱོད་སེམས་དང་སྡུག་བསྔལ་འབྱུང་ན་དེར་གནས་དགོས་པ་དང་༔ ནང་ལ་གནས་ན་ནང་ལས་ཕྱི་ལ་བདག་ཏུ་འཛིན་མཁན་མེད་པ་དང་༔ ཕྱི་ལ་གནས་ན་ནང་གི་ལུས་ལ་ཞེན་འཛིན་མི་འབྱུང་བ་དང་༔ དེང་སང་ལུས་ལ་གནས་པ་བདེན་ན་ལུས་དང་བྲལ་བའི་ཚེ་ཅི་ལ་གནས༔ གང་ལ་བརྟེན༔ གནས་མཁན་གྱི་ལུས་དང་བྱད་དང་༔ གནས་རྣམས་མངོན་སུམ་དུ་སྟོན་ཅིག༔ གནས་ས་གནས་མཁན་གྱི་ཡུལ་དང་བདག་པོའི་ཆེ་ཆུང་གི་ཚད་ལ་སོགས་པ་ལ་བརྟག་ཅིག༔ ལྟོས་ཤིག༔ ཡང་ཐ་མ་འགྲོ་ས་དང་འགྲོ་མཁན་ལ་བརྟག་དགོས་པས༔ སེམས་ཀུན་བྱེད་ཀྱི་མཁན་པོ་དེ་འགྲོ་བའི་ཡུལ་དང་༔ ལམ་དང་༔ སྒོ་དང་༔ ཇི་ལྟར་འགྲོ་བའི་ཚུལ་རྣམས་ལ་ལྟོས་ཤིག༔ གལ་ཏེ་འགྲོ་ས་དང་འགྲོ་མཁན་མཐོང་ན༔ འགྲོ་མཁན་གྱི་ངོ་བོའི་ཆེ་ཆུང་དང་གཟུགས་དང་དབྱིབས་ཁ་དོག་ང་ལ་སྟོན་ཅིག༔ ཅེས་གསུངས་སོ༔ སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ང་ལ་མིག་མེད༔ མིག་མ་མཆིས་པས་གཟུགས་སུ་སྣང་བ་མ་མཆིས༔ དེ་བཞིན་དུ་རྣ་བ་མེད༔ རྣ་བ་མ་མཆིས་པས་སྒྲ་རུ་སྣང་བ་མ་མཆིས༔ སྣ་མེད༔ སྣ་མ་མཆིས་པས་དྲི་རུ་སྣང་བ་མ་མཆིས༔ ལྕེ་མེད༔ ལྕེ་མ་མཆིས་པས་རོ་རུ་སྣང་བ་མ་མཆིས༔ ལུས་མེད༔ ལུས་མ་མཆིས་པས་རེག་བྱར་སྣང་བའང་མ་མཆིས་སོ༔ དེ་ལྟར་སྒོ་ལྔ་སྣང་བ་དང་བཅས་པ་མེད་པས་བྱུང་མཁན་མེད་དོ༔ བྱུང་མཁན་གྲུབ་ན་དུས་འདི་ཕན་ཆད་དུ་སེམས་ཞེས་བྱ་བ་མ་གྲུབ་ཅིང་མེད༔ འདི་ཚུན་ཆད་དུ་ཡོད་པ་འདི་ཞེས་ངོས་བཟུང་མཚན་མ་ཅན་ཡོད་དགོས་པས༔ ང་ནི་མ་བྱུང་བའི་སྟོང་པ་ཉིད་ཡིན་པས་བྱུང་བའི་ཁུངས་སྟོང་༔ བྱུང་ས་བཙལ་ནས་ནི་ང་རང་གིས་བཟོས་པ་ཡིན༔ དེ་བཞིན་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལ་སོགས་པའི་སྣང་བ་ཐམས་ཅད་བདག་འཛིན་གཅིག་པུའི་ཆོ་འཕྲུལ་ལས་གཞན་གཅིག་ཀྱང་མ་མཆིས་པས་བྱུང་མཁན་ཡུལ་མེད་དུ་ཐག་ཆོད་པ་ཡིན༔ ང་ནི་མི་གནས་པའི་སྟོང་པ་ཉིད་ཡིན་ཏེ་གནས་པའི་ས་མེད༔ ལུས་ཞེས་བྱ་བ་ཉིན་མོར་སྣང་བའི་ལུས་ལ་རྨ་དང་སྐྲང་པ་དང་ལྦ་བ་དང་ཕོལ་མིག་ལ་སོགས་པ་སྣང་ཡང་རྨི་ལམ་གྱི་ལུས་ལ་དེ་མ་གྲུབ༔ རྨི་ལམ་གྱི་ལུས་དང་ཡན་ལག་ལ་རྨ་དང་སྐྲང་པ་དང་ལྦ་བ་དང་ཕོལ་མིག་རྡོལ་བར་སྣང་ཡང་ཉིན་སྣང་ན་མ་གྲུབ༔ ཉིན་སྣང་ལ་ལུས་སྨས་པ་རྒྱལ་པོའི་ཆད་པས་གདུང་བར་སྣང་ཡང་རྨི་ལམ་གྱི་ལུས་ལ་དེ་མི་སྣང་༔ རྨི་ལམ་ན་དེ་ལྟར་བྱུང་བ་ཉིན་སྣང་གི་ལུས་ལ་མ་གྲུབ༔ དེ་བཞིན་དུ་ཕྱི་རུ་སྣང་བ་དང་ནང་དུ་འཛིན་པའི་གནས་ཡུལ་བདག་པོ་ཐམས་ཅད་ང་གཅིག་པུའི་ཆོ་འཕྲུལ་ལས་མེད་དེ༔ དེའི་ཕྱིར་ང་ཕྱི་ནང་སྣང་བ་ལ་མི་གནས༔ ཕྱི་ནང་གི་སྣང་བ་ང་ལ་མི་གནས༔ བདག་ཏུ་འཛིན་པའི་ཆོ་འཕྲུལ་སྒྱུ་མ་དང་སྒྱུ་འཕྲུལ་ལྟ་བུའོ༔ སྒྱུ་མ་མཁན་དང་སྒྱུ་འཕྲུལ་ལྟ་བུར་བསམ་བཞིན་དུ་བཟོས་པའང་མ་ཡིན་ཏེ༔ བདག་ཤར་བས་གཞན་སྣང་རང་བྱུང་དུ་ཤར་བ་ཙམ་ལས་གནས་པའི་ས་མེད་པའོ༔ འགྲོ་བའི་ཡུལ་དང་བདག་པོ་ལ་བརྟག་ཀྱང་འགྲོ་ས་འགྲོ་ཡུལ་ཐམས་ཅད་ཡུལ་མེད་དུ་སོང་བས་བདག་དང་བདག་གི་ངང་ལ་མི་འགྲོ༔ སྣང་སྲིད་ཐམས་ཅད་བདག་གི་ངང་ལས་མེད་བཞིན་དུ་སྣང་༔ ལུས་ངག་ཡིད་གསུམ་པོའང་ཡེ་ནས་སོ་སོར་མ་གྲུབ་བཞིན་དུ་སྣང་བ་རོ་གཅིག་པའི་ཚུལ༔ ཉིན་སྣང་དང་རྨི་སྣང་དང་ཕྱི་མའི་སྣང་བ་ཐམས་ཅད་ང་ལས་སྒོ་གསུམ་ཐ་དད་དུ་མ་གྲུབ་པས་འགྲོ་བའི་བདག་པོ་དང་འགྲོ་ཡུལ་མ་གྲུབ་པར་ཐག་ཆོད་པ་ཡིན་ནོ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཁྱོད་ཀྱི་སེམས་ཞེས་བྱ་བའི་ཆེ་ཆུང་གི་ཚད་ལ་བརྟག་ནས་ངོ་བོ་གཏན་ལ་ཕོབ་ལ་ངོས་ཟུངས་ཤིག༔ ཕྱིའི་ནམ་མཁའ་དང་ནང་གི་སེམས་གཉིས་ཀ་གཅིག་ཡིན་ནམ༔ སོ་སོར་ཐ་དད་ཡིན༔ གཅིག་ཡིན་ན་སེམས་ཀྱི་ངོ་བོ་ནམ་མཁའ་ཡིན་དགོས་པ་དང་༔ ཐ་དད་ཡིན་ན་རྨི་ལམ་གྱི་ནམ་མཁའ་དང་༔ ཉིན་སྣང་གི་ནམ་མཁའ་དང་༔ ཕྱི་མའི་ནམ་མཁའ་རྣམས་གཅིག་མ་ཡིན་པར་ཐ་དད་ཡིན་པར་འདོད་དགོས་ཏེ༔ ནམ་མཁའ་སྔ་མ་འགག་སྟེ་ཕྱི་མ་རྣམས་རིམ་པ་བཞིན་དུ་འབྱུང་བ་ཡིན་ན་ནམ་མཁའ་ཐམས་ཅད་འཕོ་འགྱུར་སྐྱེ་འགག་ཅན་དུ་འགྱུར་བས་དེའི་རྒྱུ་རྐྱེན་ཅི་ལས་བྱུང་བ་ཡིན་ཁོ་ཐག་ཆོད་པར་གྱིས་ཤིག༔ ཉིན་མོ་ཉི་མའི་རྐྱེན་གྱིས་ནམ་མཁའ་ནམ་ལངས་ནས་སྣང་བ་མངོན་དུ་བྱེད་པ་ཡིན་ན༔ རྨི་ལམ་དང་ཕྱི་མའི་དུས་རྣམས་སུ་སྣང་བ་མངོན་དུ་བྱེད་མཁན་ཉི་མ་ཡིན་ནམ༔ རང་སེམས་ཀྱི་འོད་གསལ་ཡིན༔ ཁ་ཙམ་མིན་པར་གཏིང་དཔོག་པར་ཐག་ཆོད་ཅིག༔ ཅེས་གསུངས་སོ༔ སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ནམ་མཁའ་ནི་བདག་གི་སེམས་ཀྱི་ངོ་བོ་ངེས་པར་གདོན་མི་ཟ་བ་ཡིན་ཏེ༔ ཉིན་སྣང་དུ་ནམ་མཁའི་ཀློང་དུ་ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ བདག་དང་༔ གཞན་དང་༔ གཟུགས་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་རྣམ་པར་མཆེད་དེ་སེམས་རྣམ་པར་རྟོགས་པས་ཉེ་བར་ལེན་པ་དང་༔ རྨི་སྣང་ནའང་སེམས་ཀྱི་གཞི་ནམ་མཁའ་རུ་སྣང་ནས་དེ་བཞིན་སྣོད་བཅུད་འདོད་ཡོན་ཐམས་ཅད་སྔར་བཞིན་དུ་ཡང་མཆེད་པ་དང་༔ ཚེ་ཕྱི་མར་ཡང་སེམས་ཀྱི་ངོ་བོ་ནམ་མཁར་སྣང་བའི་ཀློང་དུ་སྣོད་བཅུད་འདོད་ཡོན་ཐམས་ཅད་གོང་བཞིན་སྣང་ནས་ཉེ་བར་ལེན་ཅིང་ཡང་ནས་ཡང་དུ་འཁྲུལ་པ་ཡིན༔ དེའི་ཕྱིར་ནམ་མཁའ་དང་བདག་གཞན་འདོད་ཡོན་ཐམས་ཅད་རོ་གཅིག་ཅིང་ཐ་དད་པ་མ་ཡིན་པར་ཐག་ཆོད༔ སྣང་བ་མངོན་དུ་བྱེད་མཁན་ཡང་ནམ་མཁའ་གསལ་ཆ་ཉིད་ལས་གཞན་མ་ཡིན༔ སེམས་གཞིའི་ངོ་བོ་ནམ་མཁའ་ཉིད་ཡིན་ཏེ༔ ཡིད་ཡེ་གནས་ཀྱི་ཤེས་པ་དྭངས་གསལ་གྱི་དབྱིངས་སུ་སྣ་ཚོགས་སྣང་བ་ནི་དཔེར་ན་མེ་ལོང་དང་ཆུ་དྭངས་གསལ་གྱི་ནང་དུ་གཟུགས་བརྙན་དང་གཟའ་སྐར་མཆེད་པ་བཞིན་དུ་སྣང་བ་མཆེད་པ་ཡིན༔ ཤེས་པ་དྭངས་གསལ་དབུ་མ་ནམ་མཁའ་སྟོང་ཁྱབ་ཀྱི་དབྱིངས་སུ་ཞུགས་ནས་ཁ་ནང་ལྟ་རུ་སོང་ཚེ་སྣང་སེམས་ཐམས་ཅད་མི་མངོན་པར་སྟོང་ཁྱབ་ལུང་མ་བསྟན་དུ་འབྱམས་ཀླས་པ་ཡིན་ཏེ༔ གཞི་དབྱིངས་ངོ་བོ་སྟོང་ཁྱབ་ཆེན་པོ་བདག་འཛིན་གྱི་དབང་གིས་སེམས་དང་སེམས་བྱུང་དུ་ཤར་བ་ཡིན་པར་ཐག་ཆོད་པ་ཡིན༔ ནམ་མཁའ་གཞན་མ་ཡིན་ཅིང་གསལ་ཆ་གཞན་མ་ཡིན་པར་སེམས་ཉིད་དྭངས་གསལ་གྱི་བདག་ཉིད་རྐྱེན་གྱི་དབང་གིས་བདག་གཞན་དུ་སོང་བ་ཡིན༔ སེམས་རང་ལ་ལམ་བྱས་ནས་དབང་པོ་རབ་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་འགྱུར་བ་དང་༔ འཁོར་འདས་འུབ་ཆུབ་ཀྱི་ལྟ་བ་རྟོགས་ཏེ་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་གྲོལ་བ་ཐོབ་པ་དང་༔ འབྲིང་གཟུགས་མེད་ཀྱི་ཁམས་སུ་བརྟན་པ་ཐོབ་པ་དང་༔ ཐ་མ་གཟུགས་ཁམས་སུ་བདེ་བ་ཉམས་སུ་མྱོང་བ་དང་༔ དབང་ཐ་འདོད་ཁམས་སུ་དགའ་བདེར་སྣང་བའི་ལམ་གྱི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་སེམས་འདི་དང་པོ་ཕྱིའི་ནམ་མཁའ་ལ་བསྲེས་ཏེ་ཞག་བདུན་དུ་མཉམ་པར་ཞོག༔ ཡང་རྡོ་དང་ཤིང་བུ་དང་སྐུ་གཟུགས་དང་ཡི་གེ་གང་ཡང་རུང་བ་ལ་སེམས་བཟུང་སྟེ་ཞག་བདུན་དུ་མཉམ་པར་བཞག༔ ཡང་རང་གི་སྙིང་གར་འོད་ལྔའི་ཐིག་ལེ་གསལ་འཚེར་ཞིག་བསྒོམ་ནས་དེ་ལ་སེམས་བཟུང་སྟེ་ཞག་བདུན་དུ་མཉམ་པར་བཞག་པས་འགའ་ཞིག་ལ་སེམས་བདེ་ཀྱི་ལེ༔ གསལ་སང་ངེ་༔ སྟོང་ཧད་དེ་བར་གནས་ཤིང་རྣམ་པར་རྟོག་པ་གང་ཡང་མེད་པར་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུར་འཆར་བ་ནི་མཚན་མ་ཅན་གྱི་ཞི་གནས་ཞེས་བྱ་བ་ཡིན༔ འགའ་ཞིག་སེམས་རྣམ་པར་རྟོག་པ་ཧ་ཅང་རྒོད་དྲག་པས་མི་ནོན་པ་དང་༔ སྙིང་དང་སྲོག་རྩ་ལ་སོགས་པ་ལ་མི་བདེ་བའི་ནད་དང་ཟུག་རྔུ་འབྱུང་བ་དང་༔ འགའ་ཞིག་ལ་བརྒྱལ་བ་རྨུགས་འཐིབས་འབྱུང་བ་སོགས་ནི་བློ་རྒྱུད་མི་བརྟན་པ་རླུང་ཁམས་པ་དང་བློ་རྩིང་པོ་རྣམ་ལ་མ་ངེས་པར་འབྱུང་བ་ཡིན༔ དེའི་ཚེ་རྣམ་པར་རྟོག་པ་རང་ཀར་ལྷོད་ཅིང་༔ མ་བརྗེད་པའི་དྲན་པ་དང་༔ ལྐོག་ཏུ་མ་གྱུར་པའི་ཤེས་བཞིན་གྱིས་བལྟ་ཞིང་སྐྱོང་སྟེ༔ ཅི་ཡང་མི་སེམས་པར་གནས་པ་ལ་ངོ་བོའི་ངང་དུ་གནས་པ་ཞེས་བྱ་བ་དང་༔ རྣམ་པར་རྟོག་པ་སྣ་ཚོགས་འགྱུ་ཞིང་ཤར་བ་ལ་འགྱུ་བ་ཞེས་པ་དང་༔ རྣམ་པར་རྟོག་པ་གང་ཤར་ལྐོག་གྱུར་དུ་མ་སོང་བར་དྲན་ཤེས་ཀྱིས་རིག་པ་ལ་རིག་པ་ཞེས་ངོ་སྤྲད་དེ༔ ད་ངོ་བོའི་ངང་དུ་གནས་པ་ཡུན་བསྲིང་བའི་ཆེད་དུ་འགྱུ་བ་ལ་ལྟོས་ལ་ལུས་དྲང་པོར་བསྲང་དྲན་པ་མངོན་དུ་ཞོག་ལ་ལྟོས་ཤིག༔ ཅེས་བརྗོད་དེ་དེ་ལྟར་ཉམས་སུ་བླངས་པའི་ཚེ་ན་འགྱུ་རྟོག་ཐམས་ཅད་བཀག་པ་ཡང་མ་ཡིན༔ རང་ཁར་ཤར་བ་ཡང་མ་ཡིན་པར་དྲན་རིག་གིས་མངོན་དུ་བྱས་པ་ཡིན༔ དེ་ལ་ཐུན་དང་ཐུན་མཚམས་ཐམས་ཅད་དུ་བར་མ་ཆད་པར་བརྩོན་པས་མཐར་རྣམ་རྟོག་ཕྲ་རགས་ཐམས་ཅད་ངོ་བོ་སྟོང་པའི་དབྱིངས་སུ་ཞི་ནས་མི་གཡོ་བའི་ངང་ལ་གནས་ཤིང་བརྟན་པར་འགྱུར་ཏེ༔ བདེ་བ་མེ་དྲོད་ལྟ་བུ་དང་༔ གསལ་སྣང་ནམ་ལངས་པ་ལྟ་བུ་དང་༔ མི་རྟོག་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུ་མྱོང་ཞེན་ཅན་ཡིད་ལ་འབྲལ་མི་ཕོད་པ་ཡིད་ཆེས་ཤིང་མངོན་ཞེན་བསླང་བར་བྱེད་པ་ཞིག་འཆར་སྟེ༔ བདེ་བ་ལ་གོལ་ན་འདོད་ཁམས༔ གསལ་བ་ལ་གོལ་ན་གཟུགས་ཁམས༔ མི་རྟོག་པར་གོལ་ན་སྲིད་པའི་རྩེ་མོར་འཕེན་པས་ལམ་ལ་འཇུག་པའི་སྐྱེས་བུ་རྣམས་ཀྱི་ལམ་རྟགས་སུ་མེད་ཐབས་ཀྱང་མེད་དེ་རྟག་ཏུ་གོལ་མི་རུང་བའི་གནས་སུ་ཤེས་པར་བྱའོ༔ དེ་ལ་ཡང་ལམ་གྱི་ཞི་གནས་རང་ཀ་མ་ཞེས་བྱ་སྟེ༔ དེ་ལ་ཡུན་རིང་པོར་བརྟན་པ་ཐོབ་ན་སེམས་རྒྱུད་ལ་བརྟན་པ་ཐོབ་པའི་གནད་ཡོད་ཀྱང་༔ སྙིགས་མའི་དུས་འདིར་སེམས་ཅན་དམུ་རྒོད་ལ་ཡུན་ཐུང་ཙམ་ལས་བརྟན་ཐོབ་ཅན་འབྱུང་བ་ཤིན་ཏུ་དཀོན་པ་ཡིན་པས་ཤེས་པར་གྱིས་ཤིག༔ འདིའི་དུས་འགའ་ཞིག་ལ་ལྷག་པའི་ལྷ་ཤར་ནས་དེར་སེམས་གནས་པ་དང་༔ འགའ་ཞིག་ལ་ཞིང་ཁམས་ཀྱི་བཀོད་པ་སྣང་ནས་དེར་བརྟན་ཅིང་གནས་པ་དང་༔ འགའ་ཞིག་ལ་བདེ་གསལ་མི་རྟོག་པ་གང་ཡང་རུང་བ་ཁྱད་པར་བ་བྱུང་ནས་དེར་གནས་པ་དང་༔ འགའ་ཞིག་ལ་བླ་མ་དང་འཇའ་དང་འོད་དང་ཐིག་ལེའི་སྣང་བ་ཤར་བས་དེར་གནས་པ་སོགས་གང་ཟག་རང་རང་གི་རྩ་ཁམས་ཀྱི་བྱེད་ལས་ཀྱིས་མཐའ་གཅིག་ཏུ་ངེས་པ་མེད་པའང་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྟོང་ཆེན་མཐའ་ཡས་པས༔ ཀྱཻ་བཅོམ་ལྡན་འདས་ཉམས་སུ་བླངས་པས་ཉམས་རྟོགས་ཇི་ལྟར་སྐྱེ་བའི་ཚུལ་རྣམས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་སྔོན་རྒྱུད་ལུང་མན་ངག་ཐམས་ཅད་དུ་རིག་པ་རྗེན་ལ་ཕྱུངས་ནས་བསྟན་པ་ལས་ཉམས་ཀྱི་རྟགས་འབྱུང་ཚུལ་ཙམ་ལས་མི་སྟོན་པ་ནི་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས་ཉམས་ཀྱི་མྱོང་བའང་བསམ་གྱིས་མི་ཁྱབ་པ་ཡོད་པས་མཐའ་གཅིག་ཏུ་མ་ངེས་པ་ལ་དགོངས་ནས་སྤྱི་མཐུན་དུ་དེ་ཙམ་ལས་མ་གསུངས་པ་ཡིན་པས་ཤེས་པར་གྱིས་ཤིག༔ འདི་ལ་ཉམས་ཀྱི་འཆར་སྒོ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་མ་ངེས་པར་འཆར་བ་ནི་བརྗོད་ཀྱིས་མི་ལངས་ཏེ༔ སློབ་དཔོན་ཉམས་མྱོང་ཆེ་ཞིང་ས་ལམ་གྱི་ལོ་རྒྱུས་ཤེས་པ་མངོན་པར་ཤེས་པ་དང་ལྡན་པ་རྣམས་ཀྱིས་ཤེས་རབ་ཆེན་པོའི་སྟོབས་ཤུགས་ཀྱིས་མཁྱེན་ཅིང་གསལ་བ་ཡིན༔ ཡང་ན་རྣམ་པར་སྨིན་པའི་རིག་འཛིན་དང༔ ཚེ་ལ་དབང་བའི་རིག་འཛིན་ཡན་ཆད་ཀྱིས་ཉམས་ཀྱི་འབྱུང་ཚུལ་ལ་རྒྱུས་མེད་ཀྱང་ཐད་ཀར་མངོན་པར་ཤེས་པས་མཁྱེན་པ་དང་༔ མིན་ཀྱང་ཁྲིད་ཀྱི་སྡེབ་ཁ་བསྒྱུར་ཏེ་དགོངས་པ་གཏད་པས་ཉམས་ལས་གྲོལ་ནུས་ཏེ༔ དཔེར་ན་ཏིང་འཛིན་གྲུབ་པའི་ལྷ་དང་དྲང་སྲོང་བྲམ་ཟེ་ཨ་ཙཱཪྻ་སོགས་ཀྱིས་ཡིག་འབྲུ་འགའ་རེ་ཡིད་ལ་བྱས་ཏེ་ཏིང་འཛིན་བསྒོམ་པས་ལས་གང་གི་ཕྱིར་བསྒོམ་ཀྱང་ཕྱིས་དེའི་ཕྱིར་བཟླས་པས་ལས་དེ་འགྲུབ་པ་དང་༔ ནད་གང་གི་ཕྱིར་དམིགས་ཀྱང་ཕྱིས་སྐྱེ་བོ་ཕོ་མོ་དག་གིས་ནད་དེའི་ཕྱིར་བཟླས་པས་ཕན་ཐོགས་པ་ལྟར༔ རིག་པ་འཛིན་པ་རྣམས་ཀྱིས་ནད་ཐམས་ཅད་ཉམས་སུ་ངོ་སྤྲོད་པའམ༔ དེའི་ཕྱིར་བསྒོམ་བཟླས་ཀྱི་ཐབས་བསྟན་པས་སྔོན་ལས་བཟློག་ཐབས་མེད་པ་རེས་འགའ་ཙམ་མ་གཏོགས་སེལ་བར་འགྱུར་ན་རྣལ་འབྱོར་པའི་ཉམས་ལམ་དུ་སློང་བ་ལྟ་ཅི་སྨོས༔ དེ་དག་གང་ཡང་མ་ཡིན་པར་སློབ་མ་ལ་ཁྲིད་འདེབས་པའི་སློབ་དཔོན་བླུན་པོ་དག་གིས་གང་ཟག་གཅིག་གི་རྒྱུད་ལ་ཉམས་ཐམས་ཅད་འབྱུང་བར་འདོད་ན་རང་གཞན་གཉིས་ཀ་མགོ་འཁོར་ནས་སློབ་མའི་སྲོག་གི་བདུད་དུ་བབས་པ་ཡིན༔ ཅིའི་ཕྱིར་ན་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་༔ ནང་སློང་ལུས་ཀྱི་ན་ཚ་སྣ་ཚོགས་དང་༔ གསང་སློང་སེམས་ཀྱི་བདེ་སྡུག་སོགས་ཉམས་མ་ངེས་པར་འབྱུང་སྲིད་དེ༔ སློབ་དཔོན་བླུན་ཅིང་རྨོངས་པ་རྣམས་ཀྱིས་ཉམས་སློང་བའི་རྒྱུ་སེམས་ཁྲིད་འཆད་ཅིང་༔ ཉམས་བྱུང་ན་ཉམས་ངོ་མི་ཤེས་པར་ཉམས་ནད་དུ་བཟུང་༔ རྒྱབ་བརྟེན་འདྲེ་རུ་གོལ༔ དོགས་པ་འཆི་བ་ལ་བྱ༔ བློ་གཏད་མོ་རྩིས་སྨན་དཔྱད་ལ་བྱེད་དགོས་པ་བྱུང་ཚེ༔ དེ་དག་ཏུའང་འདྲེ་གདོན་གནོད་བྱེད་ཀྱི་ངོ་ཤར་བས༔ ལས་ཀ་རིམ་གྲོ་དང་ཐབས་སྣ་ཚོགས་ལ་བརྩོན་སྲིད་དེ༔ ལས་ཅི་བྱས་ཀྱང་གནོད་པར་འགྲོ་བ་ལས་ཕན་པ་ཏིལ་འབྲུ་ཙམ་མི་འབྱུང་ཞིང་མཐར་འཆི་བ་ལས་འོས་མེད་པས་སྲོག་གཅོད་ཀྱི་དུག་ཁོང་དུ་བླུད་པ་ལྟར་གྱུར་ན་སློབ་མའི་བདུད་དུ་འབབ་པ་དེ་ཉིད་ཡིན༔ འདིའི་དོན་ཞིབ་ཏུ་དཔྱོད་ལ་ཐབས་མཁས་པར་གྱིས་ཤིག༔ ད་ལྷག་མཐོང་ལ་སོགས་པ་མིང་གི་བྱེ་བྲག་དུ་མས་སྒོམ་ངོ་སྤྲོད་ཕྱིར་ལམ་གྱི་རིམ་པ་མང་པོར་བཤད་པ་ཡོད་ཀྱང་༔ འདིར་རང་ལམ་ལ་དྲན་པ་ཕྱུགས་རྫི་ལྟ་བུ་དང་༔ རྣམ་པར་རྟོག་པ་ཕྱུགས་ལྟ་བུར་མངོན་དུ་བཞག་སྟེ༔ ཧྲིག་ཧྲིག་དང་ལྷག་ལྷག་ཏུ་མངོན་ཅིང་རེ་དོགས་དགའ་སྡུག་གི་སྣང་བ་སྣ་ཚོགས་པར་མཆེད་པར་འབྱུང་བ་ལ་འཇུར་བུའི་དྲན་པ་ཞེས་བརྗོད་པ་ཡིན༔ ལར་ཤར་རིག་ལམ་དུ་བྱེད་པ་རྣམས་ལ་རང་རང་གི་ལམ་རྟགས་སུ་རེས་འགའ་འགྱུ་རྟོག་གང་ཤར་ཐམས་ཅད་རི་གཟར་གྱི་རྦབ་རྡོ་ཕོག་པའི་ས་ལ་དོང་དང་བཤིག་རལ་ཆེན་པོ་འབྱུང་བ་བཞིན་དུ་སྒོ་གསུམ་གྱི་སྟེང་དུ་ཕུང་ཁྲོལ་ཆེན་པོ་བྱས་པའི་སྣང་བ་དང་༔ རྣམ་པར་རྟོག་པ་ཤར་ཚད་ཐམས་ཅད་ཀྱིས་སྙིང་ལ་མི་བདེ་བའི་ཟུག་རྔུ་ཆེན་པོ་མཚོན་རྩེ་བཙུག་པ་ལྟ་བུ་གནོད་པར་འཆར་བ་དང་༔ གནས་དགའ་འགྱུ་སྡུག་གི་སྣང་བ་དགའ་ཡ་ལེ་བ་དང་༔ བདེ་ཀྱི་ལེ་བ་དང་༔ སྣང་བ་ཐམས་ཅད་རྡུལ་གྱི་རྣམ་པར་སྣང་བའི་ཁ་དོག་གསལ་ལམ་བྱེད་པར་སྣང་བ་དང་༔ མགོའི་སྐྲ་རྩེ་མན་ཆད་ནས་རྐང་པའི་སེན་རྩེ་ཡན་ཆད་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ན་ཚ་སོ་ཟིན་མེད་པར་འབྱུང་རེས་བྱེད་པ་དང་༔ ཡང་ན་ནི་ནད་ངེས་པ་ཅན་རླུང་མཁྲིས་བད་ཀན་ལ་སོགས་པ་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་གང་རུང་གི་རྣམ་པས་ཟུག་རྔུ་སྣ་ཚོགས་ཀྱིས་གདུང་བས་བཟའ་བཏུང་ཡང་གནོད་པའི་སྣང་བ་དང་༔ མི་སོགས་གཞན་ལ་ཐུག་འཕྲད་དང་༔ ཁྱིམ་བགྲོད་ཁྲོམ་ཚོགས་ལ་སོགས་པས་གནོད་པའི་སྣང་བ་སྣ་ཚོགས་ཀྱིས་ན་ཚ་མ་ངེས་པར་འབྱུང་སྲིད་དེ་སྨན་དཔྱད་མོ་རྩིས་ལ་རེ་དགོས་པའི་དུས་འབྱུང་བ་དང་༔ སེམས་ཀྱི་ཐོག་ཏུ་སྡུག་བསྔལ་བཟོད་གླག་མེད་པ་སྙིང་གས་འགྲོ་བ་ཡིན་ནམ་སྙམ་པ་དང་༔ མཚན་མོ་གཉིད་མི་འབྱུང་བ་དང་༔ གལ་ཏེ་འབྱུང་ཡང་ནད་ཚབ་ཆེན་པོས་བཏབ་པའི་ནད་པ་ལྟར་གཉིད་མི་ཟིན་པ་དང་༔ སད་པའི་དུས་ཡང་རྨངས་པོ་གཅེས་ཕྲུག་དང་བྲལ་བའི་སྙིང་སྡུག་ལྟ་བུས་སེམས་རྒྱུད་གང་སྟེ་སྡུག་བསྔལ་ཉམས་སུ་མྱོང་བ་དང་༔ ད་དུང་བདག་ལ་ཁོ་ཐག་ཆོད་པའི་གོ་རྒྱུའམ་རིག་རྒྱུ་ཞིག་ཡོད་སྙམ་ནས་སྐོམ་པ་ཆུ་ལ་གདུང་བ་ལྟ་བུ་འབྱུང་བ་དང་༔ ཉོན་མོངས་པ་དུག་ལྔའི་རྟོག་པ་ཐམས་ཅད་རེས་མོས་སུ་འབྱུང་ཞིང་༔ བཟོད་གླག་མེད་པར་རྗེས་སུ་འབྲང་དགོས་པའང་ཡོད༔ སྐད་འགག་པ་དང་༔ དབུགས་མི་བདེ་བ་ལ་སོགས་པའི་ཉམས་ཀྱི་མྱོང་བ་སྣ་ཚོགས་མ་ངེས་པ་འབྱུང་བར་སྲིད༔ སེམས་ཀྱི་རྩལ་རྣམ་པར་རྟོག་པ་ཐམས་ཅད་བདེ་སྡུག་གང་སྣང་དེ་རུ་ཉམས་པས་ཉམས་ཞེས་བྱ་སྟེ་བརྗོད་མེད་དུ་གནས་པ་ཡིན༔ བདེ་སྡུག་གང་སྣང་ཐམས་ཅད་བརྗེད་པ་དང་ཡལ་བ་དུས་མཉམ་དུ་འབྱུང་བ་ཡིན༔ ཕྱི་འབྱུང་བའི་སྒྲ་དང་གཟུགས་མཐོང་ཚད་ཀྱི་བཞིན་ལའང་ང་ལ་གོ་རྒྱུའམ་ཤེས་རྒྱུ་ཡོད་སྙམ་པ་དང་༔ བྱ་དང་བྱིའུའི་སྐད་སོགས་མཐོང་ཚོར་ཐམས་ཅད་ང་ལ་རྟགས་དང་རྟེན་འབྲེལ་དུ་གོ་རྒྱུའམ་ཤེས་རྒྱུ་ཞིག་རེད་སྙམ་ནས་བསམ་མནོ་སྣ་ཚོགས་བྱེད་དགོས་པ་དང་༔ ཡང་ཕ་རོལ་གྱི་མི་ཁྱི་བྱ་ལ་སོགས་པའི་སྐད་སྒྲ་ཐམས་ཅད་སྙིང་ལ་ཚེར་མས་བཏབ་པ་ལྟ་བུར་སྣང་བ་དང་༔ གཞན་གྱི་གཏམ་ཚིག་ལབ་པ་ཐམས་ཅད་རང་ལ་གཤེ་ཞིང་གོལ་བར་སྣང་བས་ཁོང་ཁྲོ་བཟོད་མེད་དུ་སྐྱེ་བ་དང་༔ གཞན་དག་གིས་བྲེ་མོ་དང་གད་མོ་བྱེད་པ་ཐོས་པ་དང་མཐོང་ཡང་དེ་ལ་མི་དགའ་ཞིང་རང་ལ་གཤེ་སྐུར་དུ་སྣང་ནས་ཚིག་ངན་སྨྲ་བ་དང་༔ རང་གི་སྡུག་བསྔལ་ཉམས་སུ་མྱོང་བའི་དབང་གིས་གཞན་དག་མཐོང་ཚེ་དེ་རྣམས་ཀྱི་བདེ་སྐྱིད་ལ་ཡིད་སྨོན་བྱེད་དགོས་པ་འབྱུང་བ་དང་༔ དོགས་པ་རྒྱུན་མི་ཆད་པས་རྒྱུད་གང་ནས་མཚོན་དང་གྲོགས་ལའང་སྐྲག་ཅིང་འཇིགས་སྣང་འཆར་བ་སོགས་སྣང་བ་ཐམས་ཅད་རེ་དོགས་སྣ་ཚོགས་ངེས་པ་མེད་པར་འཆར་བ་ཡིན༔ འདི་དུས་དོ་ནུབ་མལ་དུ་ཞུགས་ཚེ་སང་གི་ཉིན་མོ་མི་གཞན་འོང་བར་སྣང་བ་དེའི་བྱད་དང་གཟུགས་དང་ཤེས་རྒྱུད་དང་གཏམ་བརྗོད་དང་འདྲེ་ལ་སོགས་པ་མཐོང་བའི་སྣང་བ་ཤར་ནས་དེར་འཇིགས་སྐྲག་དང་ཁོང་ཁྲོ་ཆགས་སྡང་གི་ཞེན་པ་དབང་མེད་དུ་སྐྱེས་ཏེ་གཉིད་མི་འབྱུང་བ་དང་༔ རེས་འགའ་ནི་བླ་མ་ལ་མོས་གུས་དང་༔ དཀོན་མཆོག་ལ་དད་མོས༔ འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་སེམས་ཅན་ལ་སྙིང་རྗེ་དྲག་པོ་མིག་ནས་མཆི་མ་ཐོར་ཐོར་དུ་འཆོར་བ་ཡང་འབྱུང་༔ རེས་འགའ་ནི་སྡུག་བསྔལ་ཐམས་ཅད་ཡུལ་མེད་དུ་སོང་ནས་ནམ་མཁའ་གཡའ་དག་པ་ལྟ་བུར་ཤེས་རྒྱུད་དྭངས་ཤིང་དགའ་བདེས་གང་བའང་འབྱུང་སྲིད༔ རྩུབ་ཉམས་དྭངས་པའི་སྔ་ཐོག་ཏུ་ལྷའམ་འདྲེ་གང་ཡང་རུང་བས་མགོ་དང་ཡན་ལག་དོན་སྙིང་མངོན་སུམ་དུ་ཁྱེར་བའི་ཤུལ་དུ་རླངས་པ་ཕྱུ་རུ་རུ་ཐོན་པ་དངོས་སམ་ཉམས་སམ་རྨི་ལམ་ལ་སྣང་བའི་རྗེས་སུ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཡུལ་མེད་དུ་སོང་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་སྣང་བ་དགའ་བདེ་ཡལ་ལེ་བ་འབྱུང་༔ འདིའི་ཁོངས་སུ་དྲན་པ་རྣམ་པ་བཞི་དང་བདེ་རྩུབ་ཀྱི་ཉམས་མ་ངེས་པར་འབྱུང་སྲིད་དེ༔ མཐའ་གཅིག་ཏུ་མ་ངེས་པའི་ཚུལ་རྣམས་ཇི་ལྟ་བ་བཞིན་དུ་ལམ་འདི་འཆད་པའི་བཤེས་གཉེན་རྣམས་ཀྱིས་ཤེས་ཤིང་རྟོགས་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ མེ་ཁམས་པ་ལ་བདེ་ཉམས་ཤས་ཆེ་བ་དང་༔ ས་ཁམས་པ་ལ་འཐིབས་ཉམས་ཤས་ཆེ་བ་དང་༔ ཆུ་ཁམས་པ་ལ་གསལ་ཉམས་དང་༔ རླུང་ཁམས་པ་ལ་རྩུབ་ཉམས་དང་༔ ནམ་མཁའི་ཁམས་ལ་སྟོང་ཉམས་ཤས་ཆེ་བ་ཡིན་ནོ༔ ཉམས་ཀྱི་བདེ་རྩུབ་ཐམས་ཅད་དབྱིངས་སུ་ནུབ་པའི་རྗེས་སུ་རྣམ་པར་རྟོག་པ་ལ་བཟོ་བཅོས་མི་དགོས་པར་རང་བབས་སུ་བཞག་པས་གང་ཤར་ཐམས་ཅད་ཕན་མེད་གནོད་མེད་དུ་སོང་ནས་དེར་གནས་ཤིང་༔ བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་བ་དང་ལྷར་སྣང་འདྲེར་སྣང་མངོན་ཤེས་ཕྲ་མོ་འབྱུང་བའང་ཡོད༔ རྩ་ཁམས་ཀྱི་བྱེད་ལས་ཐ་དད་དུ་ཡོད་པས་མངོན་ཤེས་དང་གསལ་སྣང་མི་འབྱུང་བ་ཤས་ཆེ་བ་རླུང་ཁམས་དང་ས་ཁམས་པའི་བྱེད་ལས་སོ༔ མངོན་ཤེས་མཐོང་སྣང་ནི་མེ་ཁམས་པ་དང་ཆུ་ཁམས་པ་ལ་ལྷག་པར་འབྱུང་བར་འགྱུར་རོ༔ ད་ས་མཚམས་ཀྱི་རིམ་པ་མིང་གིས་ཐ་དད་དུ་དབྱེ་ན༔ འགྱུ་དྲན་གཉིས་ཀ་གཅིག་ཏུ་འདྲེས་ཏེ་དྲན་པ་རྩེ་གཅིག་ཏུ་ལྷག་པར་མཐོང་བ་ལ་ལྷག་མཐོང་ཞེས་བྱ་སྟེ༔ འདི་དུས་ཡང་གནས་ཉམས་ཤས་ཆེ་ན་ཞི་ལྷག་ཟུང་འབྲེལ་ཞེས་བརྗོད་དོ༔ ལྷག་པར་ཇི་ལྟར་མཐོང་ཞེ་ན་སྔར་ཤིན་ཏུ་འབད་རྩོལ་གྱིས་བལྟས་ཀྱང་འོག་འགྱུ་དང་བྱིང་རྨུག་གིས་བསྒྲིབས་ནས་མཐོང་དཀའ་བ་ལ༔ འདིར་འབད་རྩོལ་ཆེན་པོ་མ་བྱས་ཀྱང་རྣམ་པར་རྟོག་པ་གང་ཤར་མངོན་དུ་གྱུར་ཏེ་ལྷག་པར་མཐོང་བ་ཡིན༔ འདིའི་ཉམས་སྣང་གི་རྣལ་འབྱོར་པ་འགའ་ཞིག་ལ་གར་བལྟས་གང་ཤར་ཐམས་ཅད་སྐུ་དང་ཐིག་ལེར་ཤིག་ཤིག་ཏུ་སྣང་༔ འགའ་ཞིག་ལ་ཡིག་འབྲུ་མི་འདྲ་བ་སྣ་ཚོགས་དང་༔ འོད་སྣ་ཚོགས་དང་༔ གཟུགས་འདྲ་མིན་སྣ་ཚོགས་པ་མ་ངེས་པར་འཆར་རོ༔ འགའ་ཞིག་ལ་ཞིང་ཁམས་དང་༔ ཡུལ་ངོ་ཤེས་པ་དང་༔ སྲོག་ཆགས་ངོ་མི་ཤེས་པ་སྣ་ཚོགས་ཀྱིས་གླུ་དང་མགུར་མ་གཏམ་བརྗོད་བྱེད་པ་དང་༔ དཔའ་བོ་དང་མཁའ་འགྲོ་མང་པོས་གར་བྱེད་ཅིང་རྣམ་འགྱུར་སྣ་ཚོགས་མ་ངེས་པར་སྟོན་པ་དང་༔ འགའ་ཞིག་ལ་མཐོང་ཚོར་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་བརྡ་དང་རྟེན་འབྲེལ་དུ་སྟོན་པའི་སྣང་བ་མ་ངེས་པར་འཆར་རོ༔ འགའ་ཞིག་ལ་གཟུགས་ཡོད་དང་གཟུགས་མེད་མང་པོ་མངོན་ཤེས་ཀྱིས་མཐོང་བའི་སྣང་བ་འཆར་རོ༔ དེར་རབ་ཏུ་གོམས་པའི་མཐར་བདེ་སྡུག་གི་ཉམས་མ་ངེས་པ་ཞིག་ལ་རྐྱེན་བྱས་ནས་དྲན་པ་དང་རྣམ་པར་རྟོག་པ་གཉིས་ཀ་གཅིག་ཏུ་འདྲེས་ནས་གང་ཤར་ཐམས་ཅད་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་ཕྱིའི་ཡུལ་ལ་དུམ་བུར་འཕྲོས་ནས་རང་ཡལ་དུ་འགྲོ་བར་སྣང་བས་རང་གྲོལ་དང་༔ ཤར་རིག་དུས་མཉམ་དུ་སོང་བས་རིག་པ་ཙམ་ནས་གྲོལ་བར་སྣང་བ་ཤར་གྲོལ་དུས་མཉམ་དང་༔ རང་ཀློང་ལས་ཤར་ཙམ་ནས་རང་ཀློང་དུ་གྲོལ་བ་མཁའ་ལས་གློག་འཁྱུག་པ་མཁའ་ཀློང་དུ་གྲོལ་བ་ལྟ་བུར་ཁ་ནང་ལྟ་རུ་སྣང་བས་ཀློང་གྲོལ་ཞེས་པ་སྟེ༔ འདི་དག་ཐམས་ཅད་དོན་ལ་དྲན་པ་དང་ཤར་བ་གཅིག་ཏུ་འདྲེས་ཏེ་རྩེ་གཅིག་ཏུ་གྱུར་པ་ཡིན༔ དེ་ལྟར་ཉམས་ཀྱི་སྣང་བ་བདེ་སྡུག་ཐམས་ཅད་དབྱིངས་སུ་སངས་པའི་རྗེས་སུ་ཤེས་པ་དྭངས་སང་ངེ་བའི་ངང་དུ་རང་སར་བཞག་པས་དྲན་བསམ་གང་ཤར་ཐམས་ཅད་མྱོང་ཞེན་བཟོ་བཅོས་རྩིས་གདབ་མེད་པར་ཤུགས་འབྱུང་གི་ངང་དུ་ཡན་པས་མངོན་དུ་གྱུར་པ་ལ་འཇུར་དྲན་གྱི་རྣམ་པར་རྟོག་པ་ལྟར་གསལ་གསལ་ཧྲིག་ཧྲིག་གི་འཛིན་རྩོལ་རང་ཞིག་པས་བློ་ཡིད་མི་ཚིམ་པར་ཡིད་ཡུལ་དུ་འབད་རྩོལ་བྱེད་དགོས་པ་དང་༔ མ་ཚང་བ་དང་༔ མ་རྙེད་པ་ཞིག་ཡོད་པར་སྣང་ནས་བློ་ཡིད་བསྒྲིམ་པ་ལ་སོགས་པའི་ཡིད་དཔྱོད་མང་པོ་བར་སྐབས་སུ་བྱེད་དགོས་པ་འབྱུང་སྟེ༔ འདི་འདུ་ཤེས་པ་རང་གི་ངང་ལ་གནས་ཤིང་དྲན་པ་མངོན་དུ་གྱུར་ཏེ་མྱོང་ཞེན་ཆུང་བ་རང་བབ་ལས་བཟོ་བཅོས་མེད་པའི་ངང་དུ་གྱུར་པས་ན་རང་བབས་ཀྱི་དྲན་པ་ཞེས་བྱ་བའི་ཐོག་ཏུ་ཕེབས་པ་ཡིན་ནོ༔ དེའི་ཉམས་སྣང་ཡང་བདེ་ལྷོད་ལྷོད་འབོལ་འབོལ་བ་ཤེས་པ་གསལ་དྭངས་སེ་བ་རྣམ་པར་རྟོག་པས་ཕན་གནོད་མེད་ཅིང་བཟོ་བཅོས་སྤོང་ལེན་མི་དགོས་པར་གནས་ཉམས་ཤས་ཆེ་བ་ཞིག་འབྱུང་བས༔ འདི་དུས་བཤེས་གཉེན་བཟང་པོས་མ་ཟིན་ན་ད་ནི་བདག་གིས་ལྟ་སྒོམ་ཁྱད་པར་ཅན་གཞན་ལས་ཁྱད་པར་དུ་འཕགས་པ་སུ་ལའང་མེད་པ་རྟོགས་དཀའ་བ་ཞིག་རྒྱུད་ལ་སྐྱེས་ཡོད་སྙམ་ནས་བློ་གཏད་དང་ཡིད་ཆེས་ཀྱི་ངང་དུ་དུས་འདས་ནས་གཞན་ལ་བགྲོ་གླེང་མི་བྱེད་ཅིང་རང་མགོ་འཁོར་བ་དང་༔ བཤེས་གཉེན་གཞན་ལ་སྨྲས་ཀྱང་གང་ཟག་སྨྲ་མཁས་པ་དང་༔ བཤེས་གཉེན་ཉན་དཔྱོད་མཁས་པ་མ་གཏོགས་སྐབས་འདི་ལ་བབས་ཚེ་ལམ་གྱི་རིག་པ་དང་ནོར་ས་ཆེ་བས་དེའི་ཐོག་ཏུ་ལུས་ནས་མི་ཚེ་དེར་འདས་ན་སྲིད་པའི་ཁམས་ལས་མི་འདའ་བའི་སྐྱོན་དེས་འཆིང་བ་ཡིན་པས་ཤེས་པར་གྱིས་ཤིག༔ ཁྱད་པར་དུ་གསལ་ཉམས་ཀྱིས་ལྷ་འདྲེན་མཐོང་བ་དང་༔ རྣམ་པར་རྟོག་པ་ལ་འདྲེ་གནོད་གློ་བུར་དུ་ཤར་བ་རེས་འགའ་བདེན་སྲིད་ཅིང་༔ དེ་མངོན་ཤེས་སུ་བཟུང་ནས་ལྷ་འདྲེ་ཡིད་ལ་ཡང་ཡང་བྱས་པའི་མཐར་སྣང་བ་འདྲེ་གདོན་དུ་མཆེད་ནས་རྟོག་པས་ལྷ་འདྲེ་བཟོས་པས་གཞན་ལ་མངོན་ཤེས་བཤད་པའི་མཐར་འདྲེ་བསྒོམ་པ་འགྲུབ་སྟེ་རྒྱུད་འདྲེ་གདོན་གྱིས་བརླམ་ནས་སྡོམ་པ་དང་དམ་ཚིག་ཉམས༔ ཆོས་དང་གང་ཟག་རིང་དུ་འགྲོ་སྟེ་འཇིག་རྟེན་ཚེ་འདིའི་བྱ་བ་ལ་འབྱམས་ཤིང་གཏོ་ཡས་ལ་མགོ་འཁོར༔ ཆོག་ཤེས་སྤུ་ཙམ་མེད་པར་ཟས་ནོར་གྱི་ཕྱིར་འབྲངས་ནས་ཞེན་ཆགས་འདོད་སྲེད་ཀྱིས་རྒྱུད་འཆིང་བཞིན་འཆི་བའི་ནང་པར་གཏུགས་པའི་ཚེ་འདྲེ་གདོན་གདུག་པ་ཅན་དུ་སྐྱེས་ཏེ་མཁའ་རྒྱུའི་ཡི་དྭགས་ཀྱི་ཡུལ་དང་སྡུག་བསྔལ་ཉེ་བར་ལེན་པའི་རྒྱུ་བསགས་པས་ལྟ་སྒོམ་ལོག་པར་སོང་ནས་འཁོར་བ་མཐའ་མེད་དུ་འཁྲུལ་པ་ཡིན༔ དབང་པོ་འབྲིང་དང་ཐ་མ་རྣམས་ལམ་འདིར་ཞུགས་ཚེ་ལམ་རྟགས་སུ་མི་འབྱུང་བའི་ཐབས་མེད་པ་ཡིན་ཀྱང་༔ གང་ལའང་ཞེན་ན་ནི་ཞེན་པས་སླར་འཆིང་སྟེ༔ ཉམས་རྫུན་པོ་ཆེ་ལ་བློ་གཏད་མེད་པར་ཤེས་ནས་མངོན་ཞེན་རེ་དོགས་དགག་སྒྲུབ་གང་ཡང་མི་བྱེད་པར་རང་སར་བཞག་པས་རང་ངོར་རང་གྲོལ་བ་ན་བུན་ནམ་མཁའ་ལ་ཡལ་བ་ལྟ་བུར་འགྲོ་བ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་སེམས་ཀྱི་རྡོ་རྗེ་ཉམས་བཟང་ངན་གྱི་བྱེ་བྲག་ལ་ངེས་པ་མེད་དེ་ཞི་གནས་ཀྱི་དུས་ནས་བརྩམ་ཤེས་རིག་མངོན་དུ་མ་གྱུར་གྱི་བར་དུ་ཉམས་བསྒྲུབ་པའི་ཐབས་ཁོ་ན་ཡིན་ཕྱིར་འདི་མི་འབྱུང་བྱ་བ་གཅིག་ཀྱང་མེད་པས་ཐམས་ཅད་ཉམས་སུ་ཐག་བཅད་པ་གནད་ཀྱི་དམ་པ་དང་གདམས་པའི་ཡང་སྙིང་དུ་ཤེས་ནས་རྟོགས་ཤིག༔ ཟུངས་ཤིག༔ ཅེས་གསུངས་སོ༔ དེ་ནས་སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་བཅོམ་ལྡན་འདས་དེ་ལྟར་ཉམས་བདེ་རྩུབ་ཐམས་ཅད་རྣམ་མཁྱེན་གྱི་ལམ་ལ་མི་ཉེ་ཞིང་ཕན་པ་མེད་ན་ཅིའི་ཕྱིར་བསྒོམ་སྒྲུབ་བྱེད་དགོས་པ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་གང་ཟག་བློ་རྩིང་པོ་རྣམ་པར་རྟོག་པ་རྒོད་ཅིང་ལས་སུ་མི་རུང་བ་རྣམས་ཐོག་མར་ལམ་འདིའི་སྒོར་གཞུག་སྟེ་རྣམ་རྟོག་གི་ངར་བཅག་པས་བློ་ཡིད་ཇེ་བརྟན་དུ་སོང་ནས་བརྗེད་མེད་དུ་བརྟན་པ་ཐོབ་པར་བྱ་བ་ལས༔ གཞན་དུ་ཤེས་རིག་ངོ་སྤྲད་ཀྱང་ཉམས་སུ་མི་ལེན་ཅིང་ལེ་ལོ་དང་༔ རྣམ་གཡེངས་སུ་ཁ་འཆོལ་བའི་སྐྱོན་དང་༔ གལ་སྲིད་ཉམས་སུ་བླངས་ཀྱང་བརྗེད་ངས་ཀྱི་དབང་གིས་འཁྲུལ་པ་རྒྱ་འབྱམས་སུ་འཆོར་བའི་སྐྱོན་ཡོད་པའི་ཕྱིར༔ སེམས་མི་འཕྱེ་བོ་ལྟ་བུ་དང་རླུང་རྟ་རྒོད་ལོང་བ་ལྟ་བུ་ཉིད་ཉམས་དང་འཛིན་པའི་རྟོད་ཕུར་གྱིས་བཅིངས་ནས་འདུལ་བར་བཀོལ་བའི་ཆེད་དང་༔ དབང་པོ་རྟུལ་པོས་སེམས་གཏན་ལ་ཕབ་ནས་དྲན་ཤེས་བཞིན་གྱི་ཆིངས་ཀྱིས་བཅིངས་པས་ཉམས་དང་གོམས་འདྲིས་ཀྱི་དབང་གིས་རྣམ་པར་རྟོག་པ་ཕྲ་རགས་ཐམས་ཅད་ཟད་པའི་སྣང་བ་ཤར་མཐར་ཤེས་པ་བཟོ་མེད་བསྒོམ་རྒྱུ་བྲལ་བའི་ངང་མངོན་དུ་གྱུར་ནས་རིག་པ་སྒོམ་མེད་ཆེན་པོའི་ཐོག་ཏུ་སླེབ་ཚེ་བླ་མས་དེ་ངོ་སྤྲད་པས་ནོར་སར་མི་འཆོར་བའི་ཆེད་དུ༔ དང་པོ་དཀའ་ཚེགས་ཆེན་པོས་ལམ་བཙལ་བ་རྣམ་རྟོག་འགྱུ་བ་ལ་ལམ་བྱེད་པ་དང་༔ མཐར་ཐུག་ཤེས་པ་རང་ཐོག་ཏུ་ཕེབས་ཚེ་ལམ་དུ་ངོ་སྤྲད་པ་ཡིན༔ ལམ་གྱི་རིག་པའམ་ཤེས་པ་བཟོ་མེད་མངོན་གྱུར་རང་ཐོག་ཏུ་ཕེབས་པའི་སྔོན་དུ་ཉོན་ཡིད་སློང་བས་ཉམས་སྔོན་དུ་བཤད་ཟིན་པའི་རྩུབ་ཉམས་དང་འདྲ་མཚུངས་པ་ཞིག་རིམ་བཞིན་བགྲོད་དགོས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་སྟོང་ཆེན་མཐའ་ཡས་ན་རེ༔ ཀྱཻ་བཅོམ་ལྡན་འདས་རྣམ་པར་རྟོག་པ་དག་བྱ་ཡིན་ནམ་མིན༔ གལ་ཏེ་དག་བྱ་ཡིན་ན་སེམས་དག་ནས་ཤེས་པ་སླར་སྐྱེ་དགོས་པ་ཡིན་ནམ༔ བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པ་ལ༔ སྟོན་པས་བཀའ་སྩལ་པ༔ ཀྱཻ་སེམས་ཀྱི་རྡོ་རྗེ་དྲན་པ་དང་འཛིན་པའི་འཆིང་བ་ཉམས་སྟོབས་ཀྱིས་རིམ་པ་བཞིན་དུ་ཞིག་ནས་མཐར་སེམས་ཅན་རང་ཀ་མ་ལྟ་བུར་སེམས་རང་ཀར་ཡན་པས་རྣམ་པར་རྟོག་པ་བག་ཉལ་དུ་སོང་ནས༔ འགྱུ་རྟོག་དབྱིངས་སུ་ནུབ་སྟེ་ཀུན་གཞི་སྟོང་ཧད་དེ་བ་བདག་གཞན་ཡུལ་གསུམ་མི་སྣང་བའི་ངང་ཐོག་ཏུ་ཕེབ་པ་དང་༔ སྟོང་གསལ་མྱོང་ཞེན་ཅན་ཁ་ནང་བལྟ་བདག་གཞན་ཡུལ་གསུམ་གྱི་སྣང་བ་མི་མངོན་པ་ཞིག་འཆར་བ་ནི་ཀུན་གཞིའི་རྣམ་ཤེས་ཡིན་ཏེ༔ ཐོག་ཕེབ་ཀྱི་ཀུན་གཞི་ལ་སློབ་དཔོན་འགའ་ཞིག་གིས་རོ་གཅིག་དང་སྤྲོས་བྲལ་དུ་འཆད་པ་དང་༔ ལ་ལས་ལུང་མ་བསྟན་དུ་འཆད་པའང་ཡོད་དེ༔ གང་ལྟར་སྨྲ་ཡང་དོན་ལ་ངོ་བོའི་སྟེང་དུ་ཕེབས་པ་ཡིན༔ སླར་ཡང་གང་ཟག་བརྩོན་འགྲུས་དང་ལྡན་པས་འདི་ལམ་ཡང་དག་པ་མ་ཡིན་པར་ཐག་བཅད་དེ་བསྒོམ་པས་དེ་ལྟར་མྱོང་ཞེན་ཅན་གྱི་སྟོང་དང་སྟོང་གསལ་ཐམས་ཅད་གཉིད་ལས་སད་པ་བཞིན་དུ་དབྱིངས་སུ་དྭངས་ནས་ཕྱི་ཡི་སྣང་བ་གོ་མ་འགགས་ཤིང་ནང་གི་དྲན་འཛིན་གྱི་སྤུན་ཐག་ཆད་ནས༔ སྒོམ་པ་བཟང་པོའི་ཆིངས་ཀྱིས་མ་བཅིང་༔ མ་རིག་པ་ངན་པས་རང་ཀར་མ་སོང་༔ ལྟ་སྒོམ་སྤྱོད་པའི་ཐ་སྙད་ལས་འདས་པའི་ཡེ་གནས་ཀྱི་ཤེས་པ་དྭངས་ས་ལེ་བ༔ ཤེས་དང་ཤེས་བྱ་འདི་ཞེས་བདག་དང་ཡུལ་དུ་མ་གྲུབ་པ༔ ཡེ་གནས་རང་བྱུང་ཡིད་ལ་མྱོང་བ་ཡོད་པའི་ངང་དུ་ཞེན་པ་བྲལ་བ༔ བསམ་མནོ་དང་གཏད་སོ་མེད་པ་ཡང་ཁྲོལ་ལེ་བ་ཞིག་གི་ཐོག་ཏུ་ཕེབས་ཚེ་རྩལ་གོ་མ་འགག་པས་སྣང་བ་ཐམས་ཅད་མངོན་དུ་གྱུར་པ༔ རྣམ་པར་རྟོག་པ་ཡུལ་ལ་འདྲེས་ཤིང་ཡུལ་དང་གཉིས་མེད་དུ་ཡལ་བ༔ དུམ་བུར་འཕྲོ་བ༔ དམིགས་པ་དང་བཅས་པ་ནི་གཅིག་ཀྱང་མེད་པས་དེ་སེམས་ཅན་གྱི་རྣམ་པར་རྟོག་པ་ཡང་མ་ཡིན་པར༔ ཡིད་ཤེས་རབ་ཏུ་གོ་འཕོས༔ རྩལ་ཡེ་ཤེས་སུ་གོ་འཕོས་ནས་དེར་བརྟན་པ་ཐོབ་པ་ཡིན་ཏེ༔ དཔེར་ན་རྙོགས་མ་དྭངས་པའི་ཆུ་ལྟ་བུ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་གསལ་ཁྱབ་ཀྱི་དབང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ འདིར་གསལ་རིག་བསམ་བརྗོད་དང་བྲལ་བ་ཁོ་ན་བསྒོམ་པས་ཡེ་ནས་རང་བྱུང་རྣམ་པར་གྲོལ་བའི་ས་འཐོབ་བམ་མི་འཐོབ༔ འཐོབ་ན་ཇི་ལྟར་འཐོབ༔ མི་འཐོབ་ན་འདི་སྒོམ་པའི་དགོས་ཆེད་གང་ལགས༔ ཡོན་ཏན་ཇི་ལྟ་བུ་འབྱུང་བར་གྱུར༔ གདུལ་བྱ་རྣམས་ཀྱི་དོན་དུ་བསྟན་དུ་གསོལ༔ ཅེས་ཞུས་པས༔ སྟོན་པས་བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་ཁྱོད་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་༔ ངས་ཁྱོད་ལ་ཡང་དག་པར་བཤད་དོ༔ ལམ་ཟབ་མོ་ཤེས་རིག་སྤྲོས་པ་དང་བྲལ་བ་འདི་ཉིད་ཀྱི་ངང་དུ་བརྟན་པ་ཐོབ་པར་ཉམས་སུ་བླངས་ཀྱང་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་མ་རྟོགས་ན་ཚེ་འཕོས་མ་ཐག་ཏུ་གཟུགས་ཀྱི་ཁམས་དང་མུ་བཞིའི་ཁམས་སུ་འཕེན་པའི་སྟོབས་ཡོད་པ་ལས་འདི་རང་གིས་རྣམ་མཁྱེན་གྱི་སངས་རྒྱས་ཐོབ་མི་སྲིད་དོ༔ ལམ་འདི་དང་པོ་ངོ་འཕྲོད་ནས་ནན་ཆེར་བསྒོམ་པའི་སྟོབས་ཀྱིས་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་ངོ་འཕྲོད་པར་གྱུར་ན་ལམ་ཤེས་རབ་དང་ཡེ་ཤེས་ཀྱི་རྩལ་ཡིན་པས༔ ཡོན་ཏན་ཡང་འདི་ལྟ་སྟེ༔ བུམ་ནང་གི་ནམ་མཁའ་ལས་གཞན་པའི་ནམ་མཁའ་ལོགས་ན་མེད་པ་དང་༔ ཆུ་ཕོར་གང་གི་ཆུ་ལས་ལྷག་པའི་ཆུ་གཞན་ན་མེད་པ་ལྟར་ཤེས་རིག་མངོན་གྱུར་གྱི་ལམ་འདི་ལས་གཞན་པའི་ལམ་གཞན་ན་མེད་དོ༔ མར་མ་དག་པ་འཁོར་བར་འཁྱམས་ཡང་ཤེས་པ་རྒྱུན་ཆགས་ཀྱིས་བཟོས་པ་དང་༔ ཡར་བསོད་ནམས་ཀྱི་ལས་དཀར་པོ་དགེ་བ་ལྷ་བསྐྱེད་བསྒོམ་བཟླས་སོགས་བསྒྲུབ་ཀྱང་ཤེས་པ་རྒྱུན་ཆགས་ཀྱིས་བསྒྲུབ་པ་དང་༔ རྩ་ཐིག་རླུང་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སྦྱོང་བ་ཡང་ཤེས་པ་རྒྱུན་ཆགས་ཀྱིས་གྲོལ་བར་བྱེད་པ་ཡིན༔ གཞི་ཀ་དག་རང་བྱུང་གི་ཡེ་ཤེས་དྭངས་གསལ་གཉིས་སུ་མེད་པའང་འདི་ཉིད་མངོན་དུ་གྱུར་པ་སྟེ༔ ལར་ཐེག་པ་གང་དུ་འཇུག་ཀྱང་ཡེ་གནས་ཀྱི་ཡེ་ཤེས་རྒྱུན་ཆགས་པ་ཞིག་ལས་འཇུག་པའི་སྒོ་མ་མཆིས་པ་ཡིན༔ ཐ་མལ་འཁྲུལ་པའི་སེམས་ཅན་གྱིས་ངག་འདོན་གྲངས་མང་པོ་བརྗོད་ནས་དགེ་བར་དམིགས་པའང་གཞིའི་ཤེས་པ་རྒྱུན་ཆགས་པའི་ཆེད་དུ་བསྟན་པ་དེའི་ཕྱིར་ཤེས་པ་རྒྱུན་ཆགས་པས་ལས་ཐམས་ཅད་བསགས་པ་ཡིན་པས་ཤེས་པ་མངོན་གྱུར་འདི་ཀ་ཟག་བཅས་ཀྱི་དགེ་བ་གང་གིས་ཀྱང་འགྲན་ཟླ་དང་བྲལ་བ་ཡིན༔ ཡང་ཤེས་པ་རྒྱུན་ཆགས་པའི་ཐབས་ཙམ་བསྒྲུབ་པ་དང་༔ ཤེས་པ་མངོན་དུ་བྱེད་པ་གཉིས་ལ་ཁྱད་པར་གནམ་ས་ཙམ་ཡོད་པས༔ མངོན་གྱུར་འདིའི་ཁྱད་པར་འཕགས་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ཡིན༔ ཀྱཻ་རིགས་ཀྱི་བུ་ཡེ་གནས་ཀྱི་ཡེ་ཤེས་ནི་སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་སྣང་སེམས་ཐམས་ཅད་ལ་དམིགས་པ་མེད་ཅིང་མངོན་དུ་བྱེད་པ་འདི་ཀ་སྟེ་ཤེས་རབ་ཀྱི་ཕྱི་གདངས་ཡིན༔ དེ་མངོན་གྱུར་གྱི་རང་བཞིན་ནི་ཤེས་རབ་ཀྱི་ནང་མདངས་ཡིན་ཏེ་ཁྱད་ཤིན་ཏུ་ཆེ་བ་མཁའ་ལ་ནམ་ལངས་པ་ལྟ་བུའོ༔ བརྩོན་འགྲུས་ཅན་དབང་རབ་ཏུ་གྱུར་པ་རྣམས་ཀྱིས་བར་མཚམས་མེད་པར་རྩེ་གཅིག་ཏུ་སྙིང་པོ་མི་འགྱུར་བའི་སྒྲུབ་པ་ལ་བརྩོན་ན་མཐར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྩལ་དུ་འབར་བས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་ཡོན་ཏན་ཕྱིན་ཅི་མ་ལོག་པ་མངོན་དུ་གྱུར་ཏེ་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོར་སངས་རྒྱས་པར་འགྱུར་བ་ཡིན༔ དེ་ལྟར་མ་ཡིན་པའི་གང་ཟག་རྣམས་ཀྱིས་ཀྱང་མ་བཅོས་རང་བྱུང་གི་ཤེས་པ་མ་བསྒོམ་མངོན་དུ་གྱུར་པའི་གནད་འདི་ངོ་འཕྲོད་ཅིང་འདི་ལ་ཅུང་ཟད་བརྟན་པ་ཐོབ་ན་དེ་ཉིད་ལས་གཞན་པའི་ལུས་ངག་གི་དགེ་བ་ནི་སྟོང་གསུམ་གྱི་བསགས་པ་ཐམས་ཅད་གཅིག་ཏུ་བསྡུས་ཀྱང་༔ དེའི་བསོད་ནམས་ཀྱི་ཚད་བརྒྱ་སྟོང་ཁྲི་འབུམ་གྱི་ཆར་ཡང་ཉེ་བ་མ་ཡིན་ཏེ༔ སྲིད་པའི་རྩེ་མོར་ཡུན་རིང་དུ་བརྟན་པ་ཐོབ་པར་ངེས་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ དེ་ལྟར་སེམས་དང་ཤེས་པ་ལ་ལམ་བྱས་ཏེ་ཇི་ཙམ་བསྒོམ་ཀྱང་འབྲས་བུ་གྲོལ་བའི་ས་ལ་མ་འཕང་༔ སངས་རྒྱས་པའང་མ་ཡིན་ན༔ དེ་ལྟ་བུའི་ལམ་རིང་བ་དང་ལམ་བགྲོད་དཀའ་ཞིང་བདེ་སྡུག་སྣ་ཚོགས་མྱོང་བ་ལས་འབྲས་བུ་མ་གྲུབ་པ་འདི་ལ་མི་ལྟོས་པར༔ ཀ་དག་རྫོགས་པ་ཆེན་པོ་མཐའ་གྲོལ་རིག་པའི་རྒྱལ་པོ་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་པའི་ཐབས་དང་༔ ལམ་གྱི་རིམ་པ་ལ་དཀའ་ཚེགས་མེད་ཅིང་ནོར་འཁྲུལ་དུ་མི་འཆོར་བའི་གདམས་པ་ཟབ་མོ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་ཟབ་མོ་སྟོང་པ་ཉིད་ཡིན་ཏེ༔ ཟབ་མོ་སྟོང་པ་ཉིད་ཀྱི་དོན་གཏན་ལ་དབབ་པའི་ཚུལ་ངས་བཤད་ཀྱི་ལེགས་པར་ཉོན་ཅིག༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་པའི་གཞི་ནི་བདག་ཉིད་གཅིག་པུའི་མ་རིག་པ་ཡིན་ཏེ༔ འདིའི་བྱུང་གནས་འགྲོ་གསུམ་གྱི་གཞི་རྩ་ལ་ལྟོས་ཤིག༔ ང་ཞེས་བྱ་བ་འདི་དང་པོ་བྱུང་བའི་གཞི་དང་རྩ་བ་ལ་བརྟག་པས༔ གཞི་ཁྱབ་གདལ་ནམ་མཁའི་ཁོར་ཡུག་ལ་བདག་ཏུ་འཛིན་པའི་ཤེས་པ་རྒྱུན་ཆགས་ཏེ་སྣང་སེམས་ཐམས་ཅད་མེད་བཞིན་དུ་སྣང་ཙམ་ལས་མ་གྲུབ་པ་ཡིན་པས་བྱུང་བའི་ཁུངས་སྟོང་༔ བར་དུ་གནས་པའི་ས་ལ་བརྟག་པས་མགོ་བོ་ལ་མགོ་བོ་ལས་ང་ཞེས་པའི་མིང་མི་གནས་པ་བཞིན་དུ༔ སྐྲ་ནི་སྐྲ་ལས་ང་མ་ཡིན༔ མིག་ནི་མིག་ལས་ང་མ་ཡིན༔ རྣ་བ་ནི་རྣ་བ་ལས་ང་མ་ཡིན༔ སྣ་ནི་སྣ་ལས་ང་མ་ཡིན༔ ལྕེ་ནི་ལྕེ་ལས་ང་མ་ཡིན༔ སོ་ནི་སོ་ལས་ང་མ་ཡིན༔ སོག་པ་ནི་སོག་པ་ལས་ང་མ་ཡིན༔ དེ་བཞིན་དུ་དཔུང་པ་ནི་ང་མ་ཡིན༔ ལག་ངར་ནི་ང་མ་ཡིན༔ ལག་མཐིལ་ལག་རྒྱབ་སོར་མོ་རྣམས་ནི་ང་མ་ཡིན༔ རྒལ་ཚིག་ནི་ང་མ་ཡིན༔ རྩིབ་མ་རྣམས་ནི་ང་མ་ཡིན༔ གློ་བ་དང་སྙིང་ནི་ང་མ་ཡིན༔ མཆིན་པ་དང་མཆིན་ཁྲི་ནི་ང་མ་ཡིན༔ རྒྱུ་མ་དང་མཚེར་པ་མཁལ་མ་རྣམས་ནི་ང་མ་ཡིན༔ བརླ་དང་དཔྱི་དང་རྗེ་ངར་བོལ་བ་སོར་ཚིག་ཐམས་ཅད་ཀྱང་རང་རང་གི་མིང་ལས་ང་མ་ཡིན༔ པགས་པ་དང་ཚིལ་དང་ཤ་ཁྲག་ཆུ་སེར་རྩ་རྒྱུས་བ་སྤུ་ཐམས་ཅད་ལའང་རང་རང་གི་མིང་ལས་ང་མ་གྲུབ༔ ང་ཞེས་བྱ་བ་ལུས་ཀྱི་སྨད་དུ་གནས་ན་མགོ་སོགས་སྟོད་ཀྱི་ཡན་ལག་བཅད་ཀྱང་ན་ཚ་ཟུག་རྔུ་མི་འབྱུང་བས་དེར་མི་གནས༔ སྟོད་དུ་གནས་ན་རྐང་པ་སོགས་རོ་སྨད་ལ་གནོད་པ་བྱུང་ཡང་ན་ཚ་མི་འབྱུང་༔ ནང་ན་གནས་ན་ཕྱིའི་བ་སྤུ་དང་པགས་པ་བྲེག་པས་ཚ་བའི་ཟུག་རྔུ་འབྱུང་དོན་མེད་པར་དེར་ཡང་མི་གནས༔ ལུས་ལ་གནས་སྙམ་ན་གོས་རྒྱན་ཟས་ནོར་ལོངས་སྤྱོད་ཐམས་ཅད་གཞན་གྱིས་ཁྱེར་བ་དང་སྤྱོད་པར་སྣང་ན་མི་བདེ་བའི་ཟུག་རྔུ་དང་ཆགས་སྡང་བཟོད་མེད་དུ་འབྱུང་བས་དེར་ཡང་མི་གནས༔ ཕྱིའི་ཡུལ་ལ་གནས་སམ་སྙམ་ན་སྣོད་བཅུད་ཐམས་ཅད་ང་ཡི་བར་འཛིན་ཅིང་དོན་ལའང་རང་རང་གི་མིང་ཐ་དད་པ་ལས་ང་མ་གྲུབ༔ ང་ལས་གཞན་པའི་སྣོད་བཅུད་སྣང་བ་ཐམས་ཅད་སོ་སོར་གྲུབ་པར་སྣང་ནའང་རྨི་སྣང་དང་འདི་སྣང་དང་ཕྱི་མའི་སྣང་བ་ཀུན་ཏུ་བདག་དང་སྣང་བ་ཐམས་ཅད་ལུས་དང་གྲིབ་མ་ཆུ་དང་རླན་མེ་དང་ཚ་བ་བཞིན་དུ་སྣང་བས༔ སྣོད་བཅུད་ཐམས་ཅད་ང་ཡིས་དབང་བྱས་ཀྱང་ང་ནི་ཅི་ལའང་མི་གནས་པའོ༔ ཐ་མ་འགྲོ་བའི་ཡུལ་ལ་བརྟག་ཅིང་དཔྱད་ན༔ སྣང་སྲིད་ཐམས་ཅད་ང་ཞེས་བྱ་བའི་འཕྲུལ་མོ་ཆེའི་གཞི་དང་ངོ་བོར་གྱུར་པས་ན་འགྲོ་བའི་ཡུལ་རང་སྟོང་པ་དང་༔ ཁམས་གསུམ་ཐམས་ཅད་ངར་འཛིན་གྱི་ཆོ་འཕྲུལ་ལས་ཤར་བས་ན་དེ་ལས་གཞན་པའི་འགྲོ་ཡུལ་ཟད་པ་ཡིན༔ འགྲོ་བའི་བདག་པོ་ཡང་མ་བྱུང་ཞིང་མི་གནས་པས་ཡུལ་མེད་དུ་རང་ཐལ་བའོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ དེ་ལྟར་བྱུང་གནས་འགྲོ་གསུམ་མེད་ཅིང་མ་གྲུབ་པར་ངེས་ན་སྣང་བ་ནས་སྣང་བ་བརྒྱུད་པ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངར་འཛིན་གྱི་ཤེས་པ་མངོན་དུ་གྱུར་ནས་རང་ཀློང་ལས་ང་དང་ང་ཡི་བ་མཆེད་ཅིང་༔ སླར་ཡང་རང་ཀློང་དུ་ཡལ་ནས་གཞི་སྟོང་ཉིད་ལུང་མ་བསྟན་དུ་འབྱམས་ཀླས་པ་རེས་མོས་སུ་མཆེད་སྡུད་བྱས་པས་རྨི་སྣང་དང་ཉིན་སྣང་ཁམས་གསུམ་གྱི་སྣང་བ་ཐམས་ཅད་མེད་བཞིན་སྣང་ཙམ་དུ་ཤར་བ་ཡིན་པས་འགྲོ་ས་དང་འགྲོ་མཁན་གྱི་ཡུལ་དང་བདག་པོ་མ་གྲུབ་པར་ཤེས་པར་གྱིས་ཤིག༔ ཅེས་གསུངས་པ་ལ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ངར་འཛིན་དབྱིངས་སུ་ནུབ་པའི་ཚེ་རྒྱུན་ཆད་པ་མིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངར་འཛིན་གྱི་སྣང་སེམས་དབྱིངས་སུ་ནུབ་པའི་ཚེ་ནའང་གཞི་རང་གི་ཡོན་ཏན་མངོན་དུ་མ་གྱུར་པའི་ལུང་མ་བསྟན་དེ་བདག་འཛིན་གྱི་རྒྱུ་ཡིན་པས་རྒྱུ་མ་རིག་པ་ང་བདག་གི་འཛིན་པ་རྒྱུན་མ་ཆད་པ་དེ་ཀ་གང་ཟག་གི་བདག་འཛིན་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་ཕྱི་ཡུལ་གྱི་སྟོང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ང་ལས་གཟུང་བ་ཆོས་ཀྱི་བདག་འཛིན་མཆེད་པ་འདི་དག་གི་མིང་དང་དངོས་པོ་མཚན་མ་ཐམས་ཅད་མ་གྲུབ་པའི་ཚུལ་བརྟག་པ་ལས༔ དང་པོ་མིང་གི་གདགས་གཞི་བརྟག་པས་ལུས་ཀྱི་མིང་རྣམས་སྟོང་པར་གཏན་ལ་དབབ་པ་ནི༔ མགོ་བོ་ཞེས་བྱ་བ་དེ་གང་ལ་གདགས་བརྟག་པས༔ སྐྲ་ནི་སྐྲ་ལས་མགོ་མ་ཡིན༔ མིག་ནི་མིག་ལས་མགོ་མ་ཡིན༔ རྣ་བ་ནི་རྣ་བ་ལས་མགོ་མ་ཡིན༔ སྣ་ནི་སྣ་ལས་མགོ་མ་ཡིན༔ ལྕེ་ནི་ལྕེ་ལས་མགོ་མ་ཡིན༔ དེ་བཞིན་དུ་པགས་པ་དང་༔ ཤ་དང་༔ རུས་པ་དང་༔ ཁྲག་དང་༔ ཆུ་སེར་རྩ་རྒྱུས་སོགས་ཐམས་ཅད་ལ་རང་རང་གི་མིང་སོ་སོར་སྣང་བ་ལས་མགོ་བོ་ཞེས་མ་གྲུབ་པའོ༔ ཞེས་གསུངས་པ་ལ༔ གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་སོ་སོར་དབྱེ་ན་མ་གྲུབ་ཀྱང་༔ ལྷན་ཅིག་ཏུ་འཚོགས་པ་ལ་མགོ་ཞེས་བྱ་བ་མ་ཡིན་ནམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ རིགས་ཀྱི་བུ་སྤྱིར་རྒྱུ་དེ་དག་ལྷན་ཅིག་འཚོགས་པ་ལ་མགོ་མི་བཏགས་པ་མང་པོ་འདུག་པ་ལ་ལྟོས་ཤིག༔ གཞན་གྱི་མགོ་ཞིག་རྡུལ་ཕྲན་ཏུ་བཏང་སྟེ་རྡུལ་ཚོགས་པར་བྱས་ནས་གཞན་སུ་ལ་བསྟན་ཀྱང་མགོ་ཞེས་མི་སྨྲ་བ་དང་༔ ཡང་ཆུས་སྦྲུས་ཏེ་རིལ་པོར་བྱས་ཀྱང་མགོའི་མིང་མི་འདོགས་པ་དང་༔ རྨི་ལམ་གྱི་དུས་སུ་སྣང་བའི་མགོ་བོ་དང་༔ ཉིན་སྣང་གི་དུས་ཀྱི་མགོ་བོ་དང་༔ འདས་པའི་དུས་སུ་སྣང་བའི་མགོ་བོ་དང་༔ མ་འོངས་པའི་དུས་སུ་སྣང་བར་འགྱུར་བའི་མགོ་བོ་རྣམས་གཅིག་ཏུ་འདུག་པ་ལ༔ རྨ་དང་སྐྲང་པ་དང་ལྦ་བ་དང་རྨེན་བུ་དང་སྨེ་ཤ་རྣམས་གང་ཡོད་ཀྱང་དུས་རྣམ་ཀུན་ཏུ་སྣང་དགོས་པ་ལས་དེ་འདྲ་མི་སྣང་ཞིང་༔ མགོ་བོ་སོ་སོ་ཐ་དད་པ་ཡིན་ན༔ མགོ་བོ་སྔ་མ་ཐམས་ཅད་བོར་བའམ༔ ཡང་ན་ནི་ཡེ་ནས་མ་གྲུབ་པའི་མཚང་སྟོན་ཏོ༔ སྟེང་གི་ཕྱོགས་སུ་གྱེན་དུ་བལྟ་བའི་ཕྱིར་མགོ་བརྗོད་པ་ཡིན་ཞེ་ན༔ ནམ་མཁའི་སྟེང་འོག་ལ་དཔྱད་དགོས་པས་ནམ་མཁའ་ལ་མགོ་མཇུག་སྟེང་འོག་ཇི་ལྟར་གྲུབ་བརྟག་པས་དེར་གང་ཡང་མ་གྲུབ་པའོ༔ དེ་བཞིན་དུ་མིག་ཅེས་བྱ་བ་གང་ལ་གདགས་ཞེ་ན༔ ཆུ་བུར་ཐམས་ཅད་ལ་མིག་གི་མིང་མི་གྲགས༔ པགས་པ་དང་༔ ཁྲག་དང་༔ ཚིལ་དང་༔ རྩ་རྒྱུས་རྣམས་ལ་མིག་གི་མིང་མ་གྲུབ་སྟེ༔ གོང་བཞིན་ལྷན་དུ་ཚོགས་པ་ལའང་མིག་མ་གྲུབ༔ གཟུགས་མཐོང་བའི་ཆུ་བུར་ལ་མིག་སྨྲའོ་སྙམ་ན༔ འདས་མ་འོངས་ད་ལྟ་རྨི་སྣང་ཉིན་སྣང་ཐམས་ཅད་དུ་གཟུགས་མཐོང་མཁན་དེ་ཉིད་ད་ལྟའི་ཆུ་བུར་འདི་ཡིན་ནམ་ལྟོས་ཤིག་དང་༔ ཡེ་གནས་ཀྱི་ཤེས་པས་རང་སྣང་མངོན་དུ་བྱེད་པ་ཉིད་ལས་ད་ལྟའི་ཆུ་བུར་འདི་མ་ཡིན་ཏེ༔ མིག་རྡོག་དུང་ཕྱུར་ལག་ཏུ་ཐོགས་ནས་ཕྱོགས་སུ་བལྟས་ཀྱང་གཟུགས་མི་མཐོང་༔ དེ་བཞིན་དུ་རྣ་བ་ཡང་ཤ་ལྤགས་རྩ་རྒྱུས་ཁྲག་དང་ཆུ་སེར་སྦུ་གུ་དང་བཅས་པ་ལ་རང་རང་གི་མིང་ལས་རྣ་བའི་མིང་མ་གྲུབ་ན་རྣ་བ་གང་ལ་གདགས༔ སྒྲ་ཐོས་པས་རྣ་བར་གདགས་ཞེ་ན་འདི་སྣང་དང་ཕྱི་སྣང་རྨི་སྣང་ཉིན་སྣང་ཀུན་ཏུ་སྒྲ་ཐོས་མཁན་རྣམས་འདི་ཡིན་ནམ་བརྟག་པས་ཐོས་མཁན་སེམས་ཀྱི་ཤེས་པས་གོ་བ་ལས་ད་ལྟའི་རྣ་བའི་གཟུགས་འདི་མ་ཡིན་པའི་ཚུལ་རྣ་བ་གྲངས་མེད་པ་ལག་ཏུ་ཐོགས་ནས་ཉན་ཀྱང་སྒྲ་མི་ཐོས་ན་རྣ་བ་ཡེ་ནས་མ་གྲུབ༔ སྣ་ཡང་དེ་བཞིན་དུ་མིང་དང་དངོས་མཚན་ལ་བརྟག་ཅིང་དཔྱད་པས་ཤ་དང་རུས་པ་ཁྲག་དང་ཆུ་སེར་རྩ་རྒྱུས་སྦུ་གུ་ཐམས་ཅད་ལ་རང་རང་གི་མིང་ཐ་དད་པ་ལས་སྣ་མ་གྲུབ་པ་དང་༔ ལྷན་ཅིག་ཚོགས་པ་ལའང་མ་གྲུབ་སྟེ༔ དྲི་ཚོར་བ་པོར་སྣ་ཞེས་བརྗོད་དེ་བུག་སྒོ་འདི་ནས་དྲི་ཚོར་བ་ཡིན་སྙམ་ན༔ རྨི་ལམ་དང་སྐྱེ་ལུས་གཞན་ལ་བུག་སྒོ་འདི་མི་དགོས་ཏེ་བར་དོའི་རྣམ་པར་ཤེས་པས་ཀྱང་དྲི་ཚོར་བས་སེམས་ཀྱི་ཤེས་པ་ལ་སྣ་མེད་པས་སྣ་ཡུལ་མེད་དུ་ཐག་ཆོད་པར་འགྱུར༔ ལྕེ་ཡང་དེ་བཞིན་དུ་ཤ་ཁྲག་པགས་པ་རྩ་རྒྱུས་སོ་སོར་ཕྱེས་ཀྱང་ལྕེ་མ་གྲུབ་པ་དང་༔ དེ་དག་ལྷན་ཅིག་ཏུ་ཚོགས་པ་ལའང་ལྕེའི་མིང་མ་གྲུབ་སྟེ༔ རོ་མྱོང་མཁན་འདི་ཉིད་ལྕེ་ཡིན་པར་འདོད་ན་རྨི་ལམ་དང་བར་དོ་སྐྱེ་ལུས་གཞན་གྱི་དུས་སུ་རོ་མྱོང་མཁན་འདི་ཀ་ཡིན་མིན་ལ་བརྟག་པས་ཤེས་པར་འགྱུར༔ ལུས་ཞེས་བྱ་བའང་པགས་པ་དང་ཚིལ་དང་ཤ་དང་ཁྲག་དང་རྐང་དང་རུས་པ་རྩ་རྒྱུས་ཐམས་ཅད་ལ་སོ་སོར་བརྟག་པས་ལུས་མ་གྲུབ༔ དེ་རྡུལ་དང་རྡུལ་ཕྲན་དུ་བཏང་ནས་ལྷན་ཅིག་ཚོགས་པར་བྱས་ཀྱང་ལུས་ཀྱི་མིང་མི་གནས༔ ཆུས་སྦྲུས་ནས་ལྷན་ཅིག་ཧྲིལ་པོར་བྱས་ཀྱང་ལུས་མ་ཡིན༔ རེག་བྱ་མྱོང་མཁན་ལ་ལུས་སུ་བཏགས་པ་ཡིན་ཞེ་ན་རྨི་ལམ་དང་བར་དོའི་སྐབས་ཀྱི་རེག་བྱ་མྱོང་མཁན་དེ་སུ་ཡིན་བརྟག་པས་སེམས་རྣམ་པར་ཤེས་པ་ཉིད་ཡིན་པར་ཐག་ཆོད་པའི་ཕྱིར་སེམས་ལ་ལུས་ཀྱི་མིང་མི་ཐོགས་པས་ལུས་མེད༔ ཡང་ལག་པ་ཞེས་བྱ་བའི་གནས་ལ་བརྟག་པས་སོག་པ་ནི་ལག་པ་མ་ཡིན༔ དཔུང་པ་ནི་ལག་པ་མ་ཡིན༔ ལག་ངར་ནི་ལག་པ་མ་ཡིན༔ མཐིལ་དང་སོར་མོ་ཡང་མ་ཡིན་པས༔ ལག་པ་གང་ཡིན་ངོས་ཟུངས་དང་ཞེས་བརྗོད་པས༔ ལག་པའི་བྱ་བ་བྱེད་པ་འདི་ལ་ལག་པར་སྨྲ་བ་ཡིན་ཞེ་ན༔ འོ་ན་རྨི་ལམ་དུ་ལག་པའི་བྱ་བ་བྱེད་པའི་ལག་པར་སྣང་བ་དང་༔ བར་དོར་དེ་ལྟར་སྣང་བ་ཐམས་ཅད་འདི་ཡིན་ནམ་བརྟག་ན་དེ་ཡང་མ་ཡིན་ཏེ་སེམས་ལ་སྣང་བ་ཙམ་ཡིན་པར་ཐག་ཆོད་པས་སེམས་ལ་ལག་པ་གདགས་པ་ལས་ལག་པ་མ་གྲུབ་པའོ༔ ཡང་སོག་པ་ལ་བརྟག་པས་ཤ་ནི་སོགས་པ་མ་ཡིན༔ རུས་པ་དང་རྩ་རྒྱུས་ནི་སོག་པ་མ་ཡིན༔ སོ་སོར་ཕྱེས་ཀྱང་མ་གྲུབ༔ རྡུལ་ཕྲན་དུ་བཏང་བའི་ཕྱེ་མ་ལྷན་ཅིག་ཚོགས་ཀྱང་མ་ཡིན༔ ཆུས་སྦྲུས་ཏེ་ལྷན་ཅིག་བསྒྲིལ་ཀྱང་མ་ཡིན་པ་དེ་བཞིན་དུ་ལྷུ་ཚིགས་ཐམས་ཅད་ལ་ཞིབ་ཏུ་བརྟག་སྟེ་མིང་གི་གདགས་གཞི་ཡུལ་མེད་དུ་གཏན་ལ་དབབ་པར་བྱའོ༔ གཞན་ཡང་ཕ་རོལ་ན་མི་སྣང་བའི་མིང་གང་ལ་གདགས༔ མགོ་བོ་ནི་མི་མ་ཡིན༔ དབང་པོ་ལྔ་ནི་མི་མ་ཡིན༔ ཤ་ཁྲག་རུས་པ་རྐང་དང་རྩ་རྒྱུས་ཡན་ལག་དང་ཉིང་ལག་རྣམ་པར་ཤེས་པ་དང་བཅས་པ་ལ་མིའི་མིང་མ་གྲུབ༔ དེ་བཞིན་དུ་ཁང་པ་ཞེས་བྱ་བ་གདགས་པའི་གཞི་གང་ལགས༔ ས་ནི་ཁང་པ་མ་ཡིན༔ རྡོ་ལ་ནི་རྡོ་ཉིད་ལས་ཁང་པའི་མིང་མ་གྲུབ༔ ཀྭ་བ་དང་ཕྱམ་དང་དྲལ་མ་དང་ས་འཛིན་རྣམས་ལའང་ཁང་པ་ཞེས་པའི་མིང་མ་གྲུབ༔ དེ་དག་ལྷན་ཅིག་ཏུ་སྤུངས་ཀྱང་ཁང་པའི་མིང་མ་གྲུབ༔ དཔེར་ན་ཁམ་ཕོར་ལའང་ཕྱི་ནི་ཁམ་ཕོར་མ་ཡིན༔ ནང་ནི་མ་ཡིན༔ ཁ་དང་མཐིལ་ཡང་མ་ཡིན༔ ཤིང་ཡང་མ་ཡིན༔ སོ་སོར་ཕྱེས་པའམ་ལྷན་ཅིག་ཚོགས་ཀྱང་གདགས་གཞི་ཡུལ་མེད་པའོ༔ རི་བོ་ཞེས་བྱ་བ་ཡང་༔ ས་ནི་རི་བོ་མ་ཡིན༔ རྡོ་ནི་མ་ཡིན༔ རྩྭ་དང་ཤིང་ནི་མ་ཡིན༔ དེ་དག་ལྷན་ཅིག་ཏུ་ཚོགས་ཀྱང་རི་བོ་མ་ཡིན་པས་རི་བོའི་མིང་སྟོང་པའོ༔ དབྱུག་པ་གཅིག་པུ་ལའང་མིང་གི་གདགས་གཞི་བརྟག་པས་རྩེ་མོ་ལ་རྩེ་མོ་ལས་དབྱུག་པ་མ་གྲུབ༔ རྟིང་པ་ལ་རྟིང་པ་ལས་མ་གྲུབ༔ ཤིང་ལའང་ཤིང་ལས་མ་གྲུབ༔ བསྲེགས་པའི་ཐལ་བ་ལ་ཐལ་བ་ལས་མ་གྲུབ༔ བརྡུངས་པའི་རྡུལ་ལ་རྡུལ་ལས་དབྱུག་པ་མ་གྲུབ་པས་མིང་དེའང་ཡུལ་མེད་དུ་ཡལ་བ་ལས་མ་འདས་པའོ༔ ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱང་རྡུལ་གྱི་ཁུང་ན་མ་གྲུབ༔ རྡུལ་ཕྲན་གྱི་ཁུང་ན་མ་གྲུབ༔ རྡུལ་ཕྲན་ཆ་མེད་ཀྱི་ཁུང་ནའང་མ་གྲུབ་པར་ཤེས་པར་གྱིས་ཤིག༔ མིང་གི་རྣམ་གྲངས་ཐམས་ཅད་སྒྱུ་མ་ལ་སྒྱུ་མ་མེད་པར་སྒྱུ་མ་མིང་ཙམ་གྱིས་ཟད་པ་དང་༔ སྨིག་རྒྱུ་ལ་སྨིག་རྒྱུ་མེད་བཞིན་མིང་ཙམ་དུ་ཟད་པ་དང་༔ རྨི་ལམ་ལ་རྨི་ལམ་མེད་བཞིན་མིང་ཙམ་གྱིས་ཟད་པ་དང་༔ གཟུགས་བརྙན་ལ་གཟུགས་བརྙན་མ་གྲུབ་པར་མིང་ཙམ་དུ་ཟད་པ་དང་༔ དྲི་ཟའི་གྲོང་ཁྱེར་ལ་དྲི་ཟའི་གྲོང་ཁྱེར་མིང་ཙམ་གྱིས་ཟད་པ་དང་༔ བྲག་ཆ་ལ་བྲག་ཆ་ཞེས་མིང་ཙམ་ལས་ཡུལ་མེད་པ་དང་༔ ཆུ་ཟླ་ལ་ཆུ་ཟླ་ཞེས་ཚིག་ཙམ་དུ་ཟད་པ་དང་༔ ཆུ་ལྦུར་ཡང་ཆུ་ལྦུར་བརྗོད་པའི་ཚིག་ཙམ་ལས་ཡུལ་མ་གྲུབ་པ་དང་༔ མིག་ཡོར་ཡང་མིང་ཙམ་ལས་ཡུལ་མ་གྲུབ་པ་དང་༔ སྤྲུལ་པ་ཡང་མིང་ཚིག་བརྗོད་པ་ཙམ་ལས་མ་གྲུབ་པ་ལ་མིང་གི་སྒྲ་བརྗོད་པ་དེ་བཞིན་དུ་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ཀྱི་མིང་ཚིག་བརྗོད་པའི་གདགས་གཞི་ཐམས་ཅད་མེད་ཅིང་མ་གྲུབ་པའི་སྟོང་པ་ཉིད་ཡིན་ཏེ༔ སྟོང་པ་ཡུལ་མེད་དུ་ཐག་ཆོད་ཅིང་སྟོང་ཉིད་ནམ་མཁའི་ཀློང་ཡངས་སུ་འགག་བསྡམ་པ་ནི་མན་ངག་གོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གདུལ་བྱ་བློ་རྨོངས་པ་བདེན་ཞེན་གྱིས་བཅིང་བ་རྣམས་ཀྱིས་མིང་གི་གདགས་གཞི་མེད་པ་ཙམ་གྱིས་གཞི་ཆོས་ཉིད་ཀྱི་གནས་ལུགས་རྟོགས་མི་ནུས་པས་ན༔ རྟོག་པ་ཕྲ་རགས་གཉིས་ཀྱི་སྒོ་ནས་མེད་པའི་ངང་ཚུལ་གཏན་ལ་དབབ་པའི་ཚུལ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་འདི་ལྟར་ཤིང་གི་སྡོང་པོ་ཞིག་སྣང་ན་སྡོང་པོ་འདི་ཡོད་པ་རྟག་པ་ཡིན་ནམ༔ མེད་པ་ཅང་མེད་ཡིན་ནམ་བརྟག་ཤིང་དཔྱད་པ་ནི༔ རྟག་པ་ཡིན་ན༔ མི་ཆོད་པ༔ མི་ཤིགས་པ༔ བདེན་པ༔ སྲ་བ༔ བརྟན་པ༔ ཐམས་ཅད་དུ་ཐོགས་པ་མེད་པ༔ ཐམས་ཅད་དུ་མ་ཕམ་པ་དང་ལྡན་དགོས་པ་ཡིན་ཏེ༔ སྡོང་པོ་འདི་ལ་སྟྭ་རེས་བཏབ་པས་རྨ་བྱུང་བས་ན་ཆོད་པ་དང་༔ མང་དུ་བཏབ་ནས་བཤིག་ཚེ་འཇིགས་པ་དང་༔ གཅིག་གིས་མང་པོར་འགྱུར་བས་མི་བདེན་པར་རྫུན་པ་དང་༔ དེ་དཀར་ནག་གི་ཁ་དོག་དང་རྡུལ་གྱིས་བསླད་འཇུག་ནུས་པས་མི་སྲ་སྟེ་སྙི་བ་དང་༔ དུས་དང་རྐྱེན་གྱིས་འཕོ་འགྱུར་ཅན་དུ་གྲུབ་པས་མི་བརྟན་པ་དང་༔ ཡུལ་གང་ལའང་ཐོགས་རྡུག་ཅན་དུ་གྱུར་པས་ཐོགས་པ་དང་༔ འདི་ལ་ཇི་ལྟར་བྱས་ཀྱང་ཤིང་འདི་ཕམ་པར་འགྱུར་བས་ཕམ་པ་སྟེ༔ རྡོ་རྗེའི་ཆོས་གཅིག་ཙམ་ཡང་མི་ཚང་ན་མེད་ངེས་པ་རུ་ཐག་གཅོད་པར་བྱའོ༔ ཞེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་རྡོ་རྗེའི་ཆོས་བདུན་ཚང་བའི་རྡོ་རྗེ་དེ་གང་ལགས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་ཀུན་རྫོབ་རྫས་ཀྱི་རྡོ་རྗེ་ཞེས་ཡོད་པར་གླེང་བ་ནི་མོ་གཤམ་གྱི་བུ་ལྟ་བུ་སྟེ༔ རྫས་ཀྱི་རྡོ་རྗེ་རུས་པ་ལས་གྲུབ་པར་བསྟན་པ་དང་༔ རྡོ་ཡི་རྡོ་རྗེ་བསྲེགས་པས་འཇིག་པར་ནུས་པ་དང་༔ ལྕགས་ཀྱི་རྡོ་རྗེ་མེས་ཞུ་བ་རྣམས་ནི་བདེན་པར་མ་གྲུབ་པ་ཀུན་རྫོབ་ཀྱི་རྡོ་རྗེ་འཇིག་པའི་ཆོས་ཅན་ནོ༔ ཀུན་གྱི་སྣང་ཡུལ་ནམ་མཁའི་རྡོ་རྗེ་འདི་ནི་མཚོན་སོགས་གཞན་གྱིས་མི་ཆོད་པ༔ ཡུལ་དང་རྐྱེན་གྱིས་མི་ཤིགས་པ༔ སྐྱོན་དང་དྲི་མ་མེད་པར་སྣང་སྲིད་ཀྱི་མཆེད་གཞི་ཆེན་པོར་གྱུར་པས་བདེན་པ༔ སྐྱོན་དང་ཡོན་ཏན་གྱིས་བསླད་མི་འཇུག་པས་སྲ་བ༔ དུས་གསུམ་འཕོ་འགྱུར་དང་བྲལ་བས་བརྟན་པ༔ ཐམས་ཅད་སྟོང་པར་འབིག་པས་ཐམས་ཅད་དུ་ཐོགས་པ་མེད་པ༔ གང་གིས་ཀྱང་བཅོས་བསྒྱུར་བྱར་མེད་པས་ཐམས་ཅད་དུ་མ་ཕམ་པ་སྟེ༔ འདི་ནི་ཀུན་སྣང་ནམ་མཁའི་རྡོ་རྗེའོ༔ འདི་རང་རྒྱུད་པར་འཛིན་པ་རྣམས་ལ་ཀུན་རྫོབ་ཀྱི་རྡོ་རྗེ་དང་༔ འདིའི་ངང་ཚུལ་རྣམ་པར་ཐར་པ་མ་འདྲེས་ཡོངས་སུ་རྫོགས་པར་ཤེས་པ་རྣམས་ལ་དོན་དམ་མི་ཤིགས་པའི་རྡོ་རྗེའོ༔ དེ་ལས་གཞན་པའི་རྡོ་རྗེའི་ཆོས་བདུན་ཚང་བའི་ཡུལ་ཞིག་མཆིས་ན་རྟག་པ་ཡིན་ཀྱང་དེ་མ་མཆིས་ན་ཐམས་ཅད་མ་གྲུབ་པའི་སྟོང་པ་ཉིད་དུ་ངེས་པའོ༔ དེ་ལྟར་ཤིང་གི་སྡོང་པོ་དང་༔ ས་དང་རྡོ་དང་ཁང་ཁྱིམ་དང་ཀ་ཆ་ལ་སོགས་པའི་རྫས་དངོས་པོར་སྣང་བ་རྣམས་བརྡུང་བཅག་བཏུལ་གསུམ་བྱས་ནས་རྡུལ་དུ་བཏང་བས་རྡུལ་ཕྱེ་དང་༔ རྡུལ་བདུན་ཆར་བཏུལ་བས་རྡུལ་ཕྲ་རབ་དང་༔ ཕྲ་རབ་བདུན་ཆར་བཏུལ་བས་ཆ་མེད་དུ་བཏང་ནས་ཅང་མེད་ནམ་མཁའི་རང་བཞིན་དུ་ཡལ་བ་དང་༔ གཞན་ཡང་དངོས་པོ་གང་རུང་མེ་ལ་བསྲེགས་པའི་ཐལ་བ་ནམ་མཁར་རང་ཡལ་དུ་འགྲོ་བ་དང་༔ སྲོག་ཆགས་ཀྱི་གཟུགས་སུ་སྣང་བ་ཞིག་བསད་ཅིང་མེར་བསྲེག་པར་བྱས་པས་ཡུལ་མེད་དུ་ཡལ་བ་སོགས་སྣང་བའི་ཆོས་ཐམས་ཅད་ལ་དེ་བཞིན་དུ་བརྟག་ཅིང་དཔྱད་པས་ཐམས་ཅད་ཡུལ་མེད་དུ་ཡལ་བ་ལས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་དོ༔ དེ་ལྟ་བུའི་ཚུལ་ལ་བརྟག་དཔྱད་ནན་དུ་བྱེད་པ་གནད་ཀྱི་སྙིང་པོར་གྱུར་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་གསལ་ཁྱབ་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་མ་གྲུབ་ཅིང་མི་བདེན་ན་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཅི་ལས་བྱུང་ཞིང་སྣང་བ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསལ་ཁྱབ་དབང་པོ་བདག་ཏུ་འཛིན་པའི་རྒྱུ་བྱས༔ རྣམ་པར་རྟོག་པས་རྐྱེན་བྱས་ནས་སྣང་ཙམ་དུ་གྲུབ་པ་སྟེ༔ ཤེས་པ་དང་པོ་ཡུལ་དུ་འཕོས་པས་སྣང་བ་གློ་བུར་དུ་བསླང་༔ མེད་པར་བྱེད་སྙམ་པའི་རྣམ་པར་རྟོག་པ་དང་༔ དེས་བཤིག་པར་བྱེད་སྙམ་པའི་སྣང་བ་དེས་གནས་སུ་འགྱུར་བའམ་ཡུལ་མེད་དུ་ཡལ་བ་ཡིན་ནོ༔ ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་སྣང་ཙམ་མ་གཏོགས་ངེས་པར་རང་གི་ངོས་ནས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་དེ༔ དཔེར་ན་རྒྱུ་ཕ་རོལ་པོའི་མིག་དང་ནམ་མཁའ་དྭངས་གསལ་ལ་གཞི་བྱས༔ རྐྱེན་སྒྱུ་མའི་རྫས་སྔགས་དང་སྤྲུལ་སེམས་རྣམས་དུས་འཛོམ་པ་ལས་རྟེན་འབྲེལ་སྒྱུ་མའི་སྤྲུལ་པ་མེད་བཞིན་དུ་སྣང་བ་དང་༔ རྒྱུ་ནམ་མཁའ་དྭངས་གསལ་དང་༔ རྐྱེན་དྲོད་གཤེར་འཛོམ་པའི་རྟེན་འབྲེལ་ལས་སྨིག་རྒྱུ་མ་གྲུབ་བཞིན་དུ་སྣང་བ་དང་༔ རྒྱུ་ཀུན་གཞིའི་རྣམ་ཤེས་དྭངས་གསལ་དང་༔ རྐྱེན་བདག་ཏུ་འཛིན་པའི་རྟེན་འབྲེལ་ལས་རྨི་སྣང་མེད་བཞིན་དུ་འབྱུང་བ་ལ་དངོས་འཛིན་བདེན་ཞེན་ཉིན་སྣང་ལྟ་བུར་འཁྲུལ་པ་དང་༔ རྒྱུ་མེ་ལོང་དྭངས་གསལ་དང་༔ རྐྱེན་ཕ་རོལ་པོའི་བྱད་དུས་འཛོམ་པའི་རྟེན་འབྲེལ་ལས་གཟུགས་བརྙན་མེད་བཞིན་དུ་སྣང་བ་དང་༔ རྒྱུ་བསམ་གཏན་བསྒོམ་པའི་ཏིང་ངེ་འཛིན་ལ་བརྟེན་ནས༔ རྐྱེན་སྣོད་དང་རླན་གཤེར་དུས་འཛོམ་པའི་རྟེན་འབྲེལ་ལས་ཡུལ་ལ་དྲི་ཟའི་གྲོང་ཁྱེར་སྣང་བ་དང་༔ རྒྱུ་བྲག་སོགས་སྲ་ཞིང་མཐོ་བ་དང་རྣ་བའི་རྣམ་པར་ཤེས་པ་ལ༔ རྐྱེན་ཀྭི་བཏབ་པ་སོགས་སྒྲ་སྐད་གྲགས་པའི་རྟེན་འབྲེལ་ལས་བྲག་ཆ་འབྱུང་བ་དང་༔ རྒྱུ་ཆུ་དྭངས་གསལ་དང་༔ རྐྱེན་ནམ་མཁའི་གཟའ་སྐར་ཤར་བ་དུས་འཛོམ་པའི་རྟེན་འབྲེལ་ལས་གཟུགས་བརྙན་སྣང་བ་དང་༔ རྒྱུ་ཆུ་ཉིད་ལ་བརྟེན་ནས༔ རྐྱེན་དེ་རྙོག་པའམ་དཀྲུག་པ་དུས་འཛོམ་པའི་རྟེན་འབྲེལ་ལས་ཆུ་ལྦུར་འབྱུང་བ་དང་༔ རྒྱུ་མིག་ལ་བརྟེན་ནས༔ རྐྱེན་མིག་རྩ་བཙིར་བ་དུས་འཛོམ་པའི་རྟེན་འབྲེལ་ལས་མིག་ཡོར་འབྱུང་བ་དང་༔ སྒྱུ་སྤྲུལ་པ་ལ་དབང་བ་རྣམས༔ རྐྱེན་སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་ཞུགས་པའི་རྟེན་འབྲེལ་ལས་སྤྲུལ་པ་མེད་བཞིན་དུ་སྣང་བའོ༔ དེ་ལྟར་དཔེ་བཅུ་པོ་རྒྱུ་ལ་བརྟེན་པས་རྟེན་དང་༔ རྒྱུ་རྐྱེན་གཉིས་སུ་མེད་པས་འབྲེལ་པ་དང་༔ མེད་བཞིན་དུ་སྣང་བ་འབྱུང་བས་འབྱུང་བའོ༔ དེ་བཞིན་དུ་གཞི་དབྱིངས་ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་གཞི་མེད་རྩ་བྲལ་གྱི་མཁའ་དབྱིངས་ཡུལ་མེད་ཟང་ཐལ་གྱི་རོལ་པ་ལ༔ ང་ཞེས་བདག་ཏུ་འཛིན་པའི་ཤེས་པ་རྒྱུན་ཆགས་པས་གཞི་དུམ་བུར་བཅད་དེ་བདག་ཚུར་ལ་བཅད་པས་གཞི་དབྱིངས་ཕྱི་རུ་སོང་སྟེ་གཞི་དྭངས་གསལ་མེ་ལོང་ལྟ་བུར་ཅིར་ཡང་འཆར་དུ་རུང་བ་ལས་ཁམས་གསུམ་གྱི་སྣང་བ་མཆེད་པ་ཡིན༔ དེའི་མཚོན་དཔེ་ནི་རྒྱ་མཚོ་གཉིས་སུ་མ་གྲུབ་པ་ལ་ལྦུ་བ་བརྡོལ་བས་རྒྱ་མཚོ་ཕ་གི་བར་སོང་བ་དང་༔ ནམ་མཁའ་ལ་ནམ་མཁའ་ཉིད་ལས་མེད་པ་ལ་འཇའ་ཚོན་སྣང་བས་ནམ་མཁའ་གཞན་དུ་སྣང་བ་ལྟ་བུའོ༔ ང་ལ་བརྟེན་པས་ན་རྟེན༔ བདག་གཞན་གཉིས་སུ་མེད་པས་ན་འབྲེལ༔ ཡུལ་ཕ་རོལ་ལ་མེད་བཞིན་དུ་འབྱུང་བས་ན་འབྱུང་ཞེས་བྱའོ༔ དེ་ལྟར་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ཀྱི་ངང་ཚུལ་ཡིན་ལུགས་ལ་བརྟག་ནས་ཆོས་ཉིད་ནམ་མཁའ་སྟོང་པའི་རོལ་པ་རུ་ཐག་ཆོད་པར་བྱ་བ་གནད་དུ་ཟུངས་ཤིག༔ དེ་ཡང་ཉིན་སྣང་གི་ཡུལ་སྣང་བ་སྣོད་ཀྱི་འཇིག་རྟེན་སྲིད་པ་བཅུད་ཀྱི་སེམས་ཅན་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་གཉིད་དུ་སོང་ཚེ་ཀུན་གཞི་སྟོང་ཧད་ནམ་མཁའི་རང་བཞིན་དུ་ཞིག་ནས་དེའི་ངང་དུ་འབྱམས་ཀླས་པ་དང་༔ སླར་ཡང་ལས་རླུང་གཡོས་པའི་ཆོ་འཕྲུལ་ལས་བདག་འཛིན་གྱི་ཤེས་པ་ལངས་པས་བདག་ཏུ་སྣང་བ་ལས་ཕྱི་ནང་སྣོད་བཅུད་འདོད་ཡོན་ཐམས་ཅད་གཞི་དབྱིངས་སུ་སྔར་བཞིན་རྨི་ལམ་གྱི་སྣང་བར་མཆེད་དེ་བདེ་སྡུག་བར་གསུམ་ཉེ་བར་ལེན་ཅིང་བདེན་པར་ཞེན་ནས་འཁྲུལ་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་ཀུན་སྣང་བཀོད་པའི་དབང་པོ་སྟན་ལས་ལངས་ཏེ་གུས་པས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་སྣང་བ་ཐམས་ཅད་ཞིག་པ་ནི་མི་འདོད་དེ༔ བདག་མལ་སར་ཞུགས་ནས་གོས་ཀྱིས་དྲོ་བར་གཡོགས་ཏེ་གཉིད་དུ་སོང་བའི་ཚེ་སྣང་བའི་བཀོད་པ་འདི་དག་ཤུལ་དུ་ལུས་པར་འདོད་ཀྱི༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་ཀུན་སྣང་བཀོད་པའི་དབང་པོ་དེ་ལྟར་ཁྱེད་མལ་དུ་ཞུགས་ནས་གོས་དྲོ་བར་གཡོགས་ཏེ་གཉིད་ལོག་པའི་ཚེ་ཉིན་སྣང་གི་སྣོད་བཅུད་འདོད་ཡོན་ཐམས་ཅད་ཤུལ་དུ་བོར་བ་ཡིན་ན༔ རྨི་ལམ་གྱི་ཡུལ་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ༔ གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་༔ འདོད་ཡོན་ལྔའི་སྣང་བ་བཀོད་ལེགས་པ་དེ་དག་མཆེད་པའི་ཡུལ་ཕྱི་ནང་གང་དུ་འདུག་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ ཀུན་སྣང་བཀོད་པའི་དབང་པོ་ན་རེ༔ ལུས་ཀྱི་ནང་དུ་མཆེད་པ་ཡིན་པར་འདོད༔ ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་རྡོ་རྗེ་ལུས་ཀྱི་མགོའི་ནང་ནས་བཟུང་སྟེ་གནས་ཐམས་ཅད་དུ་བསམ་མནོ་ཐོང་དང་༔ དེ་ལྟར་སྣང་བའི་ཆོས་རྒྱ་ཆེ་ལ་གྲངས་མང་བ་རི་དང་ལུང་པ་མང་པོ་དེ་དག་མཆེད་པའི་གནས་གང་ལགས་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་བརྟག་ཅིང་དཔྱད་ན་མགོ་བོ་ནི་དེ་ལྟར་སྣོད་བཅུད་སྣང་བ་མཆེད་པའི་རྒྱ་ཁྱོན་མེད་ལ༔ ཡན་ལག་ཀྱང་མ་ཡིན༔ བྱང་ཁོག་ཀྱང་མ་ཡིན་ཏེ༔ རྣམ་པར་ཤེས་པ་ལུས་ཀྱི་ཕྱི་རོལ་དུ་ཐོན་ནས་ཡུལ་གཞན་ཞིག་མཐོང་བ་ཨེ་ཡིན་སྙམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་ཁྱོད་ཀྱི་བེམ་རིག་བྲལ་ནས་རྣམ་པར་ཤེས་པ་ཕྱིར་ཐོན་པ་ཡིན་ན་སྒོ་གང་ནས་འགྲོ༔ སླར་ལུས་ལ་ཞུགས་པའི་དུས་སུ་ཡང་སྒོ་གང་ནས་ཞུགས་ངོས་ཟུངས་ཤིག༔ རྨི་ལམ་གྱི་ཡུལ་དེ་འདི་ནས་ཕྱོགས་མཚམས་སྟེང་འོག་གང་ལགས༔ རྨི་ལམ་གྱི་ཡུལ་སྣང་སྣོད་བཅུད་ཐམས་ཅད་ཉིན་སྣང་གི་དེ་དང་གཅིག་པར་འདོད་དམ༔ སོ་སོར་འདོད་ང་ལ་སྨྲོས་ཤིག༔ ཅེས་གསུངས་པ་ལ༔ བྱང་ཆུབ་སེམས་དཔའ་ན་རེ༔ སྒོ་མ་མཐོང་སྟེ་ཤར་ལྷོ་ནུབ་བྱང་དུ་ངོས་ཡང་མ་ཟིན༔ ཡུལ་གཞན་ཞིག་ཡིན་སེམས་པ་ཡིན༔ ཅེས་ཞུས་པས༔ བཀའ་སྩལ་པ༔ སྒོ་འགྲིམ་པར་སེམས་ན་ཉིན་སྣང་དུ་གནས་ཁང་ཕྱི་ནང་དུ་བགྲོད་པའི་སྒོ་སྣང་ཞིང་ངོས་བཟུང་ཡང་ཡོད༔ ཡུལ་འདིའི་ཕྱོགས་མཚམས་ཞིག་ཏུ་ཕྱིན་པར་ངེས་ན་འབྱུང་བ་སྣོད་བཅུད་ཐམས་ཅད་ཉིན་སྣང་དང་རོ་གཅིག་པར་འདུག་པས་རྨི་སྣང་མ་ཡིན༔ བེམ་རིག་བྲལ་བའི་རྗེས་སུ་སླར་འཇུག་སྲིད་ན་སེམས་ཅན་ཤི་བ་ཐམས་ཅད་སླར་ཡང་རང་ལུས་ལ་ཞུགས་མི་ནུས་པའི་དོན་མ་མཆིས༔ མཚན་མོའི་ལུས་ལ་བེམ་རིག་བྲལ་བས་བེམ་པོ་དྲོད་དང་བྲལ་ནས་རོ་རུ་མི་འགྲོ་ན་ཤི་བའི་ཚེ་ནའང་དྲོད་དང་བྲལ་བའི་དོན་མ་མཆིས༔ དེ་ལྟར་ཉིན་སྣང་དང་མཚན་སྣང་གཅིག་པར་འདོད་ན་གཉིད་ཀྱིས་མཚམས་བཅད་དམ་མ་བཅད༔ ཐ་དད་དུ་འདོད་ན་གཅིག་ཐོག་ཏུ་གཅིག་སྟེང་ཞབས་སམ་ཕྱི་ནང་བྱས་ནས་མཆེད་པ་ཡིན་ནམ༔ གང་ལྟར་འདོད་པ་དེ་ང་ལ་སྨོས་ཤིག༔ ཅེས་གསུངས་པས༔ ཡང་ཞུས་པ༔ སྟོན་པ་བཅོམ་ལྡན་འདས་དེ་ལྟར་བརྟག་ཅིང་དཔྱད་པས་ཡུལ་གཞན་དུ་ཕྱིན་པ་ཡིན་ན་ལུས་ཀྱང་རོ་རུ་འགྱུར་བ་དང་༔ སྣོད་བཅུད་སྣང་བ་ཐམས་ཅད་ཀྱང་གཅིག་དགོས་པས་གཉིད་ཀྱིས་མཚམས་མ་ཆད་པར་ཡོད་དགོས་པ་དང་༔ ཤི་བའི་ཚེ་ཡང་ལུས་ལ་སླར་འཇུག་པའི་ཐབས་ཡོད་དགོས་པ་དང་༔ ཉིན་སྣང་དང་མཚན་སྣང་ཐ་དད་པ་ཡིན་ན་སྣང་བ་གཅིག་ཐོག་ཏུ་གཅིག་མཆེད་དགོས་པ་དང་༔ གཅིག་པར་འདོད་ན་ཉིན་སྣང་དང་རྨི་སྣང་གི་དབྱེ་བ་མེད་པས༔ ཉིན་སྣང་དབྱིངས་སུ་ནུབ་ནས་རྨི་སྣང་མཆེད་པ་ལགས་སོ༔ ཞེས་ཞུས་སོ༔ ཡང་ཀུན་སྣང་བཀོད་པའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལུས་འདི་མཆིས་ན་ཕ་མའི་རྒྱུ་རྐྱེན་ལ་ལྟོས་པ་ཅན་ཡིན་དགོས་ཏེ༔ སྣང་བ་གནས་འགྱུར་མ་ཡིན་པའི་མཚང་ཐོན་པས་ཕ་མ་འདི་ཅིའི་ཕྱིར་སྣང་༔ ལུས་འདི་གང་གི་ཕྱིར་སྣང་༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ལུས་གྲུབ་པ་ལ་ཕ་མ་གཉིས་མཆིས་དགོས་པ་ཡིན་ན༔ བར་དོའི་ལུས་དང༔ རྨི་ལམ་གྱི་ལུས་དང༔ དྲོད་གཤེར་ལས་སྐྱེས་པ་དང་༔ བརྫུས་ཏེ་སྐྱེས་པ་དག་ལ་ལུས་སྣང་ཡང་ཕ་མ་མ་གྲུབ༔ ཁྱོད་ལུས་འདི་ཕ་མ་གཉིས་ལ་ལྟོས་གྲུབ་ཏུ་འདོད་ན་སེམས་ཅན་ལུས་ཅན་མ་བྱུང་བའི་གོང་རོལ་ན་ཕའི་ཐོག་མ་དེ་གང་ནས་བྱུང་༔ གནས་ས་གང་དུ་བཟུང་༔ མཐའ་མ་གང་དུ་སོང་༔ མ་ཡང་དེ་ལྟར་བྱུང་གནས་འགྲོ་གསུམ་གྱི་ཚུལ་ལ་ལྟོས་ཤིག༔ དེ་ལྟར་ད་ལྟའི་ལུས་འདིའི་ཕ་མ་ཡན་ཆད་ལ་རིམ་པ་བཞིན་དུ་དཔྱོད་ཅིག༔ རྟོགས་ཤིག༔ ཅེས་གསུངས་སོ༔ སྣང་བའི་དབང་པོ་ན་རེ༔ སྟོན་པ་བཅོམ་ལྡན་འདས་ལགས་སོ༔ བདག་གིས་སྣང་བ་གཏན་ལ་ཕབ་པས་བདག་གཅིག་པུའི་སྣང་བ་ལ་མེད་པར་སྣང་ཙམ་ཡིན་ནམ་སེམས་པས༔ དེ་ལྟར་ལགས་སམ་མ་ལགས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་ཁྱོད་དེ་ལྟར་མ་སེམས་ཤིག༔ གལ་ཏེ་ཁྱོད་ཀྱིས་དེ་ལྟར་སྣང་བ་ཐམས་ཅད་གཏན་ལ་ཕབ་པས་ཐམས་ཅད་སྟོང་པར་མཐོང་བས་མཐར་ཁྱོད་གཅིག་པུ་ལ་མེད་པར་སྣང་བ་ཙམ་ལས་ངེས་པར་སྟོང་པ་མ་ཡིན་པར་ཐག་གཅོད་ན་མི་སྟོང་པ་ལ་སྟོང་པའི་རྒྱས་འདེབས་པ་དང་༔ ཡོད་པ་ལ་མེད་པར་བློ་སྦྱོང་བ་ཙམ་སྟེ༔ སྟོང་ཉིད་ཀུན་རྫོབ་ཏུ་ལ་བཟླས་ནས་ཡོད་པ་དོན་དམ་པར་འཛིན་པས་རང་གཅིག་པུའི་ངོས་ནས་མ་གྲུབ་པར་འདོད་ན་བདག་གཅིག་པུ་སྟོང་པར་གོ་བ་གང་ཟག་གི་བདག་མེད་ཙམ་ཉན་ཐོས་ཀྱི་ལྟ་བ་རུ་སོང་བ་ཡིན་ནོ༔ སྣང་སྲིད་ཐམས་ཅད་སྒྱུ་མའི་དཔེ་བཅུ་ལྟ་བུར་གཏན་ལ་དབབ་ནས་སྒྱུ་མ་མཁན་ལས་སྣང་ཡུལ་གཞན་མ་གྲུབ་པ་སྣང་དུས་ཉིད་ནས་སྣང་མཁན་རང་ངོར་ཡལ་བ་བཞིན་བདེན་པར་མ་གྲུབ་པ་ཉིད་དུ་ལ་བཟླ་བ་དོན་དམ་པའི་སྟོང་པ་ཉིད་དུ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ སྣང་བའི་དབང་པོ་ན་རེ༔ བདག་གིས་འདི་སྙམ་དུ་སེམས༔ སེམས་ཅན་གཅིག་གི་སྣང་བ་མ་ཡིན་ཏེ༔ གལ་ཏེ་ཁམས་གསུམ་ཐམས་ཅད་བདག་གི་སྣང་བ་ཙམ་ཡིན་ན༔ བདག་གཅིག་པུའི་སྣང་བ་འགྱུར་ཚེ་ཁམས་གསུམ་གྱི་སྣང་བ་ཐམས་ཅད་དེ་ཉིད་དུ་འགྱུར་བ་དང་༔ ཤི་བ་དང་༔ ཡལ་བ་དང་༔ དུབ་པ་རུ་ཐག་བཅད་དགོས་ཏེ༔ དེ་ཡང་མ་ཡིན་པས་བདག་གིས་ཡུལ་ཕ་གི་བ་རྣམས་སྣང་བ་དེ་ལས་ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་བདག་དང་མཉམ་དུ་ཤི་བ་དང་ཡལ་བར་མི་སེམས་པས༔ དེའི་དོན་ཡང་དག་པར་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཁྱོད་ཀྱིས་སེམས་པ་དེ་ལྟ་བུ་ཞིག་སེམས་ཅན་ཐམས་ཅད་ཀྱིས་ཤེས་ཤིང་བདེན་པར་འཛིན་པས་འཁྲུལ་པ་ཡིན༔ བདག་གིས་གཞན་ལ་སྤྱོད་པར་ཤེས་པ་ནི་སྟོང་ཉིད་རྟོགས་པ་མ་ཡིན་ནོ༔ ཚེ་འཁོར་བ་ཐོག་མ་མེད་པ་ནས་རང་སྣང་གཞན་དུ་བཟུང་སྟེ་ཉེ་བར་བླངས་ནས་འཁྲུལ་པ་ཡིན༔ རྨི་ལམ་གྱི་སྣང་སྲིད་འདོད་ཡོན་ཐམས་ཅད་སད་དུས་ཉིད་ནས་ཤུལ་དུ་ལུས་ཏེ་དོར་བ་མ་ཡིན་ཏེ༔ ཐམས་ཅད་སེམས་ཀྱི་ངང་དུ་ཡལ་བ་དེ་བཞིན་དུ་སྣང་བ་ཐམས་ཅད་རང་ལ་ཡལ་བ་ལས༔ གཞན་ཕ་རོལ་ན་སྣོད་བཅུད་འདོད་ཡོན་རང་རྒྱུད་ཅན་མེད་པར་ཐག་ཆོད་དགོས་པ་ཡིན༔ བདག་གཅིག་པུའི་ངོས་ན་རང་ལས་སེམས་ཅན་དང་སྣང་བ་མེད་པར་བཟུང་ནས་སྣང་བ་བདེན་པར་འཁྲུལ་པ་སེམས་ཅན་གྱི་འཁྲུལ་ལམ་ཡིན་པས༔ དེའི་ངང་ཚུལ་སེམས་ལ་ལྟོས་ཤིག་དང་༔ སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་ཚེ་སེམས་ཅན་དམུས་ལོང་རྣམས་ཀྱིས་སྟོང་ཉིད་གཏན་ལ་དབབ་ཅིང་བདག་གི་ངོས་ནས་མ་གྲུབ་ཀྱང་སྣོད་བཅུད་རང་རང་གི་ངོས་ན་རང་རྒྱུད་ཅན་ཞིག་ངེས་པར་གྲུབ་པ་ཙམ་གྱིས་ཐོག་ཏུ་ཕེབས་ནས་ཐག་དེར་བཅད་པ་ལས༔ དོན་དམ་པའི་ལམ་སྟོང་པ་ཉིད་ངོ་འཕྲོད་པ་ནི་ཤིན་ཏུ་དཀོན་པས་འདིའི་གནད་ཀྱི་ངང་ཚུལ་ལ་ཞིབ་ཏུ་ལྟོས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་མེད་པས་སྟོང་ཉིད་ངེས་ཅན་ཞིག་ཡིན་ན༔ སྣང་སྲིད་ཀྱི་ཁམས་སུ་བདེ་སྡུག་མྱོང་ཚོར་དང་ཡུལ་ནས་ཡུལ་དུ་ཁ་བརྒྱུད་པ་མེད་ངེས་ཡིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་སེམས་ཅན་ཆེན་པོ་འདིས་ཚེ་རབས་ཐོག་མ་མེད་པ་ཞིག་ནས་ཁམས་གསུམ་གྱི་འཁོར་བར་འཁོར་མ་མྱོང་༔ གཞན་ཡུལ་མང་པོར་ཁ་བརྒྱུད་ནས་འཕོ་བགྲོད་བྱས་པའང་མེད༔ མིག་གིས་གཟུགས་སྤུ་རྩེ་ཙམ་ཡང་མ་མཐོང་༔ རྣ་བས་སྒྲ་བྲག་ཆ་ཙམ་ཐོས་མ་མྱོང་༔ སྣས་དྲི་དང་༔ ལྕེས་རོ་དང་༔ ལུས་ཀྱིས་རེག་བྱ་རྣམས་ཀྱང་དེ་བཞིན་ཚོར་མ་མྱོང་༔ འཁོར་བའི་ཁམས་ལ་གོམ་པ་གཅིག་ཀྱང་འདོར་མ་མྱོང་༔ ལས་ཀ་སོ་ནམ་བྱ་བྱེད་འབད་རྩོལ་ཏིལ་འབྲུ་ཙམ་ཡང་བྱེད་མ་མྱོང་༔ འདུག་པ་དང་༔ ལངས་པ༔ ཡན་ལག་ཐམས་ཅད་ཀྱིས་འགུལ་བསྐྱོད་བྱས་པ་མེད༔ སྐྱེ་བ་དང་༔ གཞོན་པ་དང་༔ དར་བ་དང་༔ རྒུད་པ་དང་༔ ན་བ་དང་༔ འཆི་བ་ལ་སོགས་མྱོང་ཚོར་བྱུང་མ་མྱོང་ངེས་པ་རུ་ཐག་ཆོད་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཐོག་མཐའ་མེད་པར་འཁྲུལ་པ་འདི་ཡང་ངེས་པ་དང་༔ འཁོར་བ་མང་པོར་ཁ་བརྒྱུད་པའང་ངེས་པ་དང་༔ རྒྱལ་ཁམས་མིག་གིས་མཐོང་བ༔ སྒྲ་སྐད་རྣ་བས་ཐོས་པ༔ དྲི་ཚོགས་སྣས་ཚོར་བ༔ རོའི་བྱེ་བྲག་རྣམས་མངོན་སུམ་མིག་གིས་མཐོང་༔ དོན་དམ་ལག་པས་བཟུང་ནས་ཁ་རུ་ཟོས་པས་རོ་མྱོང་༔ རེག་བྱ་འཇམ་རྩུབ་ཐམས་ཅད་ལུས་ཀྱིས་མྱོང་བ་དང་༔ ས་སྟེང་རྐང་པས་བསྐོར་བ་དང་༔ སྐྱེ་རྒ་ན་འཆིའི་སྣང་བ་མངོན་སུམ་དུ་བྱུང་བ་དང་༔ འབད་རྩོལ་གཡོ་འགུལ་བྱས་པའི་སྒོ་ནས་ལས་ཀ་སོ་ནམ་ལ་བརྩོན་པ་འདི་མ་གྲུབ་པ་ཅིའི་ཕྱིར་བསྟན་པ་ཡིན༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རྨི་ལམ་གྱི་ཡུལ་ནས་ཉིན་སྣང་གི་ཡུལ་དུ་བགྲོད་པ་མིན་ཏེ་སྣང་བ་གནས་འགྱུར་ལྟ་བུ་དང་༔ རྨི་ལམ་ན་རྒྱལ་ཁམས་མཐོང་ཡང་དེ་རིང་བརྟག་པས་ཏིལ་མིག་ཙམ་མ་མཐོང་བ་དང་༔ རྨི་ལམ་ན་སྒྲ་སྐད་སྣ་ཚོགས་པ་དང་༔ དྲི་དང་༔ རོ་དང་༔ རེག་བྱར་སྣང་བ་སྣ་ཚོགས་ཤར་ཡང་༔ དེ་རིང་བརྟག་ན་རྣ་བས་རང་སྒྲ་རང་གིས་ཐོས་པ་དང་༔ སྣས་རང་དྲི་རང་གིས་ཚོར་བ་དང་༔ ལྕེས་རང་རོ་རང་གིས་མྱོང་བ་ལས་གཞན་པའི་ཟས་ཁམ་གཅིག་ཟ་མ་མྱོང་བ་དང་༔ རྨི་ལམ་ན་རྒྱལ་ཁམས་རྐང་པས་བསྐོར་བ་རྨིས་ཀྱང་དེར་གོམ་པ་གཅིག་དོར་བ་མེད་པ་དང་༔ རྨི་ལམ་ན་ལས་ཀ་སོ་ནམ་འབད་རྩོལ་སྣ་ཚོགས་བྱེད་པར་སྣང་ཡང་དེ་རིང་ལྟོས་དང་སྐད་ཅིག་ཙམ་བྱས་པ་མེད་པ་དང་༔ དེ་བཞིན་དུ་སྐྱེ་རྒ་ན་འཆི་འགྲོ་འདུག་འགུལ་བསྐྱོད་ཀྱི་སྣང་བ་ཐམས་ཅད་མེད་བཞིན་དུ་འཁྲུལ་པའི་སྣང་བ་སྣང་ཙམ་ཉིད་ལས་ཡུལ་མེད་གནས་མེད་རྟེན་མེད་མ་བྱུང་མ་སྐྱེས་པ་དེས་སྟོན་པ་ལ་ལྟོས་ཤིག༔ དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་སྣང་ཙམ་ལས་སྟོང་པ་བདེན་པར་མ་གྲུབ་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ རྨི་ལམ་དང་ཉིན་སྣང་མི་འདྲ་སྟེ༔ རྨི་ལམ་འཁྲུལ་སྣང་དང་༔ ཉིན་སྣང་བདེན་གྲུབ་ཅན་བློ་ཡིད་བརྟན་པ་བསྒྱུར་མི་ཐུབ་པ་ཞིག་ཡོད་པར་སྣང་བས་ན༔ དེའི་ངང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཁྱོད་ཀྱི་ལུས་འདི་སྣང་ནས་ཡིད་ལ་དྲན་ཚུན་ཆད་དུ་ཉིན་སྣང་གི་ལས་ཀ་བྱ་བྱེད་སོ་ནམ་རྙེད་པ་གསོག་འཇོག་འབད་རྩོལ་འདོད་ཡོན་གྱི་སྣང་བ་ཐམས་ཅད་ད་ལྟ་གང་ན་མཆིས༔ དོན་དང་བྱ་བ་གང་འགྲུབ༔ བདེན་པར་གྲུབ་པ་ཅི་ཡོད་གང་ཡིན་ངོས་ཟུངས་ཤིག༔ དེ་བཞིན་དུ་རྨི་ལམ་གྱི་སྣང་བ་དང་མཉམ་མི་མཉམ་གྱི་ཚུལ་དང་༔ དེ་གཉིས་ཀ་ལ་ཡུན་རིང་ཐུང་དང་གྲངས་མང་ཉུང་ལ་ཁྱད་པར་ཡོད་མེད་ལྟོས་ཤིག༔ འཁོར་འདས་གཉིས་ལ་འཁྲུལ་དང་མ་འཁྲུལ་གཉིས་ལས་བྱེ་བྲག་ཕྱེད་རྒྱུ་མེད་དེ༔ རྨི་ལམ་འཁྲུལ་པ་མི་བདེན་ཅིང་ཉིན་སྣང་མ་འཁྲུལ་པ་བདེན་པར་འཛིན་ན༔ ཉིན་སྣང་དུ་སངས་རྒྱས་མ་འཁྲུལ་པ་དང་༔ རྨི་སྣང་དུ་སེམས་ཅན་འཁྲུལ་པར་འདོད་པ་ཡིན་ནམ༔ དེ་ཡིན་ཞག་གཅིག་ལ་འཁོར་འདས་གཉིས་གནས་འགྱུར་བས་གཉིས་ཀ་གང་ལའང་རེ་སྨོན་མེད་པར་ཐག་ཆོད་པ་དང་༔ ཡང་ན་དེ་གཉིས་འཁྲུལ་པ་ཡིན་ཡང་འཁྲུལ་པ་ལ་བདེན་རྫུན་ཡོད་པར་སེམས་ན་འཁྲུལ་སྣང་ལ་ཁྱད་པར་ཡོད་པའི་དོན་མ་མཆིས༔ མ་ཡིན་པ་ལ་ཡིན་པར་བཟུང་བས་འཁྲུལ་སྣང་ཞེས་བྱའོ༔ ཁྱོད་ཀྱི་རྨི་ལམ་ན་འདི་རྨི་ལམ་མོ༔ འདི་ནི་འཁྲུལ་པའོ་སྙམ་ནས་བདེན་རྫུན་མི་བྱེད་པ་ཨེ་ཡིན༔ དགྲ་ལ་སྡང་སེམས་དང་༔ གཉེན་ལ་ཆགས་སེམས་དང་༔ བཟང་པོ་ལ་རེ་བ་དང་༔ ངན་པ་ལ་དོགས་པ་མེད་པ་ཡིན་ནམ༔ དེ་མ་ཡིན་པར་ཉིན་དུས་ཡང་བཟང་ངན་བདེ་སྡུག་འདོད་ཡོན་ཐམས་ཅད་ལ་བདེན་ཞེན་སྐྱེས་ནས་བདེན་པར་འཛིན་པ་དང་༔ རྨི་སྣང་ལའང་དེ་བཞིན་དུ་བདེན་པར་འཛིན་ཅིང་བདེན་ཞེན་ཉིན་མོའི་སྣང་བ་བཞིན་དུ་ཡོད་ན་ཁྱོད་ཀྱིས་རང་གིས་རང་ལ་རྫུན་དང་གཡོ་སྒྱུའི་སྣང་སེམས་བཀོད་ནས་དེར་བདེན་ཞེན་སྐྱེས་ཏེ་རང་བསླུས་པའི་ངང་ཚུལ་ལ་ལྟོས་ཤིག༔ ཀྱཻ་སྣང་བའི་དབང་པོ་རྣམ་པར་རྟོག་པའི་དབང་གིས་ཕྱོགས་ཐམས་ཅད་དུ་འགྲོ་བའི་སྣང་བ་ཤར་ཏེ་གོམ་པ་འདོར་ལེན་གྱི་སྣང་བ་ཙམ་ནས་གཟུགས་སྣང་སོགས་མ་ངེས་པར་མཆེད་ཅིང་དབྱིངས་སུ་ཡལ་བ་དུས་མཉམ་དུ་བྱེད་པ་དང་༔ རི་དང་ལུང་པ་གནས་དང་ནོར་རྫས་ཐམས་ཅད་སྔ་ནུབ་ཕྱི་འབྱུང་ལས་སྔ་མ་ཤུལ་དུ་བོར་ནས་ཕྱི་མ་སླེབ་པ་མ་ཡིན་པར་མིག་ཕྱེ་བཙུམ་གྱིས་ཀྱང་སྣང་བ་ཐམས་ཅད་དབྱིངས་སུ་ཞིག་ནས་ཕྱི་མ་མཆེད་པ་ཡིན་ཏེ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སྣང་བའི་ཆོས་འདི་ཀ་སྔོན་ནས་ཡོད་པའི་མི་དང་ས་ཆ་ཡུལ་རིས་ཐམས་ཅད་ཐ་དད་མ་ཡིན་པར་གཅིག་ཏུ་འདུག་པ་དེ་ཡང་དབང་པོའི་སྒོ་རུ་སྣང་བ་ཡིན་པར་སེམས་པ་ལས་སྔ་མ་དབྱིངས་སུ་ནུབ་ནས་ཕྱི་མ་སླར་མཆེད་པར་མི་སེམས་ཏེ༔ སྣང་བའི་ཆོས་ཐམས་ཅད་ཀྱི་བྱད་དང་ངང་ཚུལ་ཐམས་ཅད་འགྱུར་བ་མེད་པར་རོ་གཅིག་ཏུ་སྣང་བས༔ དེའི་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་མ་ལགས་ཏེ༔ སྔོན་ནམ་མཁའ་ལ་འཇའ་ཚོན་ཤར་བ་དང་༔ དེ་རིང་འཇའ་ཚོན་སྣང་བ་གཉིས་གཅིག་པར་འདོད་དམ༔ སྔོན་ནམ་མཁའ་ལ་སྤྲིན་དང་ན་བུན་འབྲུག་སྒྲ་གྲགས་པ་ཆར་དང་སྐྱི་སེར་འབབ་པ་རྣམས་དང་༔ དེ་རིང་དེ་འབྱུང་བ་གཉིས་གཅིག་ཡིན་པར་སེམས་མམ༔ རྨི་ལམ་ལུས་དང་འདོད་ཡོན་གྱི་སྣང་བ་ཐམས་ཅད་དང་ཉིན་སྣང་གི་དེ་དང་གཅིག་ཏུ་འདོད་དམ༔ དེ་ལྟར་འདོད་ན་དེ་དག་ཐམས་ཅད་མི་སྣང་བའི་དུས་ཡུལ་གང་ལ་འདུག་པའི་ངང་ཚུལ་ལ་ལྟོས་ཤིག༔ དེ་དག་ཐམས་ཅད་ཀྱི་གཟུགས་དང་དབྱིབས་དང་ཁ་དོག་ངང་ཚུལ་ཐམས་ཅད་ལ་ཁྱད་པར་རྡུལ་ཙམ་མ་མཆིས་པ་ཡིན༔ ཉིན་མོར་སྣང་བའི་མི་དང་སྲོག་ཆགས་རྨི་ལམ་ན་རྨིས་ཚེ་དེ་གཉིས་ཀ་གཅིག་ལས་ཐ་མི་དད་པར་འདོད་དམ༔ གལ་ཏེ་གཅིག་པུར་སེམས་ན་ཉིན་སྣང་དུ་མི་ལ་ན་ཚ་དང་མཚོན་ཆས་བཏབ་པ་དང་༔ ཤི་བ་རྣམས་སྣང་ཡང་༔ རྨི་སྣང་ན་དེ་ལྟར་མ་གྲུབ་པ་དང་༔ ས་ཆ་ཡུལ་རིས་རྣམས་ལ་ས་ཞིག་རི་ཉིལ་སྣ་ཚོགས་སྣང་ཡང་༔ དེ་མི་མཚུངས་པ་ལ་སོགས་པའི་རྟགས་རང་ས་ནས་སྟོན་པ་དེ་ཡིན༔ སྣང་བའི་ཆོས་ཐམས་ཅད་མེད་ཅིང་མ་གྲུབ་པ་ལ་རྟག་པར་བཟུང་ནས་འཁྲུལ་པ་ཡིན༔ དོན་ལ་མ་གྲུབ་ཅིང་མི་རྟག་པ་འགྱུར་བའི་ཆོས་ཅན་སྣང་ཙམ་ཉིད་ནས་སྟོང་པ་ཡུལ་མེད་ཀྱི་ངང་ཚུལ་ཤེས་པ་ནི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཡང་སྙིང་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་ཆོས་ཐམས་ཅད་མེད་བཞིན་སྣང་བ་ནི་ལགས་སོ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡེ་ནས་སྟོང་པར་ངེས་ན་གཏན་ལ་དབབ་དགོས་པའི་དོན་མེད་ཅིང་རང་གིས་སྟོང་པ་དེས་ཆོག་པར་སེམས་པས་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་སེམས་ཅན་ཐམས་ཅད་བདག་མེད་ཡུལ་མེད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ཀྱང་དེ་ངོ་མ་ཤེས་པའི་དབང་གིས་ཁམས་གསུམ་གྱི་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་བདེན་པར་ཞེན་པ་ཡིན༔ འདི་ལྟར་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གཏན་ལ་ཕབ་ནས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་ཏེ༔ ངང་མངོན་དུ་བྱས་ན་སྒོམ་པའི་ངོ་བོ་དང་ལམ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལུང་མན་ངག་བླ་ན་མེད་པའི་ཡང་བཅུད་ཡིན་པས་ཤེས་པར་གྱིས་ཤིག༔ དེ་མ་རྟོགས་ན་སྟོང་ཉིད་ལུང་མ་བསྟན་དུ་སོང་བས་ཕན་གནོད་མེད་པ་ཡིན༔ སྟོང་པ་ཉིད་ཀྱི་ངང་ཚུལ་ཤེས་ན་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་ཉིད་ཡིན་ཏེ་ས་ལམ་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་ཡང་དག་པའི་སྟོང་ཉིད་ཡིན་ཀྱང་འདི་རྟོགས་པ་ཙམ་གྱིས་སྣང་སྲིད་ཀྱི་ཆོས་ཐམས་ཅད་མེད་པར་མི་འགྱུར་བས་ལུས་ངག་གི་དགེ་བ་ཞིག་གིས་ལྷག་གམ་སྙམ་པས༔ དེའི་དོན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཁྱོད་དེ་ལྟར་མ་སེམས་ཤིག༔ ཀུན་རྫོབ་ཀྱི་དགེ་བ་ལུས་ཀྱིས་ཕྱག་བསྐོར་བྱས་པ་དང་༔ ངག་གིས་བཟླས་བརྗོད་བྱས་པ་ཙམ་གྱིས་མི་ཚེ་འདའ་བར་བྱས་ཀྱང་གྲོལ་བ་ག་ལ་ཐོབ༔ སེམས་ཀྱི་དགེ་བ་ཡང་ལྷ་བསྒོམ་པ་དང་༔ བསམ་གཏན་བསྒོམ་པ་དང་༔ རྣམ་པར་རྟོག་པ་རིག་པ་ཙམ་གྱིས་གྲོལ་བར་མི་འགྱུར་ན་སྟོང་ཉིད་ཤེས་པ་ཙམ་གྱིས་གྲོལ་བ་མི་འཐོབ་པ་ལ་བསམ་ནས་སུན་པའི་དོན་ཅི་ཡོད༔ དེ་སེམས་ན་ཤིན་ཏུ་བླུན་ཅིང་རྨོངས་པའི་མུན་པ་ཆེན་པོས་བསྒྲིབ་ནས་ཆོས་ཐམས་ཅད་ཀྱི་ངང་ཚུལ་ཡིན་ལུགས་ལ་དཔྱོད་པའི་ཤེས་རབ་ཀྱི་མིག་ལོང་བར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེང་སང་སྒོམ་པའི་སྒོར་ཞུགས་ཏེ་སྒྲུབ་པ་ལ་བརྩོན་པའི་སྐྱེས་བུ་འགའ་དང་སློབ་དཔོན་འགས་རྒྱལ་བའི་བཀའ་རྒྱུད་ལུང་མན་ངག་ལ་བལྟས་པས་ཤེས་པ་དང་༔ བསླབ་པས་ཤེས་པ་རྣམས་ཀྱིས་བསྒོམ་དང་རྟོགས་པའི་གོ་མི་ཆོད་དེ་གང་ཟག་རང་སྟོབས་ཀྱིས་ཤེས་དགོས་པ་ཡིན༔ བདེ་རྩུབ་ཀྱི་རིམ་པ་མང་པོ་ཉམས་སུ་མྱོང་ནས་མཐར་ཤེས་པ་ཞིག་ངོ་འཕྲོད་པ་དེ་ནི་ཡང་དག་པ་ཡིན་པར་འཆད་པ་དེ་ཡང་དག་པའི་དོན་ཡིན་ནམ་མ་ཡིན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རྒྱལ་བ་རྣམས་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣལ་འབྱོར་པ་རྣམས་ཀྱིས་ཤེས་ཤིང་རྟོགས་དགོས་པའི་ཕྱིར་བསྟན་པ་ཡིན་ཏེ༔ དེའི་ངང་ཚུལ་དང་མཐུན་པ་རྗེས་འཇུག་རྣམས་ཀྱི་ལམ་ཡིན་པས་རྒྱུད་ལུང་མན་ངག་ཐམས་ཅད་དང་མཐུན་པ་གནད་ཀྱི་དམ་པ་ཡིན་པ་ལས༔ སེམས་ཅན་རང་སྟོབས་ཀྱིས་ནི་བསྐལ་པ་ཐོག་མ་མ་མཆིས་པའི་དུས་ནས་ལམ་མ་རྙེད་ཅིང་བདེ་སྡུག་གི་སྣང་བ་རྒྱུན་མི་ཆད་པར་མྱོང་བ་ལ་ཞེན་ནས་འཁྲུལ་པ་ཡིན་པས༔ ད་དུང་ཡང་རྒྱལ་བའི་བཀའ་རྒྱུད་ལུང་མན་ངག་དང་མ་བསྟུན་ན་རང་སྟོབས་ཀྱིས་རྣམ་པར་གྲོལ་བའི་ས་ལམ་མི་རྙེད་ཅིང་བདེ་སྡུག་མྱོང་ཚོར་གྱི་སྣང་བས་རྣམ་མཁྱེན་གྱི་གོ་འཕང་ཐོབ་པ་རི་བོང་གི་རྭ་འདོད་པ་ལྟ་བུ་ཡིན་ཏེ༔ ཤིན་ཏུ་བླུན་ཅིང་རྨོངས་པའི་གཏམ་མ་བརྟག་མ་དཔྱད་མ་རྟོགས་པའི་ཚིག་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ མེད་པས་སྟོང་པར་གོ་ཡང་གཞན་གྱིས་རྒོལ་བ་དང་༔ གཡང་ཁར་མཆོང་བ་དང་༔ ཆུ་དང་མེ༔ མཚོན་གྱིས་བཏབ་པ་སོགས་ལ་དོགས་པ་དང་༔ འཇིགས་སྐྲག་དང་༔ ཟུག་རྔུ་ན་ཚ་ཕུང་འགྱོད་སོགས་འབྱུང་རྒྱུ་ཡོད་པ་དེས་ན་ཡོད་ངེས་པ་རུ་སེམས་པས་དེ་ཇི་ལྟ་བུ་ལགས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་རྒོལ་བ་པོ་དང་༔ བདག་མཚོན་དང་དབྱུག་པས་བསྣུན་ཡུལ་དང་༔ ཆུ་དང་མེ་དང་གཡང་སར་འཇིགས་ཡུལ་ཞིག་སྣང་ཚེ་གཉིས་འཛིན་གྱི་དབང་གིས་སྡུག་བསྔལ་དང་ཟུག་རྔུའི་སྣང་བ་འཆར་ངེས་ཏེ༔ ངེས་པར་ཕུང་ཞིང་གནོད་བྱེད་མ་ཡིན་པའི་ཚུལ༔ དམྱལ་བའི་མེས་མི་ཚིག༔ ཡི་དྭགས་བཀྲེས་སྐོམ་གྱིས་མ་ལྟོགས༔ ལྷ་མ་ཡིན་འཐབ་རྩོད་ཀྱིས་མཚོན་ཆས་མ་ཆོད་པ་དེ་བཞིན་དུ་སྡུག་བསྔལ་ཟུག་རྔུ་ཐམས་ཅད་སྣང་ངོས་ན་སྣང་ཙམ་ལས་སྟོང་ངོས་ན་ཅིར་ཡང་མ་གྲུབ་པའོ༔ ཀྱཻ་རིགས་ཀྱི་བུ་ཡེ་གཞི་ནམ་མཁར་སྣང་ནས་གཞན་དུ་བཟུང་༔ ནམ་མཁའ་ས་རུ་སྣང་ནས་ས་དངོས་པོར་བཟུང་༔ དེ་བཞིན་དུ་ནམ་མཁའ་ཆུ་དང་༔ མེ་དང་༔ རླུང་དང་༔ སེམས་ཅན་ལ་སོགས་པའི་འདོད་ཡོན་གྱི་སྣང་བ་སྣ་ཚོགས་སུ་སྣང་ནས་སྣང་བ་ལ་དངོས་པོར་བཟུང་བ་དཔེར་ན་རྒྱ་མཚོ་ལ་ཉི་ཟླ་དང་གཟའ་སྐར་ལ་སོགས་པའི་གཟུགས་བརྙན་སྣ་ཚོགས་སྣང་ཡང་རྒྱ་མཚོ་ལས་གཞན་མ་གྲུབ་པ་བཞིན་དུ་ཐམས་ཅད་ནམ་མཁའ་ཉིད་དུ་འགག་བསྡམ་པར་བྱའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཆོས་དབྱིངས་ནམ་མཁའ་རྣམ་དག་གི་རང་བཞིན་ལ་དགེ་བས་ཕན་བཏགས་པ་དང་༔ སྡིག་པས་གནོད་བྱས་པ་དང་༔ ལྷས་ཕན་བཏགས་པ་དང་༔ འདྲེ་དང་གནོད་བྱེད་ཀྱིས་གནོད་པ་བྱེད་པའི་ཡུལ་རྣམས་མཆིས་སམ་མ་མཆིས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ལུས་ངག་ཡིད་གསུམ་གྱིས་དགེ་བ་བྱས་པ་ཐམས་ཅད་གནས་གང་དུ་མཆིས༔ ཡུལ་གང་དུ་བསགས་ཤིང་འདུས་པའི་ཚུལ་ལ་ལྟོས་དང་༔ དགེ་བའི་ལས་བསགས་པ་ཐམས་ཅད་ཅང་མེད་སྟོང་པ་ཡུལ་མེད་ཟང་ཐལ་དུ་སོང་བ་ལས་གཅིག་ཀྱང་མ་གྲུབ་ན་དགེ་བ་བྱེད་པའི་སྣང་བ་ཙམ་དུ་ཟད་པའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སེམས་ལ་ཕན་པ་མ་ལགས་སམ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ སེམས་ཀྱི་ཕྱི་ནང་མགོ་མཇུག་ལ་སོགས་གང་ལ་ཕན་བཏགས་པར་ལྟོས་དང་༔ ཕན་གདགས་མཁན་དང་གདགས་ཡུལ་མ་གྲུབ་ན་ཕན་མ་བཏགས་ངེས་པ་རུ་ཐག་ཆོད་པ་ཡིན་ནོ༔ སྡིག་པ་བསགས་པ་ཐམས་ཅད་ཀྱང་ཕྱོགས་དང་གནས་ཡུལ་གང་དུ་ཚོགས་པའམ༔ གནས་པའི་ངང་ཚུལ་ལ་ལྟོས་དང་༔ གདོད་ནས་མ་གྲུབ་ཅིང་མི་གནས་པས༔ སེམས་ལ་གནོད་པར་བྱས་སོ་སེམས་ན་ཕྱི་ནང་སྟོད་སྨད་མགོ་མཇུག་སོགས་ལ་བརྟག་ཅིང་དཔྱོད་པས་སྣང་ཙམ་ཉིད་ནས་སྟོང་པར་སོང་བ་ལས་གནོད་པ་བྱས་པ་ཏིལ་འབྲུ་ཙམ་ཡང་མེད་པར་ཐག་ཆོད་པའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཕན་གནོད་མེད་པར་སྣང་ཡང་ད་དུང་ཡོད་པར་སེམས་ཀྱི༔ དེའི་ཚུལ་མངོན་སུམ་དུ་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་ཚེ་གཅིག་ལུས་ངག་དགེ་བ་ལ་སྦྱོར་བའི་མི་རྒན་ཞིག་དང་༔ ཚེ་གཅིག་སྡིག་པ་མི་དགེ་བའི་ལས་ལ་སྤྱོད་པའི་མི་རྒན་གཉིས་ཀྱི་ཤེས་རྒྱུད་ལ་བརྟག་ན་དེ་གཉིས་ཀས་འདོད་རྒྱུ་བདེ་བ་དང་༔ མི་འདོད་པ་སྡུག་བསྔལ་དང་༔ རང་ཕྱོགས་ལྷ་རུ་མཐོང་ཞིང་གཞན་ཕྱོགས་འདྲེ་རུ་འཛིན་པ་དང་༔ བཟང་པོ་ལ་རེ་བ་བྱ་ཞིང་ངན་པ་ལ་དོགས་པ་བྱེད་པ་ལ་སོགས་པའི་བསམ་པ་དང་༔ འདོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་མཐུན་པ་ལས་བཟང་ངན་མེད་པ་ཡིན་ན༔ སྔོན་ཡང་བསམ་སྤྱོད་འདོད་ཕྱོགས་འདིས་འཁོར་བ་མཐའ་མེད་དུ་འཁྲུལ་པ་དང་༔ ཕྱིས་ནས་ཡང་འདི་ལྟར་འཁྲུལ་རྒྱུ་ཡིན་པས་ཁྱད་པར་མེད་པ་རུ་ཐག་ཆོད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དགེ་སྡིག་སྤྱད་པ་ལ་ལས་ཀྱི་རྣམ་པར་སྨིན་པ་མེད་པ་ཡིན་ནམ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་དགེ་སྡིག་གི་ལས་གང་བྱས་ཀྱང་རང་རང་གི་རྣམ་སྨིན་མ་ཟད་ཀྱི་བར་དུ་བདེ་བ་དང་སྡུག་བསྔལ་གྱི་སྣང་བ་རྒྱུན་མི་ཆད་པར་བྱུང་ནས་ལས་ཟད་པས་རྒྱུ་འབྲས་གཞན་ལ་སྤྱོད་པ་ཡིན་ཅིང་༔ ལུས་ངག་གི་དགེ་བས་གནས་སྐབས་སུ་བསོད་ནམས་བསགས་པ་ཙམ་གྱིས་འཁོར་བའི་བསྣོན་མར་འགྱུར་བ་ལས་གཏན་གྱི་བདེ་བ་འཐོབ་པར་མི་འགྱུར་ངེས་པ་ཅན་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་སྣང་བའི་དབང་པོ་སྟོང་ཉིད་སྤྲོས་པ་དང་བྲལ་བ་ལ་ཕན་བྱེད་ཀྱི་ལྷས་ཕན་བཏགས་པ་མེད་དེ༔ ལྷ་ཞེས་བྱ་བའི་ཕ་མ་རྒྱུ་རྐྱེན་བྱུང་གནས་འགྲོ་གསུམ་གཟུགས་དབྱིབས་ཁ་དོག་དང་བཅས་པ་དང་༔ ལྷ་གནས་པའི་ཡུལ་ཕྱོགས་ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་དང་བཅས་པ་ལ་ལྟོས་དང་དེར་མ་མཆིས༔ གནས་པའི་ས་དང་རྟེན་ཡུལ་མེད་པས་མིག་གིས་མཐོང་བའི་གཟུགས་མ་གྲུབ༔ རྣ་བས་ཐོས་པའི་སྒྲ་མ་མཆིས༔ སྣས་ཚོར་བའི་དྲི་མ་མཆིས༔ ལྕེས་མྱོང་བའི་རོ་མ་མཆིས༔ ལུས་ལ་མྱོང་བའི་རེག་བྱ་མ་མཆིས་པས་ཕན་ཇི་ལྟར་བཏགས༔ རང་གི་གནས་ཁང་གི་ཕྱི་ནང་བར་གསུམ་ལུས་ཀྱི་མགོ་མཇུག་སྟོད་སྨད་ཕྱི་ནང་ཐམས་ཅད་ལ་བརྟག་ཅིང་དཔྱད་པས་གང་དུའང་མི་གནས་ཤིང་མ་གྲུབ༔ རི་དང་རྩི་ཤིང་ནགས་ཚལ་ཐམས་ཅད་རྡུལ་དུ་ཕབ་པའི་ཁུང་ནས་ལྷ་བཙལ༔ རྡུལ་ཕྲ་རབ་དང་ཆ་མེད་ཀྱི་ཁུང་ནས་ལྷའི་གནས་ས་དང་གནས་མཁན་ལ་བརྟག་ཅིང་༔ གལ་ཏེ་ལྷ་ཡོད་པར་སྲིད་ན་ལྷ་དངོས་མེད་ཀྱིས་བདག་དངོས་ཅན་ལ་ཕན་ཇི་ལྟར་བཏགས༔ སྟོང་པས་སྟོང་པར་ཕན་གདགས་པའི་ནུས་པ་མེད་པའི་ངང་ཚུལ་ལ་བརྟག་སྟེ་ཡུལ་མེད་དུ་ཐག་ཆོད་པར་གྱིས་ཤིག༔ གནོད་པར་བྱེད་པའི་འདྲེ་གདོན་ལ་བརྟག་པའང་འདི་ལྟ་སྟེ༔ འདྲེ་ཞེས་བྱ་བའི་དགྲ་བོ་ཆེ་ཀུན་གྱིས་གནོད་བྱེད་དུ་འཛིན་པ་དོགས་པའི་ཡུལ་དུ་གྱུར་པ་དེ་དག་དང་པོ་གང་ལས་བྱུང་༔ ས་ལས་སྐྱེས་སམ༔ ཆུ་ལས་སྐྱེས་སམ༔ རླུང་ལས་བྱུང་ངམ༔ ནམ་མཁའ་ལས་བྱུང་བརྟག་པས་བྱུང་བའི་ཁུངས་ཡོད་པར་སེམས་ན་དངོས་པོ་དེ་དག་རྡུལ་དུ་ཕབ༔ རྡུལ་ཕྲ་རབ་ལ་ཕབ༔ ཕྲ་རབ་ཆ་མེད་དུ་བཏང་བའི་ཁུང་ཚུན་ཆད་དུ་བརྟག་པས༔ བྱུང་ས་བཙལ་བས་མ་རྙེད་པར་སྲོག་ཆགས་ལས་བྱུང་སྙམ་ན་དེའི་ཁམས་སྐྱེ་མཆེད་ཤ་ཁྲག་རུས་པ་རྐང་གི་ཁུང་ཡན་ཆད་དུ་བརྟག་ཅིང་དཔྱད་པས་ཡུལ་མེད་པར་མཐོང་ཡང་༔ ད་དུང་སེམས་ཅན་འཁྲུལ་པའི་རྣམ་པར་ཤེས་པ་འདྲེ་རུ་གྱུར་པ་ཡིན་སྙམ་ན་དེ་གནས་པའི་ས་བཙལ་ཏེ་ས་ཆུ་མེ་རླུང་འབྱུང་བ་གང་ལ་གནས་བརྟག་པས་གནས་པའི་ས་མི་རྙེད་ཅིང་༔ ད་དུང་ཡོད་པར་སེམས་ན་གནས་མཁན་དེའི་གཟུགས་དབྱིབས་ཁ་དོག་སྐྱེ་མཆེད་ཇི་ལྟ་བུ་ལགས༔ མིག་ལམ་དུ་སྣང་བའི་གཟུགས་དང་༔ རྣ་བའི་སྒོར་སྣང་བའི་སྒྲ་དང་༔ སྣའི་ཡུལ་དུ་སྣང་བའི་དྲི་དང་༔ ལྕེའི་ཡུལ་དུ་སྣང་བའི་རོ་དང་༔ ལུས་ཀྱི་ཡུལ་དུ་སྣང་བའི་རེག་བྱ་རྣམས་གྲུབ་བམ་མ་གྲུབ་བརྟག་པས་ཡུལ་མེད་དུ་མཐོང་སྟེ༔ ཐ་མ་འགྲོ་ས་དང་འགྲོ་མཁན་ལའང་བརྟག་པས་འགྲོ་བའི་ཡུལ་དང་བདག་པོ་མ་གྲུབ༔ གཞན་ཡང་འདྲེ་ཞེས་བྱ་བ་དེ་དག་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལས་འདས་པ་ཡིན་ན་བདག་དངོས་པོ་ཅན་ལ་ཇི་ལྟར་གནོད་པར་བྱེད༔ གནོད་བྱེད་སྟོང་པ་ཡུལ་མེད་ཅིང་གནོད་ཡུལ་ཡང་སྟོང་པ་ལས་མ་གྲུབ་ན་སྟོང་པས་སྟོང་པ་ལ་གནོད་པ་འབྱུང་བའི་ཐབས་མེད་པ་དང་༔ རྣམ་ཤེས་སྟོང་པས་གཞན་ལ་གནོད་པ་བྱེད་སྲིད་ན་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པས་གཅིག་གིས་གཅིག་ཟ་ཞིང་ཕུང་བར་འགྱུར་བ་ལས་འདྲེ་ཞེས་རང་མཚན་པ་མེད་པར་གོ་བར་འགྱུར་བ་ཡིན༔ དེ་ལྟར་འདྲེ་ཞེས་བྱ་བ་མཐོང་ཚོར་མ་གྲུབ་ཀྱང་སྒོ་གསུམ་གྱི་ཐོག་ཏུ་བདེ་སྡུག་གི་སྣང་བ་སྣ་ཚོགས་འབྱུང་བ་འདི་དག་ལྷ་དང་འདྲེ་ངེས་པ་ཞིག་ཡིན་པར་སེམས་ན༔ ནད་དང་སྡུག་བསྔལ་བྱུང་ཚེ་འདྲེ་དེ་དག་གིས་མཚོན་གྱིས་བཏབ་ན་རྨ་དང་༔ རྡོ་དང་དབྱུག་པས་བསྣུན་པ་ཡིན་ན་སྐྲང་དང་ལྦ་བ་འབྱུང་དགོས་པ་དང་༔ ཁོང་དུ་ནད་བཏབ་པ་ཡིན་ན་ཁོང་དུ་ལག་པ་བཅུག་པའི་དུས་སུ་གོ་ཚོར་མྱོང་བ་སོགས་ཡོད་དགོས་པས་དེ་ལྟར་ཞིབ་ཏུ་བརྟག༔ ལྟོ་གོས་འདོད་ཡོན་སྣ་ཚོགས་ཀྱིས་བདེ་བ་རྒྱུད་ལ་སྐྱེ་ཞིང་མྱོང་བ་ལྷས་བསྐྱབ་པ་མ་ཡིན་པ་དང་༔ ལུས་སྟོད་སྨད་ལ་ཚེར་མ་ཟུག་པ་དང་༔ མེ་སྟག་ཐེབས་པའི་ཟུག་རྔུ་དང་༔ ཉི་མའི་ཚ་རེག་གིས་སྡུག་བསྔལ་མྱོང་བ་དང་༔ རླུང་དང་ལྷག་པས་གྲང་བ་མྱོང་བའི་སྡུག་བསྔལ་ཡང་འདྲེས་གནོད་པ་མ་ཡིན་པ་བཞིན་དུ་ལས་ངན་པའི་འབྲས་བུ་དུས་སུ་སྨིན་ནས་ན་བ་དང་༔ དབུལ་ཕོངས་དང་༔ དགྲ་སྡང་བ་དང་༔ གཉེན་བྲལ་བ༔ དཀའ་ཚེགས་དང་བཀྲེས་སྐོམ་ཐམས་ཅད་ལས་སྔ་མའི་རྣམ་པར་སྨིན་པའི་སྡུག་བསྔལ་གྱི་ཉམས་ཤར་བ་ལས༔ འདྲེ་དང་གནོད་བྱེད་གཞན་གྱིས་གནོད་བྱ་དང་གནོད་ཡུལ་མེད་པར་ཐག་ཆོད་པར་བྱ་བ་གནད་དུ་ཤེས་པར་བྱའོ༔ ལར་འགྲོ་བ་རྣམས་ཀྱིས་རང་གིས་བྱས་པ་རང་གིས་མྱོང་བ་ནི་སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བ་དང་འདྲ་མཚུངས་པའོ༔ རྣམ་རྟོག་སྔ་མས་བཟོས་པའི་འདྲེ་གདོན་ལ་སྐྲག་ཅིང་དོགས་པ་ནི་དཔེར་ན་བྱིའུ་རང་གི་གཤོག་སྒྲ་ལ་སྐྲག་པ་དང་༔ རི་དྭགས་རང་གི་རྡོག་སྒྲ་ལ་འདྲོག་པ་ལྟ་བུ་ལས་འདྲེ་གདོན་གཞན་གཅིག་ཀྱང་མ་གྲུབ་པར་ཤེས་པར་བྱའོ༔ ལར་རང་སྣང་འདྲེར་ཤར་ཏེ་མགོ་བོ་ལྷ་རུ་སྣང་བའི་ལྟས་ཞྭ་སོགས་གཙང་མར་འཛིན་པ་དང་༔ ཁོག་སྨད་འདྲེ་གདོན་དུ་སྣང་བའི་ལྟས་གོས་ཀྱི་སྨད་ཆ་རྩོག་པ་རུ་འཛིན་པ་དང་༔ ཁྱད་པར་དུ་རྐང་པ་གདོན་ཚད་མ་རུ་བཟུང་བའི་ལྟས་ལྷྭམ་མགོ་ཐོག་ཏུ་སོང་ན་དེའི་གྲིབ་ཀྱིས་སྒོ་གསུམ་ལ་གནོད་པ་ཆེན་པོ་འབྱུང་བའི་འཁྲུལ་པ་ལ་མངོན་པར་ཞེན་པ་དང་༔ སྣབས་དང་མཆིལ་མ་ལ་སོགས་པ་རང་གི་ལུས་ནང་ནས་ཐོན་པའི་ཟག་རྫས་ཐམས་ཅད་ས་ལ་ལྷུང་ཚེ་གདོན་དང་དུག་ལྟ་བུར་འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱང་རང་སྣང་དགྲ་རུ་བཟུང་བའི་འདྲེར་འཛིན་ཡིན་པའི་ངང་ཚུལ་ལ་ལྟོས་ཤིག༔ ལྷ་མཆོད་པར་འདོད་ནས་ཕུལ་པའི་རྫས་ཐམས་ཅད་གྲྭ་མ་ཉམས་པར་ཡུན་རིང་པོར་ཟ་མཁན་དང་སྤྱོད་མཁན་མེད་པའི་ཚུལ་ལ་ལྟོས་ཤིག༔ འདྲེ་བཀར་བར་འདོད་ནས་ཟས་ནོར་མང་པོ་བསྐྱལ་ཡང་དེ་ལེན་མཁན་མེད་པར་བསྐྱལ་ས་དེར་གནས་པའི་ཚུལ་ལ་ལྟོས་ཤིག༔ ཁབ་དང་སྐུད་པ་ཡན་ཆད་ནས་གནས་ཁང་དང་མཚོན་ཆ་མན་ཆད་ཀྱི་རྒྱུད་ན་འདྲེ་གདོན་ཡོད་པར་འཛིན་པ་ལ་བསམ་ན་དེ་བསད་པ་དང་༔ བརྡུང་བ་དང་༔ བཏུལ་བ་ལ་སོགས་པའི་བྱ་བ་བྱས་ན་འདྲེ་གསོད་པ་དང་༔ གདོན་བརླག་པར་ཅིས་མི་འགྱུར༔ རང་གིས་བཟོས་པ་དང་༔ བརྩིགས་པ་དང་༔ བཞེངས་པའི་གོས་རྒྱན་སྦྲ་ཁང་སྣང་བརྙན་རྣམས་ཀྱི་ནང་ན་འདྲེ་གདོན་ཡོད་པར་བསམ་ནས་སྤངས་པ་མང་པོ་འདུག་པ་དེའི་ངང་ཚུལ་ལ་བརྟག་ཅིང་དཔྱད་ན་ཏེའུ་ལོས་རང་གི་དྲི་མ་ཁུང་བུ་ལ་མནམ་པར་སེམས་ནས་ཁུང་བུ་དེ་སྤངས་པ་དང་འདྲ་མཚུངས་པས༔ མི་རྣམས་ཀྱིས་རྣམ་པར་རྟོག་པས་འདྲེ་གདོན་བཟོས་པ་ཡིན་པའི་མཚང་རང་ཐོག་ནས་ཤེས་པར་བྱའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ དེ་ལྟར་དགེ་སྡིག་དང་ལྷ་འདྲེས་ཕན་གནོད་ལ་བརྟག་དགོས་པའི་རྒྱུ་མཚན་གང་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དེ་ལྟར་དགེ་སྡིག་གིས་ཕན་གནོད་མེད་པའི་ཚུལ་གཏན་ལ་དབབ་དགོས་པའི་རྒྱུ་མཚན་ནི་འདི་ལྟ་སྟེ༔ ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་བྱེད་པ་ལམ་སྟོང་པ་ཉིད་ཡིན་ཀྱང་༔ གང་ཟག་བློ་རྨོངས་པ་མྱོང་ཞེན་ལ་དགའ་བ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་བསྒོམ་ཚེ་ཡིད་ལ་མྱོང་ཞེན་མ་གྲུབ་པའི་དབང་གིས་ཡིད་ཆེས་དང་བློ་གཏད་མེད་པར་གྱུར་ནས༔ ཡིད་ལ་བྱ་རྩོལ་དང་བཅས་བཅོས་མེད་པ་འདིས་མི་ཚེ་སྟོང་ཟད་དུ་འགྲོ་ཉེན་ཡོད་པ་ཨེ་ཡིན་སྙམ་ནས་ཕྱག་དང་བསྐོར་བ་མཆོད་འབུལ་བཟླས་བརྗོད་ལ་སོགས་པ་ལ་ནན་ཆེར་བརྩོན་པར་བྱེད་ཅིང་༔ ཡང་སྒོམ་འདིའི་ཡོན་ཏན་ལྷག་པར་བཤད་པས་དེ་ལ་འབད་པ་དགའ་འམ་སྙམ་ནས་ཅུང་ཟད་བསྒོམ་ཀྱང་གོ་རྒྱུའམ་མྱོང་རྒྱུ་གང་ཡང་མེད་པས་ཡང་སྒྲིབ་སྦྱོང་དང་བསོད་ནམས་བསགས་པའི་ཐབས་ལ་བརྩོན་པར་བྱེད་དེ༔ བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་པས་ཡུན་རིང་པོར་དེ་ལྟར་རེས་མོས་སུ་འབད་ཀྱང་མཐར་འཆི་ཁ་ཐ་མལ་དུ་ལུས་པ་ལས་འོས་མེད་པས༔ དེ་ཕྱིར་ཆོས་དང་ཆོས་མིན་གྱི་ཤན་དབྱེ་བ་མ་ཤེས་ན་སྒོམ་པ་ངོ་འཕྲོད་ཟེར་ཡང་ལྟ་བ་ལྐོག་ཏུ་གྱུར་ཏེ་དོན་དམ་པའི་ཆོས་ལ་ཡིད་ཆེས་པར་མི་འགྱུར་རོ༔ དགེ་སྡིག་ཐམས་ཅད་སེམས་ཀྱི་བྱེད་ལས་ཀྱི་དབང་གིས་བདེ་སྡུག་སྣ་ཚོགས་ཉམས་སུ་སྣང་བར་བྱེད་པ་ཙམ་ལས༔ དགེ་སྡིག་གི་ལས་ཐམས་ཅད་ལ་གཟུགས་མ་མཆིས༔ དངོས་པོ་མ་མཆིས༔ ཅིར་ཡང་མ་གྲུབ་ཅིང་མེད་པའི་ཚུལ་ཤེས་པ་ནི་སྒོམ་པ་ལ་ཡིད་ཆེས་པར་བྱེད་པའི་ཐབས་སུ་གྱུར་པ་དང་༔ དགེ་སྡིག་ཐམས་ཅད་ཀྱི་གཞི་སྟོང་པ་ཉིད་དུ་ཐག་ཆོད་པ་དང་༔ རང་ངོ་རང་གིས་མ་རིག་པས་བསྒྲིབ་པ་དང་༔ གཞི་སྟོང་ཉིད་ཆེན་པོ་འཁོར་འདས་ཡོངས་ཁྱབ་ཀྱི་རོལ་པར་མི་ཤེས་ཤིང་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་པ་ལ་ལུས་ངག་གི་དགེ་བ་སྤྱད་པ་ཙམ་གྱིས་སྒྲིབ་པ་དེ་མི་འདག་པར་ཤེས་ཏེ་རིག་པ་རང་ཐོག་ཏུ་ཡིད་ཆེས་ཤིང་བློ་གཏོད་པར་འགྱུར་བས་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བར་འབྱེད་པའི་དགོས་པ་ཡོད་དོ༔ ལྷ་འདྲེ་དང་དེ་དག་གིས་ཕན་གནོད་ལ་བརྟག་སྟེ་ཤེས་པར་མ་བྱས་ན་ངར་འཛིན་གྱི་ཕུང་པོར་གྲུབ་ཙམ་ནས་འགྲོ་བ་དྲུག་གི་སྣང་བ་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས་བསྒོམ་པ་དང་༔ ལྟ་བ་དང་༔ གཏད་སོ་དང་༔ བསྲེ་བ་དང་༔ ནང་དུ་བཀུག་པ་ལ་སོགས་པའི་སེམས་འཛིན་ཞུགས་ཕན་ཆད་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་༔ ནང་སློང་ལུས་ཀྱི་ན་ཚ་དང་༔ གསང་སློང་སེམས་ཀྱི་དགའ་སྡུག་མྱོང་ཚོར་སྣ་ཚོགས་རྒྱུན་མི་འཆད་པར་འབྱུང་བ་ཡིན༔ དེར་འདྲེར་འཛིན་དང་གདོན་འཛིན་གྱིས་རྣམ་པར་རྟོག་པའི་རྐྱེན་ཁར་ཤོར་ནས་དེར་ཞེན་ཅིང་ཡང་དག་པའི་ལམ་ལས་ལོག་སྟེ་གོལ་སར་འཆོར་བ་ཡིན་པས་དེའི་ཕྱིར་འདི་གཏན་ལ་དབབ་པར་བྱ་བ་གནད་དོ༔ གཅོད་ཀྱི་གདམས་པའི་སྒོར་ཞུགས་ནས་ཉམས་སུ་ལེན་པ་ལའང་ལྷ་འདྲེ་རང་སྣང་ལས་མི་གཞན་པའི་ངང་ཚུལ་འདི་གཏན་ལ་དབབ་སྟེ་ལྷ་མེད་འདྲེ་མེད་ཀྱི་ངང་ཚུལ་ཤེས་པ་གཅོད་ཀྱི་གདམས་པ་དང་དངོས་གཞི་ཡིན་པས་མཆོག་ཏུ་གལ་ཆེ་བ་དང་༔ བསྐྱེད་རིམ་གྱི་ལྷ་བསྒོམ་པ་ལའང་ལྷ་འདྲེ་རང་རྒྱུད་དུ་བཟུང་ན་འཁྲུལ་པའི་ལམ་དུ་ལོག་པར་འཆོར་བ་ཡིན་པས་དེ་ལའང་འདི་མཆོག་ཏུ་འཕགས་པ་ཡིན་ནོ༔ གཞན་ཡང་ཐེག་པ་གང་གི་སྒོར་ཞུགས་ཀྱང་གནད་འདི་དག་མ་ཤེས་ན་ལྷ་འདྲེ་དང་དགེ་སྡིག་ཡུལ་རང་མཚན་པར་གོལ་ནས་འཁྲུལ་པའི་དབང་དུ་འཆོར་ངེས་པ་ཡིན་པས་གདམས་ངག་གི་ཡང་བཅུད་དང་ལམ་གྱི་ངོ་བོ་རུ་ཐག་ཆོད་པར་གྱིས་ཤིག༔ དེ་ལྟར་ལྷ་འདྲེ་མེད་ཚུལ་མ་ཤེས་ན་རྨི་ལམ་གྱི་སྣང་བར་བན་བཙུན་རྨིས་པ་རྒྱལ་པོ་རུ་འཛིན་པ་དང་༔ བུད་མེད་རྨིས་པ་མོ་འདྲེ་དང་༔ བྱིས་པ་རྨིས་པ་ཐེའུ་རང་དང་༔ སྦལ་ལྕོང་རྨིས་ན་ཀླུ་གཉན་དུ་ངོས་འཛིན་བྱེད་པ་ཐམས་ཅད་འཁྲུལ་སྣང་ཁོ་ན་ལས་བདེན་པར་མ་གྲུབ་པའི་ཚུལ་ཟས་ནོར་ཁང་ཁྱིམ་ལ་སོགས་པ་རྙེད་པ་རྨིས་ཀྱང་ད་ནང་ཡུལ་མེད་དུ་ཡལ་བས་བདེན་མེད་རང་གིས་སྟོན་པའོ༔ གཞན་ཡང་གྲོང་ཡུལ་ཀུན་ཏུ་རྙེད་པ་དོན་དུ་གཉེར་ཕྱིར་གྲོང་ཆོག་དང་འདྲེ་བརྡུང་གི་ལས་ལ་བརྩོན་ནས་རྒྱུ་བའི་ཚེ་ནའང་འདྲེ་ལ་གསོད་པ་དང་བཏུལ་བའི་བྱ་སྤྱོད་རྣམ་འགྱུར་སྣ་ཚོགས་པས་གཞན་གྱི་མགོ་བསྐོར་བའི་ཐབས་ལ་བརྩོན་ཡང་འདྲེ་ལ་དོགས་པ་སྐྲག་སེམས་རྒྱུན་ཆད་མེད་པར་འབྱུང་སྟེ༔ ལྷ་ལ་རེ་བའང་དེ་བཞིན་དུ་འབྱུང་ཞིང་རྣམ་པར་རྟོག་པ་དགྲ་རུ་ལངས་པས་ན་ཚ་དང་བདེ་སྡུག་སྣ་ཚོགས་ཀྱང་དེ་བཞིན་དུ་རྒྱུན་མི་ཆད་པར་འབྱུང་སྲིད་པས༔ དེའི་ཕྱིར་ལྷ་འདྲེ་མེད་པའི་ཚུལ་འདི་ཤེས་ན་རྣམ་པར་རྟོག་པ་གཅོད་པའི་གདམས་པ་ཟབ་ཁྱད་ཅན་ཡིན་ནོ༔ གལ་ཏེ་འདིའི་གནད་མ་ཤེས་ན་ཁབ་དང་སྐུད་པ་རྙེད་ཀྱང་ལྷས་དངོས་གྲུབ་ཏུ་བཟུང་ནས་ལྷ་གསོལ༔ རྐང་ལག་ལ་ཚེར་མས་བཏབ་ཀྱང་འདྲེ་རུ་བཟུང་སྟེ་རྣམ་པར་རྟོག་པ་ལངས་ནས་སྡུག་བསྔལ་ཅི་བྱུང་འདྲེས་བྱས་པར་མངོན་ནས་རྒྱུད་དོགས་པས་ཁྱབ་སྟེ༔ འདྲེར་འཛིན་གྱི་རྟོག་པས་འདྲེ་བཙན་ཐབས་སུ་བཟོས་ཏེ་སྲོག་གི་བདུད་དུ་འབབ་པར་འགྱུར་བས་གཅོད་ལོག་གི་ལམ་ལས་ལྡོག་པའི་མན་ངག་ཟབ་ཁྱད་ཅན་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་འཁོར་འདས་ཐམས་ཅད་ལ་རེ་དོགས་ཀྱི་ཡུལ་རང་མཚན་པར་གྲུབ་པ་མཆིས་སམ་མ་མཆིས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་རེ་བའི་ཡུལ་སངས་རྒྱས་ཞེས་བྱ་བ་གདོད་ནས་མ་གྲུབ་ཅིང་མི་གནས་པ་ཡིན་ཏེ༔ གལ་ཏེ་སངས་རྒྱས་ལ་ལུས་མཆིས་ན་ཕ་མའི་རྒྱུ་རྐྱེན་གྱིས་བསྐྱེད་པ་མ་ཡིན་ནམ༔ དེ་ལྟར་ཡིན་ན་སངས་རྒྱས་སྐྱེ་བའི་མཐའ་རུ་ལྷུང་བ་དང་༔ སངས་རྒྱས་ལ་ཞིང་ཁམས་འདོད་ཡོན་ཉེ་འཁོར་མཆིས་ན་དེ་གཟུང་བ་ཆོས་ཀྱི་བདག་འཛིན་ལས་སྣང་བ་མ་ཡིན་ནམ༔ སངས་རྒྱས་ལ་ལུས་སྣང་ན་འཛིན་པ་གང་ཟག་གི་བདག་འཛིན་ལས་བྱུང་བ་མ་ཡིན་ནམ༔ སངས་རྒྱས་ཐ་མ་མྱ་ངན་ལས་འདའ་བར་འདོད་ན་སངས་རྒྱས་འཆི་བ་དང་ཆད་པའི་མཐའ་རུ་ལྷུང་བར་འདོད་པ་མ་ཡིན་ནམ༔ སངས་རྒྱས་བར་དུ་གནས་པར་འདོད་ན་དེ་རྟག་པའི་མཐའ་རུ་ལྷུང་བ་དང་༔ སངས་རྒྱས་ཀྱིས་གཞན་སེམས་ཅན་མང་པོ་ལ་ཆོས་བསྟན་པར་སེམས་ན༔ ཆོས་སྟོན་པ་པོ་བདག་དང་༔ བསྟན་བྱའི་ཆོས་དང་༔ སྟོན་ཡུལ་གདུལ་བྱ་རྣམས་སུ་འཛིན་པ་དང་༔ སྣང་བ་དང་༔ ཤར་བ་རྣམས་གཉིས་འཛིན་གྱི་འཁྲུལ་པ་རྔམ་པོ་ཆེ་ཡིན་ནོ༔ སངས་རྒྱས་ལ་དེ་ལྟར་གྲུབ་པར་འདོད་ན་སངས་རྒྱས་སེམས་ཅན་དུ་ལྟ་བའི་ལོག་རྟོག་གི་མུན་ཡུལ་དུ་མགོ་འཁོར་བ་ཡིན་ནོ༔ གཞན་ཡང་སངས་རྒྱས་ལ་མིག་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་མིག་གི་རྣམ་པར་ཤེས་པ་ཡང་མེད་ཐབས་མེད་དེ༔ དེ་མཆིས་པས་གཟུགས་སུ་སྣང་བའང་མེད་ཐབས་མེད༔ དེ་དག་མིག་གི་གཟུང་བ་ཡུལ་ཞེས་བྱ་བ་དང་༔ དེ་རྣམས་དུས་འཛོམ་པ་ལ་བཟང་ངན་བར་གསུམ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ཞིག་མི་འབྱུང་བའི་ཐབས་མེད༔ དེ་མིག་གི་འཛིན་པ་སེམས་ཞེས་བྱ་བ་ཡིན་ནོ༔ སངས་རྒྱས་ལ་རྣ་བ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་རྣ་བའི་རྣམ་པར་ཤེས་པ་དང་༔ སྒྲར་སྣང་བ་རྣམས་དུས་མཉམ་དུ་སྣང་བ་གཟུང་ཡུལ་དང་༔ སྒྲ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ནི་འཛིན་པ་ཡིན་ནོ༔ སངས་རྒྱས་ལ་སྣ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན༔ སྣའི་རྣམ་པར་ཤེས་པ་དང་༔ དྲི་རུ་སྣང་བ་རྣམས་གཟུང་ཡུལ་དང་༔ དྲི་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ནི་འཛིན་པ་ཡིན་ནོ༔ སངས་རྒྱས་ལ་ལྕེ་ཡོད་པར་མ་སེམས་ཤིག༔ དེ་ཡོད་པར་སེམས་ན་ལྕེའི་རྣམ་པར་ཤེས་པ་དང་༔ རོ་རུ་སྣང་བ་རྣམས་གཟུང་བ་ཡུལ་དང་༔ དེ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན༔ སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལུས་ཀྱི་རྣམ་པར་ཤེས་པ་དང་༔ རེག་བྱར་སྣང་བ་རྣམས་མེད་ཐབས་མེད་དེ༔ དཔེར་ན་ཆུ་ཡོད་པས་རླན་དང་༔ མེ་ཡོད་པའི་རྩལ་ན་ཚ་བ་རང་ཆས་སུ་ཡོད་པ་བཞིན་དུ་སྒོ་ལྔ་པོ་འཁྲུལ་པའི་སྒོ་འཕར་ཡིན་པས་དེར་རྣམ་པར་ཤེས་པ་དང་༔ སྣང་བ་དང་༔ འཛིན་སེམས་ཐམས་ཅད་རང་ཆས་སུ་གྲུབ་པ་རྟེན་ཅིང་འབྲེལ་བར་འབྱུང་བའོ༔ རེག་བྱ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ལུས་ཀྱི་འཛིན་པ་ཡིན་ཏེ་གཟུང་འཛིན་གྱི་སེམས་ལས་ཁམས་གསུམ་གྱི་འཁོར་བ་གྲུབ་པ་ཡིན་ནོ༔ སྒོ་ལྔ་པོ་ནི་ཡིད་དྭངས་ཤིང་གསལ་བའི་ཆ་སེམས་སྣང་མཆེད་པའི་གོ་མ་འགག་པ་དེ་ལ་མིང་ཐ་དད་དུ་བཏགས་པ་ཡིན༔ རྣམ་པར་ཤེས་པ་ཚོགས་དྲུག་པོ་ལ་སེམས་ཞེས་བྱའོ༔ སེམས་དེ་གང་ལ་ཡོད་པ་རྣམས་ལ་སེམས་ཅན་ཞེས་བྱའོ༔ དཔེར་ན་རྭ་གང་ལ་ཡོད་པ་རྣམས་ལ་རྭ་ཅན་ཟེར་བ་ལྟ་བུའོ༔ སངས་རྒྱས་ནི་དེ་ལྟར་སེམས་ཅན་དང་མི་ནོར་བ་གནད་དུ་ཟུངས་ཤིག༔ ད་དུང་སེམས་ཅན་དང་མཚུངས་པའི་སངས་རྒྱས་རང་རྒྱུད་པ་ཞིག་ཡོད་པར་སེམས་ན་སངས་རྒྱས་དེ་དང་པོ་བྱུང་བའི་ཁུངས་བཙལ་བ་དང་༔ བར་དུ་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་གང་དུ་གནས་བརྟག་པས་སྟེང་ཕྱོགས་ན་གནས་པར་སེམས་ན་ནམ་མཁའ་རྟེན་མེད་ལ་ཞིང་ཁམས་ཞེས་བྱ་བའི་སྣོད་བཅུད་ཞིག་གྲུབ་ན་དེ་ས་ལ་ལྷུང་བ་ལས་འོས་མེད་པ་དང་༔ ས་སྟེང་དུ་གནས་ན་ད་ལྟ་སོང་ཡང་མི་སླེབ་པའི་དོན་མེད་པ་དང་༔ ས་འོག་ཏུ་ཡོད་ན་བརྐོས་པས་བརྡོལ་འོང་བ་ཡིན་མོད༔ ད་ལྟ་མཐོང་ཚོར་མེད་པའི་ཡུལ་དེར་ཤི་བའི་ཚེ་ན་སླེབ་དོན་ཅི་ལ་ཡོད༔ ལུས་ཅན་གྱིས་བགྲོད་པ་མ་ཡིན་ཟེར་ན་སེམས་ཅན་ཤི་ཚད་ཐམས་ཅད་ཀྱི་རྣམ་པར་ཤེས་པ་གནས་དེ་ཉིད་དུ་སླེབ་དགོས་པར་འདོད་པ་ཡིན་ནམ༔ ལས་ངན་པའི་སྤྱོད་ཡུལ་མ་ཡིན་ཞེ་ན་གནས་ནས་གནས་སུ་བརྒྱུད་དེ་འགྲོ་བའི་འགྲོ་མཁན་དང་འགྲོ་ཡུལ་ཐམས་ཅད་གཉིས་འཛིན་གྱི་འཁྲུལ་སེམས་ལས་སྐྱེས་ཤིང་བྱུང་བ་ཡིན་ན་གཟུང་འཛིན་ལས་གཞན་པའི་ལས་ངན་པ་མེད་མོད༔ དེ་ཀུན་གྱི་སྤྱོད་ཡུལ་དུ་གདོན་མི་ཟ་བར་མངོན་བྱུང་༔ གལ་སྲིད་ཡུལ་དེ་ལྟ་བུ་ཡོད་སྲིད་ནའང་བདག་འཛིན་རྣམ་པ་གཉིས་ཀྱིས་བཅིང་པའི་སེམས་ཅན་སྒོ་ལྔ་ཚོགས་དྲུག་ཅན་ཡུལ་དེར་སོང་ཡང་ཁོའི་རྒྱུད་མ་དག་པས་གནས་སྐབས་ཀྱི་བདེ་འབྲས་ཙམ་ལས་གཏན་དུ་བདེ་བའི་ས་འཐོབ་པར་མི་འགྱུར་བ་གཟུང་འཛིན་གྱི་སྣང་བ་བརྟན་མེད་གནས་སུ་འགྱུར་བ་ལ་བལྟས་པས་གསལ་བ་ཡིན༔ གཟུང་འཛིན་སེམས་ཀྱི་སྣང་བའི་གཤིས་ལ་མཆེད་འགགས་ཀྱི་མཚན་ཉིད་ཡེ་ནས་མ་གྲུབ་པས་དེའི་རང་མཚང་སྟོན་པ་ཡིན༔ དེ་ལྟར་ཞིང་ཁམས་ལ་སྣོད་བཅུད་གྲུབ་ཅིང་ཡུལ་ལ་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་རང་ཆས་སུ་ཡོད་པ་སྣོད་བཅུད་སྟོན་འཁོར་ཐམས་ཅད་ཞི་བ་བསིལ་བ་དྭངས་པ་རྙོགས་པ་དང་བྲལ་བ་རྣམས་ཁྱད་འཕགས་ཀྱི་ཆེ་བ་ཡིན་སྐད་ན་གཟུགས་ཁམས་ཀྱི་ལྷ་ལས་མི་འཕགས་པས་སེམས་ཅན་གྱི་སེམས་སྣང་ངོ་༔ སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་མ་རིག་པའི་ཆོ་འཕྲུལ་ཡིན་པས་སེམས་ཅན་དུ་ཐལ་བའི་མཚང་རྡོལ་བའོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ སྔོན་གྱི་རྣལ་འབྱོར་གྲུབ་ཐོབ་མང་པོའི་མཛད་སྤྱོད་དང་ཡི་གེ་དང་ལྷ་ཁང་མཆོད་རྟེན་སོགས་མང་པོར་སྣང་བ་རྣམས་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དཔེར་ན་མི་ཞིག་གཉིད་དུ་སོང་བའི་རྨི་ལམ་ན་སྔོན་གྱི་སྲིད་པ་ཆགས་པའི་ལོ་རྒྱུས་དང་༔ མི་དང་སྲོག་ཆགས་འདི་དག་གི་ཆགས་ལུགས་གྲུབ་ཚུལ་མང་པོ་ཐོས་པ་དང་༔ སྟོན་པ་སློབ་དཔོན་མང་པོས་ཆོས་སྟོན་པ་དང་༔ ལྷ་ཁང་མཆོད་རྟེན་སྣང་བརྙན་མང་པོ་མཐོང་བ་དང་༔ ཡི་གེ་མང་པོ་མཐོང་བ་ལ་མང་པོས་ན་རེ༔ ལྷ་ཁང་མཆོད་རྟེན་སྣང་བརྙན་འདི་དག་སྦྱིན་བདག་དང་ལྷ་བཟོ་མགར་བ་ཆེ་གེ་མོ་འདི་དག་གིས་བཞེངས་པ་དང་༔ ཡི་གེ་འདི་དག་སྟོན་པ་ཆེ་གེ་མོ་འདི་ཞེས་བྱ་བས་གསུངས་པ་ཡིན་སྐད་པའི་སྣང་བ་ཤར་ནའང་ད་ནངས་གཉིད་ལས་སད་ཚེ་མཐོང་སྣང་དང་བཤད་པ་དེ་དག་ཐམས་ཅད་རང་སྣང་དུ་མཆེད་པ་རང་ངོར་ཡལ་བ་ལས་མ་གྲུབ་པ་བཞིན་དུ་འདི་ལྟར་སྣང་བའི་སྐུ་རྟེན་དང་གསུང་རྟེན་དང་ཐུགས་རྟེན་ཐམས་ཅད་ད་ནངས་དང་ད་ལྟའི་སྣང་བ་རུ་མཆེད་པ་ལས་སྔོན་ནས་གྲུབ་པ་མེད་ཅིང་བརྟེན་པ་ཡང་མེད་དེ་ཐམས་ཅད་རང་སྣང་འཁྲུལ་པའི་སྣང་བ་རུ་ཐག་ཆོད་པར་བྱའོ༔ སངས་རྒྱས་ནི་སེམས་ཅན་ཐམས་ཅད་ཀྱི་གཞི་སྟོང་ཉིད་སྤྲོས་པ་དང་བྲལ་བ་འདི་ཀ་ཡིན་ནོ༔ སངས་རྒྱས་ཀྱི་ཞལ་གཟིགས་ཟེར་ཡང་སེམས་ཅན་ལ་སངས་རྒྱས་ཀྱིས་བལྟ་བ་ནི་འཁྲུལ་པའི་སྣང་ཉམས་རབ་རིབ་ཙམ་ལས་བལྟ་མཁན་དང་མཐོང་ཡུལ་མེད་པ་སྟོང་ཉིད་ཟང་ཐལ་གྱི་རོལ་པ་ལས་མ་འདས་པའོ༔ སངས་རྒྱས་རང་སྣང་ལས་མེད་པས་ཡུལ་གཞན་ལ་རེ་བ་མ་བྱེད་པར་རེ་བའི་ཡུལ་སྟོང་པར་གྱིས་ཤིག༔ ད་ནི་མ་དག་པ་འཁོར་བའི་གནས་ཡུལ་གཞི་རྩ་ལ་བརྟག་ཅིང་དཔྱད་ནས་དོགས་ཡུལ་གཞན་དུ་མ་གྲུབ་པའི་ངང་ཚུལ་རྟོགས་དགོས་པས་དེ་ཡང་འདི་ལྟ་སྟེ༔ དང་པོ་ལུས་འདི་བོར་ནས་ཡུལ་བར་མ་དོ་ཞེས་བྱ་བར་འཁྱམས་འགྲོ་བ་ཡིན་ན༔ ཡུལ་དེ་གནས་འདིའི་ཤར་ལྷོ་ནུབ་བྱང་དབུས་དང་མཚམས་སོགས་གང་དུ་མཆིས་པའི་ཚུལ་ལ་བརྟག་པས་ཡུལ་མ་གྲུབ་པ་དང་༔ ལུས་སྔ་མ་བོར་བ་ཡིན་ན་བར་མ་དོའི་ལུས་དེ་ཕ་མ་དང་བྱུང་གནས་འགྲོ་གསུམ་ལ་བརྟག་པས་དེ་དག་དངོས་མཚན་བདེན་གྲུབ་ཅན་ཞིག་ཡོད་དགོས་པ་ལ༔ རྨི་ལམ་གྱི་ལུས་སྣང་དང་ཡུལ་སྣང་ཙམ་དུ་བར་མ་དོའི་སྣང་བ་ཤར་བ་དང་ཚེ་འདིར་སྣང་བའི་ལུས་དང་ཡུལ་ཞིང་འདོད་ཡོན་ཐམས་ཅད་སྣང་བ་གནས་འགྱུར་ཙམ་ལས་དངོས་མཚན་བདེན་གྲུབ་ཏུ་མེད་པར་ཐག་ཆོད་པར་འགྱུར་རོ༔ དམྱལ་བའི་གནས་ཡུལ་གྱི་སྣོད་བཅུད་ཐམས་ཅད་ས་འདིའི་འོག་ཏུ་མཆིས་སམ་སྟེང་དུ་མཆིས༔ དབུས་དང་ཤར་ལྷོ་ནུབ་བྱང་གང་དུ་མཆིས་པའི་སྣོད་བཅུད་ལ་བརྟག་གཞིག་བྱ་བ་དང་༔ ལྕགས་སྲེགས་ཀྱི་ས་གཞི་སུས་མགར༔ མེའི་བུད་ཤིང་གང་ནས་བླངས༔ དམྱལ་བའི་མཚོན་ཆ་སུས་མགར༔ དམྱལ་མི་ལས་མཁན་དེ་དག་གི་ཕ་མ་དང་རྒྱུ་རྐྱེན་གང་ལས་བྱུང་༔ དེ་དག་གི་ལུས་དང་རྐང་ལག་མེས་མི་ཚིགས་ན་གཞན་སེམས་ཅན་རྣམས་ཚིག་པའི་དོན་མ་མཆིས་པ་དང་༔ ལས་མཁན་དེ་དག་གིས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སྡུག་བསྔལ་དྲག་པོ་ཐོག་ཏུ་ཕབ་པས༔ ཁོང་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་གང་དུ་མྱོང་བའི་ཚུལ་ལ་བརྟག་ན་ཐམས་ཅད་འཁྲུལ་སྣང་རྨི་ལམ་གྱི་སྣོད་བཅུད་ལྟ་བུར་ཤེས་པར་འགྱུར་རོ༔ དེང་སང་གི་སེམས་ཅན་ལ་རྨ་བྱས་པ་དང་བརྡུང་བརྡེག་བྱས་པ་ཙམ་གྱིས་ཤི་བ་བྱུང་ན་དམྱལ་བའི་སྡུག་བསྔལ་དེ་ལྟ་བུས་ཅིའི་ཕྱིར་མི་འཆི༔ ཡུལ་ནས་ཡུལ་དུ་སོང་བ་ཡོད་ན་དེང་གི་དུས་ནས་དེ་མཐོང་ཚོར་གྱིས་ཡུལ་དུ་གྲུབ་དགོས་པ་ལས་ཤི་བའི་རྣམ་ཤེས་མ་གཏོགས་པས་མི་མཐོང་བའི་དོན་མ་མཆིས་པས་དེའི་ངང་ཚུལ་ལ་བརྟག་དཔྱད་བྱས་ན་རང་སྣང་ལས་གཞན་དུ་མ་གྲུབ་པའི་མཚང་རིག་པར་འགྱུར་རོ༔ དེ་བཞིན་དུ་ཡི་དྭགས་པ་དག་གི་ཡུལ་སྣོད་བཅུད་དང་སྡུག་བསྔལ་བརྣག་པར་དཀའ་བ་རྣམས་ངེས་པར་གྲུབ་བམ་མ་གྲུབ༔ ཡུལ་རང་མཚན་པར་གྲུབ་ན་ཕྱོགས་མཚམས་སྟེང་འོག་སོགས་གནས་པའི་ཡུལ་ལ་བརྟག་པ་དང་༔ དེང་སང་གི་སེམས་ཅན་ཞག་དང་ཟླ་བ་འགའ་ཙམ་ལ་མུ་གེ་བྱུང་བས་སྲོག་གི་དབང་པོ་འགག་སྲིད་ན་བསྐལ་པའི་བར་དུ་བཀྲེས་སྐོམ་སྡུག་བསྔལ་གྱིས་མི་འཆི་བའི་དོན་མ་མཆིས་པ་ཡིན༔ དེ་ལ་བསམ་མནོ་ཞིབ་ཏུ་བཏང་ན་ཚེ་རབས་ཐོག་མཐའ་མེད་པའི་དུས་ནས་ཟས་ཁམ་གཅིག་ཟོས་པ་མེད་ཀྱང་༔ ཟོས་པའི་སྣང་བ་ཤར་བའི་མྱོང་ཞེན་གྱིས་བདེ་སྣང་དང་༔ ཡི་དྭགས་པ་དག་གིས་མ་ཟོས་པའི་སྣང་བ་མངོན་ནས་སྡུག་བསྔལ་དུ་ཤར་བ་ཡིན་པར་ཐག་ཆོད་པ་དེ་བཞིན་དུ་གྲོང་ཁྱེར་དྲུག་གི་སྣོད་བཅུད་ཐམས་ཅད་ཀྱི་བྱུང་ས་དང་གནས་ས་དང་འགྲོ་སའི་ངང་ཚུལ་ཐམས་ཅད་ལ་ཞིབ་ཏུ་བརྟག་པས་ཉིན་མོའི་སྣང་བ་གནས་སུ་འགྱུར་བའི་དུས་སུ་རྨི་ལམ་གྱི་སྣང་བ་མཆེད་པ་བཞིན་གནས་རིགས་དྲུག་གི་སྣང་བ་མཆེད་པ་ལས༔ ཡུལ་རང་རྒྱུད་པར་མ་གྲུབ་པའི་ཐག་གཏིང་ནས་ཆོད་པར་བྱའོ༔ དེས་ན་རང་སྣང་གི་འཁྲུལ་པ་འདི་དབྱིངས་སུ་ཞིག་ནས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་མངོན་དུ་བྱས་ཏེ་གདིང་རང་ཐོག་ཏུ་ཐོབ་པའི་ཐབས་ལ་འབད་པ་ཉིད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ལམ་དང་འབྲས་བུ་ངོ་བོ་ཆིག་རྫོགས་ཀྱི་བདག་ཉིད་ཅན་དུ་ལ་བཟླ་བར་བྱའོ༔ ད་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཉིད་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཀྱི་མཆེད་གཞི་དང་ངོ་བོ་ཉིད་དང་སྟོང་པ་ཉིད་དུ་འགག་བསྡམས་པ་ལ༔ གཟུགས་ལ་ངོ་བོ་མ་མཆིས་ན་གཟུགས་མི་སྣང་བ་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་རྣམས་ལ་ངོ་བོ་མ་མཆིས་ན་དེ་དག་ཐམས་ཅད་སྣང་བར་མི་འགྱུར་རོ༔ ནམ་མཁའ་ལ་ངོ་བོ་ཉིད་མ་མཆིས་ན་ནམ་མཁར་སྣང་བ་མི་འབྱུང་བ་དང་༔ ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ བཅུད་ཀྱི་སེམས་ཅན་ལ་ངོ་བོ་དང་༔ གཞི་དང༔ ་རྩ་བ་མེད་ཅིང་ཆད་པར་འགྱུར་ན་དེ་སྣང་བར་མི་འགྱུར་བས༔ ནམ་མཁའི་ངོ་བོ་སྟོང་པ་ཉིད་དང་༔ ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ གཟུགས་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་དང་༔ ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་དང་༔ དེ་བཞིན་དུ་ཀུན་གྱི་གཞི་སྟོང་པ་ཉིད་དང་༔ སྟོང་པ་ཉིད་ངོ་བོ་ཉིད་དུ་ཐག་བཅད་དེ་འགག་བསྡམས་པར་བྱའོ༔ རྒྱ་མཚོའི་གཟའ་སྐར་ཐམས་ཅད་ཀྱི་ངོ་བོ་རྒྱ་མཚོ་ཉིད་དང་༔ སྣོད་བཅུད་ཐམས་ཅད་ཀྱི་ངོ་བོ་ནམ་མཁའ་ཉིད་དང་༔ འཁོར་འདས་ཐམས་ཅད་ཀྱི་ངོ་བོ་སེམས་ཉིད་བདེ་གཤེགས་སྙིང་པོ་ཉིད་ལས་མི་གཞན་པ་ཡིན་ཏེ༔ བདེ་གཤེགས་སྙིང་པོ་ཞེས་བྱ་བ་དེ་ནི་གཞན་ན་མེད་དེ་ནམ་མཁའ་འདི་ཀ་གཞན་དུ་བཟུང་བའི་བདེན་ཞེན་ལྡོག་པར་བྱེད་པ་འཁོར་འདས་སྟོང་ཉིད་ནམ་མཁའི་རང་བཞིན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་སྟེ་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས་པས་གཞི་ནམ་མཁའ་ཉིད་དུ་ཐག་ཆོད་པར་འགྱུར༔ དེ་ཡང་བེམ་སྟོང་སྐྱོན་ཡོན་མེད་པའི་ལུང་མ་བསྟན་དུ་གོ་ན་དེ་ལྟར་མ་ཡིན་ཏེ༔ སེམས་ཅན་འཁྲུལ་པའི་དུས་ན་འབྱུང་བ་སྣོད་བཅུད་འདོད་ཡོན་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ་ཐམས་ཅད་ནམ་མཁའི་རོལ་པའོ༔ གཞིའི་ངོ་བོ་ནམ་མཁའི་རང་བཞིན་ཡིན་ཀྱང་གཞི་མ་རིག་པས་བསྒྲིབ་པས་རང་རྒྱུད་པར་བཟུང་བ་དང་༔ ནམ་མཁའ་ཁྱབ་གདལ་གྱི་རང་བཞིན་བདག་མེད་པ་ལ་བདག་ཏུ་བཟུང་བའི་རྐྱེན་གྱིས་བདག་ཏུ་སྣང་བ་དང་༔ གཞི་ཕྱི་རུ་བཟུང་བའི་བྱེད་ལས་ཀྱིས་ནམ་མཁའ་བེམ་སྟོང་དུ་སྣང་བ་དང་༔ ནམ་མཁའ་དྭངས་གསལ་གྱི་ཆ་ལས་ནམ་མཁའ་ས་རུ་སྣང་བ་དང་༔ ནམ་མཁའ་མེ་རུ་སྣང་བ་དང་༔ ནམ་མཁའ་ཆུ་རུ་སྣང་བ་དང་༔ ནམ་མཁའ་རླུང་དུ་སྣང་བ་དང་༔ ནམ་མཁའ་གཟུགས་སུ་སྣང་བ་དང་༔ སྒྲ་དང་༔ དྲི་དང་༔ རོ་དང་༔ རེག་བྱ་རྣམས་སུ་སྣང་བའོ༔ དཔེར་ན་རྒྱ་མཚོ་དྭངས་ཤིང་གསལ་བའི་ཆ་ནས་གཟུགས་བརྙན་སྣ་ཚོགས་དང་གཟའ་སྐར་ཤར་བ་ལྟ་བུའོ༔ གཟུགས་བརྙན་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་དུ་རོ་གཅིག་པ་ལས་ཐ་དད་མེད་པ་བཞིན་དུ་འཁོར་འདས་ཐམས་ཅད་ནམ་མཁའ་ཉིད་དུ་རོ་གཅིག་པ་ལས་ཐ་མི་དད་པའོ༔ དེ་ལྟར་འཁོར་འདས་ཐམས་ཅད་ནམ་མཁའི་རོལ་པར་ངོ་ཤེས་ཤིང་ཐག་ཆོད་པ་ནི་ནམ་མཁའ་རྣམ་པར་དག་པའི་ཤེས་རབ་ཅེས་བྱ་བ་ཡིན་ནོ༔ ནམ་མཁའ་མངོན་དུ་གྱུར་པ་ནི་རིག་པའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ རིག་པ་ཞེས་པ་གང་ལ་གདགས་པ་ཡིན་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་རང་གི་ནམ་མཁའ་རྣམ་པར་དག་པའི་གནས་ལུགས་མ་རིག་པའི་དབང་གིས་ངང་མངོན་དུ་མ་གྱུར་པ་ལ་མ་རིག་པ་ཞེས་བྱའོ༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་པས་ཅང་མེད་སྟོང་པ་ཟང་ཐལ་ཡུལ་མེད་ནམ་མཁའི་རོལ་པར་ཐག་ཆོད་དེ་ནམ་མཁའ་མངོན་དུ་གྱུར་པ་ནི་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ མངོན་གྱུར་ནི་ཆུ་བུར་གྱི་མིག་གིས་མ་ལགས་སམ༔ རིག་པར་མི་འཐད་པས་ན་ནང་ན་ཤེས་མཁན་ཡོད་དམ་མེད༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཆུ་བུར་གྱིས་ཉིན་སྣང་དང་རྨི་སྣང་དང་ཕྱི་མའི་སྣང་བ་རྣམས་མངོན་དུ་མཐོང་བ་མ་ཡིན༔ ཆུ་བུར་བྱེ་བ་འབུམ་གྱིས་ཀྱང་གཟུགས་མངོན་དུ་བྱེད་པར་མི་འགྱུར་རོ༔ ཉིན་སྣང་མཚན་སྣང་འདི་སྣང་ཕྱི་མའི་སྣང་བ་ཐམས་ཅད་མངོན་དུ་བྱེད་པ་ནི་སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཡེ་གནས་ཀྱི་ཤེས་པ་གོ་མ་འགག་པ་དྭངས་གསལ་རྙོགས་མ་དང་བྲལ་བ་སྣང་བ་ཅིར་ཡང་འཆར་དུ་རུང་བ་ཉིད་ཀྱིས་སོ༔ འདི་ལྟར་འཁོར་འདས་སྟོང་ཉིད་ཆེན་པོར་གཏན་ལ་ཕབ་ནས་ཐག་ཆོད་དེ་མངོན་གྱུར་གྱི་ཤེས་པ་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་སྟེ༔ དེ་ནི་ཆོས་ཐམས་ཅད་ཀྱི་དམ་པ་གཞིའི་རིག་པ་མཐའ་གྲོལ་ཆེན་པོའི་ངོ་བོ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ༔ འདིའི་ཡོན་ཏན་ནི་འདི་ལྟ་སྟེ༔ རིགས་ཀྱི་བུ་བདག་མེད་རྟོགས་པའི་ཤེས་རབ་ནི་ནམ་མཁའ་ལ་ཉི་མ་ཤར་བས་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་པ་བཞིན་དུ་འདིའི་ངང་གཏན་ལ་ཕབ་པ་ཙམ་གྱིས་བདག་རྟོག་མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་ཏེ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པའོ༔ བདག་མེད་རྟོགས་པའི་ཤེས་རབ་ནི་བསྐལ་པ་དུས་མཐའི་མེ་ཆེན་མཆེད་པས་དངོས་པོ་རགས་པ་ཐམས་ཅད་ཐལ་བར་གཏོང་བ་དང་༔ རྩྭ་སྦུར་ཕྲ་མོ་ཐམས་ཅད་ཐལ་རྡུལ་ཙམ་ཡང་མེད་པར་གཏོང་བ་བཞིན་དུ་ངེས་པའི་སྡིག་པ་ཐམས་ཅད་ཟིལ་གྱིས་གནོན་པ་དང་༔ མ་ངེས་པའི་སྡིག་སྒྲིབ་ཐམས་ཅད་ཡུལ་མེད་དུ་གཏོང་བ་ཡིན༔ ཤེས་རབ་ཆེན་པོ་ནི་མཐོང་བྱེད་ཀྱི་མིག་ལྟ་བུ་སྟེ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མངོན་དུ་བྱེད་པ་ཡིན༔ ཤེས་རབ་ཆེན་པོ་ནི་རྒྱ་མཚོ་ཆེན་པོའི་ཆུ་ལྟ་བུ་སྟེ་ཆུ་བོ་ཆུ་བྲན་ཐམས་ཅད་དེ་ལས་འཕྲོས་ཤིང་དེ་རུ་འདུ་བ་བཞིན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་དེ་ལས་འཕྲོ་ཞིང་དེར་འདུ་བ་ཡིན༔ ཤེས་རབ་ཆེན་པོ་ནི་ནམ་མཁའ་ལྟ་བུ་སྟེ་སྣང་སྲིད་ཐམས་ཅད་དེའི་ཁོངས་སུ་མ་ཆུབ་པ་མེད་པ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཤེས་རབ་ཆེན་པོ་མངོན་དུ་གྱུར་པ་ཙམ་གྱིས་སྐད་ཅིག་ཉིད་དུ་དེའི་ཁོང་དུ་ཆུབ་པའོ༔ སྐད་ཅིག་མ་དང་པོར་བདུད་ཀྱི་འབངས་སུ་གྱུར་ཅིང་ཉོན་མོངས་པའི་ཕུང་པོ་ཅན་དུག་གི་རྐྱལ་པ་ལྟ་བུ་ཕྱག་མཆོད་བཀུར་སྟིའི་གནས་སུ་མ་གྱུར་པའི་སེམས་ཅན་དམུས་ལོང་སྡིག་ཅན་ཞིག་ལ་ཤེས་རབ་ཆེན་པོ་ངོ་འཕྲོད་ནས་མངོན་དུ་གྱུར་ན༔ སྐད་ཅིག་མ་གཉིས་པར་འགྲོ་བ་ལྷ་དང་བཅས་པའི་སྐྱེ་རྒུ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ༔ བཀུར་བར་བྱ་བའི་འོས་སུ་གྱུར་པ༔ མཆོད་པར་བྱ་བའི་འོས་སུ་གྱུར་པ༔ བསོད་ནམས་བསགས་པའི་ཞིང་སར་འགྱུར་བ་ཡིན༔ ཤེས་རབ་ཆེན་པོ་ནི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་ན་འཇམ༔ གསུང་དབྱངས་ལྷུན་གྲུབ་རིན་པོ་ཆེ་ཚངས་དབྱངས་ཡན་ལག་དྲུག་ཅུའི་བདག་ཉིད་ཅན་དུ་གྲགས་པས་ན་དབྱངས་ཉིད་དོ༔ འཁོར་འདས་མཉམ་པ་ཉིད་དུ་མཐོང་བས་ན་སྤྱན༔ ཐམས་ཅད་ངོ་བོ་ཉིད་དུ་བརྡལ་བའི་དབྱིངས་ལས་ལོགས་སུ་གྱུར་པ་མེད་པས་ན་རས༔ གཞི་དང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཡེ་ཤེས་གཅིག་ཏུ་གཟིགས་པས་ན་གཟིགས་སོ༔ བདག་རྟོག་དབྱིངས་སུ་སྒྲོལ་བས་ན་མཐུ༔ ནུས་མཐུ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ན་ཆེན་པོ༔ མི་འཇིགས་པའི་གདིང་ཆེན་པོ་ཐོབ་པས་ན་ཐོབ་ཅེས་སོ༔ ཤེས་རབ་ཆེན་པོ་མངོན་དུ་གྱུར་མ་ཐག་པ་ནས་སྲིད་པ་ལས་རབ་ཏུ་འཕགས་པ༔ གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རིགས་ཐམས་ཅད་འདུས་པའི་བདག་ཉིད་ཅན་གྱིས་རིགས་གསུམ༔ ཁམས་གསུམ་འགྲོ་བ་ཀུན་གྱི་མགོན་དུ་གྱུར་པས་ན་མགོན་པོ་ཞེས་པ་རྣམས་ཤེས་རབ་ཆེན་པོ་ལས་གཞན་དུ་མེད་དོ༔ ཤེས་རབ་ཆེན་པོས་ཆོས་ཅན་གྱི་སྣང་བ་གཟུང་འཛིན་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་རང་ཞི་བས་ན་ཞི་བའི་གཟུགས་སུ་བཀོད་པ་དང་༔ འཁོར་བའི་སྲོག་གཅོད་ཅིང་མྱ་ངན་ལས་འདས་པའི་ས་རུ་སྦྱོར་བ་ལ་སྙིང་རྗེ་མེད་པར་བཀོད་ནས་ཁྲོ་བོའི་གཟུགས་སྐུར་བརྗོད་པ་ཙམ་མོ༔ བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་འདི་མངོན་དུ་གྱུར་མ་ཐག་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་གནས་འགྱུར་དུ་བྱེད་དོ༔ རང་ངོ་རང་གིས་མ་རིག་པར་འཁྲུལ་པ་བརྟན་ཅིང་འཐས་པ་ལ་གཏི་མུག་ཅེས་བྱ་སྟེ༔ བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་གྱུར་ཏེ་འཁོར་འདས་ཐམས་ཅད་ཆོས་ཉིད་འོད་གསལ་གྱི་རོལ་པར་རང་ཡན་པས་གཏི་མུག་རྡོ་རྗེ༔ གཞི་དབྱིངས་དྭངས་གསལ་རྙོགས་པ་དང་བྲལ་བའི་ངང་དུ་གཉིས་སྣང་གི་ཞེ་སྡང་རང་ཆོམ་པས་ཞེ་སྡང་རྡོ་རྗེ༔ འཁོར་འདས་དག་མཉམ་ཆེན་པོའི་ངང་དུ་བདག་རྟོག་གི་ང་རྒྱལ་རང་ཆོམ་པས་ང་རྒྱལ་རྡོ་རྗེ༔ རླུང་སེམས་སྟོང་དབྱིངས་སུ་ཞིག་ནས་རྣམ་རྟོག་རྩལ་དུ་འཕོས་པའི་འདོད་ཞེན་རང་ཆོམ་པས་འདོད་ཆགས་རྡོ་རྗེ༔ བདག་སྣང་བདེན་མེད་དུ་ཞིག་པས་མཚན་འཛིན་གྱི་ཕྲག་དོག་རང་ཆོམ་པས་ཕྲག་དོག་རྡོ་རྗེ་ཞེས་བྱ་སྟེ༔ ཉོན་མོངས་པ་རང་ཉིད་རང་གིས་ཆོམ་པས་ན་ཁྲོ་བོའི་གཟུགས་སུ་བཞག་པའོ༔ དེ་ལྟ་བུའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཤེས་རབ་ཆེན་པོ་འདིས་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་མངོན་དུ་བྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞི་ཡེ་ནས་འཁྲུལ་མི་ཤེས་ཤིང་འཁྲུལ་མ་མྱོང་བའི་སངས་རྒྱས་རང་ལ་ཡོད་ན༔ དེ་ཤེས་ཀྱང་མ་ཤེས་ཀྱང་སངས་རྒྱས་ཡིན་པའི་ཕྱིར་འདི་ལ་ཤེས་རབ་དང་ཡེ་ཤེས་མངོན་དུ་བྱེད་དགོས་པའི་དོན་མ་མཆིས་པ་དང་༔ སེམས་ཅན་འཁོར་བར་འཁྱམས་ནས་བདེ་སྡུག་མྱོང་དགོས་པའི་དོན་ཡང་མ་མཆིས་ན་འདིའི་ངང་ཚུལ་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་གཞི་ལུང་མ་བསྟན་དུ་སོང་བས་ཕན་གནོད་མེད་པས་ལན་པ་ཡིན་ནོ༔ དེའི་མཚོན་དཔེ་གཞི་ཡེ་གནས་ཀྱི་ཆོས་ཉིད་ལུང་མ་བསྟན་དུ་སོང་བ་ནི་ཡིད་བཞིན་གྱི་ནོར་བུ་དང་ཚེ་གཅིག་ཏུ་འགྲོགས་ཀྱང་ངོ་མ་ཤེས་པར་ས་རྡོ་རུ་འཁྲུལ་པའི་དབང་གིས་དབུལ་ཕོངས་ཀྱི་སྡུག་བསྔལ་གྱིས་གདུང་བ་ལྟ་བུའོ༔ ནོར་བུ་དངོས་གྲུབ་མེད་དུ་སོང་བ་མ་ཡིན་ཀྱང་ངོ་མ་ཤེས་ཏེ་བཀུར་སྟི་མ་བྱས་པའི་རྐྱེན་གྱིས་དངོས་གྲུབ་མི་འབྱུང་བ་བཞིན༔ གཞི་ཀ་དག་སྤྲོས་པ་དང་བྲལ་བའི་ངང་དང་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བར་ཡོད་ཀྱང་ངོ་མ་ཤེས་པའི་དབང་གིས་རང་ཐོག་ཏུ་རང་ས་མ་ཟིན་པའི་རྐྱེན་གྱིས་བདེ་སྡུག་གི་སྣང་བ་རྒྱུན་མི་ཆད་པར་ཤར་བ་ལ་བདེན་པར་བཟུང་ནས་འཁྲུལ་པ་ཡིན༔ ད་ཤེས་རབ་ཆེན་པོས་མངོན་གྱུར་གྱི་ཡེ་ཤེས་ངོ་ཤེས་ཤིང་གདིང་རང་སར་བཟུང་བས་རང་གྲོལ་བ་ནི་ནོར་བུ་ངོ་ཤེས་ཏེ་བཀུར་སྟི་བྱས་པས་དབུལ་ཕོངས་ལས་གྲོལ་བ་ལྟ་བུའོ༔ གཞི་ལུང་མ་བསྟན་དུ་ཡོད་པ་བདག་པོ་མེད་པའི་ཞིང་ས་ལྟ་བུ་ལ༔ ངོ་རང་ཐོག་ཏུ་འཕྲོད་ནས་རང་དབང་བསྒྱུར་བ་ནི་ཞིང་ས་ལ་སོ་ནམ་བྱས་ཏེ་ལོ་ཏོག་ལོངས་སྤྱོད་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་མཁར་ཁྱིམ་སྟོང་པ་བདག་པོ་མེད་པས་ཕན་གནོད་མེད་པ་ལྟ་བུ་ལ༔ གཞི་མངོན་དུ་གྱུར་པ་ནི་མཁར་ཁྱིམ་ལ་བདག་པོས་ལོངས་སྤྱོད་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་ནམ་མཁའ་སྨག་གིས་བསྒྲིབས་པ་ལྟ་བུ་སྟེ༔ གཞི་མངོན་དུ་གྱུར་པ་ནི་མཁའ་ལ་ནམ་ལངས་པ་ལྟ་བུའོ༔ གཞི་ལུང་མ་བསྟན་ནི་སེམས་ཅན་འཁྲུལ་པའི་ཡུལ་དུ་གྱུར་ཏེ་ཕན་གནོད་གང་ཡང་མེད་པ་སྟེ༔ གཞི་མངོན་དུ་གྱུར་པ་ནི་རྣམ་པར་གྲོལ་བའི་ས་ལམ་ལ་དབང་འབྱོར་བ་ཡིན་ནོ༔ དེ་ལྟར་གཞིའི་ཡོན་ཏན་ཡོངས་རྫོགས་ཆེན་པོ་མངོན་དུ་བྱེད་པ་ནི་ཤེས་རབ་ཆེན་པོའི་སྟོབས་ཤུགས་ཡིན་ནོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ བཅོམ་ལྡན་འདས་ད་ཆོས་སྐུ་གཞིར་གནས་ཀྱི་རིག་པ་དང་ལམ་གྱི་རིག་པ་ཐ་དད་དུ་ཡོད་དམ་མེད༔ ཡོད་ན་དེའི་ངོ་བོ་དང་དབྱེ་བ་ཡོན་ཏན་རྫོགས་ཚུལ་དང་༔ སེམས་ཅན་འཁྲུལ་པའི་ཚུལ་དང་ཡིན་ལུགས་ཐམས་ཅད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་ལམ་གྱི་རིག་པ་དང་༔ གཞིའི་རིག་པ་གཉིས་ཡོད་དེ༔ ལམ་གྱི་རིག་པ་ནི་ཡེ་གནས་ཀྱི་ཤེས་པ་གོ་མ་འགགས་པ་ངོ་རང་ཐོག་ཏུ་འཕྲོད་པར་བྱས་ནས་བཅས་བཅོས་ཡིད་དཔྱོད་འཛིན་སྟངས་ཐམས་ཅད་ལས་འདས་པར་རང་སར་ཡན་པའི་ངང་དུ་མ་བཅོས་པ་གསུམ་གྱིས་མཉམ་པར་བཞག་པས་ཤེས་རབ་དང་ཡེ་ཤེས་དངོས་མ་ཡིན་ཀྱང་དེའི་གདངས་ཡིན་པས་མཐར་ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ་གཞི་རིག་མངོན་དུ་གྱུར་པའོ༔ གཞིར་གནས་ཀྱི་རིག་པ་ནི་བདག་དང་སྣང་བ་ཐམས་ཅད་ཀྱི་མིང་དང་དངོས་པོ་བྱུང་གནས་འགྲོ་གསུམ་གྱི་སྒོ་ནས་ཤེས་བྱ་རྣམ་པ་བཅུའི་རང་བཞིན་དུ་གཏན་ལ་ཕབ་སྟེ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སྣང་གཅིག་གི་རོལ་པར་ཐག་ཆོད་ཅིང་ནམ་མཁའ་རྣམ་པར་དག་པའི་མཁའ་དབྱིངས་བརྡལ་ཁྱབ་ཆེན་པོ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པའོ༔ འདིའི་ཡོན་ཏན་ནི་འདི་ལྟ་སྟེ༔ རིག་པ་སེམས་སུ་མི་འཁྲུལ་པས་ཚུལ་ཁྲིམས་རྣམ་པར་དག་པ༔ རིག་པ་ལ་རང་དབང་བསྒྱུར་བ་བྱར་མེད་རང་ཀར་ཡན་པས་སྦྱིན་པ་རྣམ་པར་དག་པ༔ རིག་པ་རང་ཐོག་ཏུ་རང་ས་འཛིན་པས་བཟོད་པ་རྣམ་པར་དག་པ༔ མཉམ་བཞག་མ་བཅོས་རྣམ་གསུམ་དང་རྗེས་ཐོབ་མ་ཤོར་རྣམ་གསུམ་ལས་མི་འདའ་བ་བརྩོན་འགྲུས་རྣམ་པར་དག་པ༔ རྣམ་པར་རྟོག་པ་ཡེ་ཤེས་སུ་འཕོས་པས་བསམ་གཏན་རྣམ་པར་དག་པ༔ འཁོར་འདས་མཉམ་པ་ཉིད་དུ་རོལ་པས་ཤེས་རབ་རྣམ་པར་དག་པ་སྟེ༔ ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་ལྷུན་གྱིས་གྲུབ་པའོ༔ འཛིན་མེད་བྱར་མེད་ཡེ་བབ་ཆེན་པོ་ངང་གནས་ཀྱི་ཆོས་ཉིད་རང་བབ་ཆེན་པོར་མཉམ་པར་བཞག་པས་མཉམ་བཞག་རྣམ་པར་དག་པ༔ ལྟ་སྒོམ་སྤྱོད་པ་ཐ་མལ་དུ་མ་སོང་བས་རྗེས་ཐོབ་རྣམ་པར་དག་པ་སྟེ༔ མཉམ་རྗེས་གཉིས་སུ་མེད་པའི་ངོ་བོ་གཅིག་ཆར་དུ་རྫོགས་པ་ཡིན༔ མ་རིག་པའི་དྲི་མ་དབྱིངས་སུ་སངས་པ༔ ཡེ་ཤེས་ཡོན་ཏན་ཐམས་ཅད་རིག་པའི་ཡེ་ཤེས་ཆེན་པོའི་ངང་དུ་རང་བྱུང་ལྷུན་གྲུབ་ཆེན་པོར་རྒྱས་པ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་རང་གི་ངང་དུ་མ་བཅོས་རང་ཆས་སུ་ཡོད་པས་ཆོས་ཉིད༔ དགེ་བའི་ཆོས་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་མི་ཕྱེད་དུ་འདུན་པས་དགེ་འདུན་ཏེ༔ ཕྱིའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཆོས་ཉིད་རིག་པའི་ངང་དུ་རོ་གཅིག་ཏུ་འདུས་པ་དང་༔ འཁོར་འདས་ཐམས་ཅད་ཀྱི་ངོ་བོར་གྱུར་པས་བླ༔ འགྲོ་རྣམས་གཏན་དུ་བདེ་བའི་ས་ལ་སྦྱོར་བའི་མ༔ རིག་པ་རང་གི་ངང་ལས་མི་འདའ་བར་ཡིད་ལ་དམ་བཅས་པས་ཡི་དམ༔ འཁོར་འདས་མཁའ་ཀློང་དུ་སྦྲུམ་པའི་མ་ལྟ་བུའི་ཕྱིར་མཁའ༔ ཐབས་དང་རྟེན་འབྲེལ་གྱི་སྒོ་དུ་མར་འགྲོ་བས་འགྲོ་ཞེས་བྱ་སྟེ༔ ནང་གསང་སྔགས་ཀྱི་སྐྱབས་ཡུལ་ཐམས་ཅད་ཀྱི་ངོ་བོར་གནས་པའོ༔ ངོ་བོ་ཡེ་སྟོང་ཆེན་པོ་སྐྱེ་བ་མེད་པའི་ཡེ་ཤེས་ཆོས་སྐུ༔ རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ལོངས་སྤྱོད་དུ་རང་རྫོགས་པས་འགགས་པ་མེད་པའི་ཡེ་ཤེས་ལོངས་སྐུ༔ ཐུགས་རྗེ་ཀུན་གྱི་ཡེ་ཤེས་ཆེན་པོ་འགྲོ་བའི་དཔལ་དུ་ཤར་བས་སྤྲུལ་སྐུ་སྟེ༔ གསང་བ་བླ་ན་མེད་པའི་དཀོན་མཆོག་གསུམ་པོ་ཡང་རིག་པའི་ཡེ་ཤེས་ཆེན་པོར་རྫོགས་པའོ༔ དེ་ལྟར་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ནས་དེ་གདུལ་བྱའི་སྐྱབས་མགོན་དམ་པར་རིག་སྟེ་བསྟེན་པ་དང་༔ དེའི་ངང་ལས་མི་འབྲལ་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་སྟེ༔ སྐྱབས་འགྲོ་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའོ༔ སེམས་བསྐྱེད་པའི་ཐབས་ཚུལ་ལམ་གཞན་ལས་ཆེས་ཆེར་འཕགས་པ་འཁོར་འདས་མཉམ་བརྡལ་གྱི་གནས་ལུགས་རང་ངོ་ཤེས་པ་སེམས་བསྐྱེད་ཐམས་ཅད་ཀྱི་མཆོག་མངོན་དུ་གྱུར་པའོ༔ རིག་པ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཀློང་དུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མ་བཙལ་རང་བྱུང་བའི་ངང་ཚུལ་གཏན་ལ་ཕབ་ནས་ཉམས་སུ་ལེན་པ་ནི་སྒྲུབ་དང་དཀྱིལ་འཁོར་ཐམས་ཅད་འདུས་པའི་ངོ་བོ་སྙིང་པོ་མི་འགྱུར་བའི་སྒྲུབ་པ་འདི་ཁོ་ན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ རིག་པ་རང་གི་ངང་དུ་རང་དམ་བཅས་ཏེ་དེ་ལས་མི་འདའ་བའི་གདིང་ཐོབ་ན་ཚེ་འདིར་མཆོག་གི་དངོས་གྲུབ་འབད་མེད་དུ་འཐོབ་པ་དང་༔ དེ་ལས་འདས་ཏེ་མ་རིག་པའི་ངང་དུ་འཆོལ་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་བཟོད་བླག་མེད་པའི་མེ་ལྟ་བུས་ཚིག་པར་འགྱུར་བས་ན་དམ་ཚིག་ཆེན་པོ་ཡིན༔ འཁྲུལ་པ་དངོས་ཞེན་གྱི་སྒོ་མ་འཁྲུལ་པ་རིག་པའི་དབྱིངས་སུ་སྡོམ་པས་སྡོམ་པ་ཐམས་ཅད་ཀྱི་ངོ་བོ་ཡིན༔ ཚེ་རབས་ཐོག་མ་མེད་པའི་དུས་ནས་གཞི་དབྱིངས་ཀ་དག་གི་རོལ་པ་མ་རིག་པའི་སྒྲིབ་པས་བསྒྲིབ་པ་ཉིད་ཆོས་ཉིད་རྒྱུ་འབྲས་ལས་འདས་པ་མཐའ་གྲོལ་རིག་པའི་རྒྱལ་པོའི་རང་ཞལ་མངོན་དུ་གྱུར་པས་ཡུལ་མེད་ཟང་ཐལ་ཆེན་པོར་སྦྱོངས་པས་སྒྲིབ་སྦྱོང་སྟེ༔ ལུས་ངག་གིས་སེམས་ལ་ཕན་ཕྱིར་ཟག་བཅས་ཀྱི་དགེ་བ་ལ་འབད་རྩོལ་ཇི་ཙམ་བྱས་ཀྱང་འཁོར་བར་བསོད་ནམས་བསགས་པ་ཙམ་ལས་རྣམ་པར་གྲོལ་བའི་ས་ཐོབ་པར་མི་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ གཞི་མ་རིག་པ་ནི༔ འཁོར་བ་དང་འཁྲུལ་པ་སྣང་སེམས་ཐམས་ཅད་ཀྱི་གཞི་ཡིན་པས་གཞི་དེ་ལ་བརྟེན་པའི་དཀར་ནག་གི་ལས་ཐམས་ཅད་འཁོར་བ་ལས་མི་འཕགས་པ་ནི་དེའི་ཕྱིར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་སེམས་ཉིད་ཡེ་ནས་སངས་རྒྱས་སྐྱོན་དང་དྲི་མས་མ་གོས་པ་ཞིག་ཡིན་ན་འདི་ལྟར་འཁྲུལ་པའི་གཞི་ལམ་འབྲས་བུ་ཐམས་ཅད་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་དག་པའི་གཞི་ནི་ཀ་དག་གདོད་མའི་མགོན་པོར་སངས་རྒྱས་པ་ཡིན་ཏེ་དེ་མངོན་དུ་གྱུར་པ་ནི་རིག་པ་རང་བྱུང་གི་སངས་རྒྱས་ཡིན་ལ༔ དེའི་མཚན་ཉིད་ནི་ངོ་བོ་ཡེ་སྟོང་ཆེན་པོ་འཁོར་འདས་ཡོངས་ཀྱི་དབྱིངས་ཉིད་ཆོས་དབྱིངས་ཡེ་ཤེས༔ ཅིར་ཡང་འཆར་དུ་རུང་བའི་ཡུལ་གོ་མ་འགགས་པ་དྭངས་གསལ་རྙོགས་མ་དང་བྲལ་བའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས༔ འཁོར་འདས་ཐམས་ཅད་ཡུལ་མེད་སྟོང་པ་ཉིད་དུ་མཉམ་པར་བརྡལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས༔ ཡེ་ཤེས་ཡོན་ཏན་གྱི་གསལ་སྒོ་མ་འགགས་པས་སོ་སོར་རྟོག་པའི་ཡེ་ཤེས༔ དག་གྲོལ་མཉམ་རྫོགས་ཀྱི་ལས་དང་བྱ་བ་ཐམས་ཅད་རང་བྱུང་དུ་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ༔ ཡེ་ཤེས་ལྔ་པོ་གཅིག་ཆར་དུ་རྫོགས་པའི་ཆོས་སྐུ་གཞིར་གནས་ཀྱི་རིག་པའི་རང་མདངས་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཞེས་བྱ་བའོ༔ དེ་ཉིད་ཀྱི་ངང་མ་རིག་པ་ནི་འཁྲུལ་པའི་རྒྱུར་གྲུབ་པ་སྟེ༔ དེའི་ཚུལ་ནི་གཞི་བརྡལ་ཁྱབ་ཀྱི་རོལ་པའི་ངང་མ་རིག་པ་ཙམ་གྱིས་རྒྱུ་བྱས༔ དེ་ཅུང་ཟད་བརྟན་པས་ཀུན་གཞི་མཚན་ཉིད་པ་བེམ་སྟོང་ནམ་མཁའ་ལྟ་བུ་ཐོམ་ཡོ་རེ་བ་ཅི་ཡང་མི་སེམས་པའི་སྟོང་ཧད་དེ་བར་གནས་པ་ཡིན༔ དེའི་ཐོག་ཏུ་ཕེབས་པ་ནི་བརྒྱལ་བའི་གནས་སྐབས་དང་༔ སྙོམས་འཇུག་གི་གནས་སྐབས་དང་༔ བསམ་གཏན་གྱིས་བསླང་བའི་ཉམས་ཀྱི་ཐོག་ཏུ་ཕེབས་པ་དང་༔ སྣང་བ་དབྱིངས་སུ་ཐིམ་པ་གཉིད་འཐུག་པོས་ཀུན་གཞིར་འཐུམ་པ་དང་༔ སྣང་བ་གནས་སུ་འགྱུར་བ་འཆི་སྲིད་ཀྱི་ཐོག་ཕེབས་རྣམས་ཏེ་ཀུན་གཞི་མཚན་ཉིད་པ་ཞེས་བློ་ཡིད་ཀྱི་མྱོང་ཞེན་དང་བྲལ་བ་གཞི་བེམ་སྟོང་རང་ལ་འཐུམ་པའོ༔ དེའི་ངང་ནས་སྣང་བ་མཆེད་པའི་གཞིར་ཤེས་པ་དྭངས་ཤིང་གསལ་བ་ཉིད་ལངས་པ་ཀུན་གཞིའི་རྣམ་ཤེས༔ དེ་ཡང་རང་གསལ་བ་ལས་ཡུལ་མ་གྲུབ་ཤིང་ཡུལ་ལ་མ་ཞུགས་པ་ཅིར་ཡང་འཆར་དུ་རུང་བ་དཔེར་ན་ཆུ་དྭངས་གསལ་ལ་གཟའ་སྐར་མཆེད་དུ་རུང་བ་དང་མེ་ལོང་དྭངས་གསལ་ལ་གཟུགས་བརྙན་འཆར་དུ་རུང་བ་དང་༔ ནམ་མཁའ་དྭངས་གསལ་ལ་སྣོད་བཅུད་མཆེད་དུ་རུང་བ་བཞིན་ཀུན་གཞིའི་རྣམ་ཤེས་སྟོང་གསལ་ལ་སྣང་བ་མཆེད་དུ་རུང་བའོ༔ དེའི་ངང་ལས་ང་ཞེས་བདག་ཏུ་སྣང་བ་ཙམ་གྱིས་ཤེས་པ་ལངས་ཏེ་བདག་ཚུར་བཟུང་བས་གཞི་ཕ་རོལ་ཏུ་སྣང་ནས་སྣང་ཡུལ་ནམ་མཁའ་བེམ་སྟོང་གྲུབ་པ་དང་༔ དེ་བརྟན་པར་གྱུར་ཏེ་མངོན་དུ་བྱེད་ཅིང་སྣང་བ་མཆེད་པའི་གཞི་ཡིད་ཅེས་བྱ་བ་ལངས་ནས་གསལ་ཆ་བཏོན༔ དེ་ལས་ཀྱང་སྣང་བའི་ཡུལ་ལྔ་ལངས་ཏེ་ཉེ་བར་བླངས་ནས་ཞེན་ཅིང་འཁྲུལ་པ་ཡིན༔ དེ་ལྟར་སྒྲིབ་བྱེད་མ་རིག་པ་ཉིད་ཀྱིས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཞིའི་རང་མདངས་ཉིད་བསྒྲིབ་པ་ལས་གདངས་ཕྱི་རྩལ་དུ་འཕོས་པའི་ཚུལ་ནི༔ བྱ་བ་གྲུབ་པའི་ཡེ་ཤེས་བསྒྲིབ་པས་གདངས་འཛིན་པ་ཕྲ་མོར་འཕོས་པ་དང་༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྒྲིབ་པས་གདངས་ཀུན་གཞི་མཚན་ཉིད་པ་འཕོས་པ་དང་༔ མེ་ལོང་ཡེ་ཤེས་བསྒྲིབ་པས་གདངས་ཀུན་གཞིའི་རྣམ་ཤེས་སུ་འཕོས་པ་དང་༔ མཉམ་ཉིད་ཡེ་ཤེས་བསྒྲིབ་པས་གདངས་ཉོན་ཡིད་དུ་འཕོས་པ་དང་༔ སོར་རྟོག་ཡེ་ཤེས་བསྒྲིབ་པས་གདངས་ཡིད་ཅེས་བྱ་བར་འཕོས་པའོ༔ དབྱིངས་ལྔ་ལས་གདངས་འབྱུང་ཆེན་ལྔ་དང་འབྱུང་ཕྲན་ལྔ་རུ་འཕོས་པའི་ཚུལ་ནི༔ ཆོས་སྐུ་ཁྱབ་བརྡལ་གྱི་དབྱིངས་སུ་བྱ་གྲུབ་ཡེ་ཤེས་ཀྱི་མདངས་བསྒྲིབ་པས་ལས་རླུང་རྒྱུ་བའི་རྐྱེན་ལས་འབྱུང་ཆེན་ནང་འབྱུང་རླུང་གི་དྭངས་མའི་རང་བཞིན་རྒྱུ་འོད་གདངས་ལྗང་གུར་འཕོས༔ དེ་ལ་དངོས་འཛིན་བདེན་ཞེན་སྐྱེས་པའི་རྐྱེན་གྱིས་འཐས་ཤིང་བརྟས་ཏེ་འབྱུང་ཕྲན་ཕྱི་འབྱུང་སྙིགས་མའི་རང་བཞིན་རླུང་དུ་སྣང་བ་དང་༔ དེ་བཞིན་དུ་ཆོས་དབྱིངས་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་མཐིང་གའི་ཁ་དོག་ཏུ་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ནམ་མཁར་སྣང་བ་དང་༔ མེ་ལོང་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་དཀར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ཆུར་སྣང་བ་དང་༔ མཉམ་ཉིད་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་སེར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་ས་རུ་སྣང་བ་དང་༔ སོར་རྟོག་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་འབྱུང་ཆེན་འོད་དམར་པོར་སྣང་བ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་འབྱུང་ཕྲན་མེ་ཡི་རང་བཞིན་དུ་སྣང་བའོ༔ དེ་ལྟར་དབྱིངས་ལྔ་ལས་འབྱུང་བ་ཐམས་ཅད་མཆེད་ཅིང་འཐས་པ་ཡིན་པས་ཤེས་པར་གྱིས་ཤིག༔ དབྱིངས་ལྔ་ལས་བསྐལ་པ་ཆགས་པའི་སྣང་བ་ནི་འདི་ལྟ་སྟེ༔ ཀུན་རྫོབ་ཏུ་ནམ་མཁའ་རྟེན་མེད་ཀྱི་དབྱིངས་སུ་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས་པའི་སྟེང་དུ་ཞི་བ་གསལ་དག་གི་རྒྱ་མཚོ་ཆགས་པ་དང་༔ དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི༔ དེ་དག་གི་གཤིས་ན་མེའི་དཀྱིལ་འཁོར་གྲུབ་པར་བཤད་པ་དང་༔ དེ་དག་གི་བཅུད་དང་རླངས་པ་ལྟ་བུར་བཅུད་ཀྱི་སེམས་ཅན་ཐམས་ཅད་ཆགས་པ་ཡིན་པར་སྐད་པ་གདུལ་བྱ་ཁ་དྲང་བའི་དོན་དུ་སྨོས་པ་ཙམ་ལས༔ དོན་དམ་པར་དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་བསྒྲིབ་བྱེད་ཀྱི་འཛིན་པ་ཕྲ་མོ་རླུང་གི་རང་བཞིན་དབྱིངས་སུ་ཞུགས་མ་ཐག་ཏུ་གཞི་སྟོང་པ་རྟེན་མེད་དུ་སྣང་བ་ནམ་མཁའ་སྟེ༔ དེ་ལས་ནམ་མཁར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་ཡིན༔ འཛིན་པ་ཕྲ་མོས་མ་རིག་པའི་གཞི་འཛིན་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་བསྒྲིབ་པས་གདངས་རླུང་དུ་སྣང་བ་རྒྱུན་མི་ཆད་པར་མཆེད་པ་དང་༔ མེ་ལོང་ལྟ་བུའི་ཡེ་ཤེས་མ་རིག་པས་བསྒྲིབ་པས་གདངས་ཆུ་རུ་སྣང་བ་རྒྱུན་ཆད་མེད་པར་མཆེད་པ་དང་༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དངོས་པོར་བཟུང་བས་སར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་དང་༔ སོ་སོར་རྟོག་པའི་ཡེ་ཤེས་མ་རིག་པས་བསྒྲིབ་པས་མེར་སྣང་བ་རྒྱུན་མི་ཆད་པར་མཆེད་པ་ཡིན༔ དེ་དག་གིས་ངོ་བོ་བསྒྲིབ་པའི་ཆ་ནས་རྟོག་པ་མཆེད་པ་ནི༔ ཆོས་དབྱིངས་ཡེ་ཤེས་བསྒྲིབ་པའི་ཆ་ནས་གཏི་མུག་གི་རྟོག་པ་མཆེད༔ མེ་ལོང་ཡེ་ཤེས་བསྒྲིབ་པའི་ཆ་ནས་ཞེ་སྡང་གི་རྟོག་པ་མཆེད༔ མཉམ་ཉིད་ཡེ་ཤེས་བསྒྲིབ་པའི་ཆ་ནས་ང་རྒྱལ་གྱི་རྟོག་པ་མཆེད༔ སོར་རྟོག་ཡེ་ཤེས་བསྒྲིབ་པའི་ཆ་ནས་འདོད་ཆགས་ཀྱི་རྟོག་པ་མཆེད༔ བྱ་གྲུབ་ཡེ་ཤེས་བསྒྲིབ་པའི་ཆ་ནས་ཕྲག་དོག་གི་རྟོག་པ་རྒྱུན་ཆད་མེད་པར་བྱུང་བ་ཡིན་ཏེ་ཉོན་མོངས་པ་དང་ཡེ་ཤེས་ཐམས་ཅད་ངོ་བོ་གཅིག་ལ་གདངས་ཐ་དད་པར་སྣང་བ་སྟེ༔ སྣང་ཚད་ཀྱང་གཅིག་ལས་ལྔར་སྣང་བའི་བརྡར་མེ་ལས་ཆུ་འབྱུང་བས་ཆུ་དང་༔ མེ་ལས་རླུང་བསྐྱོད་པའི་ཆ་ནས་རླུང་དང་༔ མེ་ལས་ཚ་བ་མཆེད་པས་མེ་དང་༔ མེ་ལས་རྡུལ་ཕྲ་རབ་དང་ཆ་མེད་འབྱུང་བའི་ཆ་ནས་ས་དང་༔ དེ་བཞིན་དུ་ས་ལས་རླན་ཆུ་འབྱུང་བ་དང་༔ ས་ཡང་རྡུལ་ཆ་མེད་ཀྱི་ཁུང་ནས་རླུང་གི་རང་བཞིན་དང་༔ ས་ལས་དྲོད་འབྱུང་བས་མེ་དང་༔ ས་ལྕི་ཞིང་འཐས་པས་སའི་རང་བཞིན་དང་༔ ཆུ་ཡང་རྡུལ་ཆ་མེད་ཀྱི་ཁུང་ནས་རྡུལ་ཕྲན་དུ་གྲུབ་པས་ས་དང་༔ ཤུགས་དང་རླབས་ཆེན་པོར་འཁྲུག་པས་རླུང་དང་༔ དྲོད་ཀྱིས་ཆུའི་ཞབས་མི་འཁྱག་པ་དང་༔ དྲོད་བསླང་པས་མེ་དྲོད་འབྱུང་བ་དང་༔ རླན་ནི་ཆུ་ཡི་མཚན་ཉིད་དང་༔ དེ་བཞིན་དུ་ཡང་ཞིང་གཡོ་བས་རླུང་དང་༔ རྡུལ་ཆ་མེད་ཀྱི་ཁུང་དུ་གནས་པས་ས་དང་༔ དྲོད་ཀྱིས་ཆུ་རླན་སྐམ་པས་མེ་དང་༔ གྲང་བའི་རེག་བྱ་ཡོད་པས་ཆུ་ཡིན་པ་དང་༔ ཀུན་གྱི་ངོ་བོ་ནམ་མཁའ་ཡིན་པས་འབྱུང་བ་རེ་རེ་ལ་ལྔ་རེ་ཚང་བ༔ ཆོས་ཉིད་གཅིག་ལ་མདངས་ལྔ་ཚང་བ་དང་༔ མདངས་གདངས་སུ་འཕོས་པ་ལྔ་ལའང་རེ་རེ་བཞིན་དུ་ལྔ་ཚན་འདུས་པ་ནི་ཡེ་ཤེས་གཅིག་གི་རང་བཞིན་ལ་རྣམ་པ་ཐ་དད་པར་སྣང་བའི་བརྡ་རྟགས་རང་གིས་སྟོན་པའོ༔ ནམ་མཁའ་སར་སྣང་བ་དང་༔ ནམ་མཁའ་མེར་སྣང་བ་དང་༔ ནམ་མཁའ་ཆུར་སྣང་བ་དང་༔ ནམ་མཁའ་རླུང་དུ་སྣང་བ་དང་༔ ནམ་མཁའ་ནམ་མཁར་སྣང་བ་སྟེ་ཀུན་ཀྱང་ནམ་མཁའ་ལས་འབྱུང་བས་འབྱུང་བ་ཞེས་སུ་གྲགས་པ་ཡིན་ནོ༔ འདི་ལྟར་ཕུང་པོ་ལྔ་ལས་འཁོར་བར་སྣང་བ་ཆོས་དབྱིངས་ཡེ་ཤེས་ཀྱི་ངང་ལ་གཉིས་སྣང་ཞུགས་པས་གཟུགས་ཀྱི་ཕུང་པོར་སྣང་བ་དང་༔ མེ་ལོང་ཡེ་ཤེས་ལ་འཛིན་ཞེན་བརྟན་པས་རྣམ་ཤེས་ཕུང་པོ་དང་༔ མཉམ་ཉིད་ཡེ་ཤེས་ལ་གཉིས་འཛིན་ཞུགས་པས་ཚོར་བའི་ཕུང་པོ་དང་༔ སོར་རྟོག་ཡེ་ཤེས་ལ་དངོས་ཞེན་སྐྱེས་པས་འདུ་ཤེས་ཕུང་པོ་དང་༔ བྱ་གྲུབ་ཡེ་ཤེས་ལ་དངོས་ཞེན་བརྟན་པས་འདུ་བྱེད་ཀྱི་ཕུང་པོར་ཤར་བ་ཡིན༔ དེ་བཞིན་ངོ་བོ་ལྔ་བསྒྲིབ་པའི་ཆ་ནས་ཕུང་པོ་ལྔ༔ མདངས་ལྔ་བསྒྲིབ་པའི་ཆ་ནས་ཁ་དོག་ལྔ༔ དབྱིངས་ལྔ་བསྒྲིབ་པའི་ཆ་ནས་འབྱུང་བ་ལྔ༔ ཡེ་ཤེས་ལྔ་བསྒྲིབ་པའི་ཆ་ནས་ཉོན་མོངས་པ་ལྔ་རྣམས་སྣང་བ་ཡིན་ནོ༔ མདོར་ན་ཀུན་གཞིའི་ཁམས་སུ་འཛིན་པས་དཀྲིས་པས་གཟུགས་མེད་པའི་ཁམས་དང་༔ ཀུན་གཞིའི་རྣམ་ཤེས་ཀྱི་ངང་དུ་འཛིན་པ་བརྟན་པས་གཟུགས་ཀྱི་ཁམས་དང་༔ ཡིད་ཀྱི་ཁམས་སུ་བརྟན་པ་ཐོབ་པས་འདོད་ལྷའི་ཁམས་སུ་འཕོས་པ་དང་༔ ཞེ་སྡང་གི་སྒོར་སྣང་བ་མཆེད་པས་དམྱལ་བ་དང་༔ འདོད་ཆགས་ཀྱི་སྒོར་སྣང་བ་མཆེད་པས་ཡི་དྭགས་དང་༔ གཏི་མུག་གི་སྒོར་སྣང་བ་མཆེད་པས་དུད་འགྲོའི་སྣང་བ་མཆེད་པ་དང་༔ དགེ་བའི་ལས་ཅུང་ཟད་ཙམ་བསགས་པ་ཕྲག་དོག་གི་རྟོག་པ་ཤུགས་དྲག་པ་དང་འདྲེས་ཏེ༔ འཆི་ཁ་དེ་ལྟ་བུའི་སྲེད་ལེན་གྱིས་གསོས་ཐེབས་པས་ལྷ་མ་ཡིན་གྱི་སྣང་བ་མཆེད་པ་ཡིན༔ བསོད་ནམས་བསགས་པའི་དགེ་ལ་འབད་ཀྱང་ཉོན་མོངས་པ་དུག་ལྔའི་རྒྱུས་བསྐྱེད་པའི་དབང་དང་༔ འཆི་ཁ་ཡང་དགེ་བའི་སེམས་ཀྱིས་གསོས་ཐེབས་པའི་སྣང་བ་མཆེད་པས་མིའི་སྣང་བ་མཆེད་པ་དང་༔ ངར་འཛིན་གྱི་གཞི་མ་རིག་པས་བྱས་པའི་ཐོག་ཏུ་ཟག་བཅས་ཀྱི་དགེ་བ་ཆེན་པོ་སེམས་ཀྱི་དགེ་བ་ལ་བརྟན་པ་ཐོབ་པའི་སྟོབས་ཀྱིས་ཁམས་གསུམ་གྱི་ལྷ་རུ་འཕོས་ཤིང་མཆེད་པ་ནི་དཔེར་ན་རྨི་ལམ་གྱི་སྣང་བ་མཆེད་པ་ལྟ་བུ་ཡིན་ནོ༔ དེ་ལྟར་འཁྲུལ་པའི་སྣང་བ་ལ་ཉིན་སྣང་དང་མཚན་སྣང་ཀུན་ཏུ་སྣོད་ཀྱི་འཇིག་རྟེན་སྣང་བའི་དབྱིངས་སུ༔ དེ་དག་གི་བཅུད་དང་རླངས་པ་ལྟ་བུར་བཅུད་ཀྱི་སེམས་ཅན་གཟུགས་དབྱིབས་ཁ་དོག་སྐྱེ་མཆེད་སྐད་རིགས་ལ་སོགས་པ་གཅིག་ཏུ་མ་ངེས་པར་སྣ་ཚོགས་སྣང་བ་དགེ་བའི་སྟོབས་ཆེ་ཆུང་གིས་སྣང་ཚུལ་གསུམ་དུ་སྣང་བ་དང་༔ སྙིགས་མ་ལ་དྭངས་སྙིགས་བར་པ་གསུམ་དུ་སྣང་བ་ཀུན་སློང་གི་བྱེད་ལས་ཀྱིས་མི་དགེ་བའི་ལས་ལྕི་ཡང་བར་གསུམ་གྱི་འབྲས་བུ་སྣོད་བཅུད་སྡུག་བསྔལ་ཐམས་ཅད་དེ་ལྟ་བུར་མཆེད་ཅིང་མྱོང་བ་ཡིན༔ ཡིད་དྭངས་གསལ་རྙོགས་མ་དང་བྲལ་བ་ནམ་མཁའ་ལྟ་བུ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ཀློང་དུ་སྣང་བ་མཆེད་པའི་ཡུལ་དྲུག་རང་ཆས་སུ་གྲུབ་པ་མིང་གིས་སོ་སོར་བཅད་པ་ཙམ་ལས་ཡུལ་རང་མཚན་པའི་བུག་སྒོ་ཐ་དད་དུ་གྲུབ་པ་ཙམ་མ་ཡིན་ཏེ༔ ཡིད་དྭངས་གསལ་གཟུགས་མཆེད་པའི་ཡུལ་གོ་མ་འགག་པ་གཟུགས་དང་བཅས་པ་ལ་མིག་གི་གཟུང་བ་ཡུལ་དང་༔ དེར་བཟང་ངན་བར་མ་གསུམ་ཉེ་བར་བླངས་ཏེ་མིང་བཏགས་དོན་བཟུང་དངོས་པོ་བདེན་པར་ལྟ་བའི་རྣམ་པར་རྟོག་པ་ཕྲ་མོ་ལ་མིག་གི་འཛིན་པ་སེམས་སུ་བརྗོད་ཅིང་༔ དོན་ལ་ཡིད་ཀྱི་རྣམ་ཤེས་ཕྲ་རགས་གཉིས་ལ་མིག་གི་གཟུང་འཛིན་དུ་བརྗོད་པ་ཡིན་ནོ༔ སྣང་བ་དེ་ཡང་ཡུལ་མ་ཡིན་པ་རྒྱ་མཚོའི་གཟའ་སྐར་རྒྱ་མཚོ་མ་ཡིན༔ ཆུ་ལ་སྐར་མ་མེད་པ་ལྟར་སྣང་བ་སེམས་མ་ཡིན༔ རྒྱ་མཚོ་ལས་གཞན་པའི་རྒྱ་མཚོར་སྣང་བའི་སྐར་མ་མེད་པ་བཞིན་དུ་སེམས་ལས་གཞན་པའི་སྣང་བ་ཡང་མེད་པ་རྟེན་ཅིང་འབྲེལ་འབྱུང་ལས་སྣང་དུས་ཉིད་ནས་མ་གྲུབ་པར་ཐག་ཆོད་པ་གནད་ཀྱི་དམ་པ་ཡིན་ནོ༔ དེ་ལྟར་མིག་གི་རྣམ་པར་ཤེས་པ་གཟུགས་ཡིན་པར་སེམས་ན་མིག་གི་རྣམ་པར་ཤེས་པ་ལས་གཟུགས་གཞན་མ་ཡིན་ཅིང་༔ གཟུགས་དང་རྣམ་ཤེས་འབྲལ་བ་མེད་པར་ནམ་ཡང་གཟུགས་གཅིག་མ་གཏོགས་གཞན་མཆེད་དུ་མི་རུང་བས༔ གཟུགས་ནི་བརྟན་གནས་མེད་པར་སྣང་ཙམ་ཉིད་ནས་དབྱིངས་སུ་ཡལ་ཏེ་གཞན་མ་ངེས་པར་སྣང་བ་དང་༔ གནས་འགྱུར་བྱེད་པའི་ཚེ་སྣང་ཡུལ་རྣམ་པར་ཤེས་པ་ལ་སེམས་མེད་པའི་གནས་སྐབས་ཙམ་ལས་འགྱུར་བ་མེད་པའི་ཚུལ་དེས་སྟོན་པར་འགྱུར་རོ༔ དཔེར་ན་རྣམ་པར་རྟོག་པ་རགས་པས་འགྲོ་བར་ཤེས་ཏེ་ཕྲ་བས་གོམ་པ་འདོར་བར་སྣང་ཚེ་གོམ་པ་རེ་རེ་བཞིན་དུ་སྣང་བའི་ས་རྡོ་རི་བྲག་རྩི་ཤིང་སྲོག་ཆགས་ལ་སོགས་པ་སྣང་ཙམ་ནས་སྟོང་པར་ཡལ་ཏེ་ཡང་རིམ་བཞིན་མཆེད་ནས་སྟོང་པར་ཡལ་བ་བཞིན་ཡིད་ཤེས་ཕྲ་བ་དེ་ལ་འཛིན་པ་ཞེས་བྱའོ༔ འཛིན་པ་རླུང་ཡིན་པས་མཆེད་པའི་རླུང་དང་༔ ཕྲ་བས་གནས་སུ་བསྒྱུར་བའི་རླུང་དང་༔ ང་ཞེས་བདག་ཏུ་འཛིན་པས་ལུས་སུ་སྣང་སྟེ་སྣང་ཤེས་གོ་མ་འགག་པའི་ང་རྒྱལ་བརྟན་པ་ཉིད་ཀྱིས་སྣང་སེམས་ཀྱི་གཞི་འཛིན་པས་ན་འཛིན་པའི་རླུང་དང་༔ གཞི་ཁྱབ་བརྡལ་ལ་ཡུལ་ཕ་གི་བ་རྒྱང་རིང་བ་དང་མི་རིང་བ་སོགས་ཆོས་ཐམས་ཅད་སོ་སོར་འབྱེད་པས་ན་འབྱེད་པའི་རླུང་དང་༔ དེ་ལྟར་མཆེད་པའི་སེམས་སྣང་ཐམས་ཅད་ཀུན་གཞི་སྟོང་ཧད་དེ་བའི་དབྱིངས་སུ་བཤིག་པར་བྱེད་པས་ན་འཇིག་པའི་རླུང་ཞེས་བྱ་སྟེ༔ མ་དག་པ་འཁོར་བའི་རླུང་ལྔ་པོ་དེ་སེམས་ཀྱི་ཤེས་པ་དང་རྣམ་པར་རྟོག་པ་ཕྲ་བ་རྣམས་ལས་ཐ་མི་དད་དོ༔ དེ་བཞིན་ཡིད་དྭངས་གསལ་གྱི་དབྱིངས་སུ་སྒྲར་སྣང་བ་མཆེད་པའི་ཡུལ་གང་ཡིན་པ་དེ་ལ་རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བར་བརྗོད་དེ༔ སྒྲར་སྣང་བ་མ་ངེས་པར་མཆེད་པའི་ཡུལ་ཡིད་ཤེས་རགས་པ་ལ་རྣ་བའི་གཟུང་བ་ཡུལ་དང་༔ སྒྲ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ཡིད་ཤེས་ཕྲ་བ་ལ་རྣ་བའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་དུ་ཡིད་དྭངས་གསལ་གྱི་དབྱིངས་སུ་དྲིར་སྣང་བ་མཆེད་པའི་ཡུལ་དེ་ལ་སྣའི་རྣམ་པར་ཤེས་པ་སྟེ༔ དྲིར་སྣང་བ་མ་ངེས་པར་མཆེད་པའི་ཡུལ་ཡིད་ཤེས་རགས་པ་ལ་སྣའི་གཟུང་བ་ཡུལ་དང་༔ དྲི་ཉེ་བར་ལེན་པའི་སེམས་རྟོག་ཡིད་ཤེས་ཕྲ་བ་ལ་སྣའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་ཡིད་ཤེས་རགས་པ་རོའི་ཡུལ་དུ་མཆེད་དེ་དེར་སྣང་བ་དང་རོ་མཆེད་པའི་ཡུལ་ལ་ལྕེའི་རྣམ་པར་ཤེས་པ་གཟུང་བ་ཡུལ་དང་༔ བཟང་ངན་ཉེ་བར་ལེན་པའི་སེམས་རྟོག་ཡིད་ཤེས་ཕྲ་བ་ལ་ལྕེའི་འཛིན་པ་སེམས་ཞེས་བྱའོ༔ དེ་བཞིན་ཡིད་ཤེས་རགས་པ་རེག་བྱ་མཆེད་པའི་ཡུལ་ལ་ལུས་ཀྱི་རྣམ་པར་ཤེས་པ་གཟུང་བ་ཡུལ་དང་༔ རེག་བྱ་བཟང་ངན་བར་མ་ཉེ་བར་ལེན་པའི་རྣམ་རྟོག་ཡིད་ཤེས་ཕྲ་མོ་ལུས་ཀྱི་འཛིན་པ་སེམས་སུ་སྨྲ་བ་ཙམ་དུ་ཟད་དོ༔ ཤེས་པ་དེ་དག་ལས་གཞན་པའི་སྣང་བ་མེད་པ་དང་༔ ཤེས་པ་ཉིད་སྣང་བ་མ་ཡིན་པར་ཤེས་དགོས་པ་ལས༔ ཤེས་པ་སྣང་བ་མ་ཡིན་པར་སེམས་ན་སྣང་བ་སྐྱེ་འཆིའི་དབང་དུ་གྱུར་པ་དང་ཡུལ་མེད་དུ་སོང་ན་སེམས་མེད་དུ་འགྲོ་དགོས་པས་སྣང་བ་སེམས་སུ་མི་འདོད༔ སེམས་ལས་གཞན་པར་འདོད་ན་ཉིན་དུས་དང་རྨི་དུས་བར་མ་དོའི་གནས་སྐབས་རྣམས་སུ་སེམས་ལ་སྣང་བ་རྒྱུན་མི་ཆད་པར་ཅི་ལ་འབྱུང་༔ སྣང་བ་སྔ་མ་ཟད་དུས་ཕྱི་མ་འབྱུང་དགོས་པའི་དོན་མེད་དེ༔ དེའི་ཕྱིར་ན་སྣང་བ་སེམས་མིན་ལ༔ སེམས་ལས་གཞན་པའི་སྣང་བ་ཡང་མེད་པའི་ཚུལ་སྣང་བ་དངོས་ལའང་སྤྲོས་པའི་མཐའ་གང་ཡང་མ་གྲུབ་པར་ངེས་པས་ཁས་ལེན་ཐམས་ཅད་དང་བྲལ་བ་ནི་སེམས་ལས་མི་གཞན་པའི་དོན་ཡིན་ནོ༔ དེ་ལྟར་སྣང་སེམས་ཐམས་ཅད་ལུགས་སུ་འབྱུང་ནས་འཁོར་བ་ཡོངས་སུ་སྣང་བ་དང་༔ ལུགས་སུ་ལྡོག་པས་ཀུན་གཞིའི་ལྷུམས་སུ་ཞུགས་ཏེ་ཅུང་ཟད་མེད་པར་ཧར་སངས་པ་ཡིན༔ སྒོ་ཞེས་མིང་སོ་སོར་བཏགས་པ་ནི་སྒོ་མེད་པ་ལ་ཡོད་པར་སྣང་བས་དེ་ལྟར་བརྗོད་པ་དང་༔ ངས་ལུས་སྣང་བའི་རྐྱེན་ལས་སྣང་ཡུལ་ཡིད་ཤེས་རགས་པ་དྲུག་ཏུ་བརྗོད་ཅིང་སེམས་ཅན་རྣམས་ཀྱི་བུག་སྒོ་སོ་སོ་ནས་མཐོང་ཐོས་ཚོར་མྱོང་གི་སྣང་བས་རང་བསླུས་པ་ཡིན་པས་དེའི་ཚུལ་ཤེས་པ་གནད་དུ་ཟུངས་ཤིག༔ བུག་སྒོ་འདི་དག་མ་ཡིན་པའི་ཚུལ་ནི་རྨི་ལམ་དང་བར་མ་དོའི་སྣང་བས་སྟོན་ཏེ༔ མིག་བཙུམ་པའམ་ལོང་ཡང་གཟུགས་ཡིད་ལ་སྣང་བ་དང་༔ རྣམ་པར་རྟོག་པས་སྣ་དྲངས་པས་སྒྲ་ཡིད་ལ་སྣང་བ་དང་༔ དེ་བཞིན་དུ་དྲི་དང་རོ་དང་རེག་བྱ་ཐམས་ཅད་མངོན་སུམ་དབང་པོའི་སྒོ་རུ་སྣང་ཙམ་ཡིད་ཐོག་ཏུ་མཆེད་པ་ནི་སྒོ་ཡིད་ལས་མི་གཞན་པའི་དོན་རང་གིས་སྟོན་པ་ཡིན་ནོ༔ ལར་ཕྱི་ལྟར་ན་ངར་འཛིན་ལ་འཛིན་པ་གང་ཟག་གི་བདག་དང་༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་ལ་གཟུང་བའི་ཡུལ་ཞེས་བྱ་བར་འདོད་པ་ཡིན༔ ནང་ལྟར་ན་ཉོན་ཡིད་ལ་གཟུང་ཡུལ་དང་༔ ཉེ་བར་ལེན་པ་ཡིད་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན༔ གསང་བ་ལྟར་ན་ཡིད་ཀྱི་རྣམ་ཤེས་ལ་ཤེས་པ་དང་པོ་སྟེ་དེ་རྐྱེན་གྱི་དབང་གིས་ཡུལ་གྱི་རང་བཞིན་དུ་གྱུར་པ་ལ་གཟུང་བའི་ཡུལ་དང་༔ མིང་བཏགས་དོན་འཛིན་དབྱེ་བ་ཕྱེས་ཏེ་བཟང་ངན་བར་གསུམ་ཐམས་ཅད་ཉེ་བར་ལེན་པ་ལ་འཛིན་པ་སེམས་སུ་ཤེས་པར་བྱའོ༔ དོན་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོར་གཏན་ལ་ཕབ་དགོས་པ་ཡིན་པས་བརྟག་ཅིང་དཔྱད་དེ་ཤེས་པས་ཤེས་རབ་ཆེན་པོ་མངོན་དུ་གྱུར་པ་ལ་རྟོགས་པ་ཞེས་བྱའོ༔ ཀྱཻ་སྣང་བའི་དབང་པོ་སྣང་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ ཤེས་རབ་བྱ་བ་གཞན་ན་མེད་དོ༔ འཁོར་འདས་ཐམས་ཅད་སྟོང་ཉིད་ཆེན་པོར་ཤེས་པར་གྱིས་ཤིག༔ ཤེས་པ་ལས་རྟོགས་པ་ལོགས་ན་མེད་དོ༔ སྟོང་ཉིད་མངོན་སུམ་དུ་མཐོང་བ་འདི་ཡིན་ནོ༔ མཐོང་བ་ལས་སྒོམ་པ་ལོགས་ན་མེད་དོ༔ ད་ལྟ་སྣང་བའི་ཡུལ་མངོན་དུ་བྱེད་པའི་གསལ་ཆ་འདི་ཀ་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ཡིན་ནོ༔ དེ་ངོ་འཕྲོད་པ་རང་རིག་པའི་འོད་གསལ་ཞེས་བྱ་བ་ཡིན་པ་ལས་སྔར་མེད་པའི་འོད་གསལ་ལོགས་ན་མེད་དོ༔ འཁོར་འདས་སྟོང་ཉིད་ཆེན་པོའི་ངང་ཚུལ་རྟོགས་པ་ལས་དབུ་མ་བྱ་བ་གཞན་ན་མེད་དོ༔ གཞི་དབྱིངས་མངོན་དུ་གྱུར་པའི་དབུ་མ་ཆེན་པོར་རླུང་སེམས་ཡེ་ཤེས་སུ་དེངས་པ་ཉིད་ལས་རླུང་སེམས་དབུ་མར་ཚུད་པ་ཞེས་གཞན་ན་མེད་དོ༔ སྔོན་འཁོར་འདས་སྣོད་བཅུད་འདོད་ཡོན་ཐམས་ཅད་བདེན་པར་བཟུང་སྟེ་མ་གྲུབ་པའི་ཚུལ་མ་རིག་པ་ལས༔ ད་ཤེས་པས་དོན་གཤིས་ཐོག་ཏུ་ཕེབས་པ་མ་གཏོགས་རིག་པ་ཞེས་བྱ་བ་གཞན་ན་མེད་དོ༔ ཁམས་གསུམ་གྱི་སྣང་ཞེན་བདག་མེད་ཀྱི་དབྱིངས་སུ་གཅོད་པ་ལས་གཅོད་ཅེས་བྱ་བ་ལོགས་ན་མེད་དོ༔ ཁམས་གསུམ་གྱི་གཞི་ལུང་མ་བསྟན་དྭངས་ཤིང་གསལ་བ་འདི་ཀ་དབང་ཕྱུག་མ་ཧཱ་དཱེ་ཝ་ཞེས་བྱ་བ་ཡིན་ཏེ་དེའི་ལུས་འདོད་པའི་ཁམས་དང་༔ ངག་གཟུགས་ཀྱི་ཁམས་དང་༔ ཡིད་གཟུགས་མེད་པའི་ཁམས་སུ་སྣང་བ་ཡིན༔ དེའི་ཚོགས་དྲུག་གི་ངོ་བོ་ལས་དབང་པོ་རྣམ་དྲུག་དང་༔ ཚོགས་བརྒྱད་ཀྱི་གདངས་ལས་ལྷ་མ་སྲིན་སྡེ་བརྒྱད་དང་༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་རགས་པའི་རྟོག་ཚོགས་ལས་སྲིད་པའི་ལྷ་འདྲེ་ཆེ་རྒུ་མཆེད་པ་དང་༔ ཕྲ་བའི་རྟོག་ཚོགས་ལས་བགེགས་གདོན་འདྲེ་སྲིན་འབྱུང་པོ་རྣམས་མཆེད་པ་ཡིན་ནོ༔ ཤ་ས་ཁྲག་ཆུ་དྲོད་མེ་དབུགས་རླུང་སྟེ་འབྱུང་བ་བཞིའི་ལུས་བཟུང་ཞིང་ནམ་མཁའ་སྟོང་པ་སེམས་དང་རྟོག་ཚོགས་ཕྲ་མོའི་རང་གཟུགས་སེམས་ཅན་རྣམ་པ་སྣ་ཚོགས་པའི་རྣམ་པར་འཕྲུལ་པ་ཡིན་ཏེ༔ དེའི་ཕྱིར་ལྷའི་རྒྱུ་སེམས་ཅན་གྱི་ཀུན་གཞིར་གནས་ཏེ་སྟོང་པ་ལ་གཟུགས་སུ་བཟུང་སྟེ་གཟུགས་ཡིད་ལ་བྱས༔ མི་བརྗེད་པར་དྲན་པ་གསོ་ཕྱིར་མིང་ནས་དིར་དིར་བོས༔ འབྱུང་ལྔའི་ཁམས་ནས་གཟུགས་དེ་ལྟ་བུ་མང་པོ་ཐིམ་པར་ཡང་ཡང་བསྒོམ་པས་སྒོམ་དམིགས་ལ་བརྟན་པ་ཅུང་ཟད་ཐོབ་པས་བསྒོམ་པ་ཇི་ལྟ་བ་བཞིན་གྱི་ཡིད་གཟུགས་མངོན་སུམ་དུ་འགྲུབ་པར་འགྱུར་ཏེ༔ ནམ་མཁའ་སྟོང་པ་ལ་བདེན་པར་འཛིན་པའི་རྐྱེན་གྱིས་སྣང་སྲིད་ཐམས་ཅད་མངོན་སུམ་དུ་གྲུབ་པ་འདི་དག་འཛིན་པ་གཅིག་གི་ཆོ་འཕྲུལ་དུ་གདོན་མི་ཟ་བ་ཡིན༔ ལྷ་མ་གྲུབ་པའི་དབྱིངས་ནས་ལྷ་འགྲུབ་པ་ནི་རང་གི་གཞི་རིག་པ་ལྷ་ཁམས་ཐམས་ཅད་ཀྱི་རྒྱུ་རུ་མཆིས་པས་རྒྱུ་དེ་ཉིད་སེམས་ཀྱིས་ལྷ་གཟུགས་སུ་བཀོད་ཅིང་གསལ་བས་ཟླ་བ་གཉིས་གསུམ་ལས་མི་འགྱང་བར་གྲུབ་པ་ཡིན༔ དེ་མ་ཡིན་པའི་ལྷ་རང་རྒྱུད་པར་མཆིས་ན་མི་གཅིག་གིས་བོས་པས་འགྲུབ་པ་ལས་གང་ཟག་སྒྲུབ་པ་པོ་གཞན་ལ་ལྷ་མི་ཐོབ་པར་ཐག་ངེས་པར་ཆོད་སླ་བ་དང་༔ ལྷའི་རྒྱུ་མེད་ན་ལྷ་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་བ་འཇིག་རྟེན་གྱི་བྱ་བ་ལ་བརྟག་པས་ངེས་པར་གོ་བ་ཡིན་ནོ༔ རིགས་ཀྱི་བུ་དབང་ཕྱུག་སྒྱུ་འཕྲུལ་ནག་པོའི་རྒྱུད་ཀྱི་ཡང་སྙིང་འདི་ལས་མེད་དོ༔ འདི་མ་རྟོགས་པས་ལྷ་བསྒྲུབ་ཀྱང་འགྲུབ་པར་དཀའ་བ་མི་ཞིག་གིས་ལུང་སྟོང་དུ་ཀྭི་བཏབ་སྟེ་གྲངས་བསགས་པ་ལྟ་བུས་འབྲས་བུ་གྲུབ་པ་མེད་པའི་ངང་ཚུལ་ཤེས་པར་གྱིས་ཤིག༔ ཁམས་གསུམ་ལ་དབང་བསྒྱུར་བས་ཁམས་གསུམ་གྱི་གཞི་དང་༔ སྲིད་གསུམ་འཕྲུལ་དུ་འགྱེད་པའི་ལོངས་སྤྱོད་ཀྱིས་ཕྱུག་པ༔ དེའི་ངང་གསལ་བའི་ཆ་འཁོར་འདས་ཀྱི་གྱེས་མདོ་ཆེན་པོ་ཡེ་གནས་ཀྱི་ཡེ་ཤེས་རང་ལ་གནས་པའི་རྒྱུ་ལས་འཁྲུལ་པ་མགོན་པོ་ནག་པོ་མ་ཧཱ་ཀཱ་ལ་སྐུའི་ཆ་སྣང་ཞིང་སྲིད་པ༔ གསུང་གི་དབྱིངས་ལྷུན་གྲུབ་ཀྱི་རོལ་པ༔ ཐུགས་ཀྱི་དབྱིངས་སྟོང་ཞིང་གསལ་བ༔ ཡོན་ཏན་གྱི་ཆ་ལས་ལམ་དང་འབྲས་བུའི་ཆོས་ཐམས་ཅད༔ ཕྲིན་ལས་ཀྱི་ཆ་ནས་མགོན་པོ་ཕོ་རྒྱུད་ཐམས་ཅད་སྣང་བར་འཕྲུལ་པ་རྣམས་ནི་ཐབས་ཀྱི་རང་བཞིན་དང་༔ སྟོང་པ་ཤེས་རབ་ཀྱི་ཆ་ལས་ལྷ་མོ་མོ་རྒྱུད་ཐམས་ཅད་འཕྲུལ་པ་ཡིན༔ ནམ་མཁའ་དྭངས་གསལ་དེ་ནི་ནམ་མཁའི་མགོན་པོ༔ སའི་དྭངས་མ་སའི་མགོན་པོ༔ ཆུའི་དྭངས་མ་ཆུའི་མགོན་པོ༔ མེའི་དྭངས་མ་མེའི་མགོན་པོ༔ རླུང་གི་དྭངས་མ་རླུང་གི་མགོན་པོ༔ བཅུད་ཀྱི་དྭངས་མ་བཅུད་ཀྱི་མགོན་པོ༔ དེ་དག་ཐམས་ཅད་དྭངས་ཤིང་གསལ་བའི་ཆ་ལས་འཕྲུལ་པ་ཡིན༔ དེ་ཇི་ལྟར་འཕྲུལ་ན་སྟོང་གསལ་རང་བཞིན་རྒྱུ་རུ་གནས་པ་ཀུན་གཞིའི་རྣམ་ཤེས༔ དེའི་འཕྲུལ་བློ་ཡིད་ཀྱིས་གཟུགས་སུ་བཀོད་དེ་ཤེས་པ་རྒྱུན་ཆགས་པས་བརྟན་པར་བྱས་ནས་རྣམ་པར་རྟོག་པས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་གཟུགས་ཀྱི་སྐུར་བསམ་ནས་བསྒོམ་པས་དེའི་གཟི་བྱིན་དང་ནུས་པ་བསྐྱེད༔ མིང་ནས་བོས་པས་དྲན་པ་ལ་མི་བརྗེད་པའི་གསོས་བཏབ་པས་ཟླ་བ་རེ་རེ་ལས་མི་འགྱང་བར་གྲུབ་པའི་ལྟས་འབྱུང་བ་དང་༔ ལོ་གཅིག་ཙམ་ནས་དབང་པོའི་སྒོར་འཆར་བའི་ཚུལ་དུ་འགྲུབ་པར་གདོན་མི་ཟ་བ་ཡིན༔ ལས་ཅི་བྱེད་ན་ཡེ་ཤེས་པ་ཡིན་ཏེ་མ་རིག་པ་དང་སྣང་བ་དངོས་པོར་འཛིན་པའི་དགྲ་བོ་ཡུལ་མེད་དུ་སྒྲོལ་བའི་ལས་བྱེད་པར་འགྱུར་རོ༔ ངོ་བོ་ཡེ་ཤེས་ཡིན་པས་ཡེ་ཤེས་པ་དང་༔ རྣམ་པ་གཟུགས་ཅན་རྣམ་པར་ཤེས་པའི་ཕུང་པོར་གསལ་བ་འཇིག་རྟེན་པ་ཡིན་ནོ༔ དེས་ན་ཕྱེད་ཀ་ཡེ་ཤེས་པའི་ངོ་བོར་གནས་པ་དང་༔ ཕྱེད་ཀ་འཇིག་རྟེན་པའི་རང་བཞིན་དུ་བློ་ཡིད་ཀྱིས་བསྒྲུབ་པའི་དཔལ་ལྡན་སྔགས་ཀྱི་སྲུང་མར་བཞག་པ་ཡིན་ནོ༔ མགོན་པོ་ནག་པོ་ཕྲིན་ལས་ཀྱི་རྒྱུད་ཅེས་པ་འདི་ལས་གཞན་ན་མ་མཆིས་པའོ༔ མགོན་པོ་ནག་པོའི་སྤྲུལ་པའི་སྒྱུ་འཕྲུལ་ཕྱི་ནང་གི་འབྱུང་བའི་མངའ་བདག་ཆེན་པོ་ཉོན་ཡིད་ཀྱི་རང་གཟུགས་དུག་ལྔ་ཆ་མཉམ་པའི་འབྱུང་བ་དངོས་པོར་འཛིན་པ་གཉིས་མེད་ལ་གཉིས་སུ་འཛིན་ཅིང་བདག་གཞན་གྱི་གོ་སྐབས་འབྱེད་པའི་མཁན་པོ་འདི་ཉིད་ཀྱི་གནས་ཚུལ་ནི༔ དོན་དམ་པར་ནམ་མཁའ་རང་རྒྱུད་པར་སྣང་བའི་དབང་པོ་ང་རྒྱལ་ནམ་མཁའི་གཟའ་རྒོད༔ ས་རང་རྒྱུད་པར་སྣང་བའི་དབང་པོ་གཏི་མུག་སའི་གཟའ་རྒོད༔ ཆུ་རང་རྒྱུད་པར་སྣང་བའི་དབང་པོ་འདོད་ཆགས་ཆུའི་གཟའ་རྒོད༔ མེ་རང་རྒྱུད་པར་སྣང་བའི་དབང་པོ་ཞེ་སྡང་མེའི་གཟའ་རྒོད༔ རླུང་རང་རྒྱུད་པར་སྣང་བའི་དབང་པོ་ཕྲག་དོག་རླུང་གི་གཟའ་རྒོད༔ དེ་དག་གི་དྭངས་བཅུད་འགྲོ་བའི་ཤ་ཁྲག་དྲོད་དབུགས་ལ་རྒྱུ་ཞིང་གནས་པའི་རྒྱུ་དེ་ཉིད་དུག་ལྔའི་རང་གཟུགས་སུ་བློས་བཞག་སྟེ་ཡིད་ཀྱིས་བསམ་པ་ལ་འབྱུང་བ་རང་རང་གི་ཁམས་ནས་དེ་འདྲ་བ་གྲངས་མེད་པ་བྱུང་ནས་ཐིམ་པར་ཡང་ཡང་བསམ་ནས་ནུས་པ་བསྐྱེད་པ་དང་༔ ལྷ་གསལ་བའི་ངང་ལ་བརྗེད་མེད་ཀྱི་ཤེས་པས་འགྲུབ་ཅིང་བརྟན་པར་བྱ་བའི་ཕྱིར་དམིགས་གནད་ཀྱིས་ཤེས་པ་གཞན་དུ་མ་ཡེངས་པར་འབོད་སྔགས་ལ་འབད་པས་རིང་པོར་མི་ཐོགས་པར་མངོན་སུམ་དུ་འགྲུབ་ནས་ལས་བྱེད་པ་རྣམ་རྟོག་གིས་བཟོས་ཤིང་ཤེས་པས་སྲ་བརྟན་དུ་བསྒྲུབ་པས་ལྷར་བཟུང་བའི་ལྷའི་རྣམ་པར་རྟོག་པ་དེའི་ཆོ་འཕྲུལ་ལས་གྲུབ་པའི་གཟའ་རྒོད་ཆེན་པོ་ཉིད་ཀྱིས་རྣམ་རྟོག་གི་ཆོ་འཕྲུལ་ལས་བྱུང་བའི་དགྲ་བོ་རྣམས་རང་མལ་དུ་གསོད་པར་འགྱུར་རོ༔ གཟའ་བདུད་ནག་པོ་རེག་ཕུང་གི་རྒྱུད་ཅེས་བྱ་བ་འདི་ལས་གཞན་ན་མེད་དོ༔ སྣང་བའི་ཡུལ་ལ་བཟའ་བའི་ཤེས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་བདག་པོ་ཤེས་རིག་དྭངས་མའི་བདག་ཉིད་ཅན་སྣང་བ་ཐབས་དང་རྟེན་འབྲེལ་ཟབ་མོའི་མཐུ་ལས་གྲུབ་པ༔ ཞིང་བཅུའི་དགྲ་ལ་གནོད་པ་སྟེར་ཞིང་སྒྲུབ་པའི་དམ་ལྡན་སྐྱེས་བུ་རྣམས་ཀྱི་སྣང་ཡུལ་དུ་ལོངས་སྤྱོད་ཀྱི་དཔལ་སྦྱིན་པ༔ འབྱུང་བ་སྣོད་བཅུད་ཁམས་གསུམ་ཐམས་ཅད་ལ་མངའ་དབང་མཛད་པ་གསང་སྔགས་ཀྱི་བསྟན་དགྲ་རྣམས་ཀྱི་སྲོག་དབུགས་དབྱིངས་སུ་སྡུད་པའི་ཤན་པ༔ དབང་སྡུད་ཀྱི་ནུས་པ་ལྡན་ཕྱིར་ཁ་དོག་དམར་བ༔ དྲག་པོ་མངོན་སྤྱོད་ཀྱི་ལས་ལ་རྒྱུ་བའི་རྟགས་སུ་ནག་པའི་མདངས་ཆགས་པ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་འཛིན་པའི་ཤེས་པ་རང་བྱུང་བ་ལས་ཕྱོགས་སྐྱོང་བཅུ་དང་༔ རྣམ་པར་ཤེས་པའི་དྭངས་མ་ལས་སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དུ་སྣང་བ་སྟེ༔ དྭངས་གསལ་ཡིད་ཀྱི་དབང་པོ་རང་གསལ་བས་ཐམས་ཅད་མངོན་དུ་བྱེད་པ་དེ་ཉིད་ཀྱང་དམིགས་གསལ་འཛིན་ཤེས་བརྟན་པའི་མཐུས་རྒྱུ་ལ་རྐྱེན་བཙན་ཐབས་སུ་བཞག་ནས་རྟེན་འབྲེལ་ཚོགས་པར་བསྒྲུབ་པས་མྱུར་དུ་དེ་ལྟར་འགྲུབ་པར་འགྱུར་བ་ཡིན་ནོ༔ གནོད་སྦྱིན་ཤན་པ་དམར་ལེན་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཐམས་ཅད་ཀྱི་སྤྲུལ་གཞི་ཉོན་མོངས་པའི་ཡིད་ཅན་གཟའ་བདུད་ནག་པོའི་ནང་འབྱུང་ལྔ་ལས་ཕྱི་འབྱུང་ཤུགས་ཀྱིས་བསྐྱེད་པའི་གཤིས་སུ་མེ་ཁམས་དྲོད་དུ་གནས་པ་དམར་པོ་བཙན་གྱི་སྡེ་ཚོགས་ཡིན་ཏེ༔ ཤ་ལ་དྲོད་རྒྱུ་བ་ཤའི་བཙན་རྒོད༔ ཁྲག་ལ་དྲོད་རྒྱུ་བ་ཁྲག་གི་བཙན་རྒོད༔ དབུགས་ལ་དྲོད་རྒྱུ་བ་རླུང་གི་བཙན་རྒོད༔ སྣང་བ་ལ་དྲོད་སྣང་བ་མེའི་བཙན་རྒོད༔ སེམས་ཞེ་སྡང་གི་ཁམས་སེམས་ཀྱི་བཙན་རྒོད༔ དེའི་གདངས་ལས་སྣང་བ་མེའི་ཚ་བ་མེ་བཙན་དམར་པོ༔ ས་ལ་དྲོད་རྒྱུ་བ་ས་བཙན་སེར་པོ༔ ཆུ་ལ་དྲོད་རྒྱུ་བ་ཆུ་བཙན་དཀར་པོ༔ རླུང་ལ་དྲོད་རྒྱུ་བ་རླུང་བཙན་ལྗང་གུ༔ ནམ་མཁའ་ལ་དྲོད་རྒྱུ་བ་གནམ་བཙན་མཐིང་གའོ༔ དེ་དག་ཐམས་ཅད་ཞེ་སྡང་མེ་ལྟར་འབར་བའི་ཆོ་འཕྲུལ་ཡིན་ཏེ༔ ཐམས་ཅད་སེམས་གཞི་སྟོང་ཉིད་ཆེན་པོས་དབང་བསྒྱུར་བའི་ཕྱིར་དབྱིངས་གཟུགས་སུ་བཟུང་སྟེ་འཛིན་ཤེས་རྒྱུན་ཆགས་པས་བསྐྱེད་སྒོམ་ལ་བརྟན་པ་ཐོབ་ཚེ་སྟོང་གཟུགས་མངོན་སུམ་དུ་འགྲུབ་ཅིང་འབྱུང་དང་འབྱུང་ཕྲན་ལས་སྐྱེས་པའི་དགྲ་འདྲེ་རྣམས་འབྱུང་བ་རང་གཤེད་དུ་དབབ་པའི་ཐབས་སུ༔ རྒྱུ་མེ་ཁམས་གྲུབ་པ་དེ་ལ་རྐྱེན་དམིགས་གསལ་ལ་བརྟན་པ་ཐོབ་པའི་རྟེན་འབྲེལ་ལས་བཙན་རྒོད་ཀྱི་སྡེ་འབྱུང་བ་ཡིན་པས༔ ལས་དེ་འགྲུབ་པར་གདོན་མི་ཟ་བ་ཡིན༔ བཙན་རྒོད་མེ་ལྟར་འབར་བའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པའི་ཡིད་ཅན་འཁྲུལ་སྣང་བཀོད་པའི་བདག་པོ་སྣང་སྲིད་ཡོངས་ལ་ཁྱབ་ཅིང་འཇུག་པའི་དྲག་ཤུལ་ཆེན་པོའི་ཆོ་འཕྲུལ་ང་རྒྱལ་གྱི་རང་གཟུགས་གཤིན་རྗེ་ཡ་མ་རཱ་ཛ་ཆེན་པོའི་ཆོ་འཕྲུལ་སྣང་བར་སྟོན་ཅིང་༔ འབྱུང་བ་ཀུན་ཏུ་འཇུག་པའི་ཚུལ་ནི་མེ་རྡུལ་ཆ་མེད་ཀྱི་ཁུང་ན་སར་འདུག་པ་མེའི་གཤིན་རྗེ༔ ས་ནི་རྡུལ་ཚོགས་པའི་རྡུལ་སའི་གཤིན་རྗེ༔ ཆུ་ནི་རྡུལ་ཆ་མེད་ཀྱི་ཁུང་ནས་སའི་རང་བཞིན་ཆུའི་གཤིན་རྗེ༔ རླུང་ནི་རྡུལ་ཆ་མེད་ཀྱི་ཁུང་ནས་ས་རུ་འདུག་པ་རླུང་གི་གཤིན་རྗེ༔ ནམ་མཁའ་སྟོང་དབྱིངས་ལས་སར་སྣང་བས་ནམ་མཁའི་གཤིན་རྗེ་ཞེས་བྱ་སྟེ༔ ནང་འབྱུང་གི་ཁམས་ནའང་རྡུལ་ཕྲ་རབ་དང་ཆ་མེད་ཀྱི་རང་བཞིན་ཚོགས་པ་ལས་ཤ་ཁྲག་དབུགས་ཐམས་ཅད་སྣང་བས་དེ་དག་གཤིན་རྗེ་ཡིན་པས་སྣང་བ་ལ་དངོས་པོར་འཛིན་པ་སེམས་ཀྱི་གཤིན་རྗེ་ཞེས་བྱ་སྟེ༔ སྣང་བ་དབྱིངས་སུ་འཇིག་པའི་རྒྱུ་རྐྱེན་འཚོགས་པའི་འཆི་བདག༔ དེ་ལྟ་བུའི་རྒྱུ་ང་རྒྱལ་ལ་རྐྱེན་སེམས་ཀྱིས་བསྐྱེད་ཅིང་བསྒོམ་སྟེ་ཤེས་པ་རྒྱུན་ཆགས་ཀྱིས་སྔར་མེད་པ་འཕྲལ་དུ་གྲུབ་པར་བྱེད་པའི་རྟེན་འབྲེལ་ཚོགས་པའོ༔ འཆི་བདག་གཤིན་རྗེ་གཏུམ་དྲག་གི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པ་བདག་འཛིན་གྱི་ཆོ་འཕྲུལ་ཁྱབ་འཇུག་ཆེན་པོའི་སྤྲུལ་པ་ཕྲག་དོག་འཚུབ་མ་འཁྱིལ་བའི་རང་གཟུགས་གནོད་སྦྱིན་ཀཱ་ལ་ཡཀྴ་ཞེས་བྱ་བར་སྣང་སྟེ༔ མེའི་གཤིས་ན་བསྐྱེད་པའི་རླུང་རྒྱུ་བ་མེའི་གནོད་སྦྱིན༔ སའི་ཁམས་ན་འཛིན་པ་གཞིའི་རླུང་རྒྱུ་བ་སའི་གནོད་སྦྱིན༔ ཆུའི་ཁམས་ན་ཤུགས་ལྡན་རྔུབ་ཅན་གྱི་རླུང་རྒྱུ་བ་ཆུའི་གནོད་སྦྱིན༔ རླུང་གི་ཁམས་ན་རྒྱུ་ཞིང་འཕྱོ་བའི་རླུང་ཡོད་པ་རླུང་གི་གནོད་སྦྱིན༔ ནམ་མཁའི་དབྱིངས་ན་ཀུན་ཏུ་སྒྲིབ་པའི་རླུང་རྒྱུ་བ་ནམ་མཁའི་གནོད་སྦྱིན་ཏེ༔ གནོད་སྦྱིན་བསྒྲུབ་ནས་གྲུབ་པའི་རྒྱུ་རྐྱེན་དུ་གྲུབ་པ་དེ་ཡིན༔ དེ་བཞིན་དུ་ཕྱི་འབྱུང་སྣང་བའི་གཞི་རྩ་ནང་ནའང་མ་དག་འཁོར་བའི་རླུང་ལྔ་རུ་སྣང་བ་ནང་གི་གནོད་སྦྱིན་ཐམས་ཅད་ནོར་དང་ལོངས་སྤྱོད་ཆེ་བར་འདོད་པ་ནི་ཁམས་གསུམ་གྱི་གྲུབ་གཞི་འཛིན་པ་ཡིན༔ འཛིན་པ་རླུང་ཡིན་པས་རླུང་གནོད་སྦྱིན་དུ་བཟླས་ནས་སྤེལ་ཞིང་བསྐྱེད་ན་རྒྱས་པའི་ལས་བྱེད་པ་ལ་འདི་ཁྱད་དུ་འཕགས་པར་འདོད་པ་ཡིན༔ དེ་ཡང་མ་བསྒྲུབ་ན་མི་འགྲུབ་པ་ཡིན་ཏེ༔ བསྐྱེད་དང་གསལ་བརྟན་གྱིས་བསྒྲུབ་ན་འགྲུབ་པར་འགྱུར་པའོ༔ གནོད་སྦྱིན་ནག་པོ་གཏེར་མཛོད་ཀྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ དེ་བཞིན་དུ་ཀུན་སྣང་བཀོད་པའི་སྤྲུལ་པ་འདོད་ཆགས་ཆུ་ལྟར་འཁྲུགས་པའི་རང་གཟུགས་མ་མོ་འདོད་ཁམས་དབང་ཕྱུག་དེ་ཡང་ཕུང་ཁམས་སྐྱེ་མཆེད་ཀུན་ཏུ་ཁྱབ་པ་ནང་གི་མ་མོ༔ ས་ཁམས་ན་རླན་ཡོན་པ་སའི་མ་ཆེན༔ མེ་ཁམས་ན་ཆུ་ཡོད་པ་མེའི་མ་ཆེན༔ ཆུ་ཁམས་ན་རླན་ཡོད་པ་ཆུའི་མ་ཆེན༔ རླུང་ཁམས་ན་བསིལ་ཡོད་པ་རླུང་གི་ཆུ་སྟེ་རླུང་གི་མ་ཆེན༔ ནམ་མཁའ་ཆུ་རུ་སྣང་བ་ནམ་མཁའི་མ་ཆེན་ཡིན་ཏེ་དབང་པོ་སྐྱེ་མཆེད་ཚང་བའི་སྣང་བ་རང་མཚན་པར་བསྐྱེད་སྒོམ་གྱིས་བསྒྲུབ་པས་མ་མོ་མེད་བཞིན་སྣང་སྟེ༔ རྣམ་པར་རྟོག་པས་བསྐྱེད་ཅིང་བསྒོམ་པས་སྣང་བའི་དགྲ་དང་བགེགས་ཐམས་ཅད་ཡུལ་མེད་དུ་གསོད་པའི་ལས་འགྲུབ་པར་འགྱུར་རོ༔ མ་མོ་ནག་མོ་རོལ་བྱེད་ཁྲག་མཚོའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ཉོན་མོངས་པའི་ཡིད་ཅན་ཁྱབ་འཇུག་མི་སྲུན་དྲག་པོའི་སྤྲུལ་པ་མ་རིག་གཏི་མུག་མུན་པའི་རང་མདངས་ཀླུ་བདུད་འཆི་བདག་མགོ་དགུ་ཞེས་བྱ་བ་བསྐྱེད་ཅིང་བསྒོམ་པའི་མཐུ་ལས་གྲུབ་པའི་ཆོ་འཕྲུལ་མ་རིག་པ་འབྱུང་བ་ཡོངས་ལ་ཁྱབ་ཅིང་འཇུག་པའི་ཚུལ་ནི་འདི་ལྟ་སྟེ༔ ནང་གི་འབྱུང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་མ་རིག་པ་ལ་ནང་གི་ཀླུ་སྟེ༔ མེ་བདག་མེད་པར་མ་རིག་པ་མེའི་ཀླུ་བདུད༔ ས་སྟོང་པའི་རང་བཞིན་དུ་མ་རིག་པ་སའི་ཀླུ་བདུད༔ ཆུ་སྟོང་པ་ཉིད་ཀྱི་ངང་མ་རིག་པ་ཆུའི་ཀླུ་བདུད༔ རླུང་སྟོང་པ་ཉིད་ཀྱི་ངང་མ་རིག་པ་རླུང་གི་ཀླུ་བདུད༔ ནམ་མཁའ་སྟོང་པའི་ངང་མ་རིག་པ་ནམ་མཁའི་ཀླུ་བདུད་ཅེས་བྱའོ༔ དེ་ཐམས་ཅད་མ་རིག་པའི་རྒྱུ་ལ་རྐྱེན་དམིགས་པ་བསྐྱེད་པའི་མཐུ་ལས་གྲུབ་པ་ལས་གཞན་དུ་ཀླུ་ཞེས་བྱ་བ་སྤུ་ཙམ་ཡང་མ་གྲུབ་པའོ༔ ཀླུ་མུན་པ་ནག་པོའི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ ངར་འཛིན་གྱི་ཕུང་པོ་ལས་མཆེད་པ་སྣང་བ་ལ་དངོས་པོར་འཛིན་པའི་སེམས་བྱུང་གི་རྟོག་པ་འབྱུང་ལྔ་ཤ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ཁྲག་ཏུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་དྲོད་དུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་དབུགས་སུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ས་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ཆུ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་མེ་རུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་རླུང་དུ་སྡུད་པའི་རྒྱལ་པོ༔ འབྱུང་ལྔ་ནམ་མཁར་སྡུད་པའི་རྒྱལ་པོ༔ དེ་ལྟར་ཕྱི་ནང་གི་རྒྱལ་པོ་ཐམས་ཅད་འབྱུང་བ་ལྔ་པོ་རེ་ལ་འདུ་ཞིང་༔ དངོས་པོ་གཅིག་ཏུ་སྣང་བར་བྱེད་པ་རྒྱལ་པོའི་སྡེ་ཚོགས་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ༔ རྣམ་པར་རྟོག་པས་རྒྱལ་འགོང་དམིགས་པས་བསྐྱེད་པ་དང་༔ བསྒོམ་པའི་རྐྱེན་གྱིས་རྒྱུ་ལ་རྐྱེན་སྣང་བ་ཡིན་ནོ༔ རྒྱལ་པོ་འབྱུང་སྡུད་ཀྱི་རྒྱུད་ཅེས་པ་འདི་ལས་གཞན་ན་མ་མཆིས་སོ༔ ཉོན་ཡིད་ཁྱབ་འཇུག་ཆེན་པོའི་སྤྲུལ་པ་བདུད་ཆེན་གདུག་པ་ཅན་གྱི་རྒྱུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་བཟང་པོ་མཛེས་པར་སྣང་བའི་ཡུལ་ལ་ཁ་དྲང་བར་བྱེད་པ་ལྷ་བདུད་དཀར་པོ་དགའ་བྲོད་ཀྱི་དབང་པོ་དང་༔ ཉོན་མོངས་པའི་རྟོག་ཚོགས་ཕྲ་རགས་ཀྱིས་འཁོར་བ་དང་ངན་སོང་གི་ཡུལ་དུ་བསླུ་བར་བྱེད་པ་ཉོན་བདུད་ཐོགས་མེད་མཐུ་ལྡན་དང་༔ སྣང་བ་མངོན་དུ་བྱེད་པའི་ཡུལ་བཟང་ངན་བར་གསུམ་དུ་ཁ་དྲང་བར་བྱེད་པ་ཕུང་པོའི་བདུད་ཆེན་ཐོགས་བཅས་དབང་པོ་དང་༔ མ་རིག་པའི་མུན་ཁམས་སུ་འཁྲུལ་པ་སྣ་ཚོགས་ཀྱིས་སྣང་ཞེན་འཕྲུལ་ཞིང་ཐར་པ་དང་རྣམ་མཁྱེན་གྱི་སྲོག་འཕྲོག་པའི་འཆི་བདུད་སྙེམས་བྱེད་ནག་པོ་དང་༔ འབྱུང་བ་ལྔ་ལ་རྒྱུ་ཞིང་ཁྱབ་སྟེ་མི་སྲུན་གདུག་པའི་ཡུལ་ལ་འབྱུང་བ་རང་གཤེད་འབེབས་པའི་བདུད་རྗེ་བརྙབ་པ་ལག་རིང་ཞེས་བྱ་བ་ལ་སོགས་པ་བདུད་ཐམས་ཅད་ཀྱི་རྒྱུ་གནས་པ་དང་༔ མ་གྲུབ་པ་གྲུབ་པར་བྱེད་པའི་ཕྱིར་ཡིད་ཡུལ་དུ་གསལ་ཞིང་བློས་བཞག་སྟེ་ཤེས་པ་རྒྱུན་ཆགས་ཀྱིས་གསལ་བརྟན་བསྒྲུབ་པ་དང་༔ སེམས་གཞན་དུ་མི་ཡེངས་པར་དྲན་པས་རྒྱས་གདབ་པ་དང་༔ མིང་ནས་བོས་པས་དྲན་པ་མི་འགྱུར་བའི་གསོས་ཐེབས་པར་བྱས་པའི་རྟེན་འབྲེལ་ལྷན་ཅིག་འཚོགས་པས་དྲེགས་པ་མངོན་སུམ་དུ་འགྲུབ་པར་འགྱུར་བ་ཡིན༔ བདུད་ནག་མུན་ལྟར་གཏིབས་པའི་རྒྱུད་ཅེས་བྱ་བ་འདི་ལས་གཞན་ན་མེད་དོ༔ ཉོན་ཡིད་འཕྲུལ་གྱི་དབང་པོའི་ཆོ་འཕྲུལ་ལ་སོགས་པས་ལོངས་སྤྱོད་དང་འདོད་རྒུའི་ཡུལ་དུ་ཁ་དྲང་ཞིང་མངོན་པར་སྣང་ཞེན་གྱིས་སེམས་རྟོག་ལ་ལྷ་ཆེན་དགའ་བའི་དབང་པོ་དང་༔ ནང་འབྱུང་གི་ཁམས་ལ་རྒྱུ་ནས་དགའ་བདེའི་རོ་འཕྲུལ་ཞིང་མྱོང་བར་བྱེད་པ་དང་༔ ཕྱི་འབྱུང་ལྔའི་ཁམས་སུ་རྒྱུ་ཞིང་འདོད་པའི་ཡུལ་འཕྲུལ་བར་བྱེད་པ་དེ་དག་ལྷའི་རྒྱུར་གནས་པ་ལ༔ རྐྱེན་བསྐྱེད་དམིགས་ཀྱིས་གཟུགས་སུ་བཀོད་ཅིང་ནན་དུ་བསྒྲུབ་པས་རྟེན་འབྲེལ་མངོན་སུམ་དུ་འགྲུབ་པའོ༔ ལྷ་ཆེན་དགའ་བདེའི་དབང་པོ་ལོངས་སྤྱོད་འཕྲུལ་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མེད་དོ༔ བསྒྲུབ་པའི་བཀའ་སྲུང་དྲེགས་པ་རྒྱུ་རྐྱེན་རྟེན་འབྲེལ་གྱི་མཐུ་ལས་གྲུབ་པའི་ཚུལ་དང་སྐྱེ་རྒྱུད་འདི་མ་ཤེས་ན་དྲེགས་པ་རང་རྒྱུད་པ་བསྒྲུབ་ཀྱང་ལས་ལ་མི་འཁོལ༔ འགྲུབ་ཀྱང་བཀའ་མི་ཉན༔ མཆོད་གསོལ་ཇི་ཙམ་བྱས་ཀྱང་འཁུ་ལྡོག་གི་རྒྱུན་མི་ཆད༔ དགྲ་ལ་རྦད་ཀྱང་རང་སྲོག་ལ་འབབ་སྟེ་ཐར་ལམ་ལའང་བར་དུ་གཅོད༔ ཐོག་མཐའ་བར་གསུམ་མི་སྙོམས་ཤིང་ལེགས་ཉེས་སྣ་ཚོགས་པ་སྟོན་པར་འགྱུར་བས༔ དེའི་ཕྱིར་སྐྱེ་རྒྱུད་ཐམས་ཅད་ཀྱི་དམ་པར་གྱུར་པ་བསྒྲུབ་ཚད་ཡེ་ཤེས་པར་འགྱུར་བའི་གནད་ཟབ་ཁྱད་ཅན་འདི་སྒྲུབ་པ་ཀུན་གྱི་སྙིང་པོ་བླ་ན་མེད་པ་ཡིན་ནོ༔ ཅིའི་ཕྱིར་ན་ཐམས་ཅད་རང་སྣང་ལས་མི་གཞན་པར་ཤེས་པས་འཁོར་འདས་གཉིས་ཀྱི་སྲོག་ལ་དབང་ཆེན་པོ་ཐོབ་པ་ཡིན༔ དཔེར་ན་ནམ་མཁའི་ཟླ་བ་གཅིག་པུ་སྒྲ་གཅན་གྱིས་བསྒྲིབ་ཚེ་ཆུ་སྣོད་ཐམས་ཅད་ཀྱི་ཟླ་གཟུགས་མ་བསྒྲིབ་པ་མེད་པ་བཞིན་དུ༔ རྒྱལ་བ་རྫོགས་པའི་སངས་རྒྱས་མན་ཆད་ནས་བདུད་སྲིན་རཱུ་ཏྲ་ཡན་ཆད་ཀྱི་འཁོར་འདས་ཐམས་ཅད་གདོད་མ་གཞིའི་ཆོས་སྐུ་ཀུན་ཏུ་བཟང་པོའི་དབྱིངས་སུ་རོ་གཅིག་པའི་ངང་ཚུལ་འདི་ཤེས་ཤིང་ཐག་ཆོད་པའི་སྐྱེས་བུ་རྣམས་ཀྱི་རིགས་ལྔའི་རྒྱལ་བ་མན་ཆད་དང་འདྲེ་སྲིན་ཕྲ་མོ་ཡན་ཆད་ཀུན་ཏུ་བཟང་པོའི་རོལ་པ་ལས་མ་འདས་པའི་ཡེ་ཤེས་པ་ཤ་སྟག་ལས་མེད་ངེས་པ་ཡིན་ནོ༔ ལྷ་རང་རྒྱུད་པར་བཟུང་ནས་བསྒྲུབ་པའི་གང་ཟག་རྣམས་ཀྱིས་ཡུལ་རང་མཚན་པར་བཟུང་བའི་རྐྱེན་གྱིས་བསྒྲུབ་ཚད་འཇིག་རྟེན་པ་ཤ་སྟག་ལས་མ་འདས་པས་ཡེ་ཤེས་པ་གཅིག་ཀྱང་མེད་ངེས་པའོ༔ དེའི་ཕྱིར་དྲེགས་པ་སྤྱིའི་སྐྱེ་རྒྱུད་འདི་ཤེས་པས་ལྷ་སྒྲུབ་ཚད་ཡེ་ཤེས་སུ་འགྲུབ་པའི་རྒྱུ་རང་ལ་གནས་པའི་འགྲུབ་ཐག་ཉེ་བ་དང་༔ རང་རྩལ་གྱིས་ལྷ་རང་གཞིའི་དབང་དུ་འགྱུར་བ་དང་༔ རྣམ་པར་རྟོག་པ་སྣང་ཡུལ་ལ་གཏད་པའི་འཕྲུལ་དུ་གྲུབ་པའི་ལྷས་ཕྲིན་ལས་སྐད་ཅིག་ཏུ་བསྒྲུབ་པར་གདོན་མི་ཟའོ༔ རོལ་པ་ལ་རྩལ་གྱིས་འཁུ་ལྡོག་མི་ནུས་པ་དང་༔ ཤེས་པ་མངོན་གྱུར་གསལ་བརྟན་གྱིས་བསྒྲུབ་ཅིང་གྲུབ་པའི་ལྷས་རྣམ་པར་རྟོག་པའི་གདངས་ལས་བྱུང་བའི་དགྲ་འདྲེ་བསད་པ་ལ་ལས་དང་རྣམ་སྨིན་མི་འབྱུང་བའོ༔ དེ་ལྟར་བསྙེན་དང་སྒྲུབ་པའི་ལྷ་དང་སྲུང་མ་ཐམས་ཅད་གདོད་ནས་མ་གྲུབ་ཅིང་ཡོད་མ་མྱོང་བ་བྱུང་གནས་འགྲོ་གསུམ་གཞི་རྩ་ཐམས་ཅད་དང་བྲལ་བ་ཡིན་པ་ལས་མེད་ལ་ཡོད་པར་སྣང་བའི་རྒྱུ་རང་གི་སེམས་རྒྱུད་ན་གནས་པ་དེ་གཟུགས་དང་མཚན་མ་ཅན་དུ་བསྐྱེད་ཅིང་བསྒོམ་པའི་སྟོབས་ཀྱིས་དངོས་སུ་གྲུབ་པར་འགྱུར་བའི་ཚུལ་སྣོད་བཅུད་སྣང་བ་འདོད་ཡོན་ཐམས་ཅད་ཡེ་ནས་གཞི་རྩ་དང་བྲལ་བས་མ་གྲུབ་པ་ལས་སྣང་སྲིད་འདོད་ཡོན་ཐམས་ཅད་དངོས་སུ་སྣང་བར་བྱེད་པ་ཡིད་ཀྱིས་གསལ་ཞིང་བློས་བཞག་པ་རྣམ་པར་རྟོག་པས་དངོས་པོར་ཞེན་ཅིང་བཟུང་བས་བདེན་པར་གྲུབ་པ་བཞིན་དུ་བསྐྱེད་པས་འགྲུབ་པའང་དེ་ལྟ་བུར་ཤེས་པར་གྱིས་ཤིག༔ གདོད་མའི་ཡེ་གཞི་ཆེན་པོ་མ་རིག་པས་བསྒྲིབ་པའི་རྐྱེན་གྱིས་གཞི་སྣང་གི་ཡོན་ཏན་ཐམས་ཅད་ནང་དུ་ནུབ་སྟེ་གདངས་ལས་སྣང་བ་འཕོས་པའི་སྣང་བ་སྣང་ངོས་ན་བདེན་གྲུབ་ཏུ་ཤར་བ་ཐབས་དང་༔ སྟོང་ངོས་ན་ཅི་ཡང་མེད་པ་ཤེས་རབ་ཡིན་ཏེ་ཡབ་ཡུམ་སྙོམས་འཇུག་གི་ཚུལ་དུ་ཡོད་པ་ལ་དོན་དམ་པའི་ལམ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་མ་འདས་པས་ན་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་ཡིན་ནོ༔ དེ་ལྟར་བསྒོམ་པའི་མཐུ་ནུས་བསྐྱེད་པ་སྒྱུ་མའི་རྫས་ལྟ་བུའི་མཆོད་རྫས་འབྱོར་ཚོགས་བཤམ་པ་དང་༔ སྒྱུ་མའི་སྔགས་ལྟ་བུའི་སྤེལ་སྔགས་བརྗོད་ཅིང་༔ འབུལ་ཡུལ་དེ་དག་གི་དབང་པོ་དྲུག་གི་ཡུལ་དུ་སྒྱུ་མའི་འཕྲུལ་ལྟ་བུའི་སྣང་བ་བཀོད་ཅིང་འཆར་བར་བྱས་ནས༔ དེ་དག་གི་དབང་པོའི་ཡུལ་དབྱིངས་སུ་མ་ཞིག་གི་བར་དུ་འདོད་ཡོན་མི་ཟད་པ་ནམ་མཁའི་མཛོད་དུ་གསལ་བ་ཏིང་ངེ་འཛིན་གྱི་སྒྱུ་འཕྲུལ་ཞེས་བྱ་སྟེ་མཆོད་དང་སྦྱིན་པའི་མཆོག་ཆེན་པོ་བླ་ན་མེད་པའོ༔ དེའི་མཚོན་དཔེ་ནི་འཕྲུལ་དགའི་ལོངས་སྤྱོད་ཀྱི་བཀོད་པ་ལྟ་བུ་སྟེ༔ སྐྱེས་བུ་ཞིག་སྣང་བ་གནས་སུ་འགྱུར་བའི་རྨི་ལམ་ན་ལོངས་སྤྱོད་མི་འབྱོར་ཅིང་སྡུག་བསྔལ་འབའ་ཞིག་མྱོང་དུ་ཡོད་པའི་སྐབས་ཞིག་ན་སྐྱེས་བུ་གཞན་ཞིག་གིས་གཉིད་བཙན་ཐབས་སུ་དཀྲོགས་པས་མི་དེའི་སྣང་བ་གནས་སུ་བསྒྱུར་ཏེ་འདོད་རྒུའི་དཔལ་ཡོན་ཐམས་ཅད་མཆེད་དེ་བདེ་སྐྱིད་ལ་འཁོད་པ་བཞིན་དུ༔ མཆོད་དང་སྦྱིན་ཡུལ་གྱི་སྣང་བ་གནས་སུ་བསྒྱུར་ཏེ་འདོད་ཡོན་ནམ་མཁའ་མཛོད་དུ་འཕྲུལ་བར་བྱ་བ་ནི་མཆོད་སྦྱིན་གྱི་ཡུལ་དེ་དག་ཐམས་ཅད་ཀྱི་དབང་པོ་དྲུག་དྭངས་གསལ་རྙོག་མ་བྲལ་བ་ཆུ་ལྟ་བུའི་ཀློང་དུ༔ འདོད་ཡོན་གྱི་རྫས་སྔགས་ཏིང་ངེ་འཛིན་གྱི་རྒྱུ་རྐྱེན་རྟེན་འབྲེལ་གྱི་མཐུས་འཕྲུལ་པ་ནི་གཟའ་སྐར་གྱི་གཟུགས་བརྙན་འཕྲལ་དུ་ཤར་བ་ལྟ་བུར་ཤེས་པར་བྱའོ༔ གནད་འདི་དག་ཆོས་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་གཟིགས་པའི་སྐྱེས་བུ་རྣམས་ཀྱིས་སྤྱོད་ཡུལ་བླ་ན་མེད་པ་ཡིན་ཏེ༔ དེ་མི་ཤེས་པ་རྣམས་ཀྱིས་མཆོད་སྦྱིན་བྱས་པ་ཐམས་ཅད་བྱིས་པའི་རྩེད་མོ་ཙམ་ལས་དོན་འབྲས་མ་གྲུབ་པ་ཡིན་པས༔ བདག་སྒྱུ་མ་མཁན་ལྟ་བུས་མཆོད་སྦྱིན་གྱི་ཡུལ་ལྟད་མོ་མཁན་ལྟ་བུ་ལ༔ འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་ལྟར་འཕྲུལ་ཏེ་མཆོད་སྦྱིན་གྱི་ཡུལ་མཉེས་པར་བྱ་སྟེ་མཐར་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་འཁོར་གསུམ་དམིགས་པ་མེད་པའི་དབྱིངས་སུ་འབྱམས་ཀླས་པར་བཞག་པ་ནི་ཆོས་ཉིད་སྒྱུ་མར་རོལ་པའི་ཏིང་ངེ་འཛིན་ཡིན་ནོ༔ རྒྱུ་བསོད་ནམས་ཀྱི་ཚོགས་ཡིད་ཀྱིས་བསགས་ཤིང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རིག་པར་རྫོགས་པ་མངོན་དུ་གྱུར་པ་ཡིན་པས་ཡིད་སྤྲུལ་མེད་ན་བསོད་ནམས་ཀྱི་ཚོགས་མི་རྫོགས་པས་མཆོད་གནས་མི་མཉེས་པ་དེ་ཡིན༔ འདྲེ་གདོན་ལ་ཡས་གླུད་དང་གཤིན་པོ་ལ་འདོད་ཡོན་བསྔོས་པས་ཀྱང་ལན་ཆགས་བུ་ལོན་མི་སོད༔ སྡུག་བསྔལ་གྱིས་གདུང་བ་སྣ་ཚོགས་ཀྱང་སེལ་མི་སྲིད་དེ༔ འདྲེར་འཛིན་གྱི་རྣམ་པར་རྟོག་པ་ལས་གྲུབ་པའི་འདྲེ་གདོན་དགྲ་རུ་འབབ་པ་རང་གི་མཚོན་གྱིས་རང་གསོད་པ་ལྟ་བུར་འགྱུར་བས་ན་གྲོང་ཆོག་འདྲེ་བརྡུང་གི་སྤྱོད་པ་ཐམས་ཅད་དང་གསོན་སྐྱབས་གཤིན་འདྲེན་གྱི་ནུས་པ་མེད་པའི་ངང་ཚུལ་ལ་ལྟོས་ལ་འདི་ཕྱི་གཉིས་ཕུང་གི་སྤྱོད་པ་སྤང་བར་བྱ་བ་གནད་དུ་ཟུངས་ཤིག༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ཚུལ་རྟོགས་པའི་རྣལ་འབྱོར་པ་དག་གིས་རང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་ཀྱང་ཆོས་ཉིད་སྒྱུ་མར་རོལ་པའི་ཏིང་ངེ་འཛིན་གྱི་རླབས་ཤུགས་ཆེན་པོས་ངེས་པར་ཚེགས་མེད་དུ་འགྲུབ་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་སྣང་བའི་དབང་པོ་ན་རེ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདུད་གཅོད་ཟབ་མོ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ཀྱིས་ཤེས་པར་བྱ་བའི་གནད་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་སྣང་བའི་དབང་པོ་བདག་མེད་རྟོགས་པའི་ཤེས་རབ་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་ཡོད་ཀྱི་དེ་ཉིད་ལ་ཤེས་པར་བྱ་བའི་གནད་ནི་འདི་ལྟ་སྟེ༔ དང་པོ་བདག་ཉིད་གཅིག་པུའི་མ་རིག་པ་ཞེས་བྱ་བས་ཆོས་སྐུའི་རང་ཞལ་བསྒྲིབས་ཏེ་ངར་འཛིན་གྱི་ཤེས་པ་ལངས་ནས་ལུས་མེད་པ་ལ་ལུས་སུ་སྣང་༔ དེར་གཅེས་འཛིན་གྱི་ཤེས་པ་ཤིན་ཏུ་བརྟན་ཅིང་འཐས་པས་ལུས་དེ་བདག་ཏུ་བཟུང་ནས་གཅེས་པར་བསྐྱང་སྟེ་རེ་དོགས་དགའ་སྡུག་སྣ་ཚོགས་ཉེ་བར་ལེན་ཅིང་འཁོར་བར་འཁྲུལ་པའི་ཚུལ་ནི༔ རྨི་ལམ་གྱི་གནས་སྐབས་ཙམ་ལའང་ལུས་འདི་གཅེས་པར་བཟུང་ནས་དེ་འཚོ་བ་དང་བདེ་བ་དང་མཛེས་པའི་ཕྱིར་དུ་ཆགས་སྡང་གི་སེམས་སྣ་ཚོགས་ཀྱིས་དམ་དུ་བཅིང་ཞིང་ཀུན་ཏུ་དཀྲིས་པས་འཁོར་བ་མཐའ་མེད་དུ་འཁྲུལ་ཞིང་བདུད་བགེགས་འདྲེ་གདོན་དུ་གྱུར་པ་ཡིན༔ ལུས་ཀྱི་འཚོ་ཆས་ལ་གནོད་པར་སེམས་ནས་དགྲ་ལ་དོགས་པ་དང་༔ ནོར་རྫས་ལོངས་སྤྱོད་ལ་རྐུ་འཕྲོག་བྱས་པའི་སྣང་བ་ཤར་བའི་རྐྱེན་གྱིས་དེ་དག་ལ་སྡང་སེམས་སྐྱེ་བ་དང་༔ ལུས་ལ་ན་ཚ་མི་བདེ་བ་འབྱུང་སྣང་ཤར་ནས་འདྲེ་ལ་དོགས་སེམས་སྐྱེ་བ་དང་༔ གཞན་ཡང་ལུས་འདི་བདེ་བར་འདོད་ནས་བཟང་པོ་ཐམས་ཅད་ལ་རེ་བའི་རྟོག་པ་འཆར་བ་དང་༔ ལུས་ལ་གནོད་པར་དོགས་ནས་ངན་པ་ཐམས་ཅད་ལ་དོགས་སེམས་སྐྱེ་བ་དང་༔ ལུས་ལ་ན་ཚ་བྱུང་བས་ལུས་ཀྱིས་སེམས་མནར་བ་དང༔ ལུས་ལ་བཀྲེས་སྐོམ་གྱི་སྣང་བ་ཤར་བས་ལུས་ཀྱིས་སེམས་མནར་བ་དང་༔ ལུས་ལ་ཚ་གྲང་ཤར་བས་ལུས་ཀྱིས་སེམས་མནར་བ་དང་༔ བདེ་སྡུག་གི་སྣང་བ་ལུས་ཐོག་ཏུ་མཆེད་པའི་རྐྱེན་གྱིས་སེམས་ཡུལ་ངན་ལ་ཁ་དྲངས་ནས་སྡུག་བསྔལ་གྱིས་གདུང་བ་དང་༔ ཚེ་རབས་ཐམས་ཅད་དུ་སེམས་མེད་པའི་གནས་སྐབས་རེ་ཙམ་མ་གཏོགས་པར་ཟག་བཅས་ཉེར་ལེན་གྱི་ལུས་འདི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པས་སྡུག་བསྔལ་སྣ་ཚོགས་ཀྱི་གཞིར་གྱུར་པ་ཡིན༔ ཡུལ་གང་ལ་རེ་བ་སྐྱེས་ཚད་ཐམས་ཅད་ཡར་བདུད་བཟང་པོར་རེ་བ་ཞེས་བྱ་བ་ཡིན༔ ཡུལ་གང་ལ་དོགས་པ་སྐྱེ་ཚད་ཐམས་ཅད་མར་བདུད་ངན་པར་དོགས་པ་ཡིན་ཏེ༔ དེའི་ཕྱིར་འཁོར་བ་དང་ངན་སོང་གི་གཞི་མ་ནི་ལུས་ལ་གཅེས་འཛིན་བྱ་བ་ཡིན་ཏེ༔ གཅེས་འཛིན་གཅོད་པའི་ཐབས་སུ་ལུས་འདི་རོ་ལྟ་བུར་ཤེས་ཏེ༔ རྣམ་པར་ཤེས་པ་ལ་རོ་ཁུར་མིའི་འདུ་ཤེས་དང་༔ གཅེས་འཛིན་ལ་ཁུར་ཐག་གི་འདུ་ཤེས་དང་༔ གཉན་ས་ལ་དུར་ཁྲོད་ཀྱི་འདུ་ཤེས་དང་༔ ལྷ་འདྲེ་ལ་བྱ་དང་གཅན་གཟན་གྱི་འདུ་ཤེས་ཏེ་རྣམ་པ་ལྔའི་སྒོ་ནས་སྦྱིན་པར་གཏོང་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་ཤེས་པར་བྱ་བ་ནི་ལུས་འདི་ལ་གོས་མཛེས་ཤིང་དྲོ་བས་གཡོགས༔ ཟས་རོ་ལྡན་སྣུམ་ལ་བཅུད་དང་ལྡན་པས་འཚོ་བ་སྦྱར༔ འདིའི་ཕྱིར་དུ་དཀའ་བ་དང་དུ་བླངས༔ ངལ་བ་ཁྱད་དུ་བསད༔ སྡུག་བསྔལ་གྱི་ཁུར་ཆེན་པོ་ཕྲག་ལ་བཀལ༔ གཏན་དུ་བདེ་བའི་རྒྱུ་འབྲས་ཡལ་བར་དོར་ནས་ཆོག་ཤེས་མེད་པར་འབད་རྩོལ་བྱས་པའི་མཐར༔ པགས་པ་དང་རུས་པའི་བར་གྱི་ཤ་ཟད་དེ་པགས་པ་གཉེར་མས་གང་༔ རྐང་ལག་དབྱུག་པ་ལྟ་བུར་སོང་༔ བཀྲག་མདངས་ཉམས་ཏེ་བམ་རོ་ཧམ་པའི་ཁ་དོག་ལྟར་དུ་སོང་༔ བྲང་དང་རྒལ་པ་ལ་རྒྱ་སྐས་ལྟ་བུར་ཐེམ་པ་ནག་བྲང་ངེ་སོང་༔ སྐྲ་ནག་དཀར་པོར་སོང་༔ སོ་དོན་ཏེ་ཁ་རྡིབ༔ མིག་འགྲིབ་སྟེ་ལམ་མི་མཐོང་༔ རོ་ཁུར་བ་ལྟ་བུར་ལངས་དཀའ༔ ཁུར་བུ་ཅན་ལྟ་བུར་སྡོད་དཀའ༔ བཟའ་བའི་ཟས་མི་འཇུ་བར་རྒྱུ་མ་འུར༔ བཏུང་བའི་སྐོམ་མི་ཐུབ་པར་གཅིན་མང་བ་སོགས་རྐྱེན་དང་སྡུག་བསྔལ་ཉེར་འཚེ་ཐམས་ཅད་ཀྱི་ཡོ་ལངས་བུ་ཡུག་ལྟ་བུར་འཚུབས་ནས་བདེ་བའི་གནས་ཏིལ་འབྲུ་ཙམ་ཡང་མི་འབྱུང་བར་འགྱུར་ན༔ ལུས་འདི་གསོས་པས་མི་འཚོ༔ བསྐྱངས་པས་མི་སྐྱོབ༔ དེའི་ཕྱིར་འབད་པ་དོན་མེད་པའི་ངང་ཚུལ་ལ་ཡང་ཡང་བསམ་པ་དང་༔ ལར་རྣམ་མཁྱེན་གྱི་འབྲས་བུ་ཟ་བས་ཟ་འདྲེ༔ འཁོར་བར་སྐྱེ་འཆིའི་སྣང་བ་སྟོན་པས་ཤི་གཤེད༔ ཐར་པའི་སྲོག་རྩ་གཅོད་པས་སྲོག་གཅོད༔ བདེ་བའི་དབུགས་འཕྲོག་པས་དབུགས་ལེན༔ མི་སྲིད་པའི་འཁོར་བར་སྲིད་པར་བྱེད་པས་སྲིད་པའི་འདྲེ་དགུ༔ ཚེ་རབས་དུ་མར་མནར་བས་གདོན་བཅུ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕྲོག་པས་འཕྲོག་མ༔ མ་རིག་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་གཏི་མུག་ཀླུ་གདོན་ས་བདག༔ ཡུལ་གཞན་ལ་སྡང་བའི་ཆོ་འཕྲུལ་ཕོ་གདོན་རྒྱལ་འགོང་༔ འདོད་ཡོན་གྱི་སྣང་བ་ལ་འདོད་ཆགས་པའི་ཆོ་འཕྲུལ་མོ་གདོན་འདྲེ་མོ༔ ཐར་པའི་ལམ་བཀག་པས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ ཕུང་ལྔའི་གྲོང་ཁྱེར་ན་གནས་པས་གྲོང་འདྲེ་གྲོང་རྒྱུག༔ ངོམས་ཤིང་ཚིམ་པ་མེད་པས་བསེ་རག༔ དམ་ཚིག་ལས་འདའ་བར་བྱེད་པས་དམ་སྲི་སྟེ༔ གདོན་བགེགས་ལོག་འདྲེན་འབྱུང་པོ་ཐམས་ཅད་ལུས་འདི་ཉིད་ལ་འདུས་ཤིང་འདི་ལས་གཞན་དུ་མ་གྲུབ་པའི་ངང་ཚུལ་ལ་བརྟག་ནས་གཅེས་འཛིན་གཅོད་ཅིང་མངོན་ཞེན་ལྡོག་པའི་ཕྱིར་དུ་ལུས་མཆོད་སྦྱིན་ལ་བརྩོན་པ་གནད་ཀྱི་དམ་པར་ཟུངས་ཤིག༔ ལུས་ངོས་འཛིན་པ་ལའང་༔ ནང་ཟག་བཅས་ཉེར་ལེན་གྱི་སྒྱུ་ལུས༔ བར་འདོད་ཡོན་འཁྲུལ་སྣང་གི་སྒྱུ་ལུས༔ ཕྱི་འབྱུང་བ་དངོས་སྣང་གི་སྒྱུ་ལུས་ཏེ༔ འདི་དག་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཡིན་ཏེ༔ སྟོང་པ་དངོས་པོར་འཛིན་པའི་ཤེས་རིག་ནི་སེམས་ཡིན་པས་སེམས་དབྱིངས་སུ་སྤར༔ དངོས་པོ་རོ་རུ་བསྒྱུར་ནས༔ གཏོང་མཁན་བདག་སྒྱུ་མ་མཁན་ལྟ་བུར་ཤེས་པ་དང་༔ ལུས་འདོད་རྒུར་བསྒྱུར་བ་སྒྱུ་མའི་དགའ་སྟོན་ལྟ་བུ་དང་༔ གཏོང་ཡུལ་སྒྱུ་མའི་འཕྲུལ་གྱི་ཁྲོམ་ཚོགས་ལྟ་བུར་ཤེས་ནས༔ དཀར་པོར་འགྱེད་པ་དཀར་གསུམ་མངར་གསུམ་གྱི་ཕུང་པོར་བསྒྱུར་ནས་འབུལ་བ་དང་༔ ཁྲ་བོར་འགྱེད་པ་འདོད་རྒུའི་དཔལ་ཡོན་དུ་འཕྲུལ་ནས་འབུལ་བ་དང་༔ དམར་པོར་འགྱེད་པ་ཤ་ཁྲག་རུས་པ་རྐང་ཚིལ་དུ་འཕྲུལ་ཏེ་འབུལ་བ་དང་༔ ནག་པོར་འགྱེད་པ་ནད་གདོན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་ནག་པོར་འཕྲུལ་ཏེ་འབུལ་བ་རྣམས་ནི་དུས་བཞིར་སྦྱར་ཏེ་གཏོང་བར་བྱ་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་སེམས་ཀྱི་དོགས་པ་འཁུ་འཕྲིག་ཐམས་ཅད་ལའང་ཐོག་བརྫིས་བྱ་བ་ཡིན༔ མི་འདོད་པའི་ནད་དང་སྡུག་བསྔལ་ཐམས་ཅད་ལ་རེ་བའི་བསམ་པ་བཙན་ཐབས་སུ་བླངས་ནས་དགའ་བ་བསྒོམ་པར་བྱའོ༔ གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་༔ རང་གི་བདེ་བ་གཞན་ལ་གཏོང་བའི་བསམ་པ་ལ་ནན་ཏན་དུ་སློབ་པ་གནད་དོ༔ ལར་འདྲེ་གནས་སར་འཛིན་པའི་ཡུལ་གནས་ཐམས་ཅད་ལ་འགྲོ་སྟེ་དེར་རྣམ་པར་རྟོག་པ་བཙན་ཐབས་སུ་སློང་བའི་གནད་ཐམས་ཅད་ལ་འབད་དོ༔ ཕྱི་སློང་ལྷ་འདྲེ་གདོད་ནས་མ་གྲུབ་པ་ལ་རྣམ་རྟོག་གིས་བཟོས་པའི་ལྷ་འདྲེར་སྣང་བའམ་ཡང་ན་ཆོ་འཕྲུལ་སྣང་བར་གྱུར་པ་ན་རོ་བཤའ་མཁན་གྱི་མདུན་སར་བྱ་རྒོད་སླེབ་པ་ལྟ་བུའི་དགའ་བ་བསྒོམ་པར་བྱ་བ་དང་༔ ནང་སློང་ལུས་ལ་མི་བདེ་བའི་ཟུག་རྔུ་ན་ཚ་བྱུང་ནའང་དབུལ་པོས་ཟས་ནོར་ཐོབ་པ་ལྟ་བུའི་དགའ་བ་བསྒོམ་སྟེ་ད་དུང་ཡང་འདི་འདྲ་བ་དགུ་འགྱུར་ཤོག་བསམ་ཞིང་བརྗོད༔ གསང་སློང་སེམས་ཀྱི་ཐོག་ཏུ་དགའ་སྣང་དང་སྐྱིད་སྣང་བྱུང་ཡང་ཆགས་པ་དང་ཞེན་པ་ཐད་ཀར་གཅོད་པ་དང་༔ སྡུག་སྣང་དང་མི་བདེ་བ་ཅི་བྱུང་ཡང་རེ་དོགས་ཐད་ཀར་བཅད་ནས་དགའ་བ་བསྒོམ་པ་དང་༔ ལུས་འདི་ཁྱེར་མི་བྱུང་ན་ཅི་མ་རུང་སྙམ་པའི་ཐོག་བརྫིས་བྱ་བ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ༔ དེ་གསུམ་པོ་ཕྱི་ནང་གསང་བའི་སློང་ཚད་རྣམ་གསུམ་ཡིན་ཏེ་ཤེས་པར་མཛོད༔ ལུས་འདི་རོ་རུ་གྱུར་ཚེ་མེ་ལ་བསྲེག༔ ཆུ་ལ་བསྐྱུར༔ ས་འོག་ཏུ་མནན་པ་སོགས་གང་བྱས་ཀྱང་ངའི་འབད་རྩོལ་དཀའ་སྤྱད་ཐམས་ཅད་དོན་མེད་དུ་སོང་བས་ཕངས་རེ་ཆེ་བསམ་པ་དང་༔ འཇིག་རྟེན་འདི་ན་གཅེས་པའི་མཆོག་ལུས་འདི་སྦྱིན་པ་ནི་ཕུལ་ཏུ་ཕྱིན་པ་ཡིན་ན༔ ད་ནི་འཁོར་བ་དང་ངན་སོང་གི་རྡོས་འདི་དང་བྲལ་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འགྲོ་བར་ཅིའི་མི་བྱེད་བསམ་སྟེ་བདུད་གཅོད་ཟབ་མོའི་ཉམས་ལེན་ལ་འབད་པར་བྱའོ༔ གནད་འདི་ཚུལ་བཞིན་དུ་མ་ཤེས་ན་གཅོད་ཅེས་ཁ་རུ་བརྗོད་པ་དང་ཌཱ་དྲིལ་བསྒྲག་པ་ཙམ་ལ་མི་བྱའོ༔ དང་པོ་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བ་ནི་གཅོད་ཀྱི་གཞི་ཡིན་པས་ཤེས་པར་བྱ་བའི་གནས་སོ༔ སྦྱངས་པའི་མཐར་ནི་འཁོར་འདས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འུབ་ཆུབ་པའི་དོན་གཤིས་ཐོག་ཏུ་ཕེབ་པར་བྱ་བ་མཐར་ཐུག་དོན་གྱི་འཇོག་སོ་བླ་ན་མེད་པ་ཡིན་ནོ༔ བདུད་གཅོད་ཟབ་མོ་བརྟུལ་ཞུགས་ཀྱི་རྒྱུད་ཀྱང་འདི་ལས་གཞན་ན་མ་མཆིས་སོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལེགས་སོ༔ ངའི་རང་བཞིན་རིག་སྟོང་རྫོགས་པ་ཆེན་པོ་ཞེས་བྱ་བ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་སྟོང་པའི་ངང་ཚུལ་དང་ལོ་རྒྱུས་ཤེས་པ་ཙམ་གྱིས་ཐེག་པ་འདི་རུ་ངེས་པ་ལགས་སམ་མ་ལགས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་སྟོང་པའི་ཚུལ་ཤེས་པ་ནི་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་ཡིན་པ་ལས་ཐེག་པ་གཅིག་ལ་ངོས་བཟུང་བ་མ་ཡིན་ནོ༔ འདི་མི་ཤེས་པ་དག་གིས་བསྒོམ་ཚད་སེམས་ཀྱི་དགེ་བ་ལས་རྣམ་པར་གྲོལ་བའི་ལམ་ལ་སྤུ་ཙམ་ཡང་ཉེ་བ་མ་ཡིན་ཏེ༔ དེའི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་ཡང་སྙིང་དམ་པ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ལྟ་བ་ཞེས་བྱ་བ་ཡིན༔ ལྟ་བ་ནི་ལམ་ཐམས་ཅད་ཀྱི་གཞི་རྩ་ཆེན་པོ་མེད་དུ་མི་རུང་བ་ཡིན་ནོ༔ ཁམས་དང་དབང་པོའི་བྱེད་ལས་ཀྱིས་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་གྱི་དབང་པོར་བསྟུན་པའི་ལམ་གྱི་བྱེ་བྲག་ལས་ཐེག་པའི་རྣམ་གྲངས་མང་དུ་བསྟན་པ་ཡིན་ལ༔ རྫོགས་པ་ཆེན་པོ་ནི་ཐེག་པ་ཐམས་ཅད་ཀྱི་གཞི་དང་འབྲས་བུར་གྱུར་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཏེ་དོན་གཤིས་ཐོག་ཏུ་ཕེབས་པ་ལ་བྱའོ༔ དེའི་ཡིན་ལུགས་ནི་འདི་ལྟ་སྟེ༔ གཞི་མེད་རྩ་བྲལ་ཆེན་པོ༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག༔ ཡུལ་མེད་ཟང་ཐལ་གྱི་རོལ་པ་ཡིན་སྟེ༔ འདི་ཡེ་ནས་སྐྱོན་དང་དྲི་མ་བག་ཆགས་ཐམས་ཅད་དང་བྲལ་བའི་བདག་ཉིད་ཆེན་པོ་ཡིན༔ ཕྱིའི་ཡུལ་ན་དེ་ལས་གཞན་པའི་སངས་རྒྱས་ཡོད་པ་མ་ཡིན་ལ༔ གལ་ཏེ་ནམ་མཁའི་མཐའ་དང་མཉམ་པའི་སངས་རྒྱས་གྲངས་མང་ཞིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་བྱས་ནས་དེ་དག་གི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་གཞི་འདི་ལ་ཕན་གདག་པར་ཆས་ཏེ་བཟང་པོར་བཅོས་ཀྱང་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་འབྱུང་བ་མེད་དོ༔ དེ་ཅིའི་ཕྱིར་ཞེ་ན་ཕན་གདག་པའི་ཡུལ་མེད་པའི་ཕྱིར་རོ༔ འདས་པའི་དུས་ནས་སངས་རྒྱས་འཁོར་བར་མ་འཁྱམས་པར་ཆོས་སྐུ་ནམ་མཁའ་ཟང་ཐལ་ལ་ལྟོས་ཤིག༔ མེད་ལ་ཡོད་པར་ཤར་བའི་འཁྲུལ་སྣང་མ་གཏོགས་པའི་སེམས་ཅན་གཅིག་ཀྱང་མེད་དེ༔ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྲངས་དང་མཐས་མི་གཏུག་པ་ཡོད་པའི་དབང་དུ་བྱས་ཏེ་དེ་དག་གི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་ཡེ་གཞི་ནམ་མཁའི་ཁོར་ཡུག་ལ་གནོད་པ་བྱེད་པར་ཆས་ཀྱང་གནོད་པ་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་མཐོང་སྟེ་ཡུལ་མ་གྲུབ་པའི་ཕྱིར་རོ༔ འཛིན་ཤེས་ཀྱིས་འཁོར་བ་སྣང་ཙམ་ལས་མ་གྲུབ་ཅིང་གཞི་ཡེ་ནས་ཀ་དག་སྐྱོན་གྱིས་མ་གོས་པས་གཡོ་བ་མེད་པའོ༔ དང་པོ་སྐྱེ་བའི་གནས་དང་བདག་པོ་ལ་བརྟག་པས༔ འདས་པ་ལ་མི་བྱ༔ མ་འོངས་པ་ལ་མི་བྱ༔ ད་ལྟ་བ་ལའང་སྐྱེ་བ་མ་མཆིས་པར་ཐག་ཆོད༔ སྐྱེ་བའི་བདག་པོ་དང་ཡུལ་གང་དུའང་མ་གྲུབ་པས་སྐྱེ་བའི་མཐའ་དང་བྲལ་བ༔ འགག་པའང་དེ་བཞིན་དུ་འདས་པ་དང་མ་འོངས་པར་མི་འཛིན༔ ད་ལྟ་བ་མ་མཆིས་པ་དང་༔ འགག་པའི་བདག་པོ་ཡང་ཡུལ་མེད་དུ་མཐོང་བས་འགག་པའི་མཐའ་དང་བྲལ་བ༔ ཆད་པ་ཅང་མེད་དུ་གྱུར་རམ་བརྟག་ན་མ་དག་པ་འཁོར་བའི་སྣང་བ་དང་༔ དག་པ་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྲུབ་ཅིང་གཞི་མེད་པར་མ་སོང་བས་ཆད་པའི་མཐའ་དང་བྲལ་བ༔ ཡོད་པ་རྟག་པར་དཔྱད་ན་མངོན་སུམ་མིག་གིས་མཐོང་ཡུལ་དུ་གྱུར་པ་དང་༔ དོན་དམ་ལག་པས་འཛིན་རྒྱུ་ཞིག་ཡོད་དགོས་པ་ལ་རྒྱལ་བའི་སྤྱན་གྱིས་ཀྱང་མི་གཟིགས་པས་ན་རྟག་པའི་མཐའ་དང་བྲལ་བ༔ འོང་བའི་ཡུལ་དང་བདག་པོ་ལ་བརྟག་ན་འདས་པ་མ་ཡིན༔ མ་འོངས་པ་མ་ཡིན༔ ད་ལྟ་བ་མངོན་སུམ་ཚད་མར་གྲུབ་དགོས་པ་ལ་འོང་བའི་བདག་པོ་གནས་ཐམས་ཅད་ཡུལ་མེད་དུ་འདུག་པས་འོང་བའི་མཐའ་དང་བྲལ་བ༔ འགྲོ་བའི་ཡུལ་དང་བདག་པོ་ལ་བརྟག་པས་དེ་ཡང་འདས་པ་ལ་མི་དམིགས༔ མ་འོངས་པ་ལ་མི་དམིགས༔ ད་ལྟ་མངོན་སུམ་ཚད་མ་ཅན་ཡུལ་མེད་དུ་མཐོང་བས་འགྲོ་བའི་མཐའ་དང་བྲལ་བ༔ གཞི་ཐ་དད་དུ་བརྟག་ན་ཆོས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་དབྱིངས་སུ་ཐ་མི་དད་པར་རོ་གཅིག་པའི་ཕྱིར་ཐ་དད་པའི་མཐའ་དང་བྲལ་བ༔ གཞི་གཅིག་ཏུ་བརྟག་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པ་མ་འདྲེས་སོ་སོར་སྣང་བས་ན་དོན་གཅིག་པའི་མཐའ་དང་བྲལ་བའོ༔ དེ་གཉིས་ཀའི་མཚོན་དཔེ་ནི་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བསམ་གྱིས་མི་ཁྱབ་པ་ཤར་བ་རྣམས་ཐ་དད་དུ་བརྟག་ན་རྒྱ་མཚོ་ལས་སྐར་འབྲུ་གཅིག་ཀྱང་མེད་པ་དང་༔ གཅིག་ཏུ་བཟུང་ན་མ་འདྲེས་སོ་སོ་རུ་སྣང་བ་ལྟར་ཁས་ལེན་ཐམས་ཅད་དང་བྲལ་བར་ལ་བཟླ་བར་བྱའོ༔ རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་མེད་ཅིང་མ་གྲུབ་པའི་དོན་གྱིས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཁོ་ནའོ༔ མཐར་ལྷུང་བར་འདོད་ན་ཕྱོགས་ལྷུང་ལྟ་བ་ལོག་པ་སངས་རྒྱས་པའི་ས་ལས་དཔག་ཚད་གྲངས་མེད་པར་རྒྱང་རིང་པོར་སོང་བ་དང་༔ རྣམ་པར་གྲོལ་བའི་ལམ་ལས་དབེན་པའི་འབྲོག་དགོན་པ་མུན་པ་ནག་པོའི་ཁྲོད་དུ་མགོ་འཁོར་བའོ༔ ཀ་དག་གདོད་མའི་མགོན་པོ་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་ཀུན་བཟང་བདེ་གཤེགས་སྙིང་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་ནི་འདི་ལྟ་སྟེ༔ ཕྱིའི་སྣང་བ་ཐམས་ཅད་ལ་རྟག་ཅིང་དཔྱད་པས་དངོས་པོ་མ་གྲུབ་པའི་སྟོང་པ་ཉིད་དང་༔ མཚན་མར་མ་གྲུབ་པའི་སྟོང་པ་ཉིད་དང་༔ བདེན་པར་མ་གྲུབ་པའི་སྟོང་པ་ཉིད་ཡིན་ཏེ་ཕྱི་སྟོང་པ་ཉིད་དོ༔ ནང་རང་སེམས་ལ་བརྟག་ཤིང་དཔྱད་པས་གཞི་མ་གྲུབ་པའི་ཡུལ་མེད་ཟང་ཐལ༔ རྩ་བ་མ་གྲུབ་པའི་ཆོས་ཉིད་བརྡལ་ཁྱབ༔ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནང་སྟོང་པ་ཉིད་དང་༔ བར་སྣང་སེམས་གཉིས་ཀའི་ཡིན་ལུགས་ལ་བརྟག་པས་གཉིས་མེད་རོ་གཅིག་ཆེན་པོ་ལས་ཐ་མི་དད་དོ༔ རང་ལས་སྣང་བ་རང་ལ་ཐིམ་པས་སེམས་དང་སྣང་བ་འདུ་འབྲལ་མེད་པས་ན་དོར་བ་མེད་པའི་སྟོང་པ་ཉིད་ཡིན་ཏེ༔ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཅེས་བྱ་བའོ༔ གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཚིག་གིས་མི་མཚོན་པ་བརྗོད་བྱའི་ཡུལ་ལས་འདས་པ༔ དཔེས་མི་མཚོན་པས་དཔེ་མེད་ཕྱོགས་མཐའ་ལས་འདས་པ༔ དོན་གྱིས་མི་མཚོན་པས་བློ་ཡིད་རྟོག་པའི་ཡུལ་ལས་འདས་ཤིང་ཆོས་ཉིད་མྱོང་ཞེན་དང་བྲལ་བའི་ཡེ་བབ་རང་བྱུང་གི་གཤིས་ཐོག་ཏུ་ཕེབས་པ་སྟེ༔ རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ༔ གཞི་སེམས་ཉིད་ཡེ་ནས་སངས་རྒྱས་ཀུན་ཏུ་བཟང་པོ་འཁོར་འདས་ཡོངས་ཀྱི་ཁྱབ་བདག་ཆེན་པོ་རང་ངོ་རང་གིས་ཤེས་ཏེ་རང་ཐོག་ཏུ་རང་གྲོལ་བས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་ཆས་སུ་རྫོགས་པ་ལས་ལུས་ངག་བློ་ཡིད་འབད་རྩོལ་གྱི་སྒོ་ནས་གཞི་འདི་ལ་ཕན་ཐབས་ཀྱི་བྱ་བ་ཅི་བྱས་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་མི་འབྱུང་བ་དང་༔ གཞི་འདི་ཡུལ་འདི་ནས་ཞིང་ཁམས་གཞན་དུ་འགྲོ་བར་འདོད་ཀྱང་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཆེན་པོ་དུས་གསུམ་དུ་འགྲོ་འོང་ཐམས་ཅད་དང་བྲལ་བའི་དོན་མཐོང་ཚེ་ཚུལ་དེ་ལ་ཡིད་སྨོན་ཙམ་ཡང་མེད་པར་ཐག་ཆོད་པ་སྟེ༔ རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ༔ དེ་དག་ནི་གཞི་རང་གི་མཚན་ཉིད་ཡེ་རྫོགས་ཆེན་པོ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞི་འདི་གདོད་ནས་ཆོས་སྐུ་ཀུན་ཏུ་བཟང་པོའི་རང་བཞིན་ལས་ཡེ་ཤེས་ཡོན་ཏན་སླད་ནས་འབྱུང་བ་དང་སྐྱེ་བ་དང་འཐོབ་པ་མེད་པ་ཞིག་ཡིན་ན་སེམས་ཅན་ཐམས་ཅད་སངས་རྒྱས་ལས་མེད་པས་སངས་རྒྱས་དང་སེམས་ཅན་ཇི་ལྟར་ཤན་དབྱེ་བར་བྱ༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་མ་རིག་པའི་དུས་སུ་ལུང་མ་བསྟན་དུ་སོང་ནས་ཡོན་ཏན་ཕན་མེད་གནོད་མེད་རི་མོའི་མར་མེ་ལྟ་བུ་ཡིན་ཏེ༔ དེས་ན་སེམས་ཅན་རྣམས་འཁྲུལ་པ་ནི་དཔེར་ན་ཕ་བོང་རི་དྭགས་སུ་འཁྲུལ་པ་དང་༔ ཐོ་ཡོར་མིར་འཁྲུལ་པ་དང་༔ ཐག་ཁྲ་སྦྲུལ་དུ་འཁྲུལ་པ་དང་༔ དངུལ་ཏི་ཚར་འཁྲུལ་པ་དང་༔ གསེར་ལྷང་ཚེར་དུ་འཁྲུལ་པ་དང་༔ ནོར་བུ་རྡོ་རུ་འཁྲུལ་པ་ལྟ་བུའི་ཕྱོགས་སུ་ངེས་པ་ཡིན༔ གཞི་ཡོན་ཏན་ཡེ་རྫོགས་ཆེན་པོའི་ངང་ཚུལ་ཤེས་ཚེ་སྣང་བ་བདེན་མེད་དུ་རྟོགས་པ་དཔེར་ན་ཕ་བོང་རི་དྭགས་མ་ཡིན་པར་ཐག་ཆོད་པ་དང་༔ སྨིག་རྒྱུ་ཆུར་འཛིན་པའི་ཤེས་པ་ལས་ལྡོག་པ་དང་༔ ཐོ་ཡོར་མིར་འཛིན་པའི་ཤེས་པ་ལས་ལྡོག་པ་དང་༔ ཐག་ཁྲ་སྦྲུལ་དུ་འཛིན་པའི་ཤེས་པ་ལས་ལྡོག་ནས་དེ་དག་འཁྲུལ་པ་ཡིན་པར་ཐག་ཆོད་པ་ལྟར་འཁྲུལ་པ་དངོས་འཛིན་གྱི་ཞེན་པ་ལས་ལྡོག་ནས་བདག་མེད་དུ་རྟོགས་པའི་ཚེ་གཞི་ཡུལ་མེད་ཟང་ཐལ་ཆེན་པོར་ཐག་ཆོད་པ་སྒོམ་གྱི་ངོ་བོ་ཡིན༔ དེ་སེམས་ཅན་ལས་འཕགས་པ་ནི་གསེར་དངུལ་ངོ་ཤེས་ཏེ་ནོར་དུ་མངོན་པ་དང་༔ ནོར་བུ་རྡོ་རུ་ནོར་བ་ནོར་བུར་ངོ་ཤེས་པ་ལྟར་ངོ་ཤེས་པ་ནི་རྟོགས་པའི་ཤེས་རབ་ཞེས་བྱ་བ་ཡིན་ཏེ༔ སེམས་ལས་རབ་ཏུ་འཕགས་པ་སྲིད་པའི་ས་བོན་རུལ་བ་ལྟ་བུ་ཡིན༔ སྲིད་པ་ཤེས་རབ་ཀྱིས་འཇིག་པའི་མཚོན་དཔེ་ནི་ལན་ཚྭ་ལ་ཆུས་རྒྱས་ཐེབས་པ་དང་༔ ག་བུར་ལ་རླུང་གིས་རྒྱས་ཐེབས་པ་དང་༔ ཆབ་རོམ་ལ་དྲོད་ཀྱིས་རྒྱས་ཐེབས་པ་བཞིན་སྲིད་པ་ཧྲུལ་པོར་བྱེད་པ་ཡིན་པའི་ངང་ཚུལ་ཤེས་པར་མཛོད་ཅིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟ་བུའི་གཞིའི་ཡིན་ལུགས་ཤེས་པར་བྱས་པས་ཆོག་པ་ལས་བསྒོམ་མི་དགོས་པར་སངས་རྒྱས་པར་འགྱུར་རམ་མི་འགྱུར་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞིའི་གནས་ལུགས་མ་ཤེས་ན་འཚང་མི་རྒྱ་བའི་ཕྱིར་ཤེས་པར་བྱ་བའི་གནས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཞེས་བྱ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་དང་༔ མ་ཤེས་པས་གྲོལ་བར་མི་འགྱུར་བའི་ཕྱིར་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་བསྟན་པ་ཡིན༔ ཤེས་མི་དགོས་པར་འཚང་རྒྱ་ན་དེ་གསུངས་པ་ལ་དགོས་དོན་མ་མཆིས་པ་ཡིན་པའི་ངང་ཚུལ་ལ་ལྟོས་ཤིག༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ངང་ཚུལ་མི་ཤེས་ཤིང་རང་སེམས་སྟོང་པ་ཉིད་ཡིན་པའི་ངང་ཚུལ་ཤེས་ཀྱང་གང་ཟག་གི་བདག་མེད་ཙམ་ལས་མ་རྟོགས་པས་ཉན་ཐོས་ཀྱི་ཐེག་པ་ལས་མི་འཕགས་པ་ཡིན༔ སྣོད་བཅུད་ཐམས་ཅད་རང་ས་ནས་སྟོང་པར་ཤེས་ཀྱང་ངོ་བོ་སྟོང་པ་ཉིད་དུ་འགག་བསྡམ་ནས་གཞི་སྟོང་ཉིད་ཡིན་པར་མ་ཤེས་ན་སྟོང་ཉིད་ལུང་མ་བསྟན་དུ་སོང་ནས་ཕན་པ་མི་འབྱུང་བ་ཡིན༔ སྟོང་ཉིད་ཡིན་པར་ཤེས་ཀྱང་སྟོང་ཉིད་ལ་སྐྱོན་ཡོན་མེད་པ་ཡོན་ཏན་དང་ཕྲིན་ལས་གཞན་ནས་འཇུག་དགོས་པར་སེམས་ན་སྟོང་ཉིད་སྣོད་སྟོང་དུ་གོ་ནས་ཡོན་ཏན་ཕྲིན་ལས་བཅུད་དུ་གོ་བ་གཞན་གྱི་ཕྲིན་ལས་དེ་ཉིད་རང་ལ་འཇུག་པར་འདོད་ན༔ ཕྲིན་ལས་ཀྱི་ཕྱུག་པོ་གཞན་གྱིས་སྣོད་སྟོང་འགེངས་པར་བྱེད་པའི་སྦྱིན་བདག་དེ་ཡུལ་གཞན་ན་ཡོད་དགོས་པས་ཡུལ་གྱི་སངས་རྒྱས་དེ་རྟག་བརྟན་ཐེར་ཟུག་ཅན་དུ་ཡོད་སྲིད་ན་དེ་མ་སྟོང་པ་དང་༔ སྟོང་ཉིད་བེམ་སྟོང་སྐྱོན་ཡོན་མེད་པ་ཞིག་ཡིན་ན་འདི་སྣང་དང་ཕྱི་མའི་སྣང་བ་དང་རྨི་ལམ་གྱི་གནས་སྐབས་ཐམས་ཅད་དུ་སྣོད་བཅུད་འདོད་ཡོན་གྱི་སྣང་བ་ཐམས་ཅད་རང་བྱུང་རང་ཆས་སུ་ཡོད་པའི་སྐྱོན་འཁོར་བའི་སྣང་སེམས་གྲུབ་པ་དང་༔ འདིའི་ངང་ཚུལ་ཤེས་ཏེ་གདིང་ཐོབ་པའི་ཚེ་སྣང་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་མངོན་དུ་གྱུར་ནས་གོ་འཕོས་པས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་ཡོན་ཏན་གྱི་ཆ་རང་ཆས་སུ་རྫོགས་པ་ཡིན༔ འགའ་ཞིག་གིས་ནམ་མཁའ་སྐྱོན་ཡོན་མེད་པའི་བེམ་སྟོང་དུ་འཛིན་པ་མང་པོ་ཡོད་སྲིད་ནའང་༔ ནམ་མཁའ་འབྱུང་བ་ལྔ་དང་འདོད་ཡོན་སྣ་ཚོགས་ཀྱི་གཞི་དང་ངོ་བོ་ཡིན་པས་སྐྱོན་དང་ཡོན་ཏན་མེད་པའི་བེམ་སྟོང་དུ་འདོད་དགོས་པའི་རྒྱུ་མཚན་ཅི་ཡོད༔ ནམ་མཁའ་ལས་གཞན་པའི་སྣང་ཡུལ་གཞན་དུ་མཆིས་ཏེ་ནམ་མཁའ་རང་རྒྱུད་པར་འཛིན་ན་འཁོར་འདས་སྟོང་ཉིད་ཆེན་པོར་འདོད་པའི་དོན་ཡང་མ་མཆིས༔ ནམ་མཁའ་གཞན་ཞིག་མཆིས་སྲིད་ན་དབྱིངས་རིག་དབྱེར་མེད་དམ་ཟུང་འཇུག་ཅེས་བརྗོད་པའི་དོན་ཅི་ཞིག་ཡོད༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་མངོན་དུ་གྱུར་པ་ལས་བསྒོམ་རྒྱུ་གཞན་ཞིག་མཆིས་ན་བསྒོམ་མེད་གཏད་མེད་འཛིན་མེད་ཅེས་བརྗོད་པའི་དོན་དེ་གང་ཞིག་ཡིན༔ བསྒོམ་རྒྱུའི་ངོ་བོ་སྟོང་ཉིད་ཡིན་ཏེ་དེ་མ་ཤེས་ན་ལྟ་བ་མེད་པའི་སྒོམ་པ་དེ་ལུང་མ་བསྟན་དུ་སོང་བས་སྒོམ་པ་ཡང་དག་པ་དེ་གང་དུ་ཡོད༔ འཁོར་འདས་རང་སྣང་གི་རོལ་པར་མ་ཤེས་ཤིང་མ་གོ་ན་རིག་པ་ངོ་འཕྲོད་པའི་དོན་ཡང་ཅི་ཡོད༔ དོན་དམ་པར་འཁོར་འདས་སྟོང་ཉིད་ཆེན་པོའི་རང་བཞིན་དུ་གཏན་ལ་ཕབ་ནས་ཐམས་ཅད་ནམ་མཁའ་གཅིག་གི་རང་བཞིན་ཡིན་པར་ཤེས་ཤིང་ཐག་ཆོད་པ་ནི་རྟོགས་པ་ཡིན་ཏེ་ལྟ་བ་ཡང་དེ་ཀ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་དེ་ལྟར་ཤེས་པར་བྱས་ནས་ཐག་གཏིང་དཔོག་པར་ཆོད་ཅིང་ཡིད་ཆེས་པ་ཞིག་བྱུང་ནས་སྒོམ་པ་ཉམས་ལེན་གྱི་གནད་ལ་ནན་ཆེར་བརྩོན་ཏེ་མཐར་རྣམ་པར་གྲོལ་བའི་ས་ལ་སླེབ་པ་ལག་ལེན་གྱི་གནད་དམ་པ་ཡིན་པ་ལས༔ ཤེས་པ་ཙམ་ལས་བསྒོམ་མི་དགོས་ན་སྔོན་གྱི་རྣལ་འབྱོར་རིག་འཛིན་གྲུབ་ཆེན་ཐམས་ཅད་ཀྱིས་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་རྟོགས་པའི་སྟེང་དུ་བསྒོམ་པར་བྱེད་པ་དོན་མེད་དུ་སོང་བར་ངེས་ཏེ༔ དེ་ལྟར་མ་ཡིན་པར་རྟོགས་པའི་སྟེང་དུ་བསྒོམ་པ་ཉམས་ལེན་སྙིང་པོའི་སྒྲུབ་པ་ལ་འབད་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ གཞི་རང་ལ་ཡོད་པ་ལུང་མ་བསྟན་དུ་སོང་བ་ནི་ནམ་མཁའ་ལ་མུན་པ་འཐིབས་པ་ལྟ་བུ་སྟེ༔ གཞི་མངོན་གྱུར་གྱི་རིག་པ་ནི་ནམ་ལངས་ཏེ་ཉི་མ་ཤར་བ་ལྟ་བུའོ༔ གཞི་མ་རིག་པ་ནི་རྒྱལ་པོ་ཆེན་པོའི་ཐོབ་ཐང་རྒྱལ་སྲིད་ཐམས་ཅད་འཛོམ་པ་ལ་བདག་པོ་མེད་པ་ལྟ་བུ་སྟེ༔ མངོན་གྱུར་གྱི་རིག་པ་རང་ཐོག་ངོ་འཕྲོད་པ་ནི་ཐོབ་ཐང་འབྱོར་པ་ཐམས་ཅད་ཀྱིས་དབུལ་ཞིང་ཕོངས་པའི་མི་ཞིག་རྒྱལ་སར་མངའ་གསོལ་ཏེ་ལོངས་སྤྱོད་པ་ལྟ་བུ་ཡིན༔ དཔེར་ན་ལོངས་སྤྱོད་འབྱོར་པ་དང་ལྡན་པའི་མི་ཞིག་རྒྱལ་པོའམ་དགྲ་བོ་ཞིག་གིས་བཙོན་དུ་བཅུག་ནས་བཀྲེས་སྐོམ་བརྡུང་བཙོག་གནས་ངན་སོགས་ཀྱིས་ཡུན་རིང་པོའི་བར་དུ་མནར་བར་བྱས་པ་ལྟ་བུར༔ གཞི་ཡེ་རྫོགས་ཆེན་པོ་མ་རིག་གཟུང་འཛིན་གྱིས་བསྒྲིབས་ནས་འཁོར་བ་མཐའ་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ཏེ༔ མཐར་རིག་པ་ངོ་འཕྲོད་དེ་མངོན་དུ་གྱུར་པ་ནི་དཔེར་ན་མི་དེ་བཙོན་ལས་ཐར་ནས་རང་གི་གནས་སུ་འཁོད་དེ་བདེ་སྐྱིད་ལ་སྤྱོད་པ་ལྟར་རིག་པ་ལུང་མ་བསྟན་གྱི་གཞི་ལས་ཆེས་ཆེར་འཕགས་པ་ཡིན༔ གཞི་ལུང་མ་བསྟན་དུ་ཡོད་པ་ནི་དཔེར་ན་མི་ཞིག་ནད་ཀྱིས་བཏབ་སྟེ་ཡོད་པའི་མལ་འོག་ཏུ་སྨན་ཡན་ལག་བརྒྱད་དང་ལྡན་པ་ཡོད་ཀྱང་ངོ་མ་ཤེས་པའི་དབང་གིས་ཡུན་རིང་པོར་ནད་ཚབ་ཆེན་པོའི་སྡུག་བསྔལ་གྱིས་གདུང་བ་ལ༔ བར་སྐབས་ཤིག་ཏུ་འཚོ་བྱེད་ཀྱི་སྨན་ཡིན་པར་ཤེས་ནས་ཟོས་པས་ནད་དེ་སེལ་ནས་བདེ་བར་འཁོད་པ་བཞིན་དུ༔ གཞིའི་གནས་ལུགས་ཇི་ལྟ་བ་བཞིན་ཏུ་རྟོགས་ནས་མངོན་གྱུར་རིག་པས་རང་ཐོག་ཏུ་རང་ས་བཟུང་བས་འཁོར་བའི་གཅོང་ནད་ཆེན་པོ་ཡུལ་མེད་དུ་སེལ་ཞིང་གཏན་དུ་བདེ་བའི་གནས་སུ་འཁོད་པའོ༔ གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ཀྱང་ཉམས་སུ་མ་བླང་ན་ཕན་པ་མི་འབྱུང་བ་ནི་གསེར་ལག་ཏུ་ཡོད་ཀྱང་ལྟོ་རྒྱབ་ལ་ཕན་པའི་ཚོང་ཁེ་མ་བྱས་པར་གསེར་ལ་སྔས་བྱས་ཏེ་མུ་གེ་དང་ལྷག་པས་ཤི་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ ཡིད་བཞིན་གྱི་ནོར་བུ་ཉིད་དུ་ངོ་ཤེས་ཀྱང་བཀུར་སྟི་མ་བྱས་པའི་རྒྱུས་དངོས་གྲུབ་མི་འབྱུང་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ གོས་མཛེས་ཤིང་དྲོ་བ་ཞིག་ཡོད་ཀྱང་མ་བགོས་པར་བཞག་ནས་གྲང་ལྷག་གིས་ཤི་བ་བཞིན་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པའོ༔ ཟས་སྣ་ཕུན་སུམ་ཚོགས་པ་ཁྱིམ་དུ་ཡོད་ཀྱང་མ་ཟོས་པས་མུ་གེས་ཤི་བ་ལྟར་ངོ་འཕྲོད་ཀྱི་རིག་པ་ལུང་མ་བསྟན་དུ་ཤོར་བའང་དེ་དང་འདྲ་མཚུངས་པ་ཡིན་ཏེ༔ ཤེས་པ་དང་རྟོགས་པའི་མཐར་ཉམས་སུ་ལེན་པ་ནི་གནད་ཀྱི་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལགས་སོ༔ ངོ་འཕྲོད་པའི་གང་ཟག་འཁྲུལ་པ་དང་༔ ངོ་མ་འཕྲོད་པའི་གང་ཟག་འཁྲུལ་པ་ལ་ཁྱད་པར་ཡོད་དམ་མེད༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་དཔེར་ན་ལམ་རྒྱུས་ཡོད་པའི་མི་ཞིག་གིས་ལམ་འཕྲང་ནོར་བ་དང་༔ ལམ་རྒྱུས་མེད་པའི་མི་ཞིག་ལམ་ལོག་ཏུ་སོང་བ་གཉིས་ལ་ཁྱད་པར་མེད་པ་དང་༔ དགྲ་ངོ་ཤེས་པ་ཞིག་གིས་འཕྲོག་པ་དང་༔ དགྲ་ངོ་མི་ཤེས་པ་ཞིག་གིས་འཕྲོག་པ་གཉིས་ལ་ཁྱད་པར་མེད་པ་དང་༔ གཡང་ས་ཡོད་པར་ཤེས་པའི་མི་ཤིག་གཡང་ལ་ལྷུང་བ་དང་༔ གཡང་ས་ཡོད་པར་མི་ཤེས་པའི་མི་ཞིག་གཡང་ལ་ལྷུང་བ་གཉིས་ལ་ཁྱད་པར་མེད་པ་ཇི་བཞིན་དུ༔ དེ་གཉིས་ལ་ཁྱད་པར་ཏིལ་འབྲུ་ཙམ་ཡང་མ་མཆིས་པ་ཡིན༔ ཅེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེས༔ བཅོམ་ལྡན་འདས་ལགས་སོ༔ དེ་ལྟ་བུའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ངང་ཚུལ་ཤེས་པ་ལ་ཐེག་པ་གང་ཞེས་བྱ་བར་བརྗོད་པ་ཡིན༔ བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་བདེ་གཤེགས་སྙིང་པོས་བཟང་པོར་མ་བཅོས༔ སེམས་ཅན་ངན་པས་ངན་པར་མ་བསྒྱུར༔ སྤྲོས་པའི་མཐའ་བརྒྱད་དང་བྲལ་བ༔ རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་རང་ཆས་སུ་རྫོགས་པའི་ཚུལ་དང་རྒྱུ་མཚན་རྣམས་ཤེས་པ་ནི་རྟོགས་པ་ཡིན་ཏེ་དེ་ཐེག་པ་གཞན་ལས་འཕགས་པའི་ཁྱད་ཆོས་ཡིན༔ ཐེག་པ་གཞན་རྣམས་ཀྱིས་གཞི་སྟོང་པ་ཡིན་པར་ཤེས་པ་ཐུན་མོང་གི་སྤྱོད་ཡུལ་ཡིན་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་སེམས་འདི་ནི་མྱུར་ལམ་འདིའི་ཁྱད་ཆོས་བླ་ན་མ་མཆིས་པ་ཡིན་ནོ༔ དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱའམ་ཟབ་གསང་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་ཞེས་བྱ་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེ་ན་རེ༔ སྐུ་དང་ཡེ་ཤེས་ཀྱི་རང་བཞིན་གང་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་སྐུ་ཞེས་བྱ་བ་ནི་འདི་ལྟ་སྟེ༔ སེམས་ཅན་འཁྲུལ་པའི་སྣང་ཆ་ལ་བསོད་ནམས་བསགས་པའི་སྒོ་དུ་མར་ཤར་བ་ནི༔ དཔེར་ན་ཕྱག་འཚལ་བར་བྱ་བ་ལའང་ལངས་པ་དང་སྡོད་པ་ནི་བསོད་ནམས་བསགས་པ་མ་ཡིན་ཏེ༔ ཕྱག་འཚལ་བར་ཤེས་པའི་དད་གུས་དང་ཕྱག་འཚལ་བ་དགེ་བར་སེམས་པའི་རྣམ་རྟོག་དེས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པ་ཡིན་པའི་དོན་ཤེས་པ་དེ་གཞི་བདེ་བར་གཤེགས་པའི་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་དེའི་འཇུག་སྒོ་ཡིན་པ་དང་༔ བསྐོར་བ་བྱེད་པའི་གོམ་པ་འདོར་བ་ནི་བསོད་ནམས་བསགས་པ་མ་ལགས་ཏེ༔ བསྐོར་བ་བྱེད་པའི་ཤེས་པ་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན༔ སཱཙྪ་དང་མཆོད་རྟེན་བཞེངས་པ་ཡང་ས་རྡོ་འབུར་པོ་བྱས་པ་ནི་བསོད་ནམས་བསགས་པ་མ་ལགས་ཏེ༔ དགེ་བ་བྱེད་པའི་འདུ་ཤེས་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་ཞིག་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན་ནོ༔ མར་མེ་འབུལ་བ་ཡང་མར་མེ་ལ་བསྲེགས་པ་བསོད་ནམས་བསགས་པ་མ་ཡིན་ཀྱང་མཆོད་པ་འབུལ་བའི་འདུ་ཤེས་དེ་ཉིད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་པས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་བ་དེའི་འཇུག་སྒོ་ཡིན༔ ཡོན་ཆབ་འབུལ་བ་ཡང་ཆུ་ཕོར་བཀང་བ་བསོད་ནམས་མ་ཡིན་ཏེ་ཡོན་ཆབ་འབུལ་བའི་འདུ་ཤེས་དེ་ཉིད་ཀྱིས་བསོད་ནམས་བསྐྱེད་པས་དེའི་འཇུག་སྒོ་ཡིན༔ གཞན་ཡང་མཆོད་པ་གང་བྱས་ཀྱང་དངོས་པོའི་བཅུད་ལེན་མཁན་མེད་པས་དེ་དེར་གནས་པ་མངོན་སུམ་ཚད་མ་ཡིན་ན་བསོད་ནམས་བསགས་པར་མི་འགྱུར་ཡང་དགེ་བའི་བསོད་ནམས་བསྐྱེད་པར་འགྱུར་བའི་འདུ་ཤེས་དེས་མ་འོངས་པ་ནའང་གནས་སྐབས་ཙམ་དུ་སྣང་བ་ལེགས་པ་དང་སེམས་ལ་བདེ་བའི་ཉམས་རེ་འཆར་བའི་རྒྱུར་འགྱུར་བ་ཡིན༔ ངག་གིས་བཟླས་བརྗོད་བྱེད་པ་ཡང་ཚིག་ལབ་པ་ཙམ་གྱིས་བསོད་ནམས་ཀྱི་རྒྱུར་འགྲོ་བ་མ་ཡིན་ཏེ༔ བསམ་པ་དགེ་བའི་ཤེས་པ་དེ་ཉིད་གཞིའི་ཉག་ཕྲན་ཞིག་ཡིན་པས་འབྲས་བུ་ཡང་དེས་བསྐྱེད་པ་ཡིན་ལ་དེ་དག་གི་འཇུག་སྒོ་ནི་ཆོས་ཉིད་རང་གི་ཡེ་ཤེས་ཡིན་ནོ༔ དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ནས་ཆུ་བླངས་ཏེ་འདི་རྒྱ་མཚོ་ཡིན་པར་བརྗོད་ན་དེ་རྒྱ་མཚོ་ཉིད་ཀྱང་མ་ཡིན༔ རྒྱ་མཚོའི་ཉག་ཕྲན་ཡིན་པས་རྒྱ་མཚོ་མ་ཡིན་པའི་ཆུ་ཡང་མ་ཡིན༔ སྦྱིན་པ་བཏང་བ་ཡང་དེ་བཞིན་དུ་གནས་སྐབས་སུ་བདེ་བ་ཅུང་ཟད་རེ་བསྐྱེད་པའི་ཐབས་སུ་སེམས་ཅན་རྣམས་ཀྱི་ལམ་གྱི་འཇུག་སྒོར་ཤར་བ་དེ་དག་ཀྱང་ཆོས་ཉིད་ཀྱི་རྩལ་ཡིན་ནོ༔ དཔེར་ན་རྨི་ལམ་དུ་ལྷ་ཁང་ལེགས་པར་སྐུའི་རྟེན་ཕྱག་རྒྱ་སྣ་ཚོགས༔ གསུང་གི་རྟེན་ཡི་གེ་སྣ་ཚོགས༔ ཐུགས་ཀྱི་རྟེན་མཆོད་རྟེན་དང་རྡོ་རྗེ་ཕུར་པ་ལ་སོགས་པ་བཀོད་པ་མཐོང་ནས་དེ་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་དང་བསྐོར་བ་བྱེད་པ་སོགས་རྨིས་པར་གྱུར་ན་སད་པའི་དུས་སུ་ངེས་པར་དེ་ལྟར་བྱས་སོ་བསམ་ཀྱང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་བསྐྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་བསམ་པའི་བྱེད་ལས་ཀྱིས་ལས་དགེ་བར་འགྱུར་ན་དགེ་བ་ཡིན་པར་ལམ་ཁྱེར་བྱས་ཏེ་མི་དགེ་བ་བཅུ་ལ་སོགས་པའི་ལས་བྱས་ཀྱང་དགེ་བར་འགྱུར་བ་ཡིན་ནམ་མ་ཡིན་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་སེམས་ཅན་ཡིན་པར་ཤེས་པ་དང་༔ བསམ་པ་གསོད་སེམས་སྐྱེས་པ་དང་༔ སྦྱོར་བ་སྲོག་ལ་རྒོལ་བ་དང་༔ མཐར་ཐུག་སྲོག་གི་དབང་པོ་འགག་པར་བྱ་བ་སོགས་མི་དགེ་བའི་ལས་ཐམས་ཅད་ལ་རང་འདོད་ཀྱི་ཤེས་པ་དང་༔ གཞན་སྣང་གི་ཤེས་པ་བག་ཉལ་དུ་ཡོད་པ་ལས་མི་དགེ་བ་བསྐྱེད་པ་སྟེ༔ དེ་མི་དགེ་བ་ཡིན་པ་ལ་རྣམ་རྟོག་གིས་བཟོ་བཅོས་བྱས་པ་ཙམ་གྱིས་དགེ་བར་འགྱུར་བ་མ་ཡིན་ནོ༔ དགེ་སྡིག་ཐམས་ཅད་རྣམ་རྟོག་ཙམ་གྱིས་མ་ཡིན་ཏེ་གཞི་ཤེས་པ་ཡིན་པས་དེའི་བྱེད་ལས་ཁོ་ནས་བདེ་སྡུག་སྐྱེད་པ་ཡིན་པས་ཤེས་པར་མཛོད་ཅིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་པས་བདེ་བ་བསྐྱེད་པ་བསོད་ནམས་ཀྱི་རྒྱུ་ཡང་རྣམ་རྟོག་ཡིན་པ་དང་༔ སྡུག་བསྔལ་བསྐྱེད་པའི་རྒྱུ་ཡང་རྣམ་རྟོག་ཡིན་པར་གོ་བས་དེའི་ཕྱིར་དབྱེ་བ་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཤེས་པ་རྣམ་རྟོག་ཐམས་ཅད་བདེ་གཤེགས་སྙིང་པོའི་ཉག་ཕྲན་རེ་ཡིན་ཡང་གཞི་ཤེས་པ་བག་ལ་ཉལ་བས་ཀུན་ནས་བསླངས་ཏེ་ལས་བྱེད་པའི་སྣང་བ་ཤར་བ་ལ་འབྲས་བུ་སྨིན་པས་བདེ་སྣང་དང་སྡུག་སྣང་དང་བདེ་སྡུག་ལུང་མ་བསྟན་སོགས་འབྱུང་བ་ནི་ཀུན་སློང་བཟང་ངན་གྱིས་འཕེན་པ་ཁོ་ན་ཡིན་ནོ༔ དོན་ལ་ས་བོན་ཚ་བ་ལས་འབྲས་བུ་ཚ་བ༔ ཁ་བ་ལས་ཁ་བ༔ མངར་བ་ལས་མངར་བ་དུས་སུ་སྨིན་པ་ནི་རྒྱུ་ས་བོན་གྱིས་བསྐྱེད་པའི་ཕྱིར་རོ༔ བདེ་གཤེགས་སྙིང་པོའི་ཉག་ཕྲན་མ་ཡིན་ན་ལས་འབྲས་སུ་སྨིན་པའི་དོན་མ་མཆིས་སོ༔ བདེ་སྣང་སྐྱེ་ཡང་སོ་ཟིན་མེད་པར་གནས་སྐབས་ཙམ་ཡིན་པས་སྙིང་པོ་མ་མཆིས་པ་དང་༔ སྡུག་བསྔལ་མྱོང་ཡང་སོ་ཟིན་མེད་པར་གནས་སྐབས་ཙམ་དུ་མ་མྱོང་བ་ལ་མྱོང་བའི་སྣང་བ་ཤར་བ་རྨི་ལམ་ལྟ་བུ་ཡིན༔ ལས་ངན་པ་བསགས་པ་རྣམས་ལ་དེའི་འཇུག་སྒོ་རྒྱུ་ལས་ངན་པ་བསགས་པས་གནས་སྐབས་སུ་བདེ་བ་ཤར་བའི་མཐར་སྡུག་བསྔལ་འབྱུང་བ་དང་༔ བཟང་པོ་བསགས་པ་ལའང་དེའི་འཇུག་སྒོ་རྒྱུ་ལས་དཀར་པོ་བསགས་པས་གནས་སྐབས་སུ་དཀའ་ཚེགས་ལ་སོགས་པ་སྡུག་བསྔལ་དང་དུ་བླངས་པའི་འབྲས་བུ་མངོན་མཐོའི་བདེ་སྣང་མཆེད་ཅིང་སྤྱོད་པའི་མཐར་ཟད་པའི་ཚེ་འཁོར་བ་ནས་འཁོར་བར་ཁ་བརྒྱུད་དེ་སྡུག་བསྔལ་མྱོང་དགོས་པ་སྟེ༔ གཞིའི་རང་ཞལ་བསྒྲིབས་པའི་མ་རིག་པ་ཉིད་ཀྱིས་བདེ་སྡུག་དང་ལས་བཟང་ངན་ཐམས་ཅད་འཁོར་བའི་རྒྱུར་བསགས་པས་རྣམ་པར་གྲོལ་བའི་ས་ལམ་ལ་བསྒྲིབ་པར་འགྱུར་བ་ཡིན༔ དེས་ན་སྒོམ་པ་ཉམས་སུ་ལེན་པའི་གང་ཟག་རྣམས་ཀྱིས་སེམས་འཛིན་ལ་ནན་ཆེར་འབད་པས་བདེ་སྡུག་གི་ཉམས་སྣ་ཚོགས་མ་ངེས་པར་འཆར་བའང་འཛིན་ཤེས་གཅིག་གིས་གཅུད་པའི་བྱེད་ལས་སོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ལས་དཀར་ནག་གི་རྒྱུ་དང་འབྲས་བུ་གཉིས་ཀ་ལ་གཞིའི་རང་ཞལ་བསྒྲིབ་པའི་སྒྲིབ་པར་འགྱུར་བ་ལ་ཁྱད་པར་ཡོད་དམ་མེད༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ལས་དཀར་པོ་བསགས་ཀྱང་འཁོར་བར་བསོད་ནམས་བསགས་པ་ཡིན༔ ལས་ངན་པ་བསགས་ཀྱང་འཁོར་བའི་རྒྱུ་བསགས་པ་ཡིན༔ དེ་གཉིས་ཀ་འཁོར་བའི་གསོས་སུ་འགྱུར་བ་ལས་ཆོས་ཉིད་ཀྱི་རང་ཞལ་བསྒྲིབ་པ་ལ་ཁྱད་པར་མེད་དེ༔ དཔེར་ན་ནམ་མཁར་ཉི་མ་ཤར་བ་ལ་སྤྲིན་དཀར་པོས་བསྒྲིབ་པ་དང་ནག་པོས་བསྒྲིབ་པ་གཉིས་ཀ་ལ་ཁྱད་པར་མེད་དེ་ཉི་མའི་ཞལ་རས་མི་མངོན་པར་སོང་བ་ལྟར༔ གཞིའི་ངང་མདངས་བསྒྲིབ་པ་ལ་ཡང་དགེ་བས་བསྒྲིབ་པ་དང་སྡིག་པས་བསྒྲིབ་པ་ལ་ཁྱད་པར་མེད་པས་རྣམ་མཁྱེན་གྱི་ས་ལམ་ལ་བསྒྲིབ་པར་འགྱུར་བ་ཡིན་ནོ༔ བདེ་སྡུག་གཉིས་ཀ་གང་མྱོང་ཡང་དོན་དམ་པར་གྲུབ་མ་མྱོང་བ་ཡིན་པས་ཕན་གནོད་སྤུ་རྩེ་ཙམ་ཡང་མེད་པར་ངེས་ཀྱང་༔ དེ་ལ་གཞིག་ནས་བདེ་སྡུག་ངེས་པར་མ་གྲུབ་ན་མེད་ལ་ཡོད་སྣང་ཤར་བ་ཙམ་གྱིས་ཅི་གནོད་སྙམ་ན་རྨི་ལམ་གྱི་སྣང་བ་སྡུག་བསྔལ་དུ་ཤར་བ་དེ་ཡང་དོན་གྱིས་གྲུབ་པ་མེད་ཀྱང་མྱོང་བ་ལ་ཁྱད་པར་མེད་པ་ལྟར་བདེ་བས་ངོམས་ཤིང་སྡུག་བསྔལ་ཡང་བཟོད་གླག་མེད་པ་ལ་ཁྱད་པར་མེད་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་ལས་སངས་རྒྱས་དང་སེམས་ཅན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞན་དུ་གང་ཡང་མ་མཆིས་ན༔ སྒྲུབ་དང་དཀྱིལ་འཁོར་ཞིང་དང་སྟོན་འཁོར་ལ་སོགས་པ་དུ་མར་བསྟན་པ་རྣམས་ཀྱི་དགོས་དོན་དང་ངང་ཚུལ་ཇི་ལྟ་བ་བཞིན་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་བདེ་གཤེགས་སྙིང་པོའི་ངང་མངོན་དུ་བྱེད་པ་ལ་བློ་ཡིད་ཀྱིས་བཅོས་བསྒྱུར་འབད་རྩོལ་སྣ་ཚོགས་པས་ཉམས་བདེ་གསལ་མི་རྟོག་འཕྲོ་རྒོད་འཐོར་གསུམ༔ བྱིང་རྨུག་འཐིབ་གསུམ༔ ན་ཚ་བདེ་སྡུག་ཐམས་ཅད་བཙན་ཐབས་སུ་སློང་བར་བྱས་ཏེ་རྣམ་པར་རྟོག་པ་ཐམས་ཅད་གཞིའི་ངང་དུ་ཞི་ནས་ཡེ་གནས་ཀྱི་ཤེས་པ་ངོ་འཕྲོད་དེ་བསྒོམ་པ་ནི་སྤྲུལ་སྐུ་ལམ་བྱེད་རང་བབས་ཀྱི་དྲན་པའི་ངང་སྐྱོང་བ་སྟེ་དེང་སང་གི་དུས་འདིར་ཐམས་ཅད་ཀྱིས་ཐུན་མོང་གི་ཉམས་ལེན་དུ་དོན་གྱི་འཇོག་སོ་བྱེད་པ་ཡིན་ནའང་རྣམ་པར་གྲོལ་བའི་འབྲས་བུ་མི་ཐོབ་པའི་སྐྱོན་ཡོད་དེ༔ དེས་ན་ལྟ་བ་གཏན་ལ་དབབ་ནས་གཞི་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་བྱེད་དགོས་པས༔ དེ་ལ་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་དང་༔ བསྐྱེད་རིམ་ཐབས་ལམ་ལ་བརྟེན་ནས་ངོ་སྤྲོད་པ་དང་གཉིས་ཡོད་དོ༔ ཀྱཻ་རིག་པའི་རྡོ་རྗེ་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པ་ལ༔ དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་སྟེ་ཆོས་ཉིད་ནམ་མཁའི་རོལ་པར་ཐག་བཅད་ནས་ངང་མངོན་གྱུར་ཆེན་པོར་ངོ་སྤྲོད་ས་རང་ཐོག་ཏུ་བཟུང་བས་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་རང་བབས་སུ་འཇོག་པ་ནི་མྱུར་ལམ་རྫོགས་པ་ཆེན་པོའི་ཐེག་པ་ཡིན༔ རྩོལ་མེད་རང་བབས་སུ་བཞག་ནས་ཤི་བའི་མཐར་མ་ཐུག་གི་བར་དུ་ཉམས་སུ་བླངས་ན་སངས་རྒྱས་པར་གདོན་མི་ཟ་བ་ཡིན་ཏེ༔ དེ་ལྟར་མི་ལྡན་པར་སྔོན་གྱི་ལས་ངན་པའི་དབང་གིས་རྣམ་གཡེང་དང་ལེ་ལོའི་དབང་དུ་སོང་ན་འཆི་ཁ་ཐ་མལ་དུ་ལུས་པའང་༔ ལ་ལ་ནི་བདུད་ཀྱིས་བསླུས་པའི་དབང་གིས་གཏམ་དང་མི་ཚིག་གི་རོ་ལ་མྱོང་བ་ཡོད་པར་སྣང་ནས་དེར་ཞེན་ཅིང་ཆགས་ཏེ་འདུ་འཛི་ལ་ཞེན་ནས་དོན་འབྲས་གྲུབ་པ་མེད་པའི་ལབ་མོ་རུ་མི་ཚེ་སྟོང་ཟད་དུ་བཏང་ནས་བསྒོམ་མི་ནུས་ཤིང་འཆི་ཁ་ཐ་མལ་དུ་ལུས་པར་འགྱུར་བ་དང་༔ ལ་ལ་ནི་ཚེ་འདིའི་ཆེ་འདོད་དང་གྲགས་འདོད་རང་རྩིས་རང་མཐོང་རང་བསྟོད་ཀྱིས་རྒྱུད་གང་ནས་མི་ཚེ་གཏོ་ཡས་ལ་ཟད་ཅིང་འཆི་ཁ་ཐ་མལ་དུ་ལུས་པ་དང་༔ ལ་ལ་ནི་ལུས་ཀྱི་འབྱུང་བ་རྒུད༔ འདུ་བའི་ནད་ཀྱིས་བཏབ༔ ན་ཚོད་འཆི་བ་ལ་ཉེ་ཡང་ད་དུང་ཆེ་འདོད་དང་གྲགས་འདོད་ལ་སོགས་པ་ཡིད་ལ་བཏགས་ནས་སྒོམ་སྒྲུབ་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་འཆི་ཁ་ཐ་མལ་པ་ལས་ཞན་པར་སྡུག་བསྔལ་སེམས་ལ་མྱོང་བཞིན་དུ་འཆི་དགོས་པ་དང་༔ ཡང་ལ་ལ་ནི་མྱོང་ཞེན་བློ་ཡིད་ཀྱི་སྤྱོད་ཡུལ་ཅན་མ་གཏོགས་རྩོལ་མེད་བྱ་བཏང་གི་ལྟ་སྒོམ་གྱིས་ཡིད་མི་ཚིམ་ཞིང་བློ་མི་གཏོད་པའི་དབང་གིས་ཉམས་སུ་མི་ལོན་པ་དང་༔ ལ་ལས་ངོ་འཕྲོད་ཀྱང་ཡིད་མི་ཆེས་པའི་དབང་གིས་ཉམས་སུ་མི་ལེན་པ་དང་༔ ལ་ལས་ངོ་འཕྲོད་པ་ཙམ་གྱིས་ཆོག་པར་གོ་ནས་དེའི་ཐོག་ཏུ་ལུས་པ་དང་༔ ལ་ལས་དོན་གོ་ལོག་ཏུ་བཟུང་ནས་བག་མེད་ཀྱི་དབང་དུ་འཁྲུལ་པ་སོགས་སེམས་ཅན་ལས་སྐལ་མེད་པ་རྣམས་དོན་དམ་རྩོལ་མེད་ཀྱི་ལམ་དུ་འདྲོངས་པ་ཤིན་ཏུ་དཀའ་བས༔ དེའི་ཕྱིར་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་དོན་དམ་རྩོལ་མེད་དབྱིངས་སུ་ཁ་དྲང་བའི་ཐབས་སུ་དགོངས་ནས་གཞི་བདེ་གཤེགས་སྙིང་པོའི་སྐུ་དང་ཡེ་ཤེས་མཚན་མར་བཅོས་ཏེ་བསྒྲུབ་བྱའི་ལྷ་དང་ཞིང་ཁམས་གཞལ་ཡས་སྟོན་འཁོར་མིང་དོན་ཡིན་ལུགས་རྣམ་ཐར་མང་པོ་འཁོར་བའི་སྒོ་དང་བསྟུན་ནས་དམིགས་སྒོམ་བཟླས་པ་ལ་སོགས་པའི་སྒྲུབ་ཐབས་མང་པོ་བསྟན་ཏེ་བསྒོམ་བསྒྲུབ་ལ་འབད་པས་ཡུལ་ཕ་གི་བ་ཞིག་ན་ཞིང་ཁམས་ཞེས་བྱ་བའི་ཡངས་པ་ཅན་ཞིག་ཡོད་པ་དེར་བགྲོད་སླེབ་ཡོད་པར་འཆད་པ་ཐམས་ཅད་ཐབས་ཀྱི་ལམ་ཞེས་བྱའོ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔ་དང་རིགས་ལྔ་དང་ཡེ་ཤེས་ལྔའི་རོལ་པར་འགག་བསྡམ་ནས་བསྟན་པ་ཡིན་ཏེ༔ དེ་ཡང་ཡུལ་རང་མཚན་ཅན་དུ་མ་གྲུབ་པར་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་གཞིར་བཞག་སྟེ་གདུལ་བྱའི་དོན་དུ་བསྟན་པ་ནི་ཆོས་སྐུ་མཚན་མ་མེད་པ་དོན་དམ་མམ་ངེས་དོན་དང་༔ མཚན་མའི་གཟེབ་ཀྱིས་བཅིངས་ཏེ་མིང་དང་ཡུལ་རང་མཚན་པར་འཆད་པ་ནི་ཀུན་རྫོབ་བམ་དྲང་དོན་ཡིན༔ དང་པོ་སྐུ་ལྔ་ཞེས་བྱ་བར་འཆད་པ་ནི་འདི་ལྟ་སྟེ༔ ཆོས་ཅན་སྣ་ཚོགས་སྣང་བའི་ཆོས་སོ་ཅོག་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་རོ་གཅིག་པས་ན་ཆོས་ཞེས་བྱའོ༔ ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས༔ ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་དང་༔ ཉམས་ཀྱི་མྱོང་བ་བསམ་གྱིས་མི་ཁྱབ་པ་དང་༔ འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་བསགས་ཏེ་སྤུངས་པ་ལྟ་བུས་ན་སྐུ་ཞེས་བྱའོ༔ སེམས་ཅན་མ་རིག་ལས་ཉོན་གྱིས་བསྒྲིབས་པ་རྣམས་ལའང་ངར་འཛིན་གྱི་ཤེས་པ་སྐྱེས་ཙམ་ནས་རྨི་སྣང་དང་འདི་སྣང་ཕྱི་མའི་སྣང་བ་ཐམས་ཅད་དང་སྣོད་བཅུད་འདོད་ཡོན་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ལོངས་སྤྱོད་དུ་རང་རྫོགས་པ་ལྟར༔ སངས་རྒྱས་པའི་ཚེ་ནའང་དག་པ་གྲོལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་བྱ་བས་མ་བྱས༔ རྩོལ་བས་མ་བསྒྲུབ་པར་ལོངས་སྤྱོད་དུ་རང་ཆས་སུ་རྫོགས་པས་ན་ལོངས་སྤྱོད་རྫོགས་པ་ཞེས་བྱའོ༔ གཞི་བདེ་གཤེགས་སྙིང་པོའི་ངང་ལས་སྤྲུལ་པ་འགྱེད་སྙམ་གྱི་བློ་ཡིད་གཡོ་མ་མྱོང་ཞིང་མི་གཡོ་བ༔ བསམ་བཞིན་དུ་སྤྲུལ་པ་འགྱེད་མ་མྱོང་བས་ན་མ་སྤྲུལ་པ༔ རྒྱ་མཚོའི་གཟའ་སྐར་རྒྱ་མཚོ་ལས་མི་གཞན་བཞིན་དུ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་བདེ་གཤེགས་སྙིང་པོ་ཉིད་ལས་མི་གཞན་པའི་སྤྲུལ་པ་སྣ་ཚོགས་རང་ཆས་སུ་ཤར་བས་ན་སྤྲུལ་སྐུ་སྟེ༔ དེ་ལ་ངར་འཛིན་གྱི་ཤེས་པ་ཙམ་ནས་བདག་གི་ལུས་མི་སྣང་བའི་ཐབས་མ་མཆིས་པས་རྨི་སྣང་དང་ཉིན་སྣང་ཕྱི་མའི་སྣང་བ་ཐམས་ཅད་དུ་ངར་འཛིན་གྱི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདག་ལ་གྲོགས་སུ་ལོངས་སྤྱོད་པའི་ཡུལ་སྲོག་ཆགས་རྣམ་པ་སྣ་ཚོགས་སྐྱེ་འཆི་འགྲོ་འོང་གི་རྣམ་འགྱུར་ལྟར་རྒྱུན་མི་ཆད་པར་སྣང་བ་ཐམས་ཅད་སྐྱེ་བ་སྤྲུལ་སྐུ་ཞེས་བྱའོ༔ གདུལ་བྱ་སྣོད་དང་ལྡན་པའི་ལས་ཅན་རྣམས་ལ་རང་རང་གི་ཁམས་དབང་དང་མཐུན་པའི་བསོད་ནམས་བསགས་པའི་སྒོ་སྣ་ཚོགས་དང་༔ ལམ་གྱི་རིམ་པ་སྣ་ཚོགས་པ་རང་གི་གཟུགས་དང་སྐད་དང་སྤྱོད་པ་དང་མཐུན་པའི་གཟུགས་སྐུ་སྣ་ཚོགས་པ་གདུལ་བྱ་འདུལ་བའི་བླ་མ་དང་སློབ་དཔོན་དང་ཡི་གེ་ལ་སོགས་པ་རང་གི་བདེ་གཤེགས་སྙིང་པོའི་སྤྲུལ་པས་རང་ལ་རང་ལམ་སྟོན་པ་ལ་སྟོན་པ་སྤྲུལ་སྐུ་ཞེས་བྱའོ༔ ཡང་ལྷ་བཟོ་ཆེ་གེ་མོས་བཟོས་པ་དང་༔ སྦྱིན་བདག་ཆེ་གེ་མོས་བཞེངས་པའི་བྲིས་སྐུ་དང་འབུར་སྐུ་དང་རྡུལ་ཚོན་ལས་གྲུབ་པའི་སྐུ་རང་བྱོན་ལ་སོགས་སྐུའི་རྟེན་དང་༔ གསུང་གི་རྟེན་ཡི་གེ་པོ་ཏི་གླེགས་བམ་སྣ་ཚོགས་པ་དང་༔ ཐུགས་ཀྱི་རྟེན་མཆོད་རྟེན་དང་ཕུར་པ་དང་གནམ་ལྕགས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་ཏེ༔ ཕྱག་མཆོད་བསྐོར་བ་ལ་སོགས་བཀུར་སྟི་བྱ་བའི་གནས༔ བསོད་ནམས་བསགས་པའི་ཞིང་སར་སྣང་བ་རྣམས་ནི་སྦྱིན་བདག་བཟོ་བོ་རྣམས་ཀྱིས་མ་ཡིན་ཏེ༔ རང་གི་བདེ་གཤེགས་སྙིང་པོའི་སྤྲུལ་པ་རང་ལ་ཤར་བ་བཟོ་སྤྲུལ་སྐུ་ཞེས་པ་ཡིན་ནོ༔ བདག་ཏུ་སྣང་ཙམ་བདག་གིས་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ་གོས་དང་རྒྱན་དང་ཀ་ཅ་དང་མལ་ཆ་དང་ཟས་སྐོམ་དང་ས་དང་ཆུ་དང་མེ་དང་རླུང་དང་གནས་ཁང་དང་རྩྭ་དང་ཤིང་དང་རྡོ་དང་ལྕགས་དང་ཟངས་དང་དངུལ་དང་གསེར་དང་ར་གན་ལ་སོགས་པའི་མཁོ་བའི་ཡོ་བྱད་དང་མི་མཁོ་བའི་རྫས་དང་སོ་སོ་བསམ་གྱིས་མི་ཁྱབ་པ་སེམས་རྣམ་པར་ཤེས་པ་མེད་པའི་རིགས་འདི་ལྟར་སྣང་བའི་ཆོས་རྣམས་ནི་བེམ་པོ་སྤྲུལ་སྐུ་ཞེས་བྱ་སྟེ༔ སྤྲུལ་སྐུ་རྣམ་པ་བཞི་པོ་དེ་དག་ནི་ངར་འཛིན་གྱི་ཤེས་པ་ཡུལ་དུ་གྱུར་པའི་ཀློང་དུ་བདེ་གཤེགས་སྙིང་པོའི་སྤྲུལ་པ་རང་ཤར་བ་ནི་དཔེར་ན་ཆུ་སྣོད་དུ་ནམ་མཁའི་གཟའ་སྐར་ཤར་བ་རྒྱུ་རྐྱེན་ལྷན་ཅིག་འཚོགས་པ་ལ་རྟེན་འབྲེལ་ཆུའི་གཟའ་སྐར་ལྟ་བུར་སྣང་བ་ཡིན་པས་གདུལ་བྱའི་བདག་འཛིན་དབྱིངས་སུ་མ་ཞིག་གི་བར་དུ་སྤྲུལ་པའི་སྐུ་ཡང་རྒྱུན་མི་ཆད་པར་སྣང་བ་དང་༔ བདག་འཛིན་དབྱིངས་སུ་ཞིག་ཚེ་སྤྲུལ་སྐུའི་འགྲོ་དོན་རྫོགས་པ་ཡང་ཆུ་སྐམ་པས་གཟའ་སྐར་ནམ་མཁའི་གཟའ་སྐར་དུ་ཡལ་བ་ལྟ་བུའོ༔ བདག་འཛིན་དབྱིངས་སུ་མ་ཞིག་གི་བར་དུ་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་འཆར་བ་ནི་ཆུ་དྭངས་གསལ་ལའང་ཆུ་དེ་མ་སྐམ་གྱི་བར་དུ་གཟུགས་བརྙན་རྒྱུན་མི་ཆད་པ་ལྟ་བུའོ༔ སྤྲུལ་པ་རྣམ་པ་སྣ་ཚོགས་པ་བསགས་ཏེ་སྤུངས་པ་ལྟ་བུ་ལ་སྐུ་ཞེས་བྱའོ༔ ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བའི་བདག་ཉིད་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རོ་གཅིག་པའི་དབྱིངས་ཉིད་ངོ་བོ་ཉིད་དང་༔ ཡེ་ཤེས་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུའི་སྐུ་ཞེས་བྱའོ༔ གཞི་དུས་གསུམ་གཡོ་བ་མེད་ཅིང་བཟང་ངན་གང་དུའང་མི་འགྱུར་བས་མི་འགྱུར་བ་དང་༔ མི་ཤིགས་པ་རྡོ་རྗེ་ཆོས་བདུན་དང་ལྡན་པས་རྡོ་རྗེ་ཞེས་བྱ་སྟེ༔ ཆོས་བདུན་ནི་ལས་ཉོན་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ༔ ཡུལ་རྐྱེན་ཐམས་ཅད་ཀྱིས་ནམ་ཡང་མི་ཤིགས་པ༔ འཁོར་འདས་ཐམས་ཅད་ཀྱི་ཡེ་གཞི་ཆེན་པོ་རང་ངོ་ཀ་དག་ཏུ་གནས་པས་བདེན་པ༔ སྐྱོན་དང་ཡོན་ཏན་ཐམས་ཅད་ཀྱིས་བསླད་མི་འཇུག་པས་སྲ་བ༔ དུས་གསུམ་དུ་མི་འཕོ་བར་གཡོ་འགུལ་དང་བྲལ་བས་བརྟན་པ༔ ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་འབིག་ནུས་པས་ཐམས་ཅད་དུ་ཐོགས་པ་མེད་པ༔ འཁོར་འདས་ཀྱིས་བསྒྱུར་དུ་མི་བཏུབ་པས་ཐམས་ཅད་དུ་མ་ཕམ་པའོ༔ དེ་ལྟར་གཞི་གནས་ཀྱི་ཆོས་སྐུ་བདེ་གཤེགས་སྙིང་པོའི་གནས་ལུགས་དང་ཡིན་ལུགས་ཐམས་ཅད་ལས་སྐལ་མེད་པའི་སེམས་ཅན་རྣམས་ཀྱིས་རྟོགས་མི་སྲིད་པས་འཁོར་བ་མཐའ་མེད་པར་འཁྲུལ་པ་དང་༔ རྟོགས་ཚད་ལ་གདིང་མི་ཐོབ་མི་སྲིད་པ་དང་༔ གདིང་ཐོབ་ན་མི་གྲོལ་མི་སྲིད་པ་དང་༔ གྲོལ་ན་འཚང་མི་རྒྱ་མི་སྲིད་པས་ན་རྡོ་རྗེའི་དམ་བཅའ་བཞི་དང་ལྡན་པ་ཡིན་ཏེ༔ དོན་དམ་མི་ཤིགས་པའི་རྡོ་རྗེ་ཞེས་བྱ་བ་ཡིན༔ དོན་གྱི་རྡོ་རྗེ་དེ་ལ་ལམ་དང་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་བསགས་པའམ་སྤུངས་པ་ལྟ་བུར་ཡོངས་སུ་འདུས་ཤིང་རྫོགས་པས་ན་སྐུ་ཞེས་བྱའོ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔའི་ཆིངས་སུ་འདུ་བར་བྱས་ཏེ་བསྟན་པ་དེ་དག་ཐམས་ཅད་ཀྱང་གཞི་རང་ལ་རང་ཆས་སུ་རྫོགས་པ་དོན་དམ་པ་གཞིའི་མཚན་ཉིད་ཡིན་ཏེ༔ དོན་ཐ་དད་དུ་མ་གྲུབ་པ༔ དངོས་མཚན་སོ་སོར་མ་གྲུབ་པ༔ ཚིག་གིས་བརྗོད་གཞི་མེད་པའོ༔ དེ་མིང་དང་དངོས་མཚན་སོ་སོར་བསྟན་པ་ཐམས་ཅད་ཀུན་རྫོབ་ཞེས་བྱ་བ་ཡིན་ནོ༔ ཡང་ལྷ་ཐམས་ཅད་འབྱུང་བའི་གཞི་ཀུན་ཏུ་བཟང་པོར་བསྟན་པ་དེའི་རྩལ་ཡེ་ཤེས་ལྔ་ལས་རིགས་ལྔའི་སངས་རྒྱས་གྲུབ་པར་འཆད་ལ༔ ཆོས་དབྱིངས་ཡེ་ཤེས་ལས་དབུས་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ མེ་ལོང་ཡེ་ཤེས་ལས་ཤར་ཕྱོགས་ཀྱི་སངས་རྒྱས་དང་འཇིག་རྟེན་གྲུབ་པ་དང་༔ མཉམ་ཉིད་ཡེ་ཤེས་ལས་ལྷོ་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ སོར་རྟོག་ཡེ་ཤེས་ལས་ནུབ་ཕྱོགས་ཀྱི་སངས་རྒྱས་དང་སྣོད་བཅུད་གྲུབ་པ་དང་༔ བྱ་གྲུབ་ཡེ་ཤེས་ལས་བྱང་ཕྱོགས་ཀྱི་སངས་རྒྱས་དང་དེའི་སྣོད་བཅུད་གྲུབ་པར་སྐད་པ་དེ་དག་ངེས་པའི་དོན་མ་ཡིན་ཏེ༔ དོན་དམ་པར་གཞིའི་ངོ་བོ་སྟོང་པ་ཉིད་འཁོར་འདས་ཐམས་ཅད་ཀྱི་སྤྱི་གཞིར་ཆོས་དབྱིངས་དང་༔ ཡེ་ནས་རང་བྱུང་བས་ཡེ་ཤེས་ཞེས་བྱ་བ་སྟེ༔ དེ་དབུས་སུ་མི་གནས་པ་ལས་དབུས་སུ་བཞག་པ་ཐ་སྙད་ཙམ་མོ༔ གཞི་དྭངས་གསལ་རྙོགས་མ་དང་བྲལ་བ་འཁོར་འདས་ཀྱི་སྣང་བ་ཅིར་ཡང་འཆར་དུ་རུང་བས་མེ་ལོང་དང་༔ རང་བྱུང་ཡེ་གནས་ཀྱི་ཤེས་པ་ཉིད་ལ་ཡེ་ཤེས་ཞེས་བྱ་སྟེ༔ ཤར་དུ་བརྗོད་པ་ཐ་སྙད་ཙམ་མོ༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་ཉིད་བདེ་གཤེགས་སྙིང་པོའི་དབྱིངས་སུ་དག་མཉམ་དུ་ཡོད་པས་མཉམ་ཉིད་དང་༔ ཤེས་དང་ཤེས་བྱའི་ཡུལ་ལས་འདས་ཏེ་དེ་ཉིད་ཀྱི་ངང་ལྐོག་ཏུ་མ་གྱུར་པར་མངོན་དུ་བྱེད་པ་ལ་ཡེ་ཤེས་ཞེས་བྱ་སྟེ༔ ལྷོར་བཞག་པ་ཐ་སྙད་ཙམ་མོ༔ ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་མ་འདྲེས་སོ་སོར་འཆར་བའི་སྒོ་གོ་མ་འགག་པས་སོར་རྟོག་དང་༔ དེའི་ངང་ཚུལ་ཇི་བཞིན་པར་མངོན་དུ་གྱུར་པས་ཡེ་ཤེས་ཏེ༔ དེ་ནུབ་ཏུ་བཞག་པ་ཐ་སྙད་ཙམ་མོ༔ དག་པ་དང་གྲོལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ལྷུན་གྱིས་གྲུབ་པས་བྱ་གྲུབ་དང་༔ དེ་ལྟ་བུའི་གནས་ལུགས་མངོན་དུ་གྱུར་པ་ལ་ཡེ་ཤེས་ཞེས་བྱ་སྟེ༔ དེ་བྱང་དུ་བཞག་པ་ཐ་སྙད་ཙམ་མོ༔ དེ་ལྟར་ཡེ་ཤེས་ལྔ་པོའང་སོ་སོ་མ་ཡིན་ཐ་མི་དད་དེ་གཞི་བདེ་གཤེགས་སྙིང་པོའི་ངོ་བོའི་ངང་ཚུལ་ལ་མིང་སོ་སོར་བཏགས་པ་ཀུན་རྫོབ་དྲང་དོན་དང་༔ དོན་དམ་པར་མིང་དང་དངོས་པོ་མཚན་མར་མ་གྲུབ་ཅིང་ཕྱོགས་ངོས་བཟུང་དང་བྲལ་བའི་ཆོས་སྐུ་མཚན་མ་དང་བྲལ་བ་ཡིན་པར་ཤེས་པར་བྱའོ༔ ཡུལ་ལ་མངོན་པར་ཞེན་པའི་གང་ཟག་རྣམས་ལ་རང་གི་རྒྱུད་དང་བསྟུན་པའི་ཡུལ་ཞིང་ཁམས་སུ་བསྟན་པ་ནི༔ ཀུན་རྫོབ་དྲང་དོན་དུ་དབུས་ཕྱོགས་ན་སྟུག་པོ་བཀོད་པའི་ཞིང་ཁམས་ཡོད་པར་འཆད་པ་ཡང་༔ དོན་དམ་པར་ཡེ་གཞི་བདེ་གཤེགས་སྙིང་པོའི་ཡེ་ཤེས་དང་ཡོན་ཏན་ལྷུན་སྟུག་པོར་བཀོད་པ་གྲངས་དང་མཐས་མི་གཏུག་པའི་ཆ་ལ་སྟུག་པོ་བཀོད་པ་དང་༔ འཁོར་འདས་ཐམས་ཅད་ཀྱི་སྣང་བ་མཆེད་པའི་དབྱིངས་ཆེན་པོར་གྱུར་པའི་ཞིང་ས་ལྟ་བུ་ལ་ཞིང་༔ འཁོར་འདས་ཀྱི་རྣམ་པ་ཇི་ལྟར་ཤར་ཡང་ཁམས་བདེ་གཤེགས་སྙིང་པོ་ཉིད་དུ་རོ་གཅིག་པས་ན་ཁམས་ཞེས་བྱའོ༔ མངོན་པར་དགའ་བའི་ཞིང་ཁམས་སུ་བརྗོད་པ་ཡང་གཞི་དབྱིངས་དྭངས་གསལ་རྙོགས་མ་དང་བྲལ་བའི་ངང་དུ་ཡུལ་རྐྱེན་བདག་པོས་མ་བསྐྱེད་པའི་དགའ་བ་ཆེན་པོ་དང་ལྡན་པའི་ཆ་ལ་མངོན་པར་དགའ་བའི་ཞིང་ཁམས༔ ཡེ་ཤེས་དང་ཡོན་ཏན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞི་རང་ཆས་སུ་རྫོགས་པས་ན་དཔལ་དང་ལྡན་པའི་ཞིང་ཁམས༔ གཞི་དབྱིངས་ཆོས་ཉིད་བདེ་བ་ཆེན་པོའི་རང་བཞིན་ལ་བདེ་བ་ཅན་གྱི་ཞིང་ཁམས༔ གཞི་ཉིད་ལ་དག་པ་དང་གྲོལ་བའི་ཡེ་ཤེས་དང་ཡོན་ཏན་གྱི་ལས་ཐམས་ཅད་བྱ་རྩོལ་མེད་པར་རང་བྱུང་དུ་རྫོགས་པས་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བར་བརྗོད་པ་ཡིན༔ ཤར་ལྷོ་ནུབ་བྱང་དུ་ཡོད་པར་བསྟན་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་ཏེ་གདུལ་བྱ་ཕྱོགས་འཛིན་ཅན་རྣམས་ཁ་དྲང་བའི་ཆེད་དུ་བསྟན་པའོ༔ དེ་ལྟར་ཞིང་ཁམས་མེད་པ་ལ་ཞིང་ཁམས་ཞེས་བྱ་བ་བློ་ཡིད་ཀྱིས་བཀོད་པའི་ཡུལ་དུ་གཞི་བདེ་གཤེགས་སྙིང་པོའི་ཡོན་ཏན་ཡེ་རྫོགས་ཆེན་པོར་བློ་ཡིད་རྟོག་པས་གཞལ་དུ་མེད་ཅིང་མཐར་མི་ཐུག་པས་ན་གཞལ་ཡས་ཞེས་བྱ་བ་དང་༔ འཁོར་འདས་ཐམས་ཅད་ཡོངས་སུ་ཁེངས་པ་དཔེར་ན་རྒྱ་མཚོའི་གཟའ་སྐར་དང་གཟུགས་བརྙན་གྱི་ཁྱིམ་རྒྱ་མཚོ་ཆེན་པོར་ངེས་པ་དང་༔ སྣོད་བཅུད་ཐམས་ཅད་ཀྱི་ཁང་ཁྱིམ་ནམ་མཁའ་ལྟ་བུར་འཁོར་འདས་མཁའ་ཀློང་དུ་འཆར་བའི་ཁྱིམ་ལྟ་བུ་དེ་ཁང་ཁྱིམ་གྱི་གཟུགས་སུ་བཀོད་ནས་བསྟན་པ་ཡིན༔ དེ་དག་ཐམས་ཅད་ཀྱང་དབྱིངས་ཀྱི་ངང་མདངས་སུ་རྫོགས་པ་དོན་དམ་པ༔ གཟུགས་དབྱིབས་ཁ་དོག་ཏུ་འཆད་པ་ཀུན་རྫོབ་བོ༔ རིགས་རུས་སུ་ཞེན་པ་འགྲོ་བ་མི་རྣམས་གྲོང་ཁྱེར་སྟོང་ཕྲག་གཉིས་གསུམ་ཡན་ཆད་ཀྱི་གཙོ་བོ་ལ་རྒྱལ་པོ་དང་༔ དེའི་རིགས་སུ་གཏོགས་པ་ལ་རྒྱལ་རིགས༔ གྲོང་ཁྱེར་བརྒྱ་ཕྲག་མན་ཆད་ཀྱི་གཙོ་བོ་ལ་རྗེ་རིགས་དང་༔ དེའི་རིགས་སུ་གཏོགས་པ་ལའང་རྗེ་རིགས་སུ་འཛིན་པ་དང་༔ འབངས་ཀྱི་རིགས་སུ་གཏོགས་པ་ལ་དམངས་རིགས༔ སྤྱོད་པ་དང་ཁ་ཟས་གཙང་མར་སྤྱོད་ཅིང་དད་བློ་དཀར་པོའི་ཕྱོགས་སུ་ངེས་པ་རྣམས་ལ་བྲམ་ཟེའི་རིགས་དང་༔ གཙང་དམེ་དང་བྲལ་བར་ཟས་སུ་ཤ་ཁྲག་སོགས་ལ་སྤྱོད་ཅིང་བསམ་སྤྱོད་ནག་པོའི་ཕྱོགས་ལ་རྟག་ཏུ་དགའ་བ་གདོལ་པའི་རིགས་སུ་འཛིན་པ་དེ་དག་གི་ཚུལ་དང་བསྟུན་ནས་རིགས་བསྟན་པའི་དོན་ནི་འདི་ལྟ་སྟེ༔ གཞིའི་ངོ་བོ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་གཉིས་སུ་མེད་པར་རོ་གཅིག་པའི་དབྱིངས་ཆེན་པོ་མ་རིག་ལས་ཉོན་གྱི་དྲི་མ་དབྱིངས་སུ་སངས་པས་སངས༔ ཡེ་ཤེས་དང་ཡོན་ཏན་གྱི་ངང་རྒྱས་པས་རྒྱས༔ ངོ་བོའི་ཆ་ལས་འཕྲུལ་པར་བཀོད་པ་ལ་སངས་རྒྱས་ཀྱི་རིགས་ཞེས་དང་༔ གཞི་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ༔ མི་ཤིགས་པ་རྡོ་རྗེ་ལྟ་བུའི་གཞི་ལས་བཀོད་པའི་འཕྲུལ་རྣམས་ལ་རྡོ་རྗེའི་རིགས༔ དཔེ་ཡིད་བཞིན་ནོར་བུ་ཉིད་ཀྱི་བདག་པོ་ཡིད་ལ་ཅི་འདོད་པ་ཐམས་ཅད་སྦྱིན་པ་བཞིན་དུ་གཞི་བདེ་གཤེགས་སྙིང་པོ་ལས་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་གདུལ་བྱ་རང་རང་གི་བློ་རྒྱུད་དང་བསྟུན་པར་ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་དང་༔ ཉམས་ཀྱི་མྱོང་བ་བསམ་གྱིས་མི་ཁྱབ་པ་དང་༔ འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་རྣམས་རང་བྱུང་བས་རིན་པོ་ཆེའི་རིགས་དང་༔ མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་དང་བྲལ་བ་བཞིན་དུ་གཞི་བདེ་གཤེགས་སྙིང་པོ་ཉིད་སྲིད་པ་གསུམ་གྱི་དྲི་མས་མ་གོས་པས་པདྨའི་རིགས་དང་༔ གཞི་བདེ་གཤེགས་སྙིང་པོའི་ངང་དུ་ལས་ཐམས་ཅད་བྱ་བ་དང་རྩོལ་བས་མ་ཡིན་པར་རང་བྱུང་དུ་རྫོགས་པས་ལས་ཀྱི་རིགས་ཞེས་བྱ་བར་ཚིག་ཏུ་བརྗོད་པ་ཙམ་མོ༔ དེ་ལྟར་རིགས་ཐ་མི་དད་པར་རང་ཆས་སུ་རྫོགས་པ་དོན་དམ་པ་དང་༔ རིགས་ཐ་དད་དུ་བཅོས་པ་ནི་ཀུན་རྫོབ་དྲང་དོན་དུ་བསྟན་པ་ཡིན་ནོ༔ སངས་རྒྱས་ཀྱི་རིགས་སུ་གཏོགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྤྲུལ་གཞི་དབུས་ཀྱི་ཡུལ་ལ་དབང་བའི་བདག་པོ་རྣམ་པར་སྣང་མཛད་ཅེས་བྱ་བར་ཡོད་པར་འཆད་པ་ཡང་དོན་དམ་པར་མ་གྲུབ་སྟེ༔ གཞི་དབྱིངས་སྟོང་པའི་རང་མདངས་དྭངས་གསལ་གྱི་ཆ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་མངོན་དུ་གྱུར་པ་ཙམ་གྱིས་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད༔ དེ་མངོན་དུ་མ་གྱུར་པས་འཚང་མི་རྒྱ་བ་དང་མངོན་དུ་གྱུར་པས་སངས་རྒྱས་པར་འགྱུར་བ་ལ་ཚེགས་མེད་པས་སངས་རྒྱས་ཀྱི་རིགས་སོ༔ མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་བདག་ཉིད་ཆེན་པོ་གཞི་དབྱིངས་ཁྱབ་བདག་རྡོ་རྗེ༔ དུས་གསུམ་དུ་གཡོ་འགུལ་མེད་པས་མི་བསྐྱོད་པ་ཆེན་པོ༔ གཞི་དབྱིངས་ལྷུན་གྲུབ་རིན་པོ་ཆེ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་ལས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་ཞིང་ཡང་དག་པའི་དོན་ཐམས་ཅད་དང་ལྡན་པའི་དབྱིངས་ལ་རིན་ཆེན་འབྱུང་ལྡན༔ གཞི་ལས་གཞི་སྣང་གི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་ཞིང་མཐའ་ཡས་པས་སྣང་བ་མཐའ་ཡས༔ གཞི་དབྱིངས་ཉིད་ལ་དམ་པའི་ཆོས་ཐམས་ཅད་ཀྱི་དོན་རང་ཆས་སུ་ཡོད་པས་དོན་ཡོད༔ ཕྲིན་ལས་ཐམས་ཅད་ཡོངས་སུ་གྲུབ་པས་གྲུབ་ཅེས་བྱའོ༔ སྟོང་ཉིད་ནམ་མཁའི་རྡོ་རྗེ་འཁོར་འདས་ཡོངས་ཀྱི་དབྱིངས་ཆེན་མོ་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་ཕྱུག་པ་འཁོར་འདས་ཀྱི་བྱེད་པོ་ཡིན་པས་སྤྱི་དཔལ་དབྱིངས་ཕྱུག༔ འཁོར་འདས་ཡོངས་ཀྱི་མ་ཆེན་མོ་དུས་གསུམ་འཕོ་འགྱུར་བྲལ་བས་བཙུན་མོ་ཞེས་བྱའོ༔ སྟོང་ཆེན་ཁྱབ་བདག་ཆེན་མོ་མི་ཤིགས་པའི་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ༔ སྟོང་ཉིད་རྡོ་རྗེ་བརྡལ་ཁྱབ་ཆེན་པོའི་མཁའ་དབྱིངས་སུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་པར་འཆར་བའི་ཡུལ་དུ་གྱུར་པས་ན་མཁའ་འགྲོ་ཞེས་བྱའོ༔ ཡེ་གཞི་ཀ་དག་ལྷུན་གྱིས་གྲུབ་པའི་དབྱིངས་ལས་འདོད་རྒུ་འབྱུང་བས་རིན་པོ་ཆེ་དང་༔ ཆོས་ཉིད་མི་འགྱུར་བའི་མཁའ་ལ་ཐུགས་རྗེའི་རྩལ་ལས་ལམ་སྣང་དང་འབྲས་བུའི་ཆོས་ཐམས་ཅད་འབྱུང་བས་ན་འགྲོ་ཞེས་བྱའོ༔ ཇི་ལྟར་མེ་ཏོག་པདྨ་ལ་འདམ་གྱིས་མ་གོས་པ་བཞིན་དུ་བདེ་གཤེགས་སྙིང་པོར་ཆགས་པའི་སྐྱོན་གྱིས་མ་གོས་པས་པདྨ༔ ཆོས་ཉིད་ཀྱི་མཁའ་ལ་ཐུགས་རྗེའི་རྩལ་ལས་ཐབས་ཀྱི་འཇུག་སྒོ་དུ་མར་འཆར་བ་ལ་འགྲོ་ཞེས་བྱའོ༔ གཞི་ཡོན་ཏན་ཡེ་རྫོགས་ཆེན་པོའི་ངང་དུ་ལས་ཐམས་ཅད་བྱར་མེད་དུ་གྲུབ་པས་ལས་དང་༔ སྟོང་ཉིད་ལས་ཀྱི་མཁའ་འགྲོའི་མཁའ་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་པར་སྣང་བ་ལ་འགྲོ་ཞེས་བྱ་བར་ཚིག་ཏུ་བརྗོད་པ་ཙམ་མོ༔ ནམ་མཁའ་ནམ་མཁའི་རང་བཞིན་དུ་སྣང་བ་ཐབས་དང་ཀུན་རྫོབ༔ ནམ་མཁའ་རང་བཞིན་གྱིས་མ་གྲུབ་པའི་ངང་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་ཉིད་བཤད་པ་དྲང་དོན་ནོ༔ ས་ས་རུ་སྣང་བ་ཐབས་དང་ཀུན་རྫོབ༔ ས་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ རིན་ཆེན་མཁའ་འགྲོར་མིང་བཏགས་པ་དྲང་དོན་ནོ༔ ཆུ་ཆུ་རུ་སྣང་བའི་རང་བཞིན་ཐབས་དང་ཀུན་རྫོབ༔ ཆུ་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དང་དོན་དམ་པ་སྟེ༔ རྡོ་རྗེ་མཁའ་འགྲོ་མར་བཤད་པ་དྲང་དོན་ཡིན་ནོ༔ མེ་མེ་རུ་སྣང་བ་ཐབས་དང་ཀུན་རྫོབ༔ མེ་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་མངོན་དུ་གྱུར་པ་ཤེས་རབ་དོན་དམ་པ་སྟེ༔ པདྨ་མཁའ་འགྲོར་བཏགས་པ་དྲང་དོན་ནོ༔ རླུང་རླུང་དུ་སྣང་བ་ཐབས་དང་ཀུན་རྫོབ༔ རླུང་རང་བཞིན་གྱིས་མ་གྲུབ་པའི་ངང་མངོན་དུ་གྱུར་པ་དོན་དམ་དང་ཤེས་རབ་ཅེས་བྱ་སྟེ༔ ལས་ཀྱི་མཁའ་འགྲོ་ཞེས་བྱ་བར་བརྗོད་པ་ནི་དྲང་དོན་ཡིན་ནོ༔ གདུལ་བྱ་ཁ་དྲང་བའི་ཆེད་དུ་བསྟན་པའི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་སོགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔའི་ངང་ལས་མི་གཞན་པའི་དོན་གྱིས་ཐམས་ཅད་དེ་དག་གི་རོལ་པར་ཆུབ་ཅིང་འདུ་བ་ལས་གཞན་དུ་གཅིག་ཀྱང་མ་གྲུབ་པའོ༔ འཁོར་བའི་མི་རྣམས་ལ་རིགས་རུས་ཡུལ་དང་གནས་ཁང་ཕོ་མོ་སོགས་སུ་སྣང་ཞིང་ཞེན་ནས་འཁྲུལ་པ་ཡིན་པས་དེ་ལྟར་མ་བསྟན་ན་དེ་དག་ལ་མངོན་པར་ཞེན་པའི་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་བློ་ཡིད་མི་ཚིམ་ཞིང་རྣམ་པར་གྲོལ་བའི་ལམ་ཉམས་སུ་མི་ལེན་པའི་ཚུལ་དགོངས་ནས་འཁོར་བའི་སྒོ་དང་བསྟུན་ཏེ་ཆོས་སྐུ་མཚན་མ་མེད་པའི་སྐུ་དང་ཡེ་ཤེས་ལ་གཞི་བྱས་ཏེ་དངོས་པོ་མཚན་མ་ཅན་དུ་བསྟན་པ་ལས་ལྷ་དང་ཞིང་ཁམས་ཐམས་ཅད་དོན་ལ་གཅིག་ཀྱང་མ་གྲུབ་ངེས་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཆོས་སྐུ་མཚན་མ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་ལ་དགོངས་གཞི་བྱས་ནས་གདུལ་བྱ་རྟག་འཛིན་ཅན་ལ་དགོངས་ནས་ལམ་མཚན་མ་དམིགས་གཏད་ཅན་དུ་བསྟན་པ་དེ་ཉམས་སུ་ལེན་པའི་ཚུལ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་བསྐྱེད་རིམ་དམིགས་བཅས་ཀྱི་ལམ་ལ་རྣམ་གྲངས་མང་དུ་མཆིས་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པའི་རང་ལམ་ལ་ལམ་ངེས་རྫོགས་ཞེས་བྱ་བ་དང་༔ ལྟ་བ་གྱད་ཀྱི་ལམ་ཞེས་བྱ་བ་གཉིས་ཡོད་པ་ལས༔ སྔ་མ་ནི་ལྷ་དང་ཞིང་ཁམས་ངེས་པར་གྲུབ་པའི་ཡུལ་རང་མཚན་པར་བསྟན་ནས་ཀུན་རྫོབ་ཐབས་ཀྱི་སྒོ་ཁོ་ན་གཙོ་བོར་བསྟན་པ་ལས་དོན་དམ་པའི་ལྟ་བ་ཤུགས་བསྟན་ཙམ་ལས་རྩལ་དུ་མི་འདོན་པ་ཡིན༔ འདིར་ལྟ་བ་གྱད་ཀྱི་རང་ལམ་ལ་དང་པོ་ལྟ་བ་གཏན་ལ་ཕབ་སྟེ་ཡེ་གཞི་གདོད་མའི་སྒྱུ་འཕྲུལ་ཁོ་ན་ལས་གཞན་དུ་ལྷ་དང་དཀྱིལ་འཁོར་མ་གྲུབ་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་དུ་འཕོ་ཞིང་འཇུག་པའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གཞི་བྱས་ཏེ་སྒྱུ་འཕྲུལ་ལྟ་བུའི་ལྷར་སྣང་བཞེངས་པའི་ཚུལ་ཤེས་པས་བསྐྱེད་རིམ་གསལ་སྣང་ལ་གོམས་པར་བྱས་པས་རིག་པ་རང་ཐོག་ཏུ་བརྟན་པ་ཐོབ་པ་དང་༔ ཐ་མལ་གྱི་སྣང་ཞེན་ཞིང་ཁམས་ཀྱི་རང་བཞིན་དུ་འཕོ་བ་དང་༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་དུ་འཇུག་པས་འཕོ་བ་གྲོང་འཇུག་ཅེས་བྱ་བ་ཡིན་ནོ༔ དང་པོ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་རང་བཞིན་དུ་གཏན་ལ་ཕབ་སྟེ་མཐར་རང་རིག་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལས་ནམ་ཡང་མི་འདའ་བར་རང་ཐོག་ཏུ་རང་དམ་བཅའ་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་ཞེས་བྱ་བ་ཡིན་ཏེ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདོ་གཅིག་ཏུ་བསྡུས་ཤིང་སྙིང་པོ་བཅུད་དུ་དྲིལ་བའི་ངང་ལས་མི་འདའ་བར་གནས་པ་ནི་སྐྱབས་འགྲོའི་ངོ་བོ་ཡིན༔ འབྲས་བུ་དེ་ལ་རློམ་ནས་དེའི་རྒྱུ་ལ་སྤྱོད་པ་ནི་འཁོར་བའི་སྒོ་དང་བསྟུན་པའི་ཚུལ་དཔེར་ན་མི་ཞིག་རྒྱལ་ཁབ་གཞན་ཞིག་ཏུ་ཕྱིན་ནས་རང་ཀར་ས་བཟུང་སྟེ་སོ་ནམ་གྱི་ལས་ལ་བརྩོན་ན་ཡུལ་བདག་རྒྱལ་པོས་ཆད་པས་མནར་བ་ལས་འོས་མེད་པ་དང་༔ རྒྱལ་པོ་ལ་སྐྱབས་བྱས་ནས་གནང་བ་ཞུས་ཏེ་རྒྱལ་ཁབ་དེར་སོ་ནམ་དང་ཡུལ་ས་འཛིན་པའི་ལས་ཀ་ཅི་བྱས་ཀྱང་དབང་འབྱོར་བ་བཞིན་དུ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པའི་རང་གདངས་ཕྱི་ནང་གསང་བའི་སྐྱབས་ཡུལ་དུ་བློ་ཡིད་ཀྱིས་བཀོད་དེ་དེ་ལ་སྐྱབས་སུ་མ་སོང་ན་དཀོན་མཆོག་གསུམ་གྱི་བྱ་བ་བྱེད་པ་ལ་དབང་མི་འབྱོར་བས་འབྲས་བུ་མི་འབྱིན་ཅིང་བར་ཆད་ཀྱི་དབང་དུ་འཆོར་བ་དང་དབང་དང་གདམས་པའི་སྣོད་དུ་མི་རུང་བའི་སྐྱོན་དུ་འགྱུར་བས་ན༔ དཀོན་མཆོག་གསུམ་ལ་རྣམ་གསུམ་དད་པའི་སྒོ་ནས་སྐྱབས་སུ་འགྲོ་ཞིང་ལུས་ངག་ཡིད་གསུམ་ལོངས་སྤྱོད་འབྱོར་པ་ཐམས་ཅད་ཆགས་ཞེན་འཛིན་པ་དང་བྲལ་བའི་སྒོ་ནས་འབུལ་བ་དང་༔ དུས་དང་རྣམ་པ་ཀུན་ཏུ་སྐྱབས་ཡུལ་དམ་པ་བློས་སྐད་ཅིག་ཙམ་ཡང་མི་གཏོང་བ་ནི་དམ་ཚིག་དང་སྡོམ་པ་ཐམས་ཅད་ཀྱི་རྟེན་དབང་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སྲོག་གི་གཏའ་རུ་བཟུང་བར་བྱའོ༔ མཐོ་རུ་གཏོང་ཡང་དམའ་རུ་འཕེན་ཀྱང་སྐྱིད་དུ་འཇུག་གམ་སྡུག་ཏུ་མནར་རམ་ལས་ཅི་བྱུང་ཡང་དཀོན་མཆོག་གསུམ་གྱིས་མཁྱེན་སྙམ་པ་ནི་ཉམས་ལེན་ཐམས་ཅད་ཀྱི་གཞི་རྩ་དམ་པ་ཡིན་ནོ༔ ཁྱད་པར་དུ་གདུལ་བྱ་རང་སྣང་གི་སྟོན་མཆོག་བླ་མ་དམ་པ་ནི་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས་སོགས་ཕྱིའི་སྐྱབས་ཡུལ་དམ་པ་ཀུན་འདུས་སུ་ཤེས་པར་བྱ་བ་དང་༔ སྐུ་གསང་འགྲོ་བའི་བླ་མར་ཤར་བ་བྱིན་རླབས་ཀུན་གྱི་རྩ་བ༔ ཐུགས་གསང་ཡེ་ཤེས་ཀྱི་གཏེར་མཛོད་ཡི་དམ་ཡོངས་འདུས་ཀྱི་རོལ་པ་དངོས་གྲུབ་ཀུན་གྱི་རྩ་བ༔ ཐུགས་རྗེའི་སྒྱུ་འཕྲུལ་བཀའ་སྲུང་ཆོས་སྐྱོང་རྒྱ་མཚོར་ཤར་བ་ཕྲིན་ལས་ཀུན་གྱི་རྩ་བ་རུ་ཤེས་པར་བྱ་བ་དང་༔ ངོ་བོ་ཆོས་སྐུ་མཚན་མ་དང་བྲལ་བ༔ རང་བཞིན་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་རྫོགས་སྐུ༔ ཐུགས་རྗེའི་རང་རྩལ་ས་ལམ་འབྲས་བུའི་འཇུག་སྒོ་སྤྲུལ་པའི་སྐུ་མཆོག༔ དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོ་རུ་ངོ་ཤེས་ཏེ་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་སྐྱབས་སུ་བསྟེན༔ སྐྱབས་འོག་ཏུ་སྡོད༔ བློ་སྙིང་བྲང་གསུམ་ལིང་གིས་བཀལ༔ སྲོག་ལ་བབས་ཀྱང་མི་སྤང་བར་སྒྲུབ་པ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་རུ་བརྟེན་ཏེ་མི་མཉེས་པ་ཏིལ་འབྲུ་ཙམ་ཡང་མི་བྱ༔ རྨི་ལམ་ཙམ་དུ་ལོག་ལྟ་དང་མི་མཉེས་པ་ཤོར་ན་ཡང་འགྱོད་བཤགས་བྱ་བ་གནད་དུ་བཟུང་བར་བྱའོ༔ རྡོ་རྗེའི་བླ་མ་སྤངས་ན་ནི་དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་སྤངས་པ་ཡིན་ཏེ༔ དེའི་རྒྱུད་ལ་ཡེ་ཤེས་དང་ཡོན་ཏན་ས་ལམ་དང་ཉམས་རྟོགས་ཐམས་ཅད་སྨིན་པར་མི་འགྱུར་བ་དང་༔ སྒོ་གསུམ་གྱི་འབད་རྩོལ་ཇི་ལྟར་བྱས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མི་འགྱུར་ཞིང་འབྲས་བུ་སྨིན་པར་མི་འགྱུར༔ བླ་མ་གཞན་ལ་བསྟེན་ཀྱང་བྱིན་རླབས་དང་དངོས་གྲུབ་མི་འབྱུང་༔ དམ་ཚིག་ཉམས་པའི་སྲི་ཞུགས་པས་འགལ་བར་ཡང་འགྱུར་རོ༔ དཔེར་ན་ས་བོན་རུལ་བ་ལ་མྱུ་གུ་དང་འབྲས་བུ་མི་སྨིན་པ་དང་༔ རྩ་བ་རུལ་བའི་སྡོང་པོ་ལ་ཡལ་ག་དང་ལོ་འདབ་མི་སྐྱེ་བ་བཞིན་དུ༔ གསང་སྔགས་ཀྱི་སྡོང་པོའི་རྩ་བ་ལྟ་བུ་རྡོ་རྗེའི་བླ་མ་དང་༔ རྣམ་མཁྱེན་གྱི་འབྲས་བུའི་ས་བོན་ཞིང་ས་ལྟ་བུ་རྡོ་རྗེའི་བླ་མ་ཡིན་པས་འདིའི་ཡིན་ལུགས་ཤེས་ནས་སྐད་ཅིག་ཙམ་དུ་ཡང་མི་སྤང་བར་བསྟེན་པར་བྱའོ༔ དེ་ལྟར་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཤེས་ནས་མདུན་གྱི་ནམ་མཁར་བླ་མ་བསྒོམ་པ་ཡི་དམ་གང་ཡིན་གྱི་ངོ་བོར་བསྒོམ་སྟེ་སྐྱབས་སུ་སོང་ན་སྐྱབས་ཡུལ་གཞན་ནས་འཚོལ་མི་དགོས་ངེས་པ་ཡིན་པས་ཤེས་པར་གྱིས་ཤིག༔ སེམས་བསྐྱེད་པ་ལ་དོན་དམ་པའི་སེམས་བསྐྱེད་ནི༔ སེམས་ཞེས་བྱ་བ་བདག་གཅིག་པུར་དམིགས་པའི་འཛིན་པ་རྒྱ་ཆུང་ལ་གུ་དོགས་པ་རྐྱེན་བདེ་སྡུག་བར་གསུམ་ཉེ་བར་ལེན་ཅིང་ཡུལ་ཐམས་ཅད་རང་མཚན་པར་བཟུང་ནས་དེ་ལ་འདོད་ཞེན་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཏེ༔ དེ་ལྟར་སྣང་བ་དངོས་པོར་འཛིན་པའི་སེམས་སྣང་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ཅིང་༔ བདག་རྟོག་གཉིས་སྣང་གི་དངོས་ཞེན་ཡུལ་མེད་དུ་བསྒྲལ་ནས་བདག་མེད་འཁོར་འདས་འུབ་ཆུབ་ཀྱི་རོལ་པར་བྱར་མེད་སྤྲོས་པ་དང་བྲལ་བའི་ངང་མངོན་དུ་བྱེད་པ་ནི་གནས་ལུགས་ལྷུམས་ཞུགས་ཀྱི་སེམས་བསྐྱེད་ཅེས་སེམས་བསྐྱེད་ཐམས་ཅད་ཀྱི་འབྲས་བུ་ཆོས་ཐམས་ཅད་ཀྱི་དམ་པ་ཡིན༔ དང་པོ་བྱང་ཆུབ་ཀྱི་སེམས་རྟོགས་པར་བྱ་བའི་ཕྱིར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཁོར་འདས་ཐམས་ཅད་ཀྱི་ཡིན་ལུགས་གཏན་ལ་དབབ་པ་སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དང་༔ མཐར་འཁོར་འདས་འུབ་ཆུབ་ཀྱི་རོལ་པ་མངོན་དུ་བྱེད་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའོ༔ གནད་འདི་མ་རྟོགས་པ་རྣམས་ཀྱིས་སེམས་བསྐྱེད་བསྐྱེད་ཅེས་འབྲས་བུ་བྱང་ཆུབ་ཀྱི་སེམས་ལ་སྨོན་ཏེ་རྒྱུ་བསྒྲུབ་པ་དང་༔ དམིགས་བྱའི་ཡུལ་དུ་གྱུར་པའི་རྣམ་རྟོག་གི་སྤྱོད་ཡུལ་བྱང་ཆུབ་ཀྱི་སེམས་མ་ཡིན་པའི་སྨོན་པ་ཙམ་ལ་འཇུག་པ་ཡིན་སྐད་པ་ནི་སྦྲུམ་མའི་ལྷུམས་ན་ཡོད་པའི་ཕྲུ་གུ་ལ་བུའི་མིང་བཏགས་པ་ཙམ་ལས་བྱང་ཆུབ་འཇུག་པའི་སེམས་ནི་དྲི་མ་ཙམ་ཡང་མ་རྟོགས་སོ༔ དེ་ལྟར་ཡང་དག་པའི་བྱང་ཆུབ་ཀྱི་སེམས་མངོན་སུམ་བྱར་མེད་དུ་སྐྱོང་བའི་ལས་སྐལ་མེད་པ་རྣམས་ཀྱིས་ཆེད་དུ་བསམ་པ་བཟང་པོ་ལ་བསླབ་པ་མིང་ཚིག་ཙམ་དུ་སྨོན་འཇུག་སྟོན་པ་ནི༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གསལ་བའི་མདུན་དུ་བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་ཅིང་ཐར་པ་རྣམ་མཁྱེན་གྱི་ས་ལ་འགོད་པར་བྱའོ་སྙམ་དུ༔ སྙིང་རྗེ་དང་༔ བྱམས་པ་དང་༔ དགའ་བ་དང་༔ བཏང་སྙོམས་ཏེ་ཚད་མེད་པ་རྣམ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་དམ་བཅའ་བཟུང་བ་དང་༔ ཁྱད་པར་དུ་ཡི་དམ་གྱི་ལྷ་མཆོག་དེའི་སྒོམ་བཟླས་ཉམས་སུ་བླང་བར་བྱའོ་སྙམ་པ་ནི་སྨོན་སེམས་ཞེས་བྱ་བ་དང་༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གཅིག་ཆར་དུ་རྫོགས་པའི་ཐབས་ཟབ་མོ་ལྷའི་སྒོམ་བཟླས་ལྷུར་ལེན་པ་ལ་འཇུག་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱའོ༔ ཆོས་གང་བསྒྲུབ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོའི་རྒྱུར་འགྲོ་བའི་ཐབས་ཡིན་པར་ཤེས་པར་བྱའོ༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་ཞལ་བསྒྲིབ་པར་བྱེད་པའི་གདོན་བགེགས་འབྱུང་པོ་ཁམས་གསུམ་འཁོར་བའི་བྱེད་པོ་སྲིད་པའི་འདྲེ་བོ་ཆེ་ནི་ངར་འཛིན་ཡིན་ཏེ༔ དེ་ལས་མཆེད་པའི་རྣམ་པར་རྟོག་པ་བཟང་པོ་དཀར་ཕྱོགས་སྲིད་པའི་ལྷ་སྲིན་དང་༔ རྣམ་པར་རྟོག་པ་ངན་པ་ཐམས་ཅད་ནག་ཕྱོགས་གདུག་པའི་འདྲེ་ཆེན་དང་༔ ཞེན་ཅིང་ཆགས་པའི་རྟོག་ཚོགས་ཕྲ་མོ་བགེགས་རིགས་ལན་ཆགས་ཀྱི་བདག་པོ་བདག་མོ་སྟེ༔ དེ་བས་འདྲེ་གདོན་གཞན་དུ་རྡུལ་ཙམ་མ་གྲུབ་པས་དེ་དག་བསྐྲད་པ་དང་བསྒྲལ་བའི་ལས་བྱས་ཀྱང་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་མི་འགྱུར་བས༔ བདག་རྟོག་འཁོར་བའི་སྲོག་རྩ་གཅོད་པར་བྱེད་པའི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་རིག་སྟོང་ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་ཕོ་ཉ་དང་ལས་མཁན་གྱི་ཚུལ་དུ་སྣང་བས་བདག་ལྟའི་རཱུ་དྲ་དབྱིངས་སུ་བསྒྲལ་ནས་སྲིད་པའི་རྩ་བ་དྲུང་ནས་ཕྱུང་སྟེ་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་སྲིད་ཞིའི་སྤྱི་དཔལ་དུ་ལངས་པས་སྣང་བ་རིག་པའི་རྒྱན་དུ་ཤར་བ་གདོད་མ་གཞིའི་ལྷ་སྐུ་མངོན་དུ་གྱུར་པ་ལས་གཞན་དུ་བགེགས་བསྐྲད་མེད་པ་ལས༔ དེའི་ངང་ཚུལ་ལ་གཞི་བྱས་ཏེ་འཁོར་བའི་སྒོ་དང་བསྟུན་པ་ལ༔ དང་པོ་ཡུལ་ཞིག་ཏུ་གནས་བཅའ་བའི་སྔ་ཐོག་ཏུ་དགྲ་རྐུན་དང་གཅན་གཟན་ལ་སོགས་པའི་འཚེ་བ་རྣམས་ཕྱིར་བསྐྲད་ནས་གནོད་པ་མེད་པར་བྱས་ཏེ་མཐར་ཡུལ་ས་འཛིན་པ་ལྟར༔ བདག་སྒྱུ་མ་མཁན་ལྟ་བུས་སྒྱུ་འཕྲུལ་ལྟ་བུའི་སྦྱིན་ཡུལ་རྣམ་པར་རྟོག་པའི་རང་གཟུགས་ལྟད་མོ་མཁན་ལྟ་བུར་བསྐྱེད་དེ༔ སྒྱུ་མའི་རྫས་ལྟ་བུའི་དཀར་མཆོད་དང་དམར་མཆོད་དང་གླུད་གཏོར་རྣམས་ལ་སྒྱུ་མའི་རྫས་སྔགས་ལྟ་བུའི་སྦྱང་སྔགས་དང་སྤེལ་སྔགས་རྣམས་བརྗོད་པས་དེ་དག་གི་དབང་པོ་དྲུག་ཆུ་སྣོད་ལྟ་བུའི་ཀློང་དུ་འདོད་ཡོན་གྱི་སྣང་བ་གཟའ་སྐར་གྱི་གཟུགས་བརྙན་ལྟ་བུར་འཕྲུལ་བར་བྱ་བ་ཏིང་ངེ་འཛིན་སྒྱུ་མ་ལྟ་བུས་བསྔོས་པས༔ ལན་ཆགས་ཐམས་ཅད་འཁོར༔ བུ་ལོན་ཐམས་ཅད་སོད༔ ཤ་མཁོན་ཐམས་ཅད་འདུམ་པར་གྱུར་པའི་དམིགས་པ་བྱེད་པ་རྐྱེན་ངན་དང་བར་ཆད་ཐམས་ཅད་སེལ་བ་ལ་མཆོག་ཏུ་བསྔགས་པ་ཡིན༔ དེ་ནས་རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་ཁྲོ་བོ་རྔམས་བརྗིད་འཇིགས་སུ་རུང་བ་ཞིག་ཏུ་གསལ་ཞིང་དེའི་སྐུ་གསུང་ཐུགས་ལས་སྤྲུལ་པའི་མེ་དཔུང་དང་དྲི་ངན་ཚོགས་དང་ལྕགས་སྡིག་མཚོན་ཆ་དང་ཐུན་རྫས་སྣ་ཚོགས་སེར་རླུང་བཞིན་དུ་འཕྲོས་པས༔ གནོད་བྱེད་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཤོག་སྐྱ་རླུང་གིས་དེད་པ་ལྟ་བུར་རང་དབང་མེད་པར་མཐའི་ལྕགས་རི་ནག་པོའི་རྒྱབ་གླིང་བར་མུན་པའི་སྨག་རུམ་དུ་བསྐྲད་ནས་མགོ་འཁོར་ཞིང་འཐུམ་པར་བསམ་པ་ནི་བགེགས་བསྐྲད་པའི་དམིགས་པ་ཞེས་བྱ་བ་སྟེ༔ སྒྲུབ་པའི་ལྷ་དང་དཀྱིལ་འཁོར་བསྒོམ་པ་ལ་བར་དུ་གཅོད་པའི་རྐྱེན་མི་འབྱུང་བའི་ཐབས་སུ་བསྟན་པ་ཡིན་ལ༔ རྣམ་པར་རྟོག་པ་འདྲེ་རུ་བཟུང་བས་དངོས་གྲུབ་འབུར་འཇོམས་བྱེད་པའི་གེགས་སེལ་བའི་ཐབས་ཟབ་མོའོ༔ སྲུང་འཁོར་ལ་དོན་གྱི་སྲུང་འཁོར་ནི་འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རོལ་པར་ཤེས་པས་གནོད་བྱེད་དང་གནོད་ཡུལ་ཐམས་ཅད་གདོད་ནས་མ་གྲུབ་པར་ཐག་ཆོད་པས་བགེགས་བྱེད་དང་གནོད་བྱེད་ཐམས་ཅད་རང་སར་གྲོལ་ནས་ཡུལ་མེད་དུ་གཏོང་བ་ཡིན་ལ༔ དེ་ནི་དོན་དམ་པའི་སྲུང་འཁོར་རམ་རང་བྱུང་རྣམ་དག་གི་སྲུང་འཁོར་ཞེས་ཀྱང་བྱའོ༔ དེ་ལྟར་ཤེས་ཀྱང་དབང་པོའི་བྱེད་ལས་ཀྱིས་བློ་གདིང་མེད་པ་རྣམས་ལ་དེའི་ཚུལ་བསྟན་པ་ནི༔ ཕར་སྤྲོས་པའི་སྤྲུལ་པ་ཕྲིན་ལས་ཀྱི་ཆོ་འཕྲུལ་མཚམས་གཅོད་ཀྱི་ཁྲོ་ཆུང་མཚོན་ཐུན་རྣམས་ཚུར་འདུས་པ་ལས་སྟེང་འོག་བར་གསུམ་ཐམས་ཅད་སྲུབ་དང་གོ་མཚམས་མེད་པར་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་འཁོར་ལོ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རྡོ་རྗེ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རིན་ཆེན་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་པདྨ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་རལ་གྲི་རྒྱ་གྲམ་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་དུ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་གི་ར་བ་དང་༔ དེའི་ཕྱི་རིམ་དུ་རྡོ་རྗེའི་རླུང་ནག་སྤུ་གྲི་རེག་གཅོད་ཀྱི་གུར་ཁང་ཆེན་པོ༔ དེའི་ཕྱི་རིམ་དུ་རྡོ་རྗེའི་ཆུ་བོ་རྦ་རླབས་རབ་ཏུ་འཕྱོ་བའི་ར་བ་རྣམས་བསྒོམ་པས་རྣམ་པར་རྟོག་པའི་ཆོ་འཕྲུལ་ལས་སྐྱེས་པའི་གདོན་བགེགས་ཐམས་ཅད་མཚམས་ཆོད་པར་ངེས་ཏེ༔ དཔེར་ན་དགྲ་སྲུང་བའི་ཕྱིར་ར་བ་བྱས་པ་ལྟ་བུའོ༔ མ་དག་འཁྲུལ་པའི་སེམས་སྣང་ཐམས་ཅད་གཏན་ལ་ཕབ་ནས་གཞིའི་གནས་ལུགས་སམ་ཡིན་ལུགས་ཀྱི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་གོལ་ཤོར་གྱི་འཛོལ་བཀག་པ་ཡིན་ཏེ༔ མ་རྟོགས་ལོག་རྟོག་ཐམས་ཅད་སྒོམ་པ་ཉམས་ལེན་གྱི་སྐྱོན་ཆེན་པོ་ཡིན་པས་དེའི་ཕྱིར་དང་པོ་ཤེས་ཤིང་རྟོགས་པར་བྱ་བ་དོན་གྱི་བྱིན་འབེབས་ཡིན༔ དེའི་དོད་དུ་འཁོར་བའི་སྒོ་དང་བསྟུན་པ་ལ༔ དཔེར་ན་དང་པོ་མི་ཞིག་གིས་གནས་ཁང་གསར་པ་ཞིག་ཏུ་ས་འཛིན་པའི་སྔ་ཐོག་ཏུ་སྐྱོན་ཅི་ཡོད་ཐམས་ཅད་བསལ་ནས་བདེ་བ་དང་མཛེས་པ་དང་བཀོད་ལེགས་པ་ཡིད་དུ་འོང་བར་བྱི་དོར་བྱེད་པ་ཇི་བཞིན་དུ༔ རང་གི་དད་པ་དང་མོས་གུས་ཆེན་པོའི་ཤུགས་ཀྱིས་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་བས་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་འཐིབ་པ་ལྟ་བུའི་རྣམ་པ་དང་༔ སྐུ་ཕྱག་རྒྱ་ཕྲ་མོ༔ གསུང་ཡིག་འབྲུ་སྣ་ཚོགས༔ ཐུགས་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་རང་དང་གནས་དང་སྒྲུབ་ཁང་དང་སྒྲུབ་རྫས་རྣམས་ལ་ཐིམ་པས༔ གནས་རང་སྣང་དོན་གྱི་འོག་མིན་དང་༔ གནས་ཁང་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་དང་༔ སྒྲུབ་རྫས་ཡེ་ཤེས་ཀྱི་བདུད་རྩི་དང་༔ སྒྲུབ་པ་པོའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་ཡང་ཡང་བསམ་སྟེ༔ སྒྲུབ་པའི་གནས་དང་ཁང་ཁྱིམ་སྒྲུབ་རྫས་སྒྲུབ་པ་པོ་རྣམས་ལྷ་དང་དཀྱིལ་འཁོར་དུ་སྒྲུབ་པའི་འོས་སུ་བྱ་བའོ༔ ཆོས་སྐུ་སྤྲོས་མཐའ་དང་བྲལ་བའི་དབྱིངས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་བྱུང་བའི་ངང་ཚུལ་མངོན་དུ་བྱེད་པ་དོན་དམ་པའི་མཆོད་པ་བྱིན་བརླབ་དང་༔ ཀུན་རྫོབ་སེམས་ཅན་འཁྲུལ་པའི་དབང་ཡུལ་དུ་འདོད་ཡོན་གྱི་བཀོད་པ་རང་སྣང་བ་རྣམས་སྐུ་དང་ཡེ་ཤེས་ཆེན་པོས་རྒྱས་བཏབ་པས༔ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཕྱི་ཉེར་སྤྱོད་བདུན་ནང་འདོད་ཡོན་ལྔ་སོགས་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར་པར་བསམ་པ་དང་༔ ཁྱད་པར་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་ཞུ་བ་སྨན་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་དང་༔ སྣང་སྲིད་བཅུད་དུ་དྲིལ་བའི་བ་ལིང་དམར་གྱི་གཏོར་མ་འདོད་རྒུའི་དཔལ་ཡོན་ཐམས་ཅད་འབྱུང་བའི་གནས་སུ་གསལ་བ་དང་༔ ཁམས་གསུམ་འཁོར་བའི་འདོད་ཆགས་ཆགས་མེད་བདེ་བའི་ངོ་བོར་ཞུ་བ་དམར་ཆེན་རཀྟའི་རྒྱ་མཚོ་ཁོལ་བ་ལ་སོགས་པ་ལྷ་སོ་སོའི་སྤྱོད་ཡུལ་དུ་འདོད་རྒུ་ཡིད་བཞིན་འཇོ་བའི་རང་བཞིན་རྡོ་རྗེ་གསུམ་གྱི་སྙིང་པོས་བྱིན་གྱིས་བརླབས་པ་དང་༔ སྒྱུ་མའི་རྫས་ལྟར་བཤམས་པའི་དངོས་པོ་རྣམས་སྒྱུ་མའི་སྔགས་ལྟར་རང་རང་གི་སྔགས་བརྗོད་པས་དེ་དེར་སྣང་བའི་རང་བཞིན་ཅན་དུ་བསྒོམ་པར་བྱ་བའོ༔ མཆོད་རྫས་རྣམ་པར་འཕྲུལ་པའང་ཏིང་འཛིན་ནམ་མཁའ་མཛོད་ཅེས་བྱ་བ་ངར་འཛིན་གྱི་ཤེས་པ་མ་ཟད་ཀྱི་བར་དུ་འདོད་ཡོན་གྱི་སྣང་བ་རྒྱུན་མི་འཆད་པར་མཆེད་པ་འདི་དག་མཆོད་པའི་སྤྲིན་དུ་བསྒྱུར་བ་དཔེར་ན་ནམ་མཁའ་དྭངས་གསལ་གྱི་དབྱིངས་ལ་སྒྱུ་མའི་རྫས་སྔགས་བཏབ་པས་ལྟད་མོ་མཁན་གྱི་སྣང་བ་ལ་འདོད་ཡོན་གྱི་སྣང་ཆ་སྣ་ཚོགས་པ་འཆར་བ་བཞིན་དུ༔ མཆོད་སྦྱིན་གྱི་ཡུལ་དུ་གྱུར་པ་རྣམས་ཀྱི་དབང་པོ་ནམ་མཁའ་དྭངས་གསལ་ལྟ་བུར༔ བཤམས་པའི་རྫས་རྣམས་སྒྱུ་མའི་རྫས་ལྟ་བུ་དང་༔ བསམ་པ་སྒྱུ་མའི་བསམ་པ་ལྟ་བུ༔ མཆོད་སྦྱིན་གྱི་ཡུལ་རྣམས་ལྟད་མོའི་ཁྲོམ་ལྟ་བུར་འདོད་རྒུ་མ་ལུས་སྒྱུ་འཕྲུལ་གྱི་སྣང་བ་ལྟར་འཇོ་བར་གསལ་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ༔ དེ་ལྟར་གསལ་ཤེས་པ་ཙམ་གྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་འབྱུང་སྟེ༔ འཁོར་འདས་རང་སྣང་དུ་ཐག་ཆོད་པའི་སྐྱེས་བུ་རྣམས་ཀྱིས་སྤྱོད་ཡུལ་ཡིན་ལ༔ དེ་ལྟར་མི་ཤེས་པ་རྣམས་ཀྱིས་རྣམ་པར་རྟོག་པས་ཡིད་ཡུལ་དུ་གསལ་བར་བྱ་བ་ཡིན་པས་ཤེས་པར་མཛོད་ཅིག༔ དེ་ཐམས་ཅད་དོན་དམ་པར་གཞིར་གནས་ཀྱི་རིག་པ་མངོན་དུ་བྱེད་པའི་ཚུལ་ལ་གཞིར་བཞག་སྟེ༔ ཀུན་རྫོབ་ཏུ་འཁོར་བའི་སྒོ་དང་བསྟུན་ནས་བསྐྱེད་རིམ་ཐབས་ཀྱི་སྔོན་འགྲོའི་བྱ་བར་བསྟན་པ་ཡིན༔ དེ་ཡང་གཞི་རང་གི་མཚན་ཉིད་ལ་ལམ་བྱེད་པའི་ཐབས་སུ་བསྟན་པ་ལས་ཡུལ་གཞན་དུ་མ་ཡིན་པར་ཤེས་པར་བྱའོ༔ ད་ནི་དངོས་གཞི་རྟེན་ཞིང་ཁམས་དང་གཞལ་ཡས་ཁང་༔ བརྟེན་པ་ལྷ་རྣམས་བསྒོམ་པའི་སྔ་ཐོག་ཏུ་མ་དག་པ་ལས་ཀྱི་བསྐལ་པ་དབྱིངས་སུ་བཤིག་སྟེ་དག་པ་ཡེ་ཤེས་ཀྱི་ལྷར་སྣང་བཀོད་དགོས་པ་ལས༔ དཔེར་ན་རྨི་ལམ་གྱི་སྣང་བ་དང་ཉིན་མོའི་སྣང་བ་གཉིས་ཀ་དུས་གཅིག་ལ་འཆར་བ་མ་ཡིན་པ་དང་༔ མིའི་ཡུལ་དང་དམྱལ་བའི་ཡུལ་དུས་གཅིག་ཏུ་མཆེད་མི་སྲིད་པ་བཞིན་དུ་མ་དག་འཁོར་བའི་སྣང་བ་དང་ཡེ་ཤེས་ལྷའི་ཞིང་ཁམས་རྣམས་དུས་གཅིག་ཏུ་གྲུབ་མི་སྲིད་པའི་ཕྱིར༔ དང་པོ་སྣང་བ་སྣོད་ཀྱི་འཇིག་རྟེན་གཡོ་བ་བཅུད་ཀྱི་སེམས་ཅན་འདོད་ཡོན་ལྔའི་ཡུལ་སྣང་དང་བཅས་པ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞིག་པར་བསམ་ལ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ༔ དེ་ཡང་སྟོང་པའི་ངང་ཚུལ་དང་ཡིན་ལུགས་མི་ཤེས་པ་རྣམས་ཀྱིས་མི་སྟོང་པ་ལ་སྟོང་ཚུལ་དུ་རྒྱས་འདེབས་པ་ཙམ་ལས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་སུ་ནི་མངོན་དུ་འགྱུར་བ་མ་ཡིན་ཏེ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་ལྟ་བ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ༔ སླར་ཡང་བརྡལ་ཁྱབ་ཀྱི་ཡེ་ཤེས་ཆེན་པོ་གཞིའི་ཡིན་ལུགས་མངོན་དུ་གྱུར་པ་ལས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ལྟར་ལྷུན་གྲུབ་ཆེན་པོའི་རོལ་པ་མངོན་དུ་གྱུར་ཏེ་ཀུན་ཏུ་སྣང་བར་བྱ་བ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཞེས་བྱ་སྟེ༔ འདི་ནི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པའི་རྣལ་འབྱོར་པ་ཁོ་ནའི་ཡུལ་ལས་གཞན་དག་བློ་ཡིད་ཀྱིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྒོམ་པ་ནི་དམིགས་བསམ་ཅན་ཏེ་ཀུན་ཏུ་སྣང་བ་དངོས་མངོན་དུ་མི་འགྱུར་བས་དེའི་དོད་དུ་བཞག་པ་ཙམ་ཡིན་པས་ཤེས་པར་མཛོད༔ དེ་ནས་སྐད་ཅིག་ཉིད་ལ་ནམ་མཁར་འཇའ་ཚོན་མེད་པ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་དང་༔ ཆུ་ལ་གཟའ་སྐར་མེད་པ་ལ་གཟའ་སྐར་འཕྲལ་དུ་ཤར་བ་བཞིན༔ ཆོས་ཉིད་བརྡལ་ཁྱབ་སྤྲོས་པ་དང་བྲལ་བའི་དབྱིངས་ནས་རིག་པ་རྒྱུའི་ཡི་གེ་ཨོཾ་དཀར་པོ་འོད་དང་འོད་ཟེར་འབར་བར་གསལ་བ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་འབྱུང་བའི་རྒྱུ་ཡིན་ཏེ༔ སྔ་མ་གཉིས་ནི་བློ་ཡིད་རྣམ་པར་རྟོག་པའི་ཡུལ་ལས་འདས་པ་སྟོང་པ་ཉིད་རིག་པའི་ཡེ་ཤེས་དང་༔ ཕྱི་མ་ནི་དམིགས་གསལ་གཉིས་ལྡན་གྱི་སྒྱུ་འཕྲུལ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་བསྐལ་པ་རླུང་གིས་ཆགས་པ་འབྱུང་བ་རིམ་བརྩེགས་སུ་བཤད་པ་ལྟར་ཨོཾ་ལས་ཨེ་ཡིག་ཆད་དེ་ཡོངས་སུ་གྱུར་པ་ལས་ནམ་མཁའ་སྟོང་གསལ་བརྡལ་ཁྱབ་ཀྱི་རང་བཞིན་དུ་བསྒོམ༔ ཡྃ་ཆད་དེ་གནས་སུ་གྱུར་པ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ཅན་དུ་གྱུར༔ བྃ་ཆད་པ་ལས་རྒྱ་མཚོ་ཆུའི་རང་བཞིན་དྭངས་གསལ་རྙོགས་མ་དང་བྲལ་བ་ཟླུམ་པོར་འཁྱིལ་བ༔ ལྃ་འཕྲོས་པ་ལས་གསེར་གྱི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པ་གྲུ་བཞིའི་རྣམ་པ༔ རྃ་ཆད་པ་ལས་དེ་ཐམས་ཅད་ཀྱི་གཤིས་སུ་མེའི་རང་བཞིན་དྲོད་ཀྱི་རྣམ་པ་ཟླ་གམ་པར་གནས་པའོ༔ དེ་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུར་སྣང་ཙམ་ནས་སྟོང་པ་དངོས་མེད་མཁའ་ཀློང་ལྟ་བུར་ཤེས་པར་བྱའོ༔ ཡང་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་སུྃ་འཕྲོས་པས་ས་གཞི་ཐམས་ཅད་བཻ་ཌཱུཪྻ་ལྟར་སྣང་ཞིང་དྭངས་གསལ་འོད་དུ་འབར་བ༔ རི་འབར་འབུར་དང་རྡོ་གསེག་མ་ཅན་དང་ཤིང་ཚེར་མ་ཅན་ལ་སོགས་པའི་རྩུབ་རེག་ཐམས་ཅད་བྲལ་བ༔ ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་བྱད་ལྟ་བུ་རྒྱ་ཆེ་ཞིང་ཁྱོན་ཡངས་པ༔ མནན་ན་སོར་བཞི་ནེམ་ཞིང་བཏེགས་ན་སོར་བཞི་སྤར་བ༔ སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ མཐིང་ག་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་ཁ་དོག་འབར་ཞིང་གསལ་འཚེར་སྣུམ་ལ་དྭངས་པ་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་པདྨ་སྣ་ཚོགས་པས་ས་གཞི་ཡོངས་སུ་གང་བ༔ ནམ་མཁའ་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་ཤིང་ཕྱོགས་མཚམས་ཀྱི་ཁོར་ཡུག་ཏུ་འཇའ་ཡི་སྤྲིན་ཕུང་འཁྲིགས་པའི་ཀློང་དུ་ཡེ་ཤེས་སྒྱུ་འཕྲུལ་གྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་མཛེས་པའི་གར་བསྒྱུར་ཞིང་སྙན་པའི་གླུ་དང་རོལ་མོ་སྣ་ཚོགས་འཁྲོལ་བ༔ བར་སྣང་ལ་མཆོད་པའི་ལྷ་མོ་སྣ་ཚོགས་པས་མཆོད་སྤྲིན་རྒྱ་མཚོས་མཆོད་པ་འབུལ་ཞིང་བཀུར་སྟི་བྱེད་པ༔ ས་གཞིའི་ཕྱོགས་མཚམས་བརྒྱད་ན་རྒྱ་མཚོ་ཆེན་པོ་བརྒྱད་ཡོད་པ༔ དེ་དག་གི་འགྲམ་ན་ནོར་བུའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སིང་འཁྲུངས་པ༔ དེ་དག་གི་བར་མཚམས་སུ་དཔག་བསམ་གྱི་ལྗོན་ཤིང་ལས་འདོད་རྒུའི་ལོངས་སྤྱོད་ཆར་དུ་འབེབས་པ༔ མཚོ་དེ་དག་ལ་བྱ་རིགས་ཅང་ཤེས་པ་མང་པོས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པ༔ དེ་ཡང་སྐད་སྙན་པའི་བྱ་ནི༔ བྱ་ཡི་རྒྱལ་པོ་ངང་པ་གསེར་ལྡན་དང་༔ མཐིང་རིལ་དང་༔ བྱ་ཀ་ཏི་ཀ་དང་༔ ནེ་ཙོ་མི་སྐད་ཤེས་པ་དང་༔ ཁུ་བྱུག་དང་༔ ཤང་ཤང་ཏེའུ་དང་༔ རི་སྐེག་དང་༔ བྱ་ཀ་ལ་པིང་ཀ་ལ་སོགས་པའི་བྱ་རིགས་སྐད་སྙན་པ་བསམ་གྱིས་མི་ཁྱབ་གྲངས་ཀྱིས་མི་ལང་བ༔ ཡིད་དུ་འོང་བའི་བྱ་ནི༔ ཀཾ་ཀ་རི་དང་༔ རྦབ་དང་༔ ཟེར་མོ་དང་༔ ལྷའི་བྱ་དྲིལ་བུའི་སྐད་ཅན་དང་༔ བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ཅན་ལ་སོགས་པ་དུང་དང་དངུལ་གྱི་མདོག་ལྟར་དཀར་བ་དང་༔ གསེར་དང་སྦུར་ལེན་གྱི་མདོག་ལྟར་སེར་བ༔ བྱེ་རུ་དང་པདྨ་རཱ་གའི་མདོག་ལྟར་དམར་བ༔ གཡུ་དང་མརྒད་ཀྱི་མདོག་ལྟར་ལྗང་བ༔ བཻ་ཌཱུཪྻ་དང་ཨིནྡྲ་ནཱི་ལའི་མདོག་ལྟར་མཐིང་བ༔ མུ་མེན་གྱི་མདོག་ལྟར་སྔོ་བ༔ དེ་ལ་སོགས་པའི་བྱ་རྣམས་ཁ་དོག་ལེགས་ཤིང་གཟུགས་མཛེས་པ་སྙན་པའི་གླུ་ལེན་ཅིང་མཛེས་པའི་རྩེ་འཇོ་རོལ་པ་དཔག་བསམ་གྱི་ཤིང་ལ་འབབས་ཤིང་རྒྱ་མཚོ་ལ་འཁོར་བ༔ གཞན་ཡང་སྤྲུལ་པའི་རི་དྭགས་སྣ་ཚོགས་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཡིད་དུ་འོང་བའི་རྩེ་འཇོ་རོལ་པ་ཅང་ཤེས་ཤིང་ཆོས་ཉན་པ༔ དེའི་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ལྕགས་རིས་བསྐོར་བའི་ནང་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་ཆུ་རྫིང་བུར་འཁྱིལ་བའི་འོབས་ཀྱིས་བསྐོར་བ༔ བཏུང་བས་སྐོམ་གདུང་དང་བཀྲེས་པ་སེལ་བ༔ ནད་སྣ་ཚོགས་པའི་ཟུག་རྔུ་ཐམས་ཅད་ཆུའི་དྲི་ཚོར་བ་ཙམ་གྱིས་བྱང་ནས་ཟག་མེད་ཀྱི་བདེ་བ་སྐྱེད་པར་བྱེད་པ༔ དེའི་ལྟེ་བ་སྐྱེད་མོས་ཚལ་གྱི་གནས་མཆོག་མཐོང་ན་མི་མཐུན་པ་མེད་པའི་དབུས་སུ་བྷྲཱུྃ་ལས་གཞལ་ཡས་ཁང་ཆེན་པོ་ནི༔ མེ་ལོང་ཡེ་ཤེས་ཀྱི་མཚོན་བྱེད་ཤར་དཀར་བ་ཤེལ་ལྟར་གསལ་བ༔ མཉམ་ཉིད་ཡེ་ཤེས་ཀྱི་མཚོན་བྱེད་ལྷོ་སེར་པོ་གསེར་གྱི་རྣམ་པ༔ སོར་རྟོག་ཡེ་ཤེས་ཀྱི་མཚོན་བྱེད་ནུབ་དམར་པོ་པདྨ་རཱ་གའི་རྣམ་པ༔ བྱ་གྲུབ་ཡེ་ཤེས་ཀྱི་མཚོན་བྱེད་བྱང་ལྗང་གུ་ཨིནྡྲ་ནཱི་ལའི་རྣམ་པ༔ ཆོས་དབྱིངས་ཡེ་ཤེས་ཀྱི་མཚོན་བྱེད་དབུས་མཐིང་ག་བཻ་ཌཱུཪྻའི་རྣམ་པ་ཅན༔ ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ཤར་ཕྱོགས་སྙིང་རྗེ་ཆེན་པོའི་སྒོ་ཟླུམ་ལ་འཁྱིལ་བ༔ རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ལྷོ་ཕྱོགས་བྱམས་པ་ཆེན་པོའི་སྒོ་གྲུ་བཞིར་ཡོད་པ༔ དབང་གི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ནུབ་ཕྱོགས་དགའ་བ་ཆེན་པོའི་སྒོ་ཟླ་གམ་དུ་ཡོད་པ༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚོན་བྱེད་བྱང་ཕྱོགས་བཏང་སྙོམས་ཆེན་པོའི་སྒོ་གྲུ་གསུམ་དུ་ཡོད་པ༔ སྐུ་བཞི་མཚོན་བྱེད་ཟུར་བཞི་དང་ལྡན་པ༔ ཕྱི་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྲུང་བའི་གུར་ཁང་གིས་བསྐོར་བ༔ གཞལ་ཡས་ཁང་དེའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་གདན་བུམ་པ་བྲེ་དང་ཆོས་འཁོར་གདུགས་བཟང་ཉི་ཟླ་ནོར་བུའི་ཏོག་དང་དྲྭ་བ་དྲྭ་ཕྱེད་དྲིལ་བུ་དང་གཡེར་ཁ་ལས་ཆོས་ཀྱི་སྒྲ་འབྱུང་བ༔ རིན་པོ་ཆེའི་སྒོ་གྲུ་རྟ་བབས་ཐེམ་སྐས་ལ་སོགས་པ་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པ༔ ཕྱོགས་བཞིར་ཉི་ཟླའི་སྐར་ཁུང་ཡོད་པའི་འོད་འཇའ་ཤེལ་གྱི་སྤང་ལེབ་ལ་ཕོག་པས་ཉིན་མོ་འཇའ་ཐིག་འཁྲིགས་ཤིང་མཚན་མོ་འོད་གསལ་བ༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་༔ ནང་དུ་སླེབས་པ་ཙམ་གྱིས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་དུ་བྱེད་པ༔ གཞལ་ཡས་ཁང་དེའི་དབུས་སུ་སྲིད་པ་ལས་རབ་ཏུ་འཕགས་པ་མཚོན་བྱེད་རིན་པོ་ཆེའི་ཁྲི་དཔངས་མཐོ་ཞིང་མཛེས་པ་ཉིད༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་མཚོན་པའི་སེངྒེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ༔ རྒྱུའི་ས་བོན་ཨོཾ་དཀར་པོ་བབས་པ་ལས་འོད་ཟེར་ཡར་འཕྲོས༔ རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་འཇའ་སྤྲིན་འཐིབས་པ་ལྟ་བུའི་རྣམ་པར་ཚུར་འདུས་ཏེ་ཨོཾ་ལ་ཐིམ༔ མར་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ཏེ་གཉིད་བཙན་ཐབས་སུ་དཀྲོག་པ་བཞིན་འཁྲུལ་མི་ཤེས་པའི་ས་ལ་བཀོད༔ འོད་ཟེར་ཚུར་འདུས་པ་དང་དུས་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་དང་སྣོད་བཅུད་འབྱུང་བའི་དཔལ་ཡོན་དྭངས་བཅུད་ཐམས་ཅད་ཚུར་འདུས་ཏེ་ཨོཾ་ལ་ཐིམ༔ ཨོཾ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་བག་ཆགས་ཀྱི་དྲི་མ་བྲལ་བ་མཚོན་ཕྱིར་སྐུ་མདོག་གངས་རི་ལྟར་དཀར་བ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་མཚོན་བྱེད་སྤྱན་གཡས་པ་དང་༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་མཚོན་བྱེད་སྤྱན་གཡོན་པ༔ དོན་དམ་བདེན་པ་མཚོན་བྱེད་སྙན་གཡས་པ་དང་༔ ཀུན་རྫོབ་བདེན་པ་མཚོན་བྱེད་སྙན་གཡོན་པ༔ རང་དོན་ཆོས་སྐུ་མཚོན་པའི་ཤངས་བུག་གཡས་པ་དང་༔ གཞན་དོན་གཟུགས་སྐུ་མཚོན་པའི་ཤངས་བུག་གཡོན་པ༔ མཉམ་ཉིད་བདེ་བ་ཆེན་པོ་མཚོན་པའི་ཞལ་དང་༔ ཞི་བའི་དཀྱིལ་འཁོར་རྫོགས་པ་མཚོན་པའི་ཚེམས་དང་༔ འཁོར་འདས་མཉམ་པར་སྦྱོར་བ་མཚོན་པའི་ལྗགས་དང་༔ ཐབས་བདེ་བ་ཆེན་པོ་མཚོན་པའི་ཕྱག་གཡས་པ༔ ཤེས་རབ་སྟོང་ཉིད་ཆེན་པོ་མཚོན་པའི་ཕྱག་གཡོན་པ༔ སྐུ་ལྔ་དང་ཡེ་ཤེས་ལྔ་མཚོན་པའི་ཕྱག་སོར་བཅུ༔ སྲིད་པའི་མཐའ་ལ་མི་གནས་པ་མཚོན་པའི་ཞབས་གཡས་པ་དང་༔ ཞི་བའི་མཐའ་ལ་མི་གནས་པ་མཚོན་པའི་ཞབས་གཡོན་པ༔ རིགས་ལྔ་དང་ཡུམ་ལྔ་རྫོགས་པ་མཚོན་པའི་ཞབས་སོར་བཅུ༔ རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པ་མཚོན་པའི་ལྷུ་ཚིགས་བཅུ་གཉིས་སཱ་ལའི་ལྕུག་མ་ལྟ་བུར་མཉེན་ཅིང་ལྕུག་པ༔ ཡོན་ཏན་ལྷུན་གྱིས་གྲུབ་པ་མཚོན་པའི་སྐུ་ཡོངས་སུ་རྫོགས་པ༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མཚོན་པའི་བ་སྤུ་ཡེ་ཤེས་ཀྱི་འོད་འབར་བ༔ གདོད་ནས་འཁྲུལ་མི་ཤེས་པ་མཚོན་པའི་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ༔ འགྲོ་བ་རྣམས་རྗེས་སུ་འཛིན་པ་མཚོན་པའི་ཟར་བུས་སྐུ་རྒྱབ་ཁེབས་པ༔ དུས་གསུམ་འཕོ་འགྱུར་བྲལ་བ་མཚོན་པའི་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ འཁོར་འདས་བྱང་ཆུབ་ཆེན་པོར་རོལ་པ་མཚོན་པའི་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཐུགས་ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པ་མཚོན་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས༔ འགྲོ་ལ་རྗེས་སུ་ཆགས་པ་མཚོན་པའི་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པ་མཚོན་པའི་འོད་དང་འཇའ་ཚོན་འཁྲིགས་པའོ༔ ཤར་ཕྱོགས་ནའང་མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་རིན་པོ་ཆེ་ཤེལ་ལྟར་སྣང་བ་དང་༔ ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་གསེར་གྱི་རྣམ་པར་སྣང་བ༔ ནུབ་ཕྱོགས་ན་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་པདྨ་རཱ་གའི་རྣམ་པར་སྣང་བ༔ བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཐམས་ཅད་ཨིནྡྲ་ནཱི་ལའི་རྣམ་པར་སྣང་ཞིང་འོད་འབར་བའོ༔ ཤར་གྱི་ཕྱོགས་དེ་ན་ཧཱུྃ་ལས་སྐྱེས་པའི་དེ་བཞིན་གཤེགས་པ་མི་བསྐྱོད་རྡོ་རྗེ་ཆོས་དབྱིངས་སྐྱེ་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག༔ ཁམས་གསུམ་གྱི་སྒོ་འཕར་གནོན་པའི་ས་གནོན་དང་༔ དོན་དམ་མི་ཤིགས་པ་མཚོན་པའི་རྡོ་རྗེ་བསྣམས་པ༔ ལྷོ་ཕྱོགས་ན་ཏྲཱྃ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་ཡོན་ཏན་ལོངས་སྤྱོད་རྫོགས་པ་མཚོན་པའི་སྐུ་མདོག་སེར་པོ༔ འགྲོ་བ་ཐམས་ཅད་གཏན་དུ་བདེ་བའི་མཆོག་སྟེར་བ་མཚོན་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་དང་༔ ཉམ་ཐག་པའི་འགྲོ་བ་རྣམས་ལ་ཕན་བདེའི་དཔལ་སྟེར་བ་མཚོན་པའི་ནོར་བུ་རིན་པོ་ཆེ་བསྣམས་པ༔ ནུབ་ཕྱོགས་ན་ཧྲཱིཿལས་སྐྱེས་པའི་སྣང་བ་མཐའ་ཡས་འཁོར་འདས་ཡོངས་ལ་དབང་བསྒྱུར་བ་མཚོན་པའི་སྐུ་མདོག་དམར་པོ༔ འཁོར་འདས་དག་མཉམ་ཆེན་པོར་རོལ་པ་མཚོན་པའི་ཕྱག་གཉིས་མཉམ་བཞག་གི་སྟེང་ན༔ ཐུགས་གསང་བ་བདེ་བ་ཆེན་པོའི་ངང་ཡོངས་སུ་རྒྱས་པ་མཚོན་པའི་པདྨ་བསྣམས་པ༔ བྱང་ཕྱོགས་ན་ཨཱཿལས་སྐྱེས་པའི་དོན་ཡོད་གྲུབ་པ་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་འདུས་ཤིང་རྫོགས་པ་མཚོན་པའི་སྐུ་མདོག་ལྗང་གུ༔ འགྲོ་བ་རྣམས་ལ་མི་འཇིགས་པའི་སྐྱབས་ཆེན་པོ་སྦྱིན་པའི་ཕྱག་རྒྱ་དང་༔ ཕྲིན་ལས་རྣམ་བཞིས་གདུལ་བྱ་འདུལ་བ་མཚོན་པའི་སྣ་ཚོགས་རྡོ་རྗེ་བསྣམས་པའོ༔ ལྷ་དེ་དག་གང་བསྒྲུབ་བྱའི་གཙོ་བོར་བཟུང་ཡང་རེ་རེ་ལའང་ལྔ་ཚན་དུ་བསྒོམ་ཞིང་བསྒྲུབ་པ་ནི་ཆོས་སྐུ་བདེ་གཤེགས་སྙིང་པོ་ལ་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པ་གཅིག་ཆར་དུ་རྫོགས་པ་མཚོན་པའི་དོན་གྱིས་ཡིན་པ་ཤེས་པར་བྱའོ༔ དེ་ལྟར་ལྷ་བསྒོམ་པ་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་ནམ་མཁའི་འཇའ་ཚོན་ལྟ་བུ་དང་༔ ཆུའི་ཟླ་གཟུགས་ལྟ་བུ་དང་༔ མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ༔ དྭངས་ཤིང་གསལ་བ་རྙོགས་མ་དྭངས་པའི་ཆུ་ལྟ་བུའི་སྐུ་དབྱིངས་སུ་རྒྱལ་བ་ཐམས་ཅད་ཀྱི་སྐུ་དང་ཞིང་ཁམས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་རང་ཤར་བ་འོད་ཀྱི་ཕུང་པོར་འཁྲིགས་པའི་རྣམ་པར་གསལ་བ་ཡིན༔ དེ་བཞིན་དུ་ཁྲོ་བོའི་དཀྱིལ་འཁོར་ལའང་སྣོད་བཅུད་བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་རྨི་ལམ་དབྱིངས་སུ་སད་པ་ལྟར་ཆོས་ཉིད་སྟོང་ཆེན་ནམ་མཁའི་དབྱིངས་སུ་ཡལ་ནས་སྟོང་པའི་ཡེ་ཤེས་ལ་དབང་བསྒྱུར་ཏེ་བཞག༔ སླར་ཡང་གསལ་བའི་ཡེ་ཤེས་མངོན་དུ་བྱེད་པའི་ངང་དུ་མཉམ་པར་བཞག༔ མཐར་ཐུགས་རྗེ་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རིག་པ་རྒྱུའི་ཡི་གེ་ཧཱུྃ་ཡིག་མཐིང་ནག་མེ་འབར་བར་གསལ་བ་ནི་སྦྱང་བྱ་འཆི་བའི་སྲིད་པ་ལ་ཐུག་ཚེ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔའི་ཡུལ་སྣང་ཐམས་ཅད་སྟོང་པ་ཧར་སང་ངེ་བའི་ངང་དུ་ཞིག་ནས་ཡུན་ཅིག་དེར་འབྱམས་ཀླས་པ་ནི་སྲིད་པ་ཀུན་གཞི་རུ་ཞིག་པའི་སྐབས་ཡིན་ཏེ༔ སྦྱོང་བྱེད་གཞི་སྟོང་ཉིད་ཀྱི་དབྱིངས་ཆེན་པོ་ལམ་དུ་བྱས་པས་འབྲས་དུས་སུ་ངོ་ཤེས་ཏེ་ཆོས་ཉིད་དེ་བཞིན་ཉིད་ལ་དབང་འབྱོར་བར་འགྱུར་བས་འདི་ལ་གོམས་པར་བྱ་བ་གནད་ཀྱི་དམ་པ་ཡིན་ནོ༔ ཡང་སྦྱང་བྱ་འཆི་བ་འོད་གསལ་དུ་འཕོས་ཚེ་སྟོན་ཀའི་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་ཉི་མས་དཀར་པོར་མ་བསྒྲིབ༔ མུན་པས་ནག་པོར་མ་བསྒྲིབ༔ སྤྲིན་དང་ན་བུན་རླུང་གསུམ་གྱིས་མ་བསླད་པའི་གནས་སྐབས་ལྟ་བུར་རང་རིག་དྭངས་གསལ་རྙོག་མ་དང་བྲལ་བ་རྒྱ་གར་ཡང་མ་ཆད༔ ཕྱོགས་གང་དུའང་མ་ལྷུང་བར་ཁྱབ་བརྡལ་སྤྲོས་མཐའ་དང་བྲལ་བའི་ཐོག་ཏུ་ཕེབས་པར་གྱུར་པ་དེའི་ཚེ༔ སྦྱོང་བྱེད་ལམ་དུས་ཀྱི་འོད་གསལ་རིག་པའི་ཡེ་ཤེས་ངོ་རང་ཐོག་ཏུ་འཕྲོད་དེ་གོམས་པར་བྱས་པའི་སྟོབས་ཀྱིས༔ འབྲས་དུས་སུ་གདིང་རང་ཐོག་ཏུ་ཐོབ་པས་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན༔ དེར་གྲོལ་བའི་ནུས་པ་མ་མཆིས་ན་སྦྱང་གཞི་འོད་གསལ་གྱི་སྣང་བ་མྱོང་ཞེན་ཅན་གྱི་ལུས་འཛིན་པ་དེ་ཉིད༔ སྦྱོང་བྱེད་རིག་པ་རྒྱུའི་ཡི་གེར་ལྡང་ནས་ཞིང་ཁམས་ཀྱི་སྣང་བ་རིམ་བཞིན་དུ་བཀོད་པས༔ འབྲས་བུ་མངོན་གྱུར་གྱི་བཀོད་པ་རང་ཐོག་ཏུ་ཕེབས་པར་འགྱུར་བའི་ཕྱིར༔ ཏིང་ངེ་འཛིན་རྣམ་གསུམ་ལ་ད་ལྟའི་དུས་ནས་གོམས་པར་བྱ་བ་གནད་མཆོག་ཏུ་ཤེས་པར་བྱའོ༔ དེ་ཡང་བསམ་པ་དང་དམིགས་པ་ཙམ་གྱིས་ནི་གཞིར་གནས་ཀྱི་སྟོང་ཉིད་འོད་གསལ་མངོན་དུ་འགྱུར་བ་མ་ཡིན་པས་འབྲས་བུ་ཡང་དེ་ཙམ་ལས་མེད་པ་ཤེས་པར་གྱིས་ཤིག༔ སླར་ཡང་རྒྱུའི་ཡི་གེ་ཡེ་གཞི་སྟོང་ཉིད་རྟེན་མེད་ཀྱི་དབྱིངས་ལ་ཤར་བ་ལས་འོད་མཐིང་ཨེ་ཡི་རྣམ་པར་འཕྲོས་པས་ནམ་མཁའ་དྭངས་གསལ་གྱི་རང་བཞིན་དུ་གྱུར་པ་དང་༔ འོད་ལྗང་ཡཾ་གི་རྣམ་པར་འཕྲོས་པས་རླུང་གི་དཀྱིལ་འཁོར་དུ་སྣང་བར་བྱས༔ འོད་དམར་ར་ཡི་རྣམ་པ་ཅན་དུ་འཕྲོས་པས་རཀྟའི་རྒྱ་མཚོ་རྦ་རླབས་རབ་ཏུ་འཁྲིགས་པར་སྣང་བར་བྱས༔ ཀེཾ་འཕྲོས་པས་རུས་པའི་རི་རབ་གྲུ་གསུམ་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པར་བྱས༔ རྃ་འཕྲོས་པས་བསྐལ་པའི་མེ་རི་མེ་ཕུང་དམར་ནག་རབ་ཏུ་འབར་བའི་རང་བཞིན་ཅན་དུ་བྱས༔ སུྃ་འཕྲོས་པས་འོད་མཐིང་ལས་བྱུང་བའི་ས་གཞི་བཻ་ཌཱུཪྻའི་ཁ་དོག་ཤེལ་ལྟར་གསལ་བའི་འོག་ཏུ་རུས་པའི་རི་རབ་མི་བསྒྲིབ་པར་སྣང་བ༔ ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འུར་འུར་ཆེམ་ཆེམ་དུ་འབར་བའི་ཀློང་དུ་བྷྲཱུྃ་ཆད་པ་ཡོངས་སུ་གྱུར་པ་ལས་བྱུང་བའི་དྲག་པོའི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་༔ ནང་ཐོད་པ་ར་རི་གསུམ་ལས་གྲུབ་པ་སྟེ་ཐོད་པ་སྐམ་པོས་འབྲས་བུ་བྱས་པ༔ ཐོད་པ་རྙིང་པ་ཤ་ལྤགས་སྐམ་པས་ཁ་བད་བྱས་པ༔ ཐོད་རློན་ཁྲག་འཛག་པས་རྩིག་པ་བྱས་པ༔ དེ་ཐམས་ཅད་ལ་གནམ་ལྕགས་ཀྱིས་གཟེར་བཏབ་པའོ༔ དེ་ཡང་འབྲས་བུ་ཆོས་སྐུའི་མཚོན་བྱེད༔ ཁ་བད་ལོངས་སྐུའི་མཚོན་བྱེད༔ རྩིག་པ་སྤྲུལ་སྐུའི་མཚོན་བྱེད༔ གནམ་ལྕགས་ཀྱི་གཟེར་བུ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་མཚོན་བྱེད་དོ༔ མི་ལྤགས་ཀྱིས་ཡ་ཕུབ་བྱས་ཤིང་མི་རོའི་རྒྱལ་མཚན་ཕྱར་བ༔ ཀླུ་ཆེན་པོ་བརྒྱད་ཀྱི་ཀྭ་གདན༔ ལྷ་ཆེན་པོ་བརྒྱད་ཀྱི་ཀྭ་བ༔ གཟའ་ཆེན་པོ་བརྒྱད་ཀྱི་ཀྭ་ཞུ༔ ཕྱོགས་སྐྱོང་དང་འཇིགས་བྱེད་རྣམས་གདུང་དུ་བྲེས་པ༔ རྒྱུ་སྐར་རྣམས་ཀྱི་དྲལ་ཕྱམ་བཀོད་པ༔ སྟེང་འོག་ཕྱོགས་མཚམས་ན་རཱུ་ཏྲ་ཆེ་ཆུང་གི་མགོ་བོའི་ཕྲེང་བ་རྒྱན་དུ་བྱས་པ་ལས་རཀྟའི་ཞམ་ཆུ་འབབས་པ༔ ཁོར་ཡུག་ཐམས་ཅད་དུ་ཁྲག་གི་རྒྱ་མཚོ་འཁྱིིལ་བའི་ལྦུ་བ་ལས་མི་རོ་དང་རྟ་རོ་འཁྲིགས་པ༔ ཕྱི་རོལ་གྱི་ཁོར་ཡུག་ཐམས་ཅད་དུ་མེ་རླུང་འཚུབས་ཤིང་ཐུན་མཚོན་ཕོ་ཉ་ལས་མཁན་དཔག་ཏུ་མེད་པ་སེར་རླུང་ལྟར་འཕྱོ་བ་ཧཱུྃ་ཧཱུྃ་ཕཊ་ཕཊ་སོགས་དྲག་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྟར་ལྡིར་བ༔ དེའི་ཕྱི་རོལ་ཐམས་ཅད་དུ་དུར་ཁྲོད་ཆེན་པོ་བརྒྱད་དང་༔ ཧེ་རུ་ཀའི་གནས་བཅུ༔ གནས་ཉི་ཤུ་རྩ་བཞི༔ ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པ་ཁྲོ་བོ་ཁྲོ་མོ་འཆོལ་བའི་དཀྱིལ་འཁོར་མང་པོ་ལྷུན་གྱིས་གྲུབ་ཅིང་༔ དེར་བཀའ་སྲུང་ཆོས་སྐྱོང་གནས་སྲུང་གཏེར་བདག་ཐམས་ཅད་ཀྱིས༔ ཟས་སུ་བསྟན་དགྲ་གདུག་པ་ཅན་གྱི་ཤ་ཁྲག་དྲོན་མོ་ལ་ལོངས་སྤྱོད་པ༔ ལས་སུ་ཞིང་བཅུའི་སྲོག་དབུགས་སྡུད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་བ༔ རབ་ཏུ་འཇིགས་པའི་གཟུགས་ངོམས་ཤིང་སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ༔ མཚོན་ཆ་རྣོ་ཞིང་རྩུབ་པའི་འཁྲུལ་འགྱེད་པ༔ མ་ངེས་པའི་ཆོ་འཕྲུལ་སྟོན་ཅིང་གསོད་གཅོད་ཀྱི་ལས་ལ་རྔམས་པ༔ ཐུགས་ཞི་བ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་ཐུགས་རྗེས་གང་འདུལ་གྱིས་འགྲོ་དོན་མཛད་པ༔ ཀུན་ཀྱང་སྤྱི་དཔལ་ཆེན་པོའི་སྤྲུལ་པ་ལས་མི་གཞན་པ་སྟེ༔ མདོར་ན་དྲེགས་པ་འཇིགས་བྱེད་རྒྱ་མཚོ་ཐམས་ཅད་རྒྱལ་པོ་དང་བློན་པོ་དང་འབངས་ཀྱི་ཚུལ་དུ་གོ་མཚམས་མེད་པར་འཁོར་བ༔ དེ་དག་གི་ཕྱི་རིམ་དུ་སྲུང་བའི་འཁོར་ལོ་རིམ་པ་དགུས་བསྐོར་བར་བསྒོམ༔ རབ་འཇིགས་དྲག་པོའི་གཞལ་ཡས་ཁང་དེའི་དབུས་སུ་ཡུལ་བརྒྱད་གནས་སུ་དག་པ་མཚོན་པའི་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར༔ ཚོགས་བརྒྱད་གནས་སུ་དག་པ་མཚོན་པའི་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་བཏེགས་པ༔ སྲིད་པ་ལས་རབ་ཏུ་འཕགས་པ་མཚོན་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ༔ སྟོང་ཉིད་དབུ་མ་ཆེན་པོ་དང་༔ འཁོར་བར་མ་ཆགས་པ་མཚོན་པའི་པདྨ༔ ཐབས་བདེ་བ་ཆེན་པོ་དང་ཐིག་ལེ་དཀར་པོའི་ཆ༔ འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན་པའི་ཟླ་བ༔ ཤེས་རབ་སྟོང་ཉིད་ཆེན་པོ་དང་རཀྟ་དམར་པོའི་ཆ༔ ཡོན་ཏན་ཐམས་ཅད་རྫོགས་པ་མཚོན་པའི་ཉི་མ༔ བདག་རྟོག་དབྱིངས་སུ་གསོད་ཅིང་རྟོག་མེད་མཉམ་པ་ཉིད་མཚོན་པའི་བམ་རོ་ཕོ་མོའི་གདན་རྣམས་ཀྱི་སྟེང་དུ༔ དབྱིངས་ནས་ཡི་གེ་ཧཱུྃ་མཐིང་ནག་གདན་ལ་བབས་པ་ལས༔ འོད་ཟེར་ཡར་འཕྲོས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་ཐམས་ཅད་འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པར་འདུས་ཏེ་ཧཱུྃ་ལ་ཐིམ༔ ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་སྡུག་བསྔལ་དང་བཅས་པ་ཐམས་ཅད་ཡུལ་མེད་དུ་སྦྱངས༔ དེ་དག་ཐམས་ཅད་གཉིད་བཙན་ཐབས་སུ་དཀྲོག་པ་བཞིན་དུ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ༔ འོད་ཟེར་ཚུར་འདུས་པ་དང་དུས་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་བཀྲག་གཟི་མདངས་ཐམས་ཅད་དང་༔ འབྱུང་བ་བཞིའི་དྭངས་བཅུད་དཔལ་ཡོན་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་འདུས་ཏེ་ཧཱུྃ་ལ་ཐིམ་པར་བསམ༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རིག་པ་རྒྱུའི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་གཡོན་དུང་ཁྲག་འཛིན་པ༔ སྐུ་གཅེར་བུ་གོས་རྒྱན་མེད་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་ཞབས་གཉིས་གྱད་ཀྱི་དོར་སྟབས་སུ་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ་བདག་གི་གནས་གསུམ་དུ་ཐིམ་པས་ནུས་སྟོབས་རབ་ཏུ་བསྐྱེད་པར་བསམ༔ དེ་ཉིད་གནས་སུ་གྱུར་པ་ལས་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཁྲོ་བོ་ཡོངས་ཀྱི་སྤྲུལ་གཞི་ཆེ་མཆོག་ཧེ་རུ་ཀ་ཆོས་དབྱིངས་སྤྲོས་བྲལ་འགྱུར་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག༔ ཆོས་སྐུ་ངོ་བོ་ཀ་དག་སྟོང་པ་མཚོན་པའི་དབུས་ཞལ་མཐིང་ནག༔ ལོངས་སྐུ་རང་བཞིན་ལྷུན་གྲུབ་གསལ་བ་མཚོན་པའི་གཡས་ཞལ་དཀར་བ༔ སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་མཚོན་པའི་གཡོན་ཞལ་དམར་ནག་ཏུ་འབར་བ༔ སྟོང་པའི་ཡེ་ཤེས་མཚོན་བྱེད་སྤྱན་དབུས་མ༔ གསལ་བའི་ཡེ་ཤེས་མཚོན་བྱེད་སྤྱན་གཡས་པ༔ ཀུན་ཁྱབ་ཡེ་ཤེས་ཀྱི་མཚོན་བྱེད་སྤྱན་གཡོན་པ་དང་༔ བདེན་གཉིས་མཚོན་པའི་སྙན་གཉིས༔ དོན་གཉིས་མཚོན་པའི་ཤངས༔ ལམ་དང་འབྲས་བུ་ཐམས་ཅད་མཚོན་པའི་ཁྲོ་གཉེར༔ མཉམ་ཉིད་བདེ་བ་ཆེན་པོ་མཚོན་པའི་ཞལ༔ འཁོར་འདས་མཉམ་པར་གྲོལ་བ་མཚོན་པའི་ལྗགས༔ ཁྲག་འཐུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས་པ་མཚོན་པའི་ཚེམས་ཕྲེང་གངས་རི་ལྟར་དཀར་བ༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ་བ་མཚོན་པའི་མཆེ་བ་བཞི་གཙིགས་པ༔ གདོད་ནས་འཁྲུལ་མི་ཤེས་པ་མཚོན་པའི་དབུ་སྐྲ་དམར་སེར་གྱེན་དུ་འབར་བ༔ མ་རིག་པའི་མུན་ཁམས་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱེད་པ་མཚོན་པའི་སྨིན་མར་གློག་སྟོང་འཁྱུག་པ༔ བདེ་སྟོང་ཡེ་ཤེས་ཀྱི་རྩལ་ཆེན་པོ་རབ་ཏུ་འབར་བ་མཚོན་པའི་སྨ་ར་དང་ཨག་ཚོམ་ལས་མེ་ཆེན་འབར་ཞིང་མེའི་ཚྭ་ཚྭ་འཕྲོ་བ༔ ཡེ་ཤེས་དྲུག་མཚོན་པའི་ཕྱག་དྲུག་གི་གཡས་ཀྱི་དང་པོ་ན་ཐེག་པ་རིམ་དགུ་དང་ས་དགུ་མཚོན་པའི་རྡོ་རྗེ་རྩེ་དགུ༔ བར་པ་ན་སྐུ་ལྔ་དང་ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ༔ ཐ་མ་ན་སྐུ་གསུམ་དང་ཡེ་ཤེས་གསུམ་མཚོན་པའི་རྡོ་རྗེ་རྩེ་གསུམ་བསྣམས་པ༔ གཡོན་གྱི་དང་པོ་ན་གཟུགས་མེད་པའི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་སྐམ་པོ་ཁྲག་གིས་བཀང་བ༔ བར་པ་ན་གཟུགས་ཁམས་ཀྱི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་ཤ་ར་རི་ཡོད་པ་ཁྲག་གིས་བཀང་བ༔ ཐ་མ་ན་འདོད་ཁམས་ཀྱི་འཁོར་བ་ཁྲག་ཏུ་རོལ་པ་མཚོན་པའི་བྷནྡྷ་ལྕང་ལོ་ཅན་ཁྲག་གིས་བཀང་བ་བསྣམས་པ༔ རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་མཚོན་པའི་ཞབས་བཞི་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་༔ ཆོས་ཉིད་ཀྱི་དབྱིངས་སུ་ཐོགས་པ་མེད་པར་བགྲོད་པ་མཚོན་པའི་གཡས་གཡོན་དུ་རྡོ་རྗེ་རིན་ཆེན་འབར་བའི་ཁྱུང་གཤོག་བརྐྱང་བ༔ ཚོགས་ཡུལ་རྒྱན་དུ་ཤར་བ་མཚོན་པའི་དུར་ཁྲོད་དང་དཔལ་ཆས་རྫོགས་པ༔ མ་རིག་པའི་ལོག་རྟོག་ཡེ་ཤེས་ཆེན་པོས་བསྲེག་པ་མཚོན་པའི་མེ་དཔུང་བསྐལ་པ་འཇིག་པར་བྱེད་པའི་མེ་ལྟར་དུ་འབར་བའི་ཀློང་དུ་བཞེངས་པ༔ གཏི་མུག་ཤེས་རབ་ཏུ་རོལ་པ་མཚོན་པའི་བྱ་ཁྱུང་ནག་པོ་ཀླད་ན་ལྡིང་བ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་པ་མཚོན་པའི་ཀུན་བཟང་ཡབ་ཡུམ་རིགས་བདག་ཏུ་བཞུགས་པ༔ ཐབས་བདེ་བ་ཆེན་པོ་མཚོན་པའི་ཡབ་སྤྱི་དཔལ་ཧེ་རུ་ཀའི་རྣམ་རོལ་དུ་ཤར་བ་ལ༔ ཤེས་རབ་སྟོང་ཉིད་ཆེན་པོ་མཚོན་པའི་ཡུམ་གནམ་ཞལ་མ་མཐིང་སྐྱ་སྐུ་ལ་འཁྱུད་པ༔ གཡས་པས་དུག་གསུམ་གཅོད་བྱེད་ཀྱི་ཁ་ཊྭཱྃ་དང་༔ གཡོན་པས་ཁམས་གསུམ་ཁྲག་ཏུ་སྟོབ་པའི་ཐོད་ཁྲག་བསྣམས་པ༔ བདེ་སྟོང་ཟུང་དུ་འཇུག་པ་མཚོན་པའི་ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་༔ ཁམས་གསུམ་འཁོར་བའི་སྒོ་འཕར་གནོན་པ་མཚོན་པའི་གཡས་པ་རོའི་སྙིང་གར་མནན་པ༔ འདོད་ཆགས་རྒྱན་དུ་ཤར་བའི་རྟགས་སུ་མི་ལྤགས་ཀྱི་གཡང་གཞིས་སྟོད་གཡོགས་བྱས་ཤིང་༔ ཞེ་སྡང་རྒྱན་དུ་ཤར་བའི་རྟགས་སུ་སྦྲུལ་དང་མི་མགོའི་ཕྲེང་བས་སྤྲས་པ༔ གཏི་མུག་རྒྱན་དུ་ཤར་བའི་རྟགས་སུ་གཟིག་ཤམ་རློན་པ་སྨད་དུ་དཀྲིས་པ༔ སྲིད་གསུམ་ཐུགས་རྗེས་འཛིན་པའི་རྟགས་སུ་རལ་པ་ཁམ་ནག་སྐུ་རྒྱབ་ཏུ་གྲོལ་བ༔ བདེ་སྟོང་ཟུང་དུ་འཇུག་པ་མཚོན་པའི་རྡོ་རྗེ་པདྨོའི་ལྷུམས་སུ་ཞུགས་པའོ༔ དེ་ལ་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཤར་དུ་ཞེ་སྡང་རྡོ་རྗེ་དཀར་པོ༔ མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་ལྷོ་རུ་ང་རྒྱལ་རྡོ་རྗེ་སེར་པོ༔ སོར་རྟོག་ཡེ་ཤེས་ཀྱི་རང་གདངས་ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར་པོ༔ བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་བྱང་དུ་ཕྲག་དོག་རྡོ་རྗེ་ལྗང་ནག་ཏུ་ཤར་བའོ༔ དེ་ལྟར་ཡི་དམ་དཔལ་ཆེན་པོའི་སྤྱི་བོར་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་གི་ལྟེ་བར་ཨོཾ་དཀར་པོ་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་འོད་འབར་བ༔ མགྲིན་པར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿཡིག་དམར་པོ་ཉི་མ་འབུམ་ལས་ལྷག་པའི་འོད་འབར་བ༔ སྙིང་གར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་ལངས་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་རི་བོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་འོད་འབར་བ་རྣམས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུ་བདེ་བར་གཤེགས་པ་རིགས་ལྔའི་རྣམ་པར་བཞེངས་ཏེ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བུམ་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང་༔ ཉོན་ཤེས་ཀྱི་དྲི་མ་ཐམས་ཅད་སངས་ཀྱིས་དག་ཅིང་རྡོ་རྗེའི་སྙིང་པོ་གནས་གསུམ་དུ་ཞུགས་པས་རྡོ་རྗེ་གསུམ་གྱིས་རྒྱས་བཏབ༔ རྒྱལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ༔ ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བར་དབང་བསྐུར༔ ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་གཙོ་བོར་བཞུགས་པའི་རིགས་ལྔས་དབུ་བརྒྱན་པར་བསམ༔ སླར་ཡང་ལྷ་རྣམས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་འོད་ཕུང་དཀར་དམར་གྱི་རྣམ་པས་རང་ལ་ཐིམ་པས་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར་བའི་སྟོབས་ནུས་བསྐྱེད་པར་བསམ༔ རང་གི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་དབྱིངས་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རོལ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་བདག་དང་སྒྲུབ་རྫས་རྣམས་ལ་མཚོ་ཆེན་པོ་ལ་ཁ་བ་བབ་པ་ལྟར་གཉིས་སུ་མེད་པར་ཐིམ་པར་ཡང་ཡང་བསམ་པ་ནི་སྤྱན་འདྲེན༔ དེ་ནས་བདག་དང་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་བྱོན་ནས་བཞུགས་པའི་རྒྱལ་བ་ཐམས་ཅད་ལ་རང་རང་གི་ཐུགས་དང་མཐུན་པའི་གདན་ཕུལ་ཏེ་ཕུལ་མ་ཐག་ལྷ་རྣམས་བདག་མདུན་རྣམས་ལ་ཐིམ་ནས་རང་རང་གི་གདན་ལ་འཁོད་པར་བསམ་པ་བཞུགས་གསོལ༔ བདག་ཡི་དམ་ལྷར་གསལ་བའི་གནས་ཐམས་ཅད་ནས་ཞིང་གི་རྡུལ་སྙེད་དང་མཉམ་པའི་ཐ་མལ་གྱི་ལུས་ཅན་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་འཚལ་བའི་ལག་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་ལས་མཆོད་པའི་སྤྲིན་རྒྱ་མཚོ་སྤྲོས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ་བས་རྒྱུད་མཉེས་ཤིང་ཚིམ༔ དེ་དག་གི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་ཡི་དམ་ལྷའི་རོལ་པར་གྱུར་ཏེ་བདག་བསྐྱེད་ཀྱི་ཐུགས་ཀར་ཐིམ་པས་གཟི་བྱིན་ནུས་པ་བསྐྱེད་པར་བསམ་པ་ཕྱག་འཚལ༔ མཆོད་ཡོན་གྱིས་སྐུ་བསིལ་བ་དང་༔ ཞབས་བསིལ་གྱིས་ཞབས་བསིལ་བ༔ མེ་ཏོག་གདན་དུ་འབུལ་བ༔ བདུག་སྤོས་ཀྱིས་གནས་དྲི་བཟང་གིས་ཁྱབ་པར་བྱས༔ སྣང་གསལ་གྱིས་ཡིད་ཡུལ་དྭངས་གསལ་སྒྲིབ་གཡོགས་མེད་པར་བྱས༔ དྲི་ཆབ་ཀྱི་དྲི་བཟང་གིས་ཡོ་བྱད་ཐམས་ཅད་དང་སྐུ་ལ་ཁྱབ་པར་བྱས༔ ཞལ་ཟས་སྣ་ཚོགས་པས་ལྗགས་ཀྱི་དབང་པོ་ཚིམ་པར་བྱས༔ སྙན་པའི་རོལ་མོ་སྣ་ཚོགས་པའི་སྒྲས་ཐུགས་བདེ་སྟོང་གི་རོས་ཚིམ་པར་འབུལ་བ་དང་༔ གཟུགས་ཀྱི་ལྷ་མོས་གཟུགས་མཛེས་པ་ངོམས་པས་སྤྱན་ལ་མཉེས་པའི་མཆོད་པ་ཕུལ་ནས་སྤྱན་གྱི་དབང་པོ་ལ་ཐིམ༔ སྒྲའི་ལྷ་མོས་སྒྲ་སྙན་ཐོགས་པས་སྙན་ལ་མཉེས་པའི་མཆོད་པ་ཕུལ་ནས་སྙན་གྱི་དབང་པོ་ལ་ཐིམ༔ དྲིའི་ལྷ་མོས་དྲི་ཞིམ་ཐོགས་པས་ཤངས་ལ་མཉེས་པའི་མཆོད་པ་ཕུལ་ནས་ཤངས་ཀྱི་དབང་པོ་ལ་ཐིམ༔ རོའི་ལྷ་མོས་ཞལ་ཟས་སྣ་ཚོགས་ཐོགས་པས་ལྗགས་ལ་མཉེས་པའི་མཆོད་པ་ཕུལ་ནས་ལྗགས་ཀྱི་དབང་པོ་ལ་ཐིམ༔ རེག་བྱའི་ལྷ་མོས་ན་བཟའ་ཐོགས་པས་ལྷ་རྣམས་ཀྱི་སྐུ་ལ་མཉེས་པའི་མཆོད་པ་ཕུལ༔ སྐུའི་དབང་པོ་ལ་ཐིམ་པས་ཐུགས་བདེ་སྟོང་གི་རོས་ཚིམ་པར་བསམ་པ་རྣམས་ནི་ཕྱི་ནང་གི་མཆོད་པའོ༔ དུག་ལྔ་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཏེ་འབུལ་བ་དང་༔ སྣོད་བཅུད་གཏོར་མའི་རོལ་པར་བསྒྱུར་ཏེ་འབུལ་བ་དང་༔ འཁོར་བ་ཁྲག་གི་རྒྱ་མཚོར་བསྒྱུར་ཏེ་འབུལ་བ་དང་༔ སྣང་སྟོང་ཡབ་ཡུམ་སྦྱོར་བ་ཟག་མེད་བདེ་ཆེན་སྦྱོར་བའི་མཆོད་པ་དང་༔ ཡེ་ཡིན་ཆོས་ཉིད་ཐབས་ཀྱི་རྡོ་རྗེས་ཁམས་གསུམ་བདག་ལྟའི་རཱུ་ཏྲ་བདག་མེད་ཤེས་རབ་ཀྱི་དབྱིངས་སུ་བསྒྲལ་བའི་ཐ་མལ་གྱི་ཡུལ་སྣང་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་དུ་བསྒྱུར་ཏེ་ཕུལ་བས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་བློ་འདས་ཆེན་པོར་བཅོམ་པ་བསྒྲལ་བའི་མཆོད་པའོ༔ སླར་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ཐམས་ཅད་ཡིད་ལ་གསལ་ཏེ་ཆེ་བའི་ཡོན་ཏན་དྲན་པའི་སྒོ་ནས་རང་ལས་སྤྲུལ་པའི་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་ནམ་མཁའ་ལ་མཛེས་པའི་གར་བྱེད་ཅིང་ཕྱག་མཚན་རོལ་མོ་སྣ་ཚོགས་སྒྲོག་པ་དང་༔ ངག་ནས་སྙན་པའི་དབྱངས་ཀྱིས་བསྟོད་པ་གླུའི་མཆོད་པ་འབུལ་བར་བསམ་པ་བསྟོད་པའི་དམིགས་པ་སྟེ༔ མོས་བསྒོམ་ཙམ་དུའང་དེ་ཙམ་གྱི་དམིགས་པ་ནི་མེད་ཐབས་མེད་པ་ཡིན་ལ༔ འདི་ཙམ་ཡང་མེད་པས་སྒྲུབ་པ་བྱེད་པ་ནི་བྱ་དང་བྱིའུ་འུར་བ་ལྟ་བུ་ལས་དོན་མ་མཆིས་ཤིང་དངོས་གྲུབ་མི་འབྱུང་བ་ནི་དཔེར་ན་ཆུ་བསྲུབ་པ་ལས་མར་མི་འབྱུང་བ་ལྟ་བུའོ༔ དོན་དམ་པར་སྟོང་པ་ཉིད་ཀྱི་དོན་གཏན་ལ་དབབ་པས་སྟོང་པའི་རང་བཞིན་གཞིར་གནས་ཀྱི་ལྷ་མཆོག་ཀུན་ཏུ་བཟང་པོའི་རང་ངོ་འཕྲོད་པར་བྱེད་པའི་ཐབས་མཆོག་བླ་ན་མ་མཆིས་པ་ཉིད་དུ་འཁོར་བའི་སྣང་སེམས་ཐམས་ཅད་འཕོ་བར་བྱེད་པ་ཡིན་ཏེ༔ ཀུན་རྫོབ་ཏུ་དེའི་ཚུལ་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒོམ་ཞིང་གསལ་བར་བྱ་བ་ཡིན༔ སྔོན་ཆད་ལས་ཉོན་བག་ཆགས་ཀྱིས་བསྒྲིབ་ནས་གཞིར་གནས་ཀྱི་ལྷ་མངོན་དུ་མ་གྱུར་པ་བེམ་སྟོང་ལུང་མ་བསྟན་དུ་སོང་བ་ལ༔ ད་བདག་མེད་རྟོགས་པའི་ཤེས་རབ་ཀྱི་དབང་པོ་མངོན་དུ་བྱེད་པས་གསལ་སྟོང་འཛིན་པ་དང་བྲལ་བའི་ཡེ་ཤེས་མངོན་དུ་གྱུར་པ་དོན་དམ་པ༔ དམ་ཚིག་པ་བེམ་པོ་ལྟ་བུར་གསལ་བ་ལ་ཡེ་ཤེས་ཀྱི་ལྷ་དབྱིངས་ནས་སྤྱན་དྲངས་ཏེ་དབྱེར་མེད་དུ་བཞག་པ་ནི་ཀུན་རྫོབ་སྟེ༔ ཡུལ་ནས་ཡུལ་དུ་སྤྱན་འདྲེན་པ་དོན་ལ་མ་གྲུབ་ཀྱང་བློ་ཡིད་ཀྱིས་ཡོད་པར་བཞག་པ་ཙམ་མོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དེ་རྒྱུད་ལ་བརྟན་པར་བྱ་བ་དོན་དམ་པ༔ བཤམས་པའི་གདན་ལ་བཞུགས་པར་གསོལ་བས་ལྷ་རྣམས་འཁོད་པར་མོས་པ་ཀུན་རྫོབ༔ རང་སྣང་ཡེ་ཤེས་ཀྱི་རོལ་པ་མངོན་དུ་གྱུར་པ་ལ་ཡིད་ཆེས་པས་དགའ་བ་བསྐྱེད་པ་ནི་ལྟ་བ་མཇལ་བའི་ཕྱག་འཚལ་ཞེས་ཕྱག་འཚལ་མཁན་དང་ཕྱག་འཚལ་བའི་ཡུལ་ཐམས་ཅད་དུ་མ་རོ་གཅིག་ལས་ཐ་དད་མ་གྲུབ་པ་དོན་དམ་པ༔ ཀུན་རྫོབ་ཏུ་འཁོར་བའི་སྒོ་དང་བསྟུན་ཏེ་མི་རྗེ་རྒྱལ་པོ་སོགས་ལ་གུས་པས་འདུད་པར་བྱ་བའི་ཚུལ་དང་མཐུན་པར་གུས་ཕྱག་འཚལ་བ་ཀུན་རྫོབ༔ ཆོས་ཉིད་རྫོགས་པ་ཆེན་པོའི་གནས་ལུགས་མཐོང་ཚེ་སྣང་ཞིང་སྲིད་པའི་འདོད་ཡོན་ཐམས་ཅད་མ་བཤམ་རང་བྱུང་གི་མཆོད་པར་ཤེས་པ་དོན་དམ་པ༔ བཤམས་པའི་རྫས་སྒྱུ་མའི་རྫས་ལྟ་བུ་དང་༔ སྒྱུ་མའི་སྔགས་ལྟ་བུའི་སྤེལ་སྔགས་དང་༔ སྒྱུ་མའི་དམིགས་པ་ལྟ་བུའི་ཡིད་སྤྲུལ་དང་༔ ལྟད་མོ་མཁན་ལྟ་བུའི་ལྷར་སྣང་བཀོད་པའི་དབང་ཡུལ་དུ་སྒྱུ་འཕྲུལ་ལྟ་བུ་འདོད་རྒུར་འཕྲུལ་ཏེ་འབུལ་བ་ཀུན་རྫོབ༔ ཆོས་སྐུ་གཞིར་གནས་ཀྱི་ངང་ཚུལ་དང་ཡོན་ཏན་མཐོང་བ་ལ་ཤིན་ཏུ་ངོ་མཚར་བ་ནི་དོན་དམ་པ༔ མི་ཆེན་དང་རྒྱལ་པོ་སོགས་ལ་མངོན་པར་བསྟོད་ཅིང་བསྔགས་པ་བརྗོད་པའི་ཚུལ་བཞིན་ལྷའི་ཆེ་བའི་ཡོན་ཏན་ལ་བསྟོད་པ་ཀུན་རྫོབ་བོ༔ དོན་ལ་གཞིའི་ཆོས་སྐུ་རང་ལ་རྫོགས་པའི་ངང་ཚུལ་ཤེས་པ་རྫོགས་པ་ཆེན་པོའི་ལྟ་བའི་ངོ་བོ་ཡིན་ཏེ་རིག་པ་མངོན་བྱེད་ཀྱི་ངང་ལ་རྩེ་གཅིག་ཏུ་འཇོག་པ་གནད་ཀྱི་དམ་པར་བཟུང་བར་བྱའོ༔ དེ་ལྟར་ལྷ་གསལ་བ་ན་བདག་ལྷ་རུ་ཤེས་པས་ང་རྒྱལ་བརྟན་པར་བྱ་བ་ནི༔ སྔོན་ཆད་འཁོར་བར་འཁྱམས་ཚེ་སེམས་ཅན་གྱི་ལུས་སུ་སྣང་བ་ལ་བདག་ཏུ་འཛིན་པའི་ཤེས་པ་བག་ལ་ཉལ་བ་ང་རྒྱལ་ཡིན་ཏེ་སྣང་སེམས་ཐམས་ཅད་ཀྱི་བྱེད་པོ་དེའི་ཚུལ་དུ་བདག་ལུས་ལྷར་གསལ་བ་དང་༔ སེམས་ཅན་གྱི་ལུས་སྣང་ང་རུ་འཛིན་པའི་ཤེས་པ་གོ་མ་འགག་པ་དེ་ཀ་ལྷ་ཡིན་གྱི་ཤེས་པ་དང་གོ་བརྗེས་ཏེ་བདག་ལྷ་ཡིན་གྱི་ཤེས་པ་གོ་མ་འགག་པར་བསླབ་པ་ནི་ལྷའི་ང་རྒྱལ་བརྟན་པ་དང་ལྷའི་ཏིང་ངེ་འཛིན་ཞེས་བྱ་སྟེ༔ ལྷ་འགྲུབ་པར་བྱེད་པ་བདག་སྣང་ལྷ་རུ་འཕོ་བའི་གནད་འདི་དང་བྲལ་ན་ལྷ་ཇི་ལྟར་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ༔ འདི་ལྟར་ལྷའི་ང་རྒྱལ་ལ་བརྟན་པ་ཐོབ་ན་མཐར་རིག་པ་ངོ་འཕྲོད་པའི་དུས་སུ་རིག་པ་རང་ཐོག་ཏུ་བརྟན་པ་ཐོབ་ཟིན་པས་རྣམ་པར་གྲོལ་བའི་ས་ལ་འཕེན་པར་འགྱུར་བ་ཡིན༔ ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་ཡིད་ཡུལ་དུ་བཀྲ་ལམ་མེར་གསལ་ཏེ་གསལ་སྣང་ཐོན་པར་བྱ་བ་ལ་བསླབ་པ་ནི་མངོན་དུ་བྱེད་པ་ཡིན༔ རང་གི་ཕུང་ཁམས་སྐྱེ་མཆེད་ཕྱིའི་ཡུལ་སྣང་དང་བཅས་པ་ཡིད་རྣམ་པར་རྟོག་པའི་ཆོ་འཕྲུལ་གྱིས་གསལ་ཞིང་བརྟན་པར་སྣང་བ་བཞིན༔ ལྷའི་ཞིང་ཁམས་དང་ལྷ་ཉིད་གསལ་ཡང་ཡང་བཏབ་པས་གསོས་ཐེབས་ཏེ་ང་རྒྱལ་བརྟན་པོའི་གཞི་བཟུང་བ་ནི་ལྷ་འགྲུབ་པའི་གནད་ཀྱི་མཆོག་ཏུ་ཤེས་པར་བྱའོ༔ ཡ་ཀི་ཆོས་སྐུ་གདོད་མའི་མགོན་པོ་མན་ཆད་ནས༔ མ་ཀི་བདུད་དང་རཱུ་ཏྲ་ཡན་ཆད་ཐམས་ཅད་རང་སྣང་ལས་གཞན་དུ་གྲུབ་པ་གཅིག་ཀྱང་མེད་ངེས་པའི་ཐག་གཏིང་དཔོག་པར་ཆོད་པ་ནི་བསྐྱེད་རིམ་རང་རྒྱུད་པར་མི་གོལ་ཞིང་ལྷ་ཡེ་ཤེས་སུ་གྲུབ་པའི་གནད་ཟབ་ཁྱད་ཅན་ཡིན་ནོ༔ འཁོར་འདས་རང་སྣང་ལས་མི་གཞན་པའི་ངང་ཚུལ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་འདྲེ་སྲིན་ཐེའུ་རང་བསྒྲུབ་ཀྱང་ཀུན་ཏུ་བཟང་པོའི་སྤྲུལ་པ་ལས་མ་འདས་པས་ཡེ་ཤེས་པ་མ་གཏོགས་འཇིག་རྟེན་པ་གཅིག་ཀྱང་མེད་དེ་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་སངས་རྒྱས་པ་ཡིན་ནོ༔ དེ་ལྟར་མ་རྟོགས་པར་བདག་ལ་བདག་ཏུ་བཟུང་༔ གཞན་གཞན་དུ་བཟུང་༔ ལྷ་ལྷ་རུ་བཟུང་༔ འདྲེ་འདྲེ་རུ་བཟུང་བའི་གང་ཟག་རྣམས་ཀྱིས་ལྷ་ཞི་བ་བསྒྲུབ་ཀྱང་གཟུགས་ཁམས་ཀྱི་ལྷར་གོལ་བ་དང་༔ ཁྲོ་བོ་བསྒོམ་ཀྱང་བདུད་དང་སྲིན་པོར་གོལ་ཞིང་༔ ཡེ་ཤེས་པ་བསྒྲུབ་ཀྱང་འཇིག་རྟེན་པར་གོལ་བར་འགྱུར་ངེས་པའོ༔ ཅིའི་ཕྱིར་ན་མ་རིག་པའི་དབང་གིས་གཉིས་འཛིན་དུ་འཁྲུལ་པ་ཡིན་ཏེ༔ མ་རིག་པ་ནི་གཞིའི་ཡིན་ལུགས་མ་རིག་པ་ལ་བྱའོ༔ རིག་པ་ནི་གཞིའི་ཡིན་ལུགས་རིག་པ་ལ་བྱ་སྟེ༔ མ་རིག་པའི་དབང་གིས་ལྷ་བསྒྲུབ་ཚད་སེམས་ཅན་དུ་འགྲུབ་པས་འཇིག་རྟེན་པ་ཤ་སྟག་དང་༔ རིག་པའི་དབང་གིས་ལྷ་བསྒྲུབ་ཚད་ཐམས་ཅད་ཡེ་ཤེས་སུ་འགྲུབ་པ་ནི༔ འཁོར་འདས་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པ་ལས་མ་འདས་པར་རྟོགས་པས་ཐམས་ཅད་ཡེ་ཤེས་པ་ལས་འཇིག་རྟེན་པའི་དྲི་མ་ཙམ་ཡང་མི་འབྱུང་ངེས་པ་ཡིན་ནོ༔ དེ་ལྟར་ལྷར་གསལ་བའི་ཐུགས་ཀར་པདྨ་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་ཁ་དོག་ལྟ་བུའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ་སྟེ་ཧཱུྃ་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཧཱུྃ་གི་ཐིག་ལེ་དང་ནཱ་ད་ལ་ཤེས་པ་གཏད་དེ་བཟླ་བ་ནི་ལྷ་བསྙེན་པ་ཞེས་བྱ་བའོ༔ སྔགས་རྣམས་གདན་ལས་འཕགས་ཏེ་འཁོར་བར་དམིགས་ཏེ་བཟླ་བ་ལ་ཉེ་བསྙེན་ཅེས་བྱའོ༔ དེའི་དུས་སུ་འོད་ཟེར་རབ་ཏུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་ཐིམ་པར་ཡང་ཡང་བསམ་སྟེ་བཟླ་བ་དང་༔ ལྷ་ཧྲིལ་པོ་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཐུགས་ཀའི་སྔགས་འཁོར་ལ་ཤེས་པ་གཏད་དེ་བཟླ་བ་དང་༔ ཧཱུྃ་ལ་ཤེས་པ་གཏད་པ་དང་༔ ཟླ་ཚེས་དང་ཐིག་ལེ་ནཱ་ད་ལ་ཤེས་པ་གཏད་པ་རྣམས་རེས་མོས་སུ་བྱའོ༔ རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུར་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་ཡང་ཡང་བསྟིམ་པ་ནི་ལྷ་ལ་གསོས་འདེབས་པ་སྟེ་བསྙེན་པའི་གནད་ཡིན་ནོ༔ གཞན་ཡང་བདག་མདུན་རྣམས་ཡབ་ཡུམ་ཞལ་གསང་བརྒྱུད་དེ་གྱི་ལི་ལི་འཁོར་བའི་འོད་ཟེར་གྱིས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པར་ཡང་ཡང་བསམ་པ་བསྒྲུབ་པའི་གནད་དེ་དཔེར་ན་ལོངས་སྤྱོད་དང་འབྱོར་པ་སྒྲུབ་ཅིང་བསགས་པ་ལྟ་བུར་མཚོན་པ་ཡིན༔ ཡང་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟ་བུར་སངས་ཀྱིས་དག་པར་བྱས་ནས༔ སྣང་བ་ཐམས་ཅད་ཞིང་ཁམས་དང་གཞལ་ཡས་ཁང་༔ སྲིད་པ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་བསྒྱུར་ཏེ་ཀུན་གྱི་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་འུར་དིར་དིར་དུ་སྒྲོགས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་གཡོ་ཞིང་འཕར་ལྷག་ལྷག་ཏུ་འགུལ་བར་བསམ་པ་ནི་སྒྲུབ་པ་ཆེན་པོའོ༔ དེ་ནས་ལས་སྦྱོར་ལ་རྣམ་གྲངས་མང་དུ་ཡོད་ཀྱང་ལས་བཞིའི་དམིགས་པ་ནི་འདི་ལྟ་སྟེ༔ སྔ་དྲོ་ཞི་བའི་དུས་སུ་བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་ཏེ་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ༔ དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་ཚུར་འདུས་ཏེ་བདག་དང་མདུན་བསྐྱེད་ལ་ཐིམ་པས་ཞི་བའི་དབང་དང་དངོས་གྲུབ་ནུས་མཐུ་ཐམས་ཅད་ཐོབ་པར་བསམ༔ སླར་ཡང་འོད་ཕུང་དཀར་པོ་དཔག་ཏུ་མེད་པ་འགྲོ་བ་རིགས་དྲུག་གི་གནས་སུ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་སྡུག་བསྔལ་ཐམས་ཅད་སངས་ཀྱིས་དག་ནས་ཡེ་ཤེས་ལྷའི་སྐུ་ཤ་སྟག་ཏུ་གྱུར་པར་བསྒོམ་པ་ཞི་བའི་དམིགས་པའོ༔ ཉིན་གུང་རྒྱས་པའི་དུས་སུ་འོད་ཟེར་གསེར་མདོག་དཔག་ཏུ་མེད་པ་འཕྲོས་པས་འབྱུང་བཞིའི་བཅུད་དང་དྭངས་མ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་དང་༔ ལྷ་དང་རིག་འཛིན་དྲང་སྲོང་གྲུབ་ཐོབ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་མཐུ་དང་ནུས་པ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་འདུས་ནས་རང་ལ་ཐིམ་པར་བསམ་པ་རྒྱས་པའི་དམིགས་པའོ༔ དགོང་མོ་དབང་གི་དུས་སུ་འོད་ཟེར་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འོད་དམར་གྱི་རྣམ་པར་བསྡུས་ཏེ་རང་ལ་བསྟིམ་པ་དང་༔ ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་སྐྱེ་འགྲོ་ཕོ་མོ་མི་དང་མི་མ་ཡིན་པ་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་དབང་དུ་བསྡུས་ཏེ་བདག་གི་མདུན་སར་འཁོད་པས་རང་ཉིད་དྲག་པོའི་གཟི་མདངས་མ་བཟོད་པར་ཐམས་ཅད་ཀྱི་དཔའ་ཟིལ་ནུས་པ་ཐམས་ཅད་ཆོམ་ནས་བྲན་དང་འབངས་སུ་ཁས་བླངས་དམ་བཅས་མནའ་བོར་སྲོག་སྙིང་ཁ་ནས་སྐྱུག་ཅིང་བདག་གི་རྐང་མཐིལ་དུ་ཐིམ་པར་བསམ༔ སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དམར་ནག་འཕྲོས་པས་དྲེགས་པ་ཅན་ཐམས་ཅད་ཀྱི་མགོ་གཙུག་ཏུ་དམ་ཚིག་གི་བཀའ་རྟགས་འདའ་མི་རུང་བའི་རྡོ་རྗེ་ཕྱེད་པ་རེ་རེ་བཞག་སྟེ་དམ་ལ་གནས་ཤིང་ཕྲིན་ལས་བསྒྲུབ་ན་འཇིགས་པའི་སྐྱབས་དང་དགོས་འདོད་འབྱུང་བའི་གཙུག་རྒྱན་དུ་འགྱུར་ཞིང་བཀའ་དང་དམ་ལས་འདས་པར་གྱུར་ན་གནམ་ལྕགས་ཀྱི་ཐོག་མདའ་རུ་གྱུར་ནས་མགོ་བོ་ཚལ་པར་འགེམ་ཞིང་ལྕགས་ཀྱི་སྡིག་པ་ནག་པོར་གྱུར་ཏེ་སྙིང་ཁྲག་རོལ་ཞིང་མནར་བར་བྱེད་པའི་རང་བཞིན་དུ་གྱུར་ནས་དམ་ཚིག་ལས་འདའ་བའི་གནས་མེད་པར་བདག་གི་ཕྲིན་ལས་བསྒྲུབ་པར་བསྒོམ་པ་དབང་གི་དམིགས་པའོ༔ སྲོད་དྲག་པོའི་དུས་སུ་རང་ཉིད་ལྷར་གསལ་བའི་སྐུ་ལས་སྤྲུལ་པའི་མཚོན་ཆ་ཐུན་རྫས་སྣ་ཚོགས་སེར་རླུང་འཚུབས་པ་ལྟར་འཕྲོས་པས་གཟུགས་ཅན་གཟུགས་མེད་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་དུ་བཏང་ནས་ཚལ་པ་དུམ་བུར་གཏུབ་སྟེ་ཁྲོ་ཆུང་དང་ལྕགས་སྡིག་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོས་པས་ཤ་ཁྲག་རུས་པའི་ཕུང་པོ་ལྷག་མེད་དུ་ཟོས༔ མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་གཏོར་ནས་རྗེས་ལྷག་ཙམ་ཡང་མེད་པར་བྱས༔ དེ་དག་གི་རྣམ་པར་ཤེས་པ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ་བར་བསམ་པ་དྲག་པོའི་དམིགས་པའོ༔ ཡང་བར་སྐབས་སུ་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་འཇའི་སྤྲིན་ཕུང་ལྟ་བུའི་རྣམ་པར་འདུས་ཏེ་རང་དང་སྒྲུབ་རྫས་ལ་ཐིམ་པར་ཡང་ཡང་བསམ་པ་དང་༔ བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀར་ཟུག་སྟེ་རང་དང་རྒྱལ་བ་ཐམས་ཅད་འོད་ཀྱི་ཟེར་ཐག་གིས་འབྲེལ་ཏེ་དེ་དག་གི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐམས་ཅད་བདག་གི་རྒྱུད་ལ་འཕོ་བར་བསྒོམ་ལ༔ ཤེས་པ་གཞན་དུ་མ་ཡེངས་ཤིང་མི་ཚིག་གིས་བར་མ་ཆོད་པར་སྔགས་བཟླ་བ་དང་༔ སྟན་གྱི་དྲོད་མ་ཡལ་བར་བསྒྲུབ་པ་ལ་བརྩོན་པར་བྱའོ༔ གཞན་ཡང་སྣང་བ་ཐམས་ཅད་ཡི་དམ་ལྷའི་རོལ་པ༔ སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་བཞིན༔ དྲན་རྟོག་ཐམས་ཅད་ཐུགས་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་བ་ནི་ཁྱེར་སོ་རྣམ་པ་གསུམ་སྟེ་མ་ཧཱ་ཡོ་གའི་ལམ་དུ་མེད་ཐབས་མེད་པའོ༔ དེ་དག་དོན་དམ་པར་རིག་པའི་ངང་བརྟན་པ་བསྙེན་པ་དང་༔ སྤྱོད་པས་བོགས་འདོན་པ་སྒྲུབ་པ་དང་ལས་སྦྱོར་གྱི་ངོ་བོ་ཡིན་ཏེ༔ དེའི་ཚུལ་དུ་བློ་ཡིད་ཀྱིས་དམིགས་པ་བསླབ་པ་ཀུན་རྫོབ་དང་དྲང་དོན་ཞེས་བྱ་བ་ཡིན་ནོ༔ འོད་ཟེར་སྤྲོ་བསྡུའི་བསྒྱུར་ཁ་ལ་མཁས་པ་ནི་སྒྲུབ་པའི་གནད་ཀྱི་ཡང་ཏིག་དམ་པ་ཡིན་པས་ཤེས་པར་བྱ་བའི་མཆོག་ཏུ་ཟུངས་ཤིག༔ འཁོར་འདས་སྟོང་ཉིད་ཆེན་པོར་གཏན་ལ་དབབ་པ་བུམ་དབང་༔ ལྷུན་གྲུབ་རིན་པོ་ཆེ་སྐུ་དང་ཡེ་ཤེས་རང་བྱུང་བའི་ངང་ཚུལ་ཤེས་པ་གསང་དབང་༔ རིག་པ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པ་ཤེར་དབང་༔ འབྲས་བུ་རང་ཐོག་ཏུ་དབང་བསྒྱུར་བ་ཚིག་དབང་ཞེས་བསྐུར་ཐོབ་བྲལ་བ་དོན་གྱི་དབང་བཞི་ནི་དེ་དག་ལ་བྱའོ༔ ཡང་ལུས་ལྷ་རུ་གསལ་བ་སྐུ་བུམ་པའི་དབང་དང་༔ ངག་སྔགས་སུ་བཟླས་པ་གསུང་གསང་བའི་དབང་དང་༔ ཡིད་ཡེ་ཤེས་ཀྱི་གདིང་དང་མི་འབྲལ་བ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་༔ ལྷ་དང་རང་སྣང་གཉིས་སུ་མེད་པར་རྟོགས་པ་ཚིག་དབང་སྟེ༔ དབང་བཞི་གཅིག་ཆར་དུ་རྫོགས་པ་དེ་ཀའོ༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཐམས་ཅད་ལ་བདེན་པར་ཞེན་ནས་སེམས་ཅན་འཁྲུལ་པ་ཡུལ་རང་རྒྱུད་པར་འཛིན་པའི་གཞན་སྣང་དེ་དག་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་གཏན་ལ་དབབ་པ་ནི་ཁམས་གསུམ་སྐུ་གསུང་ཐུགས་སུ་རོལ་པའི་ཚོགས་ཞེས་བྱའོ༔ བཤགས་པ་ལའང་དོན་དམ་མ་རིག་པ་ནི་སྡིག་པའམ་བག་ཆགས་ཞེས་བྱ་བ་དང་༔ གཞིའི་རང་ཞལ་བསྒྲིབ་པས་སྒྲིབ་པ་ཞེས་བྱ་སྟེ༔ དོན་ལ་སྡིག་སྒྲིབ་བག་ཆགས་ཞེས་བྱ་བ་རྡུལ་ཕྲན་ཙམ་ཡང་མ་མཆིས་པ་ཡིན་ནོ༔ དེ་བཤགས་པའི་ཐབས་གང་ཞེ་ན༔ བདག་མེད་རྣམ་པ་གཉིས་ཀྱི་དོན་གཏན་ལ་དབབ་ནས་གཞིའི་གནས་ལུགས་རྟོགས་པ་ནི་བཤགས་པ་དང་དག་པ་ཞེས་བྱ་སྟེ༔ དེའི་དོད་དུ་བློ་ཡིད་ཀྱིས་བཤགས་པ་དང་༔ རྒྱུ་ཟང་ཟིང་གིས་བཤགས་པ་དང་༔ ངག་སྒྲ་ཚིག་གིས་བཤགས་པ་ཞེས་ཆོས་བསྒྲུབ་པའི་གེགས་སུ་མི་འགྱུར་བའི་ཐབས་སུ་བར་པ་བཤགས་པ་ཞེས་སུ་བསྟན་པ་ཡིན༔ དེ་ལ་རང་ལུས་རྒྱལ་བའི་དཀྱིལ་འཁོར༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོ༔ ལག་སོར་རྣམས་མཆོད་ལྷར་དམིགས་ཏེ་བཟའ་བཏུང་ལམ་ཁྱེར་གྱི་ཚོགས་འཁོར་ལ་ཞུགས་པས་ཚོགས་རྫོགས་པ་དེ་ལས་ལྷག་པ་མེད་དོ༔ བསྒྲུབ་དུས་དང་ཉམས་རྟོག་སྐོང་བའི་ཚོགས་ཀྱི་མཆོད་པ་ལ་སྣང་སྲིད་འདོད་ཡོན་ཐམས་ཅད་མ་བཤམས་རང་བྱུང་གི་ཚོགས་སུ་ཤེས་ཏེ་འབུལ་བ་ནི༔ རང་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་རྃ་གཅིག་འཕྲོས་པ་ལས་མེ་འབར་ཏེ་དངོས་འཛིན་རྣམ་རྟོག་གི་བག་ཆགས་དྲི་མ་ཐམས་ཅད་བསྲེག༔ ཡྃ་འཕྲོས་པ་ལས་རླུང་གཡོས་ཏེ་མ་དག་པའི་འབག་རྩོག་དང་དྲི་མ་ཐམས་ཅད་གཏོར༔ ཁྃ་འཕྲོས་པ་ལས་ཆུ་བྱུང་བས་དངོས་པོ་སྟོང་ཉིད་དུ་བཤིགས་ནས་སྣོད་བཅུད་ཀྱི་དབྱིངས་དང་བསྲེས་ཏེ་བརྡལ་བར་བྱས༔ སླར་ཡང་དབྱིངས་ལས་ཨ་ཡིག་ཆད་པ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཕྱི་དཀར་ལ་ནང་དམར་བ་ཞིག་རླུང་མེ་ཐོད་སྒྱེད་ཀྱི་ཁར་གནས་པར་བསྒོམ༔ དེའི་ནང་གི་དབུས་དང་ཕྱོགས་བཞིར་ཁམས་གསུམ་སྣོད་བཅུད་ཐམས་ཅད་གནས་སུ་གྱུར་པ་ལས་དབུས་སུ་མི་ཤའི་རི་བོ༔ ཤར་དུ་གླང་པོ་ཆེའི་ཤའི་རི་བོ༔ ལྷོར་རྟ་ཤའི་རི་བོ༔ ནུབ་ཏུ་རྨ་བྱའི་ཤའི་རི་བོ༔ བྱང་དུ་ཤང་ཤང་གི་ཤའི་རི་བོ་རྣམས་རྒྱ་ཆེ་ལ་དཔངས་མཐོ་བ་སྣུམ་ལ་བརྗིད་པ་བཀྲག་མདངས་ནུས་བཅུད་དང་ལྡན་པར་གསལ༔ ཡང་དབུས་སུ་དྲི་ཆེན་གྱི་རི་བོ༔ ཤར་ལྷོར་དྲི་ཆུའི་རྒྱ་མཚོ༔ ལྷོ་ནུབ་ཏུ་གོ་རོ་ཙ་ན༔ ནུབ་བྱང་དུ་བྱང་སེམས་དཀར་དམར༔ བྱང་ཤར་དུ་ཁྲག་སྣའི་རྒྱ་མཚོ་རྣམས་འཁྱིལ་བར་བསྒོམ༔ ཨོཾ་དཀར་པོ་མི་ཤ་ལ་ཐིམ་པས་སྐུའི་བདུད་རྩི༔ ཧཱུྃ་མཐིང་ནག་ཤར་གྱི་ཤ་ཆེན་ལ་ཐིམ་པས་ཐུགས་ཀྱི་བདུད་རྩི༔ ཏྲཱྃ་སེར་པོ་ལྷོའི་ཤ་ཆེན་ལ་ཐིམ་པས་ཡོན་ཏན་གྱི་བདུད་རྩི༔ ཧྲཱིཿདམར་པོ་ནུབ་ཀྱི་ཤ་ཆེན་ལ་ཐིམ་པས་གསུང་གི་བདུད་རྩི༔ ཨ་ལྗང་གུ་བྱང་གི་ཤ་ཆེན་ལ་ཐིམ་པས་ཕྲིན་ལས་ཀྱི་བདུད་རྩིར་ཞུ་བའི་ཁ་དོག་དཀར་སྔོ་སེར་དམར་ལྗང་གུ་རྣམས་སུ་གྱུར༔ མཱུྃ་སྔོན་པོ་དྲི་ཆེན་ལ་ཐིམ༔ མཱྃ་དཀར་པོ་དྲི་ཆུ་ལ་ཐིམ༔ ལཱྃ་སེར་པོ་གོ་རོ་ཙ་ན་ལ་ཐིམ༔ པཱྃ་དམར་པོ་བྱང་སེམས་ལ་ཐིམ༔ ཏཱྃ་ལྗང་གུ་རཀྟ་ལ་ཐིམ་པས་ཡེ་ཤེས་ལྔའི་ནུས་བཅུད་དང་ལྡན་པ༔ འོག་ནས་ཡྃ་ལས་རླུང་གཡོས༔ རྃ་ལས་མེ་འབར་བས་ཐོད་པའི་བདུད་རྩི་རྣམས་མར་ཁུ་བཞིན་དུ་ཞུ་བ་ལས་རབ་ཏུ་ཁོལ་ཞིང་ལུད་པ་སྐུ་གསུམ་རྒྱལ་བའི་དབྱིངས་ཐམས་ཅད་ལ་ཁྱབ་པས་འོད་ཟེར་འཇའི་ཁ་དོག་ལྟ་བུ་དང་༔ རླངས་པ་ཡང་འཇའ་སྤྲིན་ལྟ་བུར་འཐིབས་པའི་ཀློང་ནས་འདོད་རྒུའི་དཔལ་ཡོན་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་མི་ཟད་པ་རྒྱན་གྱི་འཁོར་ལོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མ་ཆད་པར་འབྱུང་ཞིང་སྤེལ་བའི་ནུས་པ་དང་ལྡན་པར་བསྒོམ༔ བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་སྲུང་མར་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་སྦུབས་ནས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་དག་ནས་མཆོག་གི་དངོས་གྲུབ་འབད་མེད་དུ་ཐོབ་པར་བསམ༔ མཆོད་པ་གཞན་ཐམས་ཅད་ལའང་ངད་རླངས་འོད་ཀྱི་སྤྲིན་ཕུང་གི་ཀློང་ནས་མཆོད་རྫས་རྣམ་པ་སྣ་ཚོགས༔ རྟེན་རྫས་རྣམ་པ་སྣ་ཚོགས༔ སྒྲུབ་རྫས་རྣམ་པ་སྣ་ཚོགས༔ བསྐང་རྫས་རྣམ་པ་སྣ་ཚོགས་དང་༔ བཀའ་སྲུང་དང་གཞི་བདག་གི་རིགས་རྣམས་ལ་མཐུན་རྫས་རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་འདབ་ཆགས་སྡེར་ཆགས་རྨིག་ཆགས་ཀ་ཅ་དཀོར་ཆ་མཚོན་ཆ་རྒྱན་ཆ་བཟའ་བ་བཅའ་བ་བཏུང་བ་ལྡག་པ་གཞིབ་པ་འདོད་རྒུའི་དཔལ་ཡོན་ཐམས་ཅད་སའི་རྡུལ་བཞིན་དུ་འཕྱོ་ཞིང་བར་སྣང་གི་ན་བུན་ལྟར་འཐིབ་པ༔ ནམ་མཁར་སྤྲིན་ལྟར་གཏིབས་ཤིང་ས་གཞིར་སྦྲང་ཆར་བཞིན་དུ་འབབས་པའི་རང་བཞིན་ཅན་དུ་གསལ་ནས་འབུལ་བར་བྱའོ༔ བསྒྲལ་ལས་ལ་སྣང་སྲིད་འཁོར་འདས་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ལྟ་བའི་རྫོང་ཆེན་ཞེས་བྱ་བ་དང་༔ གཞིའི་ངང་མངོན་དུ་བྱེད་པ་ལས་མི་གཡོ་བ་ནི་བསྒོམ་པའི་འཕྲང་ཆེན་ཞེས་བྱ་བ་དང་༔ དམིགས་པའི་སྲོག་ཅེས་བྱ་བ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་དགྲ་བགེགས་ཀྱི་བླ་ཚེ་སྲོག་གི་རང་བཞིན་གང་ལ་བབ་པ་ཙམ་གྱིས་དགྲ་བོ་མི་འཆི་མི་སྲིད་པའི་རང་བཞིན་དུ་དམིགས་པ་ནི་གཞན་དུ་མི་འབྱམས་པའི་གནད་དང་༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པར་གསལ་བ་རྣམས་ཀྱིས་དགྲ་བོ་སྒྲོལ་བའི་ལས་ལ་བརྩོན་པར་དམིགས་པ་ནི་མི་ལྡོག་པའི་གནད་དང་༔ རང་ཉིད་དཔལ་ཆེན་པོར་གསལ་བ་ཡི་དམ་ལྷའི་ང་རྒྱལ་དང་མ་བྲལ་བ་དང་༔ ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ནི་མི་རྡུག་པའི་གནད་ཟབ་ཁྱད་ཅན་ཡིན༔ ཁྱད་པར་བྲུབ་ཁུང་ལས་ཀྱི་གཤིན་རྗེའི་བཤའ་ཁང་ནག་པོ་དུག་ལྔའི་ཡོ་ལངས་གཡོ་བ་ནང་དུ་ཚུད་པ་ཙམ་གྱིས་སྲིན་བུ་མེ་ནང་དུ་ལྷུང་བ་ལྟར་བྲོས་ཐར་མེད་པའི་ནང་དུ་ལིང་ག་དགྲ་བོ་དངོས་སུ་གསལ་བ་ནི༔ དཔེར་ན་ཚེ་འདས་གནས་ནས་འདྲེན་པའི་ཆོ་ག་དང་དགྲ་བོ་ཚེ་ལུང་ཁྲུས་ལུང་གནས་ལུང་གི་སྒོ་ནས་བསྒྲལ་བའི་ལས་གཉིས་ཀ་ཚུལ་མི་འདྲ་ཡང་དོན་མཚུངས་པ་ཡིན་ཏེ༔ བྲུབ་ཁུང་དུ་འཆིང་ཚུལ་རང་གི་མདུན་སར་འོད་ཀྱི་གུར་ཁང་སྒོ་དང་སྲུབ་མེད་པར་ཡར་གྱི་ཟང་ཐལ་ལས་ཡུལ་གནས་གཞན་དུ་འཆུག་ལམ་དང་འགྲོ་ས་མེད་པ་ཞིག་བསྒོམ་པའི་ནང་དུ་ལིང་གའི་དོད་དུ་མཚན་བྱང་གི་གཟུགས་བཞག་པ་ཚེ་འདས་དངོས་སུ་གསལ་བ་དེ་གཉིས་འདྲ་མཚུངས་པ་དང་༔ དགྲ་བོ་འགུགས་པར་བྱ་བ་ལ་རང་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པ་བསྐལ་པ་འཇིག་པའི་རླུང་ནག་འཚུབས་པ་ལྟར་འཕྲོས་པས༔ དགྲ་བགེགས་ཀྱི་ཚེ་བླ་སྲོག་གསུམ་རང་དབང་མེད་པར་བཀུག་ནས་ལིང་ག་དེ་ལ་ཆུ་ལ་ཆུ་ཐིམ་པ་ལྟ་བུར་གཉིས་མེད་དུ་གྱུར་པར་བསམ་པ་དང་༔ ཚེ་འདས་ཀྱི་རྣམ་པར་ཤེས་པ་ཡང་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཉ་མོ་ལྕགས་ཀྱུས་འཐེན་པ་ལྟར་བཀུག་ནས་མཚན་བྱང་ལ་ཡང་ཡང་བསྟིམ་པ་གཉིས་འདྲ་མཚུངས་པ་དང་༔ དགྲ་བོའི་བླ་ཚེ་སྲོག་གསུམ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་རྔུབ་པ་བཞིན་དུ་ཕུར་པའི་རྩེ་མོར་ནྲྀཿཡིག་གི་རྣམ་པར་འདུས་པ་རང་ཡི་དམ་གྱི་གདན་ཉི་ཟླའི་གོ་མཚམས་སུ་ཐིམ་པར་ཡང་ཡང་བསམ་པ་དང་༔ ཡང་ཕུར་པའི་ཁོང་གསེང་ནས་ཡར་དྲངས་ཏེ་ཆངས་བཟུང་ནང་དུ་ཧེ་རུ་ཀ་ཡབ་ཡུམ་བཞུགས་པའི་ཐུགས་ཀར་ཐིམ་པའི་ནུས་སྟོབས་སྐྱེད་པར་བསམ་པ་ཚེ་ལུང་སྟེ༔ དེ་དང་མཐུན་པར་ཚེ་འདས་ཀྱི་གནས་དྲུག་ཏུ་འགྲོ་བ་རིགས་དྲུག་གི་ས་བོན་ཡིག་འབྲུ་དྲུག་གི་རྣམ་པར་གནས་པ་ལ་གནས་དྲུག་གི་སྣང་བ་མཆེད་པར་བྱས་ཏེ་རང་ཉིད་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་མེའི་རྣམ་པར་འཕྲོས་པས་རིམ་པ་བཞིན་དུ་བསྲེགས་ཤིང་སྣང་བ་གནས་སུ་བསྒྱུར་བ་ནི་རིགས་དྲུག་གི་ཚེ་ལུང་ཞེས་བྱའོ༔ དོན་དམ་པར་རིག་པའི་ཡེ་ཤེས་མངོན་དུ་བྱེད་པ་བདག་གསོ་བ་སྟེ༔ དེའི་དོད་དུ་རང་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས་ཏེ་འཁོར་འདས་ཀྱི་དབྱིངས་ཐམས་ཅད་ལྟེམ་གྱིས་གང་ནས་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཁམས་ཁམས་གསུམ་སྣོད་བཅུད་དང་བཅས་པ་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བའམ་ག་བུར་རླུང་ལ་དེངས་པ་བཞིན་དུ་ཧཱུྃ་ཡིག་རྣམས་ལ་ཐིམ་ནས་ཐམས་ཅད་ཚུར་འདུས་ཏེ་རང་ལ་ཐིམ་པས་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོར་གྱུར་པར་བསྒོམ་པ་ནི་བདག་གསོ་བའོ༔ ཕུར་བུ་གསོ་བ་ལའང་དོན་དམ་པར་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་མངོན་དུ་བྱས་ཏེ་གདིང་རང་ཐོག་ཏུ་འཛིན་པ་ལ་བྱ་སྟེ༔ དེའི་དོད་དུ་ཀུན་རྫོབ་ལའང་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ལས་ཕུར་པའི་ཚྭ་ཚྭ་མེ་ལས་མེ་སྟག་མཆེད་པ་ལྟར་འཕྲོས་ཏེ་འཁོར་འདས་ཐམས་ཅད་ཡོངས་སུ་ཁེངས་ནས་གོང་བཞིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལན་ཚྭ་ཆུར་ཞུ་བ་བཞིན་དུ་ཚུར་འདུས་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་ལ་ཐིམ་པས་འཁོར་འདས་ཐམས་ཅད་ཀྱི་མཐུ་དང་ནུས་སྟོབས་རྩལ་ཤུགས་ཐམས་ཅད་འདུས་ཤིང་རྫོགས་པར་དམིགས་པ་ནི་ཀུན་རྫོབ་ཀྱི་ལམ་མོ༔ རཱུ་ཏྲ་གསོ་བ་ནི་དོན་དམ་པར་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཕྱི་ནང་གསང་གསུམ་གྱི་རཱུ་ཏྲ་ཉིད་ལས་མ་འདས་པ་ལ་དེ་ལྐོག་གྱུར་མ་རིག་པའི་དབང་དུ་གྱུར་པ་ཉིད་དཔྱོད་བྱེད་ཀྱི་ཤེས་རབ་ཆེན་པོས་གཏན་ལ་ཕབ་སྟེ་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བ་སྟེ༔ དེའི་དོད་དུ་ལིང་ག་དགྲ་བགེགས་དངོས་སུ་གསལ་བ་ལས་འོད་ནག་པོ་འཕྲོས་ཏེ་དགྲ་བགེགས་ཐམས་ཅད་ཀྱི་བླ་ཚེ་སྲོག་གསུམ་བསོད་ནམས་ལོངས་སྤྱོད་དང་བཅས་པ་ཆུའི་ཐིག་པ་ལ་ལྕགས་སྲེགས་ཀྱི་དབལ་བཏབ་པ་བཞིན་དུ་འོད་དང་འདྲེས་པར་བསྡུས་ཏེ་ལིང་ག་ལ་ཐིམ་པར་བསམ་པ་སྟེ་གསོ་བ་རྣམ་གསུམ་མེད་ཐབས་མེད་པའོ༔ དེ་ནས་བསྒྲལ་བ་དངོས་ལ་ཕུར་བུའི་དབལ་གྱི་རྩེ་མོས་དགྲ་བོའི་ཕུང་ཁམས་སྐྱེ་མཆེད་དཀྲུག་པ་ཙམ་གྱིས་འོ་མ་ལས་མར་ཐོན་པ་བཞིན་དུ་དགྲ་བོའི་བླའི་ངོ་བོ་ནྲྀ་ཡིག་དཀར་པོ་འོད་དང་བཅས་པ་ཞིག་ཏུ་གྱུར་ཏེ་ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན་དུ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་རྐྱལ་པ་ཞོས་གང་བ་ལྟར་ཕུར་པ་ངང་མེར་གྱིས་གང་བར་བསམ༔ སླར་ཡང་ཕུང་ཁམས་སྐྱེ་མཆེད་དཀྲུག་པ་ཙམ་གྱིས་ཚེ་བསོད་ནམས་ཀྱི་ངོ་བོ་ནྲྀ་ལྗང་གུ་འོད་དང་ལྡན་པ་ཞིག་ཏུ་གྱུར་ཏེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་དྲི་མ་དང་ཉེས་སྐྱོན་ཐམས་ཅད་ཁོང་གསེང་ནས་སྦྱངས་ཏེ་སྤྱི་བོ་ནས་བྱུང་རང་ལ་ཐིམ་པར་བསམ་པ་དང༔ སླར་ཡང་ཕུར་པའི་རྩེ་མོ་ནས་འོད་ཟེར་དཀར་པོ་འཕྲོས་པས་དགྲ་བགེགས་ཀྱི་རྒྱུད་ཀྱི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་སངས་ཀྱིས་དག་པར་དམིགས་པ་ནི་ཁྲུས་ལུང་ཞེས་བྱ་སྟེ༔ དེ་དང་མཚུངས་པར་བུམ་པའི་ཆུ་དཀྱིལ་འཁོར་ལྷའི་བྱིན་རླབས་ཀྱི་བདུད་རྩིས་རིམ་པ་བཞིན་དུ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ས་བོན་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པར་བྱ་བའང་ཁྲུས་ལུང་ཞེས་བྱ་བ་ཡིན༔ ཡང་བསྒྲལ་བ་དངོས་ཀྱི་དུས་སུ་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་བཏབ་པའི་དུས་སུ་དགྲ་བགེགས་ཀྱི་རྣམ་པར་ཤེས་པ་སྦུབས་ཆུས་འདྲེན་པ་བཞིན་དུ་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་ཅན་ཞིག་ཏུ་གྱུར་པ་ཕུར་པའི་ཁོང་གསེང་ནས་ཡར་དྲངས་པའི་ཚེ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཤེལ་དཀར་གྱི་དྲི་མ་ཕྱིས་པ་ལྟར་སངས་ཀྱིས་དག་པར་བྱས་ཏེ་རྒྱ་མདུད་འོག་མ་ནས་སྤྲུལ་པའི་སྐུའི་དགོངས་པ་རྒྱུད་ལ་འཕོས༔ ཆངས་བཟུང་ནས་ལོངས་སྐུའི་དགོངས་པ་རྒྱུད་ལ་འཕོས༔ རྒྱ་མདུད་གོང་མ་ནས་ཆོས་སྐུའི་དགོངས་པ་རྒྱུད་ལ་འཕོས༔ མདུན་བསྐྱེད་ལྷའི་ཐུགས་ཀར་ཐིམ་པས་སྐུ་བཞི་ཡེ་ཤེས་ལྔའི་དགོངས་ཀློང་དུ་སངས་རྒྱས་པར་བསམ་པ་གནས་ནས་སྤར་བ་གནས་ལུང་གི་ཆོ་ག་ཡིན་ནོ༔ དེ་དང་མཚུངས་པར་ཚེ་འདས་གནས་ནས་འདྲེན་པ་ལའང་རིགས་དྲུག་གི་སྣང་བ་སྐད་ཅིག་ཙམ་དུ་ཤར་བའི་གནས་ངན་འཁོར་བའི་བག་ཆགས་ལས་ཉོན་ཐམས་ཅད་གཉིད་བཙན་ཐབས་ཀྱིས་དཀྲོག་པ་ལྟར་སངས་ཀྱིས་དག་ནས་སྤྲུལ་སྐུའི་ཞིང་སྣང་མཆེད་དེ་ཕཊ་དང་པོས་སྤྲུལ་སྐུའི་དགོངས་པར་འཕོས༔ གཉིས་པས་ལོངས་སྐུའི་དགོངས་པར་འཕོས༔ གསུམ་པས་ཆོས་སྐུའི་དགོངས་པར་འཕོས་པས་རྣམ་པར་དག་པའི་ཞིང་ཁམས་ཀྱི་སྣང་བ་ཚད་དུ་ཕེབས༔ ངོ་ཤེས་གདིང་ཐོབ་རྩལ་རྫོགས་བརྟན་པ་ཐོབ་པར་དམིགས་པ་ནི་གནས་ལུང་གི་ཆོ་ག་ཞེས་བྱའོ༔ མཐར་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཤ་ཁྲག་གི་རྣམ་པར་གྱུར་པ་ཡི་དམ་ལྷའི་ཞལ་དུ་བསྟབས་པས་འཁོར་བའི་ལྷག་མ་དབྱིངས་སུ་སྡུད་པ་དང་༔ ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་མིང་བྱང་གི་རྣམ་པར་གནས་པ་ལ་ཡེ་ཤེས་ཀྱི་མེ་སྤར་བས་འཁོར་བའི་ལྷག་མ་ཡེ་ཤེས་ལྔ་རུ་སྡུད་པ་ཡིན་པས་འདྲ་མཚུངས་པ་ཡིན༔ དེ་ལྟར་དམིགས་པའི་སྲོག་དང་ལྡན་ན་བསྒྲལ་ནས་འདྲེན་པའི་ལས་ཐམས་ཅད་ངེས་པར་འགྲུབ་པ་ཡིན༔ རྫོང་འཕྲང་སྲོག་གསུམ་གྱི་གནད་དང་མི་ལྡན་ན་དྲག་པོའི་ལས་གང་བྱས་ཀྱང་བྱིས་པའི་རྩེད་མོ་ལྟ་བུའི་ཕྱོགས་སུ་ངེས་པ་ལས་དོན་རྣམས་འགྲུབ་པར་འགྱུར་བ་མ་ཡིན་ནོ༔ དོན་དམ་པར་སྟོང་པ་ཉིད་ཀྱི་བྲུབ་ཁུང་ཆེན་པོར་སྣོད་བཅུད་གཉིས་འཛིན་གྱི་རཱུ་ཏྲ་གནས་པ་བདག་མེད་རྟོགས་པའི་ཤེས་རབ་རྣོ་མཚོན་ལྟ་བུས་བདག་མེད་ཡུལ་མེད་དུ་བསྒྲལ་ནས་རིག་པའི་ཡེ་ཤེས་མངོན་དུ་གྱུར་པ་སྐུ་གསུམ་གྱི་དགོངས་པར་སད་ནས་རྣམ་པར་གྲོལ་བའི་ས་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་གཤེགས་ཏེ་འཁོར་བའི་ལྷག་མ་དབྱིངས་སུ་སྡུད་པའོ༔ མ་དག་པ་འཁོར་བ་ངན་སོང་གི་རྒྱུ་དང་བླ་ཚེ་བདག་འཛིན་ཡིན་པས་བདག་མེད་རྟོགས་པ་འཁོར་བའི་ཚེ་ལུང་དང་༔ ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉོན་ཤེས་ཀྱི་དྲི་མ་དབྱིངས་སུ་སྦྱང་བ་སྒྲིབ་གཉིས་བག་ཆགས་བཀྲུ་བའི་ཁྲུས་ལུང་སྟེ༔ ཀུན་རྫོབ་ཏུ་བསྒྲལ་ལས་བསྟན་པས་བསྒྲལ་ནུས་པའང་དགྲ་བགེགས་ཐམས་ཅད་རང་སྣང་འཁྲུལ་པ་རྣམ་པར་རྟོག་པའི་ཆོ་འཕྲུལ་ཡིན་ལ༔ བསྒྲལ་བ་ཡང་རྣམ་རྟོག་གི་སྣང་བ་ཡིན་པས་བསྒྲལ་ནུས་པ་དེའི་དོན་ཡིན་ཏེ༔ བསྒྲལ་བ་ཡང་སྒྲོལ་བར་སྣང་བ་ཙམ་མོ༔ འགུགས་པ་ཡང་སྣང་བ་རང་དབང་བསྒྱུར་བའི་ཚུལ་དུ་བསྟན་པ་ཡིན༔ བཅིངས་པ་ནི་དོན་དམ་པར་རིག་པའི་ཆིངས་ཀྱིས་བཅིངས་པ་ཡིན༔ ཀུན་རྫོབ་ཏུ་བདག་མདུན་གྱི་ཐུགས་ཀའི་འོད་དམར་བྱད་ཐག་གི་རྣམ་པར་འཕྲོས་ནས་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ལུས་ངག་ཡིད་གསུམ་ཀུན་ནས་དཀྲིས་ཤིང་དམ་དུ་བཅིངས་ཏེ་འཕར་ལྡང་འགུལ་བསྐྱོད་ཀྱི་རྩལ་ཤུགས་མཐུ་ནུས་ཐམས་ཅད་བསྡམ་ཞིང་གཅུན་ཏེ་རོ་ཐང་ལ་འཕང་བ་ལྟར་སོང་བར་དམིགས་པ་ཡིན་ནོ༔ ལྷ་དབྱེ་བ་ལ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མ་རིག་པའི་བག་ཆགས་གཉིས་འདྲེས་པ་སོ་སོར་དབྱེ་བ་ཡེ་ཤེས་མངོན་དུ་བྱེད་པའི་ཚུལ་ནི་དོན་དམ་པ་དང་༔ ཀུན་རྫོབ་ཏུ་བྲུབ་ཁུང་གི་སྟེང་དུ་སྒྲོ་གཉིས་ཀ་ལ་ཕྲ་མེན་འུག་པའི་གདོང་ཅན་དང་༔ བྱ་རོག་གི་གདོང་པ་ཅན་བུད་མེད་ཀྱི་ལུས་ལ་གཤོག་པ་དང་བྱ་སྤུ་སྐྱེས་པ༔ དགྲ་བགེགས་ཀྱི་ལྷ་རྣམས་མྱོས་ཤིང་བརྒྱལ་བར་བྱེད་པའི་དྲི་ངན་འཕྲོ་ཞིང་སྐྲོད་པར་བྱེད་པ་དེ་གཉིས་ཀྱིས་རང་སྐད་སྒྲོགས་བཞིན་བྲུབ་ཁུང་གི་ཁར་འཛིང་འཐབ་ཀྱི་གཤོག་རླབས་གཡོབ་པའི་རྐྱེན་གྱིས་དགྲ་བོ་མགོན་སྐྱོབ་བྱེད་པའི་ལྷ་སྲུང་ཐམས་ཅད་སྨྱོ་འབོག་བརྒྱལ་ནས་དགྲ་རྣམས་ཤུལ་དུ་བོར་ཏེ་འབྲོས་སུ་ཡོད་པའི་ཕྱི་ནས་ཕྲ་མེན་མ་གཉིས་ལས་རང་འདྲ་བའི་ཕྲ་མེན་མ་འཇིགས་སུ་རུང་བ་དཔག་ཏུ་མེད་པ་འཕྲོས་ཏེ་སྡེར་མོས་བྲད༔ གཤོགས་པས་གཡབ༔ མཆུས་བཅད་ཅིང་ཟ་བཞིན་དུ་མཐའི་རྒྱ་མཚོའི་ཕ་མཐའ་གླིང་བར་མུན་པའི་སྨག་རུམ་དང་རི་རབ་ཀྱི་ཟོམ་དུ་བསྐྲད་དེ་ཕྱིར་མི་ལྡོག་པར་མགོ་རྨོངས་པར་བསམ་ལ་སྔགས་བཟླ་བཞིན་སྒྲོས་གཡབ་ཅིང་རྫས་ཀྱིས་བདུག་པར་བྱ་བ་རྣམས་ནི་རྫས་སྔགས་ཏིང་ངེ་འཛིན་གྱིས་བསྐྲད་པ་ཡིན་ནོ༔ དོན་དམ་པར་སྨྱོར་གཞུག་པ་ནི་ལས་ཉོན་བག་ཆགས་སངས་པའི་སྔ་ཐོག་ཏུ་བདེ་རྩུབ་ཀྱི་ཉམས་སློང་བའི་ཚུལ་དུ་བསྟན་པ་ཡིན༔ ཀུན་རྫོབ་ཏུ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་རླུང་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཁ་དོག་ནག་པོའི་རྣམ་པར་དགྲ་བགེགས་ཀྱི་སྲིན་ལག་རྩེ་ནས་ཞུགས་ཏེ་སྲོག་རྩའི་ནང་དུ་སོང་ཞིང་གཡོ་བའི་སྟོབས་ཀྱིས་རབ་ཏུ་སྨྱོ་ཞིང་འབོག་པར་བསམ་པ་ནི་དམིགས་པ་ཏིང་ངེ་འཛིན་གྱི་གནད་ཡིན༔ ཛྭ་ལ་པ་ཡ་ཞེས་སོགས་དྲག་པོའི་སྔགས་ཀྱི་གནད་དང་སྨྱོ་བྲུན་གྱིས་བདུག་པ་རྫས་ཀྱི་གནད་ཡིན་ནོ༔ གཏུན་དུ་བརྡུང་བའང་དོན་དམ་པར་ཐབས་ཤེས་གཉིས་སུ་མེད་པའི་སྟོབས་ཤུགས་ཆེན་པོས་བདག་ལྟའི་རཱུ་ཏྲ་ཡུལ་མེད་དུ་སྒྲོལ་བའི་ཚུལ་དུ་བསྟན་པ་ཡིན༔ ཀུན་རྫོབ་ཏུ་གཏུན་ཁྲོ་མོ་རོལ་བྱེད་ནག་མོའི་མཁའ་གསང་དུ་དགྲ་བགེགས་ཀྱི་གཟུགས་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྡུས་ཏེ་ཐབས་མཆོག་ཁྲོ་བོ་འཐག་བྱེད་འབར་བའི་རྡོ་རྗེའི་གཏུན་བུས་བརྡུངས་པས་རྡུལ་ཕྲན་ཕྱེ་མར་འཐག་པར་བསམ་པ་དམིགས་པ་ཏིང་ངེ་འཛིན་དང་༔ གཏུན་དང་གཏུན་བུ་རྫས་དང་༔ ཏ་ཐ་ཡ་སོགས་སྔགས་ཀྱི་གནད་དུ་ཤེས་སོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་རང་ཐོག་ཏུ་རང་ས་བཟུང་བས་སྐུ་བཞི་ཡེ་ཤེས་ལྔའི་དངོས་གྲུབ་འབད་མེད་དུ་ཐོབ་པ་དོན་དམ་པ་དང་༔ རྫས་ལ་བརྟེན་ནས་དངོས་གྲུབ་ལམ་ཁྱེར་བྱེད་པ་ནི་ཐབས་དང་རྟེན་འབྲེལ་དུ་བསྟན་པ་ཡིན༔ དོན་ལ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ལ་རང་དབང་བསྒྱུར་ཡང་ད་དུང་འཁོར་བའི་སྣང་སེམས་ལྷག་མར་གནས་པ་དེ་གདིང་ཐོབ་དང་རྩལ་རྫོགས་ཀྱིས་ཆོས་ཉིད་དུ་དེངས་པར་བྱ་བ་དང་༔ ཀུན་རྫོབ་ཏུ་ཚོགས་ཀྱི་ལྷག་མ་ལྷག་སྐྱོང་སྒྱུ་འཕྲུལ་གྱི་མགྲོན་ལ་ཕུལ་བ་ནི་ཐབས་དང་རྟེན་འབྲེལ་ཙམ་དུ་བསྟན་པའོ༔ དུག་གསུམ་ལས་ཉོན་གྱི་ཕུང་པོ་རྟོག་ཚོགས་རང་གྲོལ་གྱི་སྟོབས་ཤུགས་ཀྱིས་གཞོམ་པ་ལྟར་དགྲ་བགེགས་གཏོར་མ་ལ་བཀུག་ནས་དམིགས་པའི་འཕྲུལ་འཁོར་གྱིས་བཤིག་པས་ཚེ་བསོད་ནམས་རང་ལ་བསྟིམ་པ་དང་༔ རྣམ་པར་ཤེས་པ་ཡི་དམ་གཙོ་བོའི་ཐུགས་ཀར་བསྟིམ་པ་དང་༔ ཤ་ཁྲག་རུས་གསུམ་བདུད་རྩིར་བསྒྱུར་ཏེ་བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་ཧབ་ཐོབ་ཏུ་རོལ་ནས་ལས་ལ་ཉན་པར་དམིགས་པ་ཀུན་རྫོབ་ཏུ་བསྟན་པ་ཡིན༔ རྟེན་འབྲེལ་ལུགས་སུ་འབྱུང་བའི་སྲིད་པ་རིག་སྟོང་ཆོས་ཉིད་ཀྱི་རོལ་པར་ལུགས་སུ་ལྡོག་པའི་རྟེན་འབྲེལ་བཅུ་གཉིས་སྟོང་པའི་ཆ་བཅུ་གཉིས་རྟོགས་པའི་ཡུམ་ཆེན་ཆོས་སྐུའི་དབྱིངས་མངོན་དུ་གྱུར་པ་ནི་དོན་དམ་པ་དང་༔ གཏོར་མ་ཟག་མེད་བདུད་རྩི་འདོད་རྒུ་འཆར་བའི་གནས་སུ་གསལ་བ་མ་མོ་བརྟན་མའི་ཚོགས་ལ་འབུལ་ཞིང་བསྟན་པ་སྲུང་བའི་ཕྲིན་ལས་བཅོལ་བར་བྱ་བ་ཀུན་རྫོབ་བོ༔ བསྟན་པ་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཀྱི་ཁུང་དུ་གྱུར་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཡིན་ནོ༔ འཁོར་འདས་སྟོང་ཉིད་མཉམ་པ་ཉིད་ཀྱི་བྲུབ་ཁུང་དུ་ལོག་རྟོག་མི་སྲུན་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་བྲུབ་ནས་ཡེ་ཤེས་རོལ་པའི་སྟོབས་ཤུགས་ཀྱིས་ཟིལ་གྱིས་གནོན་པ་དོན་དམ་པ་དང་༔ འོག་གཞི་ལས་རླུང་ནག་པོའི་མཁའ་རུ་འཆི་བདག་ལས་ཀྱི་གཤིན་རྗེའི་ལྟོ་བའི་གྲུ་གསུམ་ལྕགས་ཁང་འབར་བའི་ཁ་ཧར་གྱིས་ཕྱེས་པར་བསམ་ལ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་སྤྲུལ་པ་དཔག་ཏུ་མེད་པས་དམ་སྲི་སྒབ་འདྲེ་ཐམས་ཅད་སྤུ་ཤད་རླུང་གིས་དེད་པ་ལྟར་སྐད་ཅིག་རང་དབང་མེད་པར་བཀུག་སྟེ་བྲུབ་ཁུང་གི་ནང་དུ་འཕང་མ་ཐག་ཏུ་ཁ་ཐག་གིས་རུབ་ནས་བྲོས་ཤིང་ཤོར་བའི་ཡུལ་མེད་པར་གྱུར་ཏེ་བདེ་བའི་ངང་དུ་བརྒྱལ་ནས་བསྐལ་པ་བརྒྱ་རུ་རྣམ་པར་རྟོག་པ་རྒྱུད་ལ་མི་སྐྱེ་བར་གནས་པ་ལ༔ རྒྱལ་བ་རྣམས་ཀྱི་སྤྲུལ་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས་བྲོ་བརྡུང་པས་ཉོན་མོངས་པའི་རྩུབ་རགས་ཐམས་ཅད་བཅོམ་ནས་འཕར་ལྡང་མེད་པར་བསམ་པ་ཀུན་རྫོབ་བོ༔ དོན་དམ་པར་དགེ་བ་བྱེད་མ་མྱོང་བ་དང་༔ བསྔོ་བའི་ཡུལ་མ་གྲུབ་པ་དང་༔ བསྔོ་བའི་མཁན་པོ་བདག་ཀྱང་མ་གྲུབ་པ་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་རོལ་པར་རོ་གཅིག་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་རང་བྱུང་ལྷུན་གྲུབ་ཏུ་རྫོགས་པའི་ངང་ལ་ཡན་པར་བཞག་པ་ལས་བསྔོ་བ་མ་གྲུབ་པའོ༔ ཀུན་རྫོབ་ཏུ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཏེ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་ཇི་ལྟར་བསྔོས་པ་དང་བསྔོ་བར་འགྱུར་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཕྱོགས་རིས་དང་སྔ་ཕྱི་མེད་པར་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་བསྔོ་བར་བྱའོ༔ སྨོན་ལམ་ཡང་དོན་ལ་རང་བྱུང་གདོད་མའི་མགོན་པོའི་གོ་འཕང་ལ་རང་དབང་བསྒྱུར་བ་ལས་སྨོན་པའི་ཡུལ་མ་གྲུབ་པ་ལ༔ ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་ལམ་གདབ་པར་བྱ་བའོ༔ དོན་དམ་པར་ཆོས་ཉིད་ཀ་དག་མཉམ་ཉིད་ཆེན་པོ་ཞི་བ་བསིལ་བ་དྭངས་པ་རྙོག་པ་དང་བྲལ་བ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ནི་བཀྲ་ཤིས་ཀྱི་ངོ་བོ་ཡིན་ཏེ༔ དེ་དང་མཐུན་པར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་མཛེས་པའི་ཆ་ལུགས་སུ་བཞེངས་ཏེ༔ ནམ་མཁའ་ལ་བཀྲ་ཤིས་པའི་གར་བྱེད་ཅིང་གསུང་ཚངས་པའི་དབྱངས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་༔ ཐུགས་སེམས་ཅན་ཐམས་ཅད་ལ་བརྩེ་བས་ཕན་བདེའི་དཔལ་སྟེར་བར་དགོངས་ཏེ༔ ཕྱག་ནས་བཀྲ་ཤིས་མཛེས་པའི་མེ་ཏོག་སྣ་ཚོགས་པའི་ཆར་འབེབས་པར་བསྒོམ་པ་ནི་ཀུན་རྫོབ་ཐབས་ཀྱི་རང་བཞིན་དུ་བསྟན་པ་ཡིན༔ དོན་དམ་པར་འཁོར་འདས་འུབ་ཆུབ་ཏུ་རོལ་པར་ཆོས་སྐུ་མཚན་མ་དང་བྲལ་བ་ལ་སྤྲོ་བསྡུ་མ་གྲུབ་པ་ལས༔ ཀུན་རྫོབ་ཏུ་བསྐྱེད་རིམ་རང་རྒྱུད་དུ་མི་གོལ་བ་དང་༔ རྟག་པར་ལྟ་བའི་མཐའ་བསལ་བ་དང་༔ དམིགས་བྱ་མཚན་མའི་བསྐྱེད་རིམ་གྱིས་དམིགས་མེད་ཀ་དག་སྤྲོས་བྲལ་གྱི་དགོངས་པ་མངོན་དུ་གྱུར་བའི་ཐབས་དང་༔ ཁམས་གསུམ་གྱི་འཁོར་བ་སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པའི་ཐབས་སུ་བསྟན་པ་ཡིན་ཏེ༔ སྔར་རྒྱུའི་ཡི་གེ་ལས་དག་པ་ཡེ་ཤེས་ཀྱི་ལྷར་སྣང་ལུགས་སུ་འབྱུང་བ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ལུགས་སུ་ལྡོག་པར་བྱ་བའམ༔ ཡང་ན་ཞིང་ཁམས་ཀྱི་བཀོད་པ་ཐམས་ཅད་གཞལ་ཡས་ཁང་ལ་བསྡུ༔ གཞལ་ཡས་ཁང་ལྷ་ཚོགས་ལ་བསྡུ༔ ལྷ་ཚོགས་ཐམས་ཅད་གཙོ་བོའི་དབྱིངས་སུ་བསྡུ༔ གཙོ་བོ་སྔགས་འཁོར་ལ་བསྡུ༔ སྔགས་འཁོར་ཧཱུྃ་ལ་བསྡུ༔ ཧཱུྃ་ཟླ་ཚེས་ལ༔ ཟླ་ཚེས་ཐིག་ལེ༔ ཐིག་ལེ་ནཱ་ད་ལ་ཐིམ་ནས་ནཱ་ད་ཆོས་དབྱིངས་སུ་བསྡུས་ཏེ་ཁྱབ་གདལ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པས་མཉམ་བཞག་གི་ལྷ་དབྱིངས་སུ་བསྡུ་བའོ༔ དོན་དམ་པར་རང་རིག་གདོད་ནས་ཡེ་ཤེས་ལྷའི་རོལ་པ་ལས་བསྐྱེད་དང་བསྒོམ་དུ་མེད་པ་ཡིན་ཏེ༔ དེའི་ཚུལ་དུ་རང་ཉིད་སྐད་ཅིག་གིས་ཆོས་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ནས་དཔེར་ན་ནམ་མཁར་འཇའ་ཚོན་མེད་པ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་དང་༔ ཆུ་ལ་ཆུ་ལྦུར་མེད་པ་ལ་ཆུ་ལྦུར་འཕྲལ་དུ་ཤར་བ་ལྟར་སྟོང་པ་ཉིད་ཀྱི་དབྱིངས་ལས་སྐད་ཅིག་དེ་ཉིད་ལ་རང་ཉིད་ཡེ་ཤེས་ལྷ་ཚོགས་གང་ཡིན་པ་དེའི་སྐུར་ལམ་གྱིས་གསལ་བའི་གནས་གསུམ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཡི་གེ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྣམ་པར་ཚུར་འདུས་པ་ལས་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གསོལ་བས་ཅིས་ཀྱང་མི་ཆོད་མི་ཤིགས་པའི་རང་བཞིན་ཅན་དུ་གྱུར་པར་བསྒོམ་སྟེ་ལྷའི་ང་རྒྱལ་དང་མི་འབྲལ་བ་ནི་ཀུན་རྫོབ་ཐབས་ཀྱི་ལམ་ཞེས་བྱའོ༔ དོན་དམ་པར་ལྷ་ལ་བསྐུལ་བ་དང་འགྲོ་འོང་མེད་པར་གཞི་དབྱིངས་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པར་རང་བྱུང་བའི་རང་ཞལ་མངོན་དུ་བྱས་ཏེ་མ་རིག་པའི་རྣམ་པར་རྟོག་པ་ཡུལ་མེད་དུ་གཏོང་བ་སྟེ༔ ལར་དགྲ་བགེགས་ཐམས་ཅད་རང་སེམས་རྣམ་པར་རྟོག་པའི་ཆོ་འཕྲུལ་ལས་གཞན་དུ་མ་གྲུབ་པ་ལ་རྣམ་རྟོག་གིས་བཟོས་པའི་ལྷ་ཞིག་གིས་སྒྲོལ་བའི་སྣང་བ་འཆར་བ་ཡིན༔ དཔེར་ན་ནད་ཀྱི་གཉེན་པོར་སེམས་པའི་རྩྭ་དང་ཤིང་ཏོག་ས་རྡོ་ཤ་ཁྲག་སྣ་ཚོགས་ཀྱི་ཕྱེ་མ་བསྡུས་ཏེ་སྟེར་མཁན་གྱིས་ཀྱང་ཕན་པར་སེམས་པ་དང་༔ ཟ་མཁན་ནད་ཀྱིས་གདུང་བ་དེས་ཀྱང་ཕན་ངེས་སུ་ཐེ་མི་ཚོམ་པར་སེམས་པ་དང་༔ གཉིས་ཀས་ཐག་ཆོད་པས་ངེས་པར་ཕན་པའི་སྣང་བ་འཆར་བ་ལྟ་བུའོ༔ ཀུན་རྫོབ་ཏུ་དགྲ་དང་བགེགས་ཀྱིས་འཚེ་བ་ལ་དོགས་པ་སྐྱེས་པའི་རྐྱེན་གྱིས་སྣང་བ་དགྲ་རུ་ལངས་པའི་དགྲ་བགེགས་ཤར་བ་ལ་བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཆོས་ཀྱི་དབྱིངས་ནས་གཟུགས་སྐུ་འཇིགས་པའི་ཆ་ལུགས་སུ་བཞེངས་ནས་མཚོན་ཆ་ཐུན་རྫས་རྣམས་ཀྱིས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་འགུག་ཅིང་སྒྲོལ་བའི་ལས་ལ་བརྩོན་པ་ནི་དཔེར་ན་མི་ཤ་དགྲ་ལ་འབེབས་པའི་དམག་དཔུང་འགྱེད་ནས་ཆས་པ་ལྟར་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་དགྲ་བགེགས་རང་དབང་མེད་པར་རི་དྭགས་གོ་རར་བཙུད་པ་ལྟར་མཐའ་ནས་བསྐོར་ཏེ་བསད་བཅད་ཀྱི་ལས་ལ་བརྩོན་པར་བསམ་པ་དཔེར་ན་རྒྱལ་པོས་དམག་འདྲེན་པ་ལྟར་བསྐུལ་བ་དང་༔ ཕོག་གཏད་པ་ལྟར་གཏོར་མ་ཤ་ཁྲག་གི་རི་དང་རྒྱ་མཚོ་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་པ་བསྔོ་བའོ༔ བཟློག་པ་ལའང་དོན་དམ་པར་ཉོན་མོངས་པའི་དགྲ་བགེགས་ཐམས་ཅད་ཆོས་ཉིད་ཡུལ་མེད་ཟང་ཐལ་གྱི་རོལ་པར་བཟློག་པ་ནི་རིག་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ་བྱ་སྟེ༔ དེའི་ཚུལ་དང་མཐུན་པར་བདག་མདུན་གྱི་ཐུགས་ཀ་དང་གནས་ཐམས་ཅད་ནས་མེ་དཔུང་དྲི་ངན་ཁྲོ་ཚོགས་ལྕགས་སྡིག་མཚོན་ཆ་ཐུན་རྫས་སྣ་ཚོགས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ལ་གོ་མཚམས་མེད་པར་འཕྲོས་པས་དགྲ་བགེགས་ཐམས་ཅད་ཁྲོ་ཚོགས་དང་ལས་མཁན་རྣམས་ཀྱིས་བསྒྲལ༔ མཚོན་ཆ་སྣ་ཚོགས་ཀྱིས་གཏུབ༔ བྱ་ཁྱུང་དང་ལྕགས་སྡིག་མང་པོས་ཟོས་པའི་ལྷག་མ་མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་གཏོར་ནས་རྣམ་པར་ཤེས་པ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་པ་ཀུན་རྫོབ་ཐབས་ཀྱི་ལམ་དུ་བསྟན་པའོ༔ དོན་དམ་པར་ཇི་ལྟ་ཇི་སྙེད་ཀྱི་ཤེས་རབ་དང་༔ ཡེ་ཤེས་ཆེན་པོ་བསྐལ་པ་དུས་མཐའི་མེ་ལྟ་བུས་སེམས་དང་སེམས་བྱུང་དང་བཅས་པ་ཐམས་ཅད་བུད་ཤིང་མེ་ལ་བསྲེག་པ་བཞིན་དུ་གློ་བུར་གྱི་དྲི་མ་མཐའ་དག་རིག་པ་རྒྱུ་འབྲས་ལས་འདས་པའི་ངང་དུ་བསྲེགས་པ་ལ་དཔེ་བྱས་ཏེ་དེའི་ཚུལ་བསྟན་པ་ལ༔ དང་པོ་བྷྲཱུྃ་ཡོངས་སུ་གྱུར་པ་ལས་དབུས་སུ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་མཐིང་ནག༔ ཤར་དུ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་དཀར་པོ༔ ལྷོར་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་སེར་པོ༔ ནུབ་ཏུ་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་དམར་པོ༔ བྱང་དུ་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་མེ་ལྕེ་ལྗང་ནག་རབ་ཏུ་འབར་བ༔ དེ་ཡང་ཞི་བ་ལ་ཟླུམ་པོ༔ རྒྱས་པ་ལ་གྲུ་བཞི༔ དབང་ལ་ཟླ་གམ༔ དྲག་པོ་ལ་གྲུ་གསུམ༔ ལྷུན་གྲུབ་ལ་ཟུར་བརྒྱད་དུ་བསྒོམ་པའོ༔ ཞི་བ་ལ་མེའི་གཞལ་ཡས་ཁང་དཀར་པོ༔ རྒྱས་པ་ལ་སེར་པོ༔ དབང་ལ་དམར་པོ༔ དྲག་པོ་ལ་ལྗང་གུའམ་སྔོ་ལྗང་༔ ལྷུན་གྲུབ་ལ་མཐིང་ནག་གམ་ཁྲ་བོར་བསྒོམ་པ་དང་༔ དེ་དག་གང་ལའང་ངོ་བོ་ཡེ་ཤེས༔ རྣམ་པ་གཞལ་ཡས་ཁང་༔ རང་བཞིན་མེ་ལྕེ་རུ་ཤེས་པར་བྱའོ༔ དེའི་དབུས་སུ་ཞི་བའི་དུས་སྔ་དྲོར་ལྷ་ཚོགས་དཀར་པོ༔ རྒྱས་པའི་དུས་ཉིན་གུང་དུ་ལྷ་ཚོགས་སེར་པོ༔ དབང་གི་དུས་སུ་དགོང་མོར་ལྷ་ཚོགས་དམར་པོ༔ དྲག་པོའི་དུས་སྲོད་ལ་ལྷ་ཚོགས་ལྗང་གུའི་རང་བཞིན་དུ་བསྒོམ་པར་བྱ་བ་ཡིན༔ ཞི་བ་ལ་བསྲེག་རྫས་ཐམས་ཅད་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་རྫས་ཀྱི་ཚུལ་དུ་བསྒོམ་ལ་ཞལ་དུ་བསྟབས་པས༔ ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམ་ནས་སྐུ་ལས་འོད་ཟེར་ཁ་དོག་དཀར་པོའི་རྣམ་པར་འཕྲོས་པས་རང་དང་དམིགས་བྱའི་རྒྱུད་ཀྱི་ནད་གདོན་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་མ་ཕོག་པ་ལྟར་སངས་ཀྱིས་དག་ནས་ལྷག་མ་ཙམ་ཡང་མེད་པར་ཡང་ཡང་བསྒོམ་པ་ནི་ཞི་བའི་དམིགས་པའོ༔ རྒྱས་པ་ལ་ལྷ་ཚོགས་ཐམས་ཅད་བཀྲ་ལམ་མེར་གསལ་བ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལྷག་པའི་ལྷ་དེའི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པར་བསམ༔ བསྲེག་རྫས་ཐམས་ཅད་ངོ་བོ་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དཔག་མེད་རྣམ་པ་བསྲེག་རྫས་སོ་སོའི་རང་བཞིན་དུ་བསྒོམ་སྟེ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པས་ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་གཟི་བརྗིད་མཐུ་སྟོབས་ནུས་པ་ཐམས་ཅད་རབ་ཏུ་རྒྱས་ཤིང་འབར་བའི་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་བྱང་སེམས་བླ་མ་ཡི་དམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པའི་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཐུགས་རྗེ་བྱིན་རླབས་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་དང་༔ སྣང་སྲིད་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཁམས་གསུམ་སེམས་ཅན་ཐམས་ཅད་དང་བཅས་པའི་ཚེ་བསོད་བཀྲག་མདངས་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ཏེ་རང་དང་དམིགས་བྱ་ལ་ཐིམ་པས་ཚེ་བསོད་དཔལ་ཡོན་དབང་བྱིན་དངོས་གྲུབ་མཐུ་སྟོབས་ནུས་པ་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་ཡང་ཡང་བསམ་པ་དང་༔ མདུན་བསྐྱེད་ལྷའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཀྱང་འོད་ཕུང་སེར་པོའི་རྣམ་པར་རང་ལ་ཐིམ་པས་ཚེ་བསོད་དཔལ་ཡོན་མཐུ་སྟོབས་ནུས་རྩལ་རབ་ཏུ་རྒྱས་ཤིང་བརྟན་པར་བསམ་པའོ༔ དབང་ལའང་བསྲེག་རྫས་ཐམས་ཅད་རྣམ་པ་རྫས་སོ་སོའི་རོལ་པ་ལ་ངོ་བོ་བདེ་སྟོང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་དུ་འཁྱིལ་བ་མཐོང་བ་ཙམ་གྱིས་ངོམས་པ་དང་༔ རེག་པ་ཙམ་གྱིས་ཚིམ་པ་དང་༔ མྱོང་བ་ཙམ་གྱིས་གྲོལ་བའི་ནུས་པ་དང་ལྡན་པ་དེ་ཉིད་ཡེ་ཤེས་ལྷའི་ཞལ་དུ་བསྟབས་པ་ཙམ་གྱིས་ཐུགས་བདེ་སྟོང་ཡེ་ཤེས་ཀྱིས་རོས་མྱོས་ཏེ་སྐུའི་བཀྲག་མདངས་གཟི་བརྗིད་མཐུ་ནུས་སྟོབས་རྩལ་ཆེན་པོ་རབ་ཏུ་འབར་བས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་༔ བཀའ་སྲུང་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཐམས་ཅད་ཀྱི་མཐུ་ནུས་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་འཁོར་འདས་གཉིས་ལ་དབང་བསྒྱུར་བའི་ནུས་སྟོབས་དང་ལྡན་པར་བསམ་པ་དང་༔ གཞན་ཡང་མདུན་བསྐྱེད་ལྷའི་ཐུགས་རྗེ་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པས་རང་ལ་ཐིམ་པ་དང་༔ བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་དང་ཞགས་པའི་དབྱིབས་ལྟར་དཔག་ཏུ་མེད་པ་འཕྲོས་པས༔ ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་གནོད་སྦྱིན་ནོར་ལྷ་གཏེར་བདག་རྣམས་ཀྱི་ལོངས་སྤྱོད་བང་མཛོད་གནས་མལ་དང་བཅས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ་མདུན་སར་འཁོད་པ་ལས༔ རང་དང་མདུན་བསྐྱེད་ཀྱི་ལྷའི་སྐུའི་གཟི་མདངས་དཔའ་ཟིལ་མི་བཟོད་པར་བྲན་དུ་ཁས་བླངས༔ ལས་ཀྱི་གཉེར་བླངས༔ གཏན་གྱི་འབངས་སུ་མཆི་བར་དམ་བཅས་མནའ་བོར་བཀའ་རྟགས་རྡོ་རྗེ་གཙུག་ཏུ་ཤར༔ དམ་ཚིག་གཉན་པོའི་སྲོག་ཐོབ་ནས་འདོད་རྒུ་ལོངས་སྤྱོད་ཀྱི་ཆར་ཆེན་པོ་རྒྱུན་མི་ཆད་པར་ཕབ་ནས་རང་གནས་སུ་སོང་བར་བསམ་པ་སོགས་དབང་གི་དམིགས་པའི་བསྒྱུར་ཁ་ལ་མཁས་པར་བྱའོ༔ དྲག་པོའི་དུས་སུ་བསྲེག་རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་བླ་ཚེ་སྲོག་གསུམ་འདུས་པའི་ངོ་བོར་དམིགས་ཏེ་འགུགས་གཞུག་ནན་དུ་བྱེད་ཅིང་མཐར་དགང་གཟར་གྱིས་བཅུས་ཚེ་དགྲ་བོ་དེའི་བླ་ཚེ་གཟུགས་ཕུང་སྲོག་དབུགས་དང་བཅས་པ་ཐམས་ཅད་འབྲས་བུ་ཕུལ་གྱིས་བཅུས་པ་ལྟར་དགང་གཟར་གྱིས་བླངས་ཏེ་མེ་དཀྱིལ་དུ་བསྒོམ་པའི་ལྷ་རྣམས་ཀྱི་ཞལ་དུ་རྐང་མཐིལ་སྐྱ་ལྷག་གེར་རྡེའུ་དོང་དུ་འཕང་པ་ལྟར་ཐིམ་པར་ཡང་ཡང་བསམ་པ་དང་༔ གཤིན་པོ་སྲོག་གཅོད་ངན་པའི་དབང་དུ་གྱུར་པའང་རཱུ་པ་དང་རྣམ་ཤེས་དབྱེར་མེད་པ་ཡི་དམ་ལྷའི་ཞལ་དུ་ཐིམ་པར་བསམ་སྟེ་སྲེག་བླུགས་གྲངས་བསྐྱར་ཏེ་དམིགས་པ་གནད་དང་ལྡན་པས་ཕུལ་ན་འདྲེ་གདོན་གྱི་རིགས་སུ་མི་སྐྱེ་བའི་གནད་ཡོད་ཅིང་༔ གཞན་པ་རྣམས་ལ་ཞི་བའི་དམིགས་པ་བྱས་ཏེ་ཚེ་འདས་ཀྱི་བླ་ཡིད་ཡི་དམ་ལྷའི་དབྱིངས་སུ་བསྡུ་བ་གནད་དུ་ཤེས་པར་བྱའོ༔ དེ་ལྟར་ཡང་ཡང་སྲེག་བླུགས་བྱས་པས་ཕྲིན་ལས་རྣམ་བཞི་འགྲུབ་པའི་དགོས་པ་ཡོད་དེ་ཀུན་རྫོབ་ཏུ་བསྟན་པ་ཡིན་ནོ༔ རང་ལུས་ལྷའི་གཞལ་ཡས་སུ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཏིལ་གྱི་གོང་བུ་ཕྱུར་བ་ལྟར་གང་བར་བསམ་སྟེ་ལག་པ་དགང་གཟར་བླུགས་ཀྱིས་བཟའ་བཏུང་ཐམས་ཅད་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རོལ་པར་ཕུལ་བ་བཟའ་བཏུང་ལམ་ཁྱེར་གྱི་སྲེག་བླུགས་བླ་ན་མེད་པ་ཡིན༔ དོན་དམ་པར་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཡེ་ཤེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་རྟོགས་ཏེ་མངོན་དུ་བྱེད་པ་སྐུ་བུམ་པའི་དབང་༔ ལྷུན་གྲུབ་རིན་པོ་ཆེའི་དབྱིངས་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་མངོན་དུ་བྱེད་པ་གསུང་གསང་བའི་དབང་༔ ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་མངོན་དུ་བྱེད་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང༔ སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་རྫོགས་པ་མངོན་དུ་བྱེད་པ་བཞི་པ་ཚིག་གི་དབང་ངམ་མཆོག་གི་དངོས་གྲུབ་བླ་ན་མེད་པ་ཡིན་ནོ༔ དེའི་ཚུལ་དུ་མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཀྱི་སྐུའི་དབྱིངས་ནས་འོད་ཕུང་དཀར་པོ་ཨོཾ་གྱིས་མཚན་པ་ཅན་འཕྲོས་པ་རང་གི་སྤྱི་བོ་ནས་ལུས་ལ་ཞུགས་པས་ལུས་སྐུ་རྡོ་རྗེ་འགྱུར་བ་མེད་པའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་རྣམ་པར་སྨིན་པའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ གསུང་གསང་བའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོ་ཨཱཿཡིས་མཚན་པ་ཅན་མགྲིན་པ་ནས་ངག་ལ་ཐིམ་པས་ངག་གསུང་རྡོ་རྗེ་འགགས་པ་མེད་པར་བྱིན་གྱིས་བརླབས་ཏེ་ཚེ་ལ་དབང་བའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་མཐིང་ནག་ཧཱུྃ་གིས་མཚན་པ་ཅན་སྙིང་གར་ཐིམ་པས་ཡིད་ཐུགས་རྡོ་རྗེ་འཁྲུལ་པ་མེད་པར་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ སླར་ཡང་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་སྤྲིན་འཁྲིགས་པ་ལྟ་བུའི་རྣམ་པར་རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་ཏེ་ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་མངོན་དུ་བྱས༔ མདོར་ན་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཡོངས་སུ་རྫོགས་པ་ཐོབ་པར་བསྒོམ་པ་ནི་ཀུན་རྫོབ་ཏུ་བསྟན་པའོ༔ དེ་ལྟར་བསྐྱེད་རིམ་ཐབས་ཀྱི་ལམ་བསྟན་པ་དེ་དག་ཐམས་ཅད་དོན་དམ་པར་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཉིད་ལ་རང་བྱུང་རང་ཆས་སུ་རྫོགས་པ་ཡིན་ནོ༔ བསྐྱེད་རིམ་ཐབས་ལམ་ལུས་ངག་གི་སྤྱོད་ཡུལ་ཐམས་ཅད་ཆོས་སྐུ་གཞིར་གནས་ཀྱི་རིག་པའི་ཉག་ཕྲན་རེ་ལ་དཔེ་བླངས་ནས་དེའི་ཚུལ་བྱ་བྱེད་བློ་ཡིད་ཀྱིས་སྤྱོད་ཡུལ་དུ་བསྟན་པ་ཙམ་མ་གཏོགས་ཡང་དག་པ་མ་ཡིན་པའི་ཚུལ་ཤེས་པར་བྱའོ༔ སྔོན་ཆད་མ་ཤེས་པའི་དབང་གིས་གཞིའི་ཡོན་ཏན་ཕན་མེད་གནོད་མེད་ལུང་མ་བསྟན་དུ་སོང་བ་ཡིན༔ འདི་ལྟར་རྫོགས་པའི་ངང་ཚུལ་ཤེས་ན་རྫོགས་པ་མངོན་དུ་བྱས་པ་ཡིན་པས་རྫོགས་པ་ཆེན་པོའི་ཐེག་པར་ངེས་པའི་ཁྱད་ཆོས་བླ་ན་མེད་པ་ཉིད་ཡིན་ནོ༔ བསྐྱེད་རིམ་ཐབས་ཀྱི་ཆ་ཤེས་རབ་ཀྱི་དབྱིངས་སུ་རིག་པས་ཐབས་ཤེས་འབྲེལ་བ་ལྟོ་སྦྱོར་གྱི་རྒྱུད་ཀྱང་འདི་ལས་གཞན་ན་མ་མཆིས་པའོ༔ གཞན་ཡང་མ་དག་པའི་སྒོ་གསུམ་དག་པ་ཡེ་ཤེས་རྡོ་རྗེ་གསུམ་གྱི་གྲོང་དུ་འཕོ་བའི་ཐབས་ནི༔ དོན་དམ་པར་ལུས་མེད་ནམ་མཁའ་རྣམ་པར་དག་པ་རྒྱལ་བ་ཐམས་ཅད་ཀྱི་གསང་བ་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབྱིངས་གང་ཟག་བློ་ཆུང་བ་དག་གིས་མི་འཆུན་པས་དེའི་ཚུལ་དང་མཐུན་པར་ཉམས་སུ་བླངས་པས་མཐར་ངོ་བོའི་དབྱིངས་སུ་གྲོལ་བར་བྱེད་པ་སྟེ༔ རང་གི་ལུས་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཡས་གྲི་གུག་འབར་བས་ཁམས་གསུམ་ཐམས་ཅད་དབང་དུ་སྡུད་ཅིང་༔ གཡོན་པས་ཐོད་པ་མཚན་ལྡན་བསྣམས་པས་ཁམས་གསུམ་སྐུ་གསུང་ཐུགས་ཀྱི་བདུད་རྩིར་རོལ་པར་བྱེད་པ༔ ཞབས་གཉིས་འདོར་སྟབས་སུ་བཞེངས་པ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་སྐུ་མཚན་དང་དཔེ་བྱད་ཀྱིས་མཛེས་པ༔ རལ་པའི་ཐོར་ཚུགས་ལ་རིན་ཆེན་སྣ་ལྔས་སྤྲས་ཤིང་རྩེ་བྲན་གྱིས་མཛེས་པ་དབུ་ལ་མེ་ཏོག་སྣ་ཚོགས་པས་ཐོད་གདེངས་བྱས་པ༔ ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་འཇའ་འོད་མེ་དཔུང་འབར་བའི་དབྱིངས་སུ་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བའི་ལུས་འདིའི་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་ཡེ་ནས་ཡིན་པ་ལས་གདོས་བཅས་ཀྱི་ཕུང་པོ་ལ་མངོན་པར་ཞེན་པའི་འཁྲུལ་པ་བཙན་ཐབས་སུ་ལྡོག་པའི་ཕྱིར་སྟོང་པ་ནང་དུ་མེད་ཀྱང་སྟོང་པ་ལུས་ཀྱི་དྭངས་མ་རུ་བཞག༔ དྭངས་མ་ནང་དབུས་སུ་བཞག་ནས་རླུང་སེམས་སྟོང་པ་ཉིད་དུ་བཅུན་པའི་ཐབས་སུ༔ ལུས་སྟོང་ར་འོད་ཀྱི་གུར་ཁྱིམ་དུ་བསྒོམ་པའི་དབུས་སུ་རྩ་སྟོང་པ་འོད་ཀྱི་སྦུ་གུ་ཅན་བདེ་བ་མཚོན་ཕྱིར་ཕྱི་དཀར་བ༔ གསལ་བ་མཚོན་ཕྱིར་ནང་དམར་བ༔ སྟོང་པ་མཚོན་ཕྱིར་བར་མཐིང་ཞུན་ལྟར་སྔོ་བ༔ བྱང་ཆུབ་ཀྱི་སེམས་མཚོན་པའི་ཕྱིར་ནང་སྟོང་པ་ཟང་ཐལ་བ༔ མདའ་སྨྱུག་འབྲིང་པོའི་ཚད་ཙམ་སྦུབས་ཡངས་དོག་མེད་པ༔ ཡར་སྣེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཧར་གྱིས་ཕྱེས་པ༔ མར་སྣེ་ལྟེ་འོག་གཉེར་པོ་ཆེར་སྨྱུག་ཚིགས་ལྟར་འགག་པ༔ དེའི་མཚན་ཉིད་ནི་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ པདྨའི་འདབ་མ་ལྟར་སྲབ་པ༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ༔ སྟོང་སང་ངེ་བ་ཆོས་སྐུའི་ངོ་བོར་གནས་པ༔ གཡས་སུ་རོ་མ་དམར་མོ་ཕྱི་དམར་ལ་ནང་དཀར་བ༔ གཡོན་དུ་རྐྱང་མ་དཀར་མོ་ཕྱི་དཀར་ལ་ནང་དམར་བ༔ གཉིས་ཀའི་མར་སྣེ་ལྟེ་འོག་དབུ་མའི་ནང་དུ་ཚུད་པ༔ ཡར་སྣེ་རྣ་ལྟག་གཉིས་ནས་གུག་ཅིང་སྣ་བུག་གཉིས་སུ་ཧ་རེ་ཟུག་པར་བསྒོམ༔ དེ་གསུམ་སྐུ་གསུམ་གྱི་མཚོན་བྱེད་དུ་ཤེས་པར་བྱའོ༔ རྩ་དབུ་མ་དེ་ལ་འཁོར་ལོ་ལྔ་བརྩེགས་ཞེས་བྱ་བའི་རྩ་འདབ་ཡོད་དེ༔ འཁོར་ལོ་དང་པོ་ན་རྩ་འདབ་སུམ་ཅུ་རྩ་གཉིས༔ གཉིས་པ་ན་རྩ་འདབ་བཅུ་དྲུག༔ གསུམ་པ་ན་རྩ་འདབ་བརྒྱད༔ བཞི་པ་ན་དྲུག་ཅུ་རྩ་བཞི༔ ལྔ་པ་ན་འདབ་མ་ཉེར་བརྒྱད་དུ་གྱེས་པར་གསལ་བ་ཡང་༔ དོན་དམ་པར་འཁོར་འདས་ཐམས་ཅད་སྟོང་ཉིད་དབུ་མས་ཁྱབ་པ་དང་༔ དེའི་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་དོད་དུ་རོ་མ་དང་༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོའི་ཚུལ་དུ་རྐྱང་མར་བཞག་པ་ཡིན་ཏེ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་མ་གྲུབ་ཅིང་མི་གནས་པའི་སྟོང་པ་ཉིད་ཡིན་ཏེ་སྟོང་པ་དབུས་སུ་བཞག་པ་སྦྱོང་བའི་གཞི་རུ་བསྟན་པ་ལས་ངེས་པར་གྲུབ་པ་མེད་པའོ༔ སྐུ་གསུམ་སྟོང་ཉིད་ཆེན་པོར་ཡེ་ནས་རང་བྱུང་བའི་ཚུལ་དུ་རྩ་གསུམ་དུ་བསྟན་པ་ཡིན༔ མ་རིག་ལས་ཉོན་གྱི་སྒྲིབ་པ་དབྱིངས་སུ་སྦྱོང་བའི་གཉེན་པོར་ཐེག་པ་རིམ་དགུར་བསྟན་པ་དེའི་ཚུལ་དུ་ལས་རླུང་ལས་ཉོན་བག་ཆགས་ཀྱི་རང་བཞིན་དུ་ཤེས་པས་རླུང་རོ་དགུ་ཕྲུགས་སུ་བསལ་བ་སྟེ༔ ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་ཁམ་ནག་གི་རྣམ་པས་ཐོན་ཏེ་ནམ་མཁར་ཡལ་བར་བསྒོམ་སྟེ་སྣ་བུག་གཡས་ནས་ལན་གསུམ་བསལ་བ་དང་༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་དམར་ནག་གི་རྣམ་པས་ཐོན་པར་བསམ་ལ་སྣ་བུག་གཡོན་ནས་ལན་གསུམ་བསལ་བ་དང་༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རླུང་སྔོ་ནག་གི་རྣམ་པས་ཕྱིར་ཐོན་ཏེ་ནམ་མཁར་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་སྣ་བུག་གཉིས་མཉམ་ནས་རླུང་རོ་ལན་གསུམ་དུ་བསལ་ཞིང་༔ ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ཐམས་ཅད་གོས་རྡུལ་སྤྲུགས་པ་ལྟར་རྡུལ་ཕྲ་རབ་ཀྱི་རྣམ་པར་ནམ་མཁའ་ལ་ཡལ་བར་བསམ་པ་དང་༔ རྩ་རླུང་ཐིག་ལེའི་ཁམས་གསུམ་འཁོར་བ་མཐའ་རུ་འཁྲུལ་པར་བྱེད་པའི་རྒྱུ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ནག་བུན་བུན་ཐོན་ནས་ནམ་མཁའ་ལ་ཡལ་བར་བསམ་ཞིང་ལུས་སྤྲུགས་བྱ་བ་ནི་ཉེས་གེགས་བསལ་བ་གནད་ཀྱི་ཡང་གཅེས་དམ་པ་རུ་ཤེས་པར་བྱའོ༔ དེ་ནས་མཉམ་བཞག་གི་རླུང་དང་༔ རྗེས་ཐོབ་ཀྱི་རླུང་གཉིས་སུ་ཡོད་པ་ལས༔ དོན་དམ་པར་ཤེས་རབ་ཀྱི་དབྱིངས་ནི་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་རིག་པ་འོད་གསལ་ཆེན་པོའི་ངང་དུ་རང་ས་བཟུང་སྟེ་སྒོ་གསུམ་བྱར་མེད་དུ་བཞག་པ་རླུང་སེམས་དབུ་མར་ཚུད་པའི་གནད་མཆོག་བླ་ན་མེད་པ་སྟེ༔ དེའི་ཚུལ་དུ་ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་ངང་ནས་རང་གི་སྣ་རྩེའི་ཐད་ཀྱི་ནམ་མཁར་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འདུས་པའི་ངོ་བོ་རླུང་མཐིང་སྐྱ་ན་བུན་འཐིབས་པ་ལྟ་བུའི་རྣམ་པར་གནས་པར་བསམ་ལ༔ རང་གི་སྣ་བུག་ནས་བྱིན་རླབས་ཡེ་ཤེས་ཀྱི་རླུང་དར་སྐུད་སྔོན་པོ་ལྟ་བུའམ༔ སྤོས་རེངས་ཀྱི་དུ་བ་ལྟ་བུར་དྲངས་ཏེ་རོ་རྐྱང་གི་ལམ་བརྒྱུད་ནས་དབུ་མའི་མར་སྣེར་ལྟེམ་གྱིས་འཁྱིལ་བའི་དབུ་མ་ཉིད་ཕྲུ་མ་ཕུས་བརྒྱང་པ་ལྟར་རྩ་མདུད་ཐམས་ཅད་ཤག་གིས་ཞིག་པར་བསམ༔ རླུང་གི་དྭངས་མ་རྩ་འདབ་ལྔ་ལ་ཐིམ་པའི་ལྷག་མ་རྣམས་དབུ་མའི་མར་སྣེ་རུ་འཁྱིལ་བར་བསམ་ལ་ཕོ་སྐོར་དང་མནན་སྟབས་ལན་གསུམ་བྱས་ཏེ་འཇམ་རླུང་ལུ་གུ་རྒྱུད་དུ་འདྲེན་པ་བར་མ་ཆད་པར་ཐུན་རེ་ལ་ཅི་ནུས་སུ་འཛིན་པ་མཉམ་བཞག་གི་རླུང་ཡིན་ནོ༔ ཡང་ན་སྙིང་གའི་ཐད་ཀྱི་རྩ་དབུ་མའི་ནང་དུ་འོད་ལྔའི་ཐིག་ལེ་ཟླུམ་པོ་གྲྭ་ཟུར་མེད་པའི་དབུས་ན་ཡི་གེ་ཨ་དཀར་པོ་གསལ་ལ་འཚེར་བ་བཅོ་ལྔའི་དུང་ཟླ་ལྟར་དཀར་བ་ཞིག་བསྒོམ༔ དབུ་མའི་མར་སྣེར་ཡེ་ཤེས་ལྔའི་རླུང་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་ཞིག་བསྒོམ་ལ་རླུང་སྔར་ལྟར་དྲངས་པའི་དྭངས་མ་ཨ་ཡིག་དང་ཐིག་ལེ་ལ་ཐིམ༔ ལྷག་མ་རླུང་གི་གཞི་སྣ་ཚོགས་རྡོ་རྗེ་ལ་ཐིམ་པར་བསམ་པ་བསྐྱང་བས་ལས་རླུང་དབུ་མར་ཚུད་ཅིང་ཡེ་ཤེས་ཀྱི་རླུང་རང་མལ་དུ་འཁོད་པར་འགྱུར་རོ༔ རྗེས་ཐོབ་ཀྱང་དོན་དམ་པར་སྣང་བ་སེམས་སུ་མི་འཁྲུལ་བར་རིག་པ་རང་གི་ཁོར་ཡུག་ལས་མི་འདའ་བ་སྟེ༔ གནད་དེ་ལྟ་བུ་དང་མི་ལྡན་པ་རྣམས་ཀྱིས་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་ཀུན་གྱི་དུས་སུ་རླུང་ཡིད་ཀྱིས་མི་བརྗེད་པར་ལྟེ་འོག་ཏུ་ཏིགས་སེ་མནན་ནས་སྡོད་པ་ནི་རྗེས་ཐོབ་ཀྱི་རླུང་སྟེ་བརྟན་པ་ཐོབ་པའི་གནད་ཟབ་ཁྱད་ཅན་ཡིན་ནོ༔ དོན་དམ་པར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཞིར་གནས་ཀྱི་དབུ་མ་མངོན་དུ་བྱེད་ཅིང་༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱིས་ལས་རླུང་རང་མལ་དུ་གསོད་ཅིང་ཡེ་ཤེས་ཀྱི་རླུང་རང་མལ་དུ་འཁོད༔ རིག་སྟོང་བྱར་མེད་ཆེན་པོ་གཏུམ་མོ་ཡེ་ཤེས་ཀྱི་མེ་བདེ་སྟོང་མཉམ་པར་སྦྱོར་བ་ཡེ་ཤེས་ལྔའི་སྟོབས་ཤུགས་རྩལ་དུ་འབར་བས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉེས་པར་བྱས་ཏེ་མ་རིག་འཁྲུལ་པའི་ལས་ཉོན་བག་ཆགས་ཐམས་ཅད་རང་སར་དག་ནས་ཆོས་སྐུ་ཀ་དག་གི་གདིང་ཆེན་པོ་རང་ཐོག་ཏུ་ཐོབ་པ་ནི་དོན་དམ་པའི་གཏུམ་མོ༔ ཀུན་རྫོབ་ཏུ་རྩ་དབུ་མ་སྟོང་ཉིད་ཀྱི་ཡར་སྣེར་བདེ་ཆེན་ཐབས་ཀྱི་རྡོ་རྗེའི་ངོ་བོ་ཧཾ་ཡིག་གི་རྣམ་པར་གསལ་བ་དང་༔ མར་སྣེར་སྟོང་ཆེན་ཤེས་རབ་ཀྱི་ངོ་བོ་ཨ་ཐུང་གི་རྣམ་པར་གསལ་བ་དང་༔ རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པ་བྱིན་རླབས་ཡེ་ཤེས་ཀྱི་རླུང་གིས་རེག་པས༔ གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་ཁ་དོག་དམར་བ༔ ངོ་བོ་བདེ་བ༔ རང་བཞིན་གསལ་བ༔ རེག་བྱ་ཚ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ༔ རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པར་གསལ་ལ་ཁུག་གྲངས་མང་པོ་དལ་གྱིས་རྔུབ་པ་དང་༔ ལྟེ་བར་དགང་བ་དང་༔ ཕོ་བར་གཞིལ་བ་དང་༔ ལྷག་མ་མདའ་ལྟར་འཕེན་པ་སྟེ༔ སྦྱོར་བ་བཞི་དང་ལྡན་པའི་གནད་ཀྱིས་མེ་ལྕེ་ལྟེ་བའི་རྩ་འཁོར་དུ་འབར་ཞིང་ཁྱབ་པས་ལས་ཉོན་བག་ཆགས་ཐམས་ཅད་ལྷག་མེད་དུ་བསྲེགས་ནས་མེ་ལྕེ་ཆེར་མཆེད་དེ་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་ཡོངས་སུ་ཁྱབ་ནས་ལས་ཉོན་བག་ཆགས་ཐམས་ཅད་ལྷག་མེད་དུ་བསྲེག༔ ཡར་མཆེད་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་ཁྱབ་ནས་ལས་ཉོན་བག་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག༔ ཡང་ཆེར་མཆེད་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་གང་ཞིང་ཁྱབ་སྟེ་ལས་ཉོན་བག་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག༔ ཡང་འབར་བ་སྤྱི་བོའི་ཧཾ་ཡིག་ལ་ཕོག་པས་ཐབས་ཤེས་འཕྲད་པའི་བདེ་སྟོང་ཡེ་ཤེས་ཀྱི་ཉམས་རྒྱས་ཏེ༔ ཐིག་ལེ་ལས་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་ངང་ན་ར་ར་བབས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་ཐམས་ཅད་གང་ཞིང་ཁྱབ་ནས་སངས་རྒྱས་བདེ་གཤེགས་སྐུའི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་གཉིས་རྫོགས༔ སྒྲིབ་གཉིས་སྦྱངས་ནས་སྐུ་བུམ་པའི་དབང་ཐོབ་སྟེ་དགའ་བའི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེས་པར་བསམ༔ ཡང་བདུད་རྩིའི་ལྷག་མ་མར་བབས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་ཐམས་ཅད་ལ་ཁྱབ་ནས་བདེ་གཤེགས་གསུང་གི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ་སྟེ་ཚོགས་རྫོགས་སྒྲིབ་པ་དག་གསུང་གསང་བའི་དབང་ཐོབ༔ མཆོག་ཏུ་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ༔ ཡང་སྙིང་གར་བབས་པས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཐམས་ཅད་ལ་ཁྱབ་ཅིང་བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་རྫོགས༔ སྒྲིབ་པ་དག༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཁྱད་པར་གྱི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་ཉམས་སུ་མྱོང་བར་བསམ༔ ཡང་ལྟེ་བར་བབས་པས་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་ཐམས་ཅད་གང་ཞིང་ཁྱབ་ནས་བདེ་གཤེགས་ཡོན་ཏན་རིགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་བདེ་སྟོང་གི་རོས་ཚིམ༔ ཚོགས་རྫོགས་སྒྲིབ་པ་སྦྱངས༔ ཚིག་དབང་རིན་པོ་ཆེ་ཐོབ༔ ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་ཉམས་སུ་མྱོང་བར་བསམ༔ ཡང་གསང་གནས་སུ་བབས་པས་བདེ་སྐྱོང་གི་འཁོར་ལོའི་རྩ་འཁོར་ཐམས་ཅད་ལ་ཁྱབ་པས་བདེ་གཤེགས་ཕྲིན་ལས་རིགས་ཀྱི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་འབུལ༔ བདེ་སྟོང་བདུད་རྩི་ཟག་པ་མེད་པའི་བདེ་བ་སྐྱེད༔ གཏུམ་མོ་ཡེ་ཤེས་ཀྱི་མེས་དྲོད་ཆེན་པོར་སྦྱར༔ བྱིན་རླབས་ཡེ་ཤེས་ཀྱི་རླུང་གིས་ནུས་སྟོབས་བསྐྱེད༔ ཚོགས་རྫོགས་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་ཐོབ༔ བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་ཉམས་སུ་མྱོང་བར་བསམ༔ སླར་ཡང་བདེ་ཆེན་གྱི་བདུད་རྩི་ཨ་ཐུང་གི་མེ་ལྕེའི་རྩ་བར་བབས་པས་བདེ་སྟོང་གི་ཡེ་ཤེས་ཆེན་པོ་ཉམས་སུ་མྱོང་༔ ཡང་བྱིན་རླབས་ཡེ་ཤེས་ཀྱི་རླུང་དང་༔ གཏུམ་མོ་ཡེ་ཤེས་ཀྱི་མེ་དང་༔ བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་གསུམ་གྱི་རང་བཞིན་ཆེར་མཆེད་ཅིང་རབ་ཏུ་འབར་བས་ལུས་ཀྱི་རྩ་ཁམས་ཐམས་ཅད་ཡོངས་སུ་གང་ནས་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ཐམས་ཅད་རྩྭ་སྦུར་ཕྲ་མོ་ལ་དུས་མཐའི་མེ་མཆེད་པ་བཞིན་དུ་བསྲེག་པར་བསམ་པ་དང་༔ ཡང་དབུ་མ་མེ་དང་བཅས་པ་ཇེ་ཆེར་སོང་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་དབུ་མའི་ནང་དུ་ཚུད་དེ་སྣོད་བཅུད་དུ་འཛིན་པའི་རྣམ་རྟོག་ལས་ཉོན་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག་ནས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམ་པ་དང་༔ ཡང་དབུ་མ་དང་བཅས་པ་ཐམས་ཅད་སྔར་བཞིན་དུ་གནས་པ་ལ་ཤེས་པ་གཏད་པའི་ངང་ནས་རླུང་གི་ཁུག་པ་གྲངས་མང་པོར་བསྐྱུར་རོ༔ ཡང་ན་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལྟེ་བར་ཨ་ཐུང་དམར་པོ་ཐིག་ལེ་ནཱ་ད་དང་བཅས་པ་དང་༔ སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་བསྒོམ་པའི་སྣ་རྩེའི་ཐད་ཀྱི་ནམ་མཁར་བྱིན་རླབས་ཡེ་ཤེས་ཀྱི་རླུང་མཐིང་ག་ན་བུན་ལྟར་འཐིབས་པ་ཉིད་དར་སྐུད་ལྟ་བུར་སྣ་བུག་གཉིས་ནས་དྲངས་པ་རོ་རྐྱང་གི་ལམ་བརྒྱུད་དབུ་མའི་མར་སྣེར་གཅིག་ཏུ་འདྲེས་ཏེ་ཨ་ཐུང་གི་ཐིག་ལེ་བསྐྱེད་པས་ཤེས་རབ་ཡེ་ཤེས་ཀྱི་མེ་ལྕེ་རབ་ཏུ་འབར་བས་ལས་ཉོན་བག་ཆགས་ཐམས་ཅད་བསྲེག༔ རྩ་མདུད་ཐམས་ཅད་རླུང་གིས་བརྒྱངས་པས་ཁྲལ་མ་ཁྲོལ་མར་ཞིག༔ མེས་རྩ་འཁོར་གང་ཞིང་དྲོད་ཆེན་པོས་ལུས་ཐམས་ཅད་ཁྱབ་པར་བསམ༔ རྩ་ཆེན་དང་རྩ་འབྲིང་དང་རྩ་ཕྲན་ཐམས་ཅད་མེ་རླུང་གིས་གང་ནས་ལུས་རྩའི་དྲྭ་བ་ཐམས་ཅད་ལ་མདུད་པ་རེ་ཡོད་པའི་སྟེང་དུ་ཐིག་ལེ་དཀར་ཆ་དང་༔ འོག་ཏུ་རཀྟ་དམར་ཆའི་ཐིག་ལེ་སོ་སོར་གནས་པ་རྣམས་དབྱེར་མེད་དུ་འདྲེས༔ ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་དུ་རྒྱས་པར་བྱས༔ དབུ་མའི་ནང་ཐམས་ཅད་མེ་ལྕེས་ཁྱབ་ནས་ཧཾ་ཡིག་གི་ཐིག་ལེ་ཞུ་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱུན་མི་ཆད་པར་ངང་ན་ར་ར་བབས་པ་ཨ་ཐུང་ལ་ཕོག་པས་མེ་དང་བདུད་རྩི་གཉིས་མེད་དུ་འབར་བས་བདེ་སྟོང་དགའ་བཞིའི་ཡེ་ཤེས་གློ་བུར་དུ་རྒྱུད་ལ་སྐྱེས་ཤིང་འགྱུར་བ་མེད་པར་བརྟན་པར་བསམ་སྟེ༔ རླུང་ཁུག་གྲངས་མང་པོ་ཐུན་ཚད་དང་བསྟུན་ནས་འཛིན༔ དུས་རྣམ་ཐམས་ཅད་དུ་དབུ་མ་དང་རྩ་འཁོར་ཀུན་ཏུ་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་མཆེད་པ་མི་བརྗེད་པར་ལྟེ་འོག་ཏུ་ཏིགས་སེ་མནན་པ་ལ་ཤེས་པ་རྒྱུན་ཆགས་སུ་གཏད་པ་ནི་རྗེས་ཐོབ་ཀྱི་གནད་ཡིན་ཏེ་དེས་ཀྱང་བདེ་དྲོད་རབ་ཏུ་འབར་བར་འགྱུར་རོ༔ འགའ་ཞིག་འདི་ལ་གཞི་བྱས་ཏེ་ནམ་མཁའི་རྣལ་འབྱོར་པ་བསླབ་པ་ནི༔ ཧུབ་སྒྲ་གསུམ་རེས་ནམ་མཁའ་ལྷག་མ་ཙམ་ཡང་མ་ལུས་པར་རང་གི་ཁ་ནས་ཞུགས་པས་ཁོག་པ་ཐམས་ཅད་སྔོ་སང་ངེ་བས་ཁེངས་པར་བསམ་ལ་ནམ་མཁས་གར་ཁྱབ་ཁོག་པས་ཁྱབ་པས་ཁོག་པའི་ནང་དུ་ནམ་མཁའ་ཐམས་ཅད་ཆུབ་པར་བསྒོམ་ལ་ནམ་མཁའ་དང་རླུང་སེམས་དབྱེར་མེད་ཧར་སང་ངེ་བར་ཆམ་གྱིས་ཀློད་ལ་ཅི་གནས་སུ་མཉམ་པར་བཞག༔ ཡང་རླུང་ཐམས་ཅད་ཁ་དོག་ལྗང་གུའི་རྣམ་པར་ཧུབ་ཀྱིས་བཏབ་པས་ནམ་མཁར་རྒྱུ་ཚད་ཀྱི་རླུང་དྭངས་མ་བཅུད་དང་ལྡན་པས་རང་གི་ཁོག་པ་མེར་གྱིས་གང་བར་བསྒོམ་པ་དང་༔ ཡང་ཧུབ་ཀྱི་སྒྲས་ཆུ་རྣམས་ཐམས་ཅད་ཁ་དོག་དཀར་པོའི་རྣམ་པར་རང་གི་ཁོང་དུ་རྔུབས་པས་ཆུ་བཅུད་ནུས་པ་དང་ལྡན་པས་རང་གི་ལྟོ་བ་མེར་གྱིས་གང་བར་བསམ་པ་དང་༔ ཡང་ཁམས་གསུམ་གྱི་ས་ཐམས་ཅད་ཁ་དོག་སེར་པོའི་རྣམ་པར་ལྷག་མ་རྡུལ་ཙམ་མ་ལུས་པར་ཧུབ་སྒྲས་རྔུབས་ནས་ཁོག་པ་ལྟེམ་གྱིས་གང་བར་བསམ་པ་དང་༔ ཡང་མེ་རྣམས་ཐམས་ཅད་འོད་དམར་པོའི་རྣམ་པར་ཧུབ་ཀྱིས་བཏབ་སྟེ་སྣང་སྲིད་ཁམས་ཀྱི་མེའི་དྭངས་བཅུད་བདེ་དྲོད་དང་བཅས་པས་བདག་གི་ལྟོ་བ་ཡོངས་སུ་ཁེངས་པར་བསམ་སྟེ་མེ་དང་སེམས་ཉིད་གཉིས་མེད་བརྡལ་ཁྱབ་ཀྱི་ངང་དུ་བཞག་པ་འབྱུང་བ་བཅུད་དུ་རོལ་པའི་རྣལ་འབྱོར་གྱི་ལམ་དམ་པ་ཡིན་ནོ༔ དོན་ལ་དབུ་མ་སྟོང་ཉིད་དང་༔ མེ་རླུང་ཇི་ལྟ་ཇི་སྙེད་པ་དང་༔ ཧཾ་ཡིག་ཐབས་བདེ་བ་ཆེན་པོ་དང་༔ ཨ་ཐུང་ཤེས་རབ་སྟོང་ཉིད་ཀྱི་ངོ་བོ་དང་༔ རྩ་འཁོར་ཡེ་ཤེས་རྣམ་པ་ལྔ་དང་༔ ཕུང་པོ་བདེ་གཤེགས་ལྔ་དང་༔ ཁམས་ལྔ་ཡུམ་ལྔ་དང་༔ དབང་པོ་བརྒྱད་སེམས་དཔའ་བརྒྱད་དང་༔ ཡུལ་བརྒྱད་སེམས་མ་བརྒྱད་དང་༔ རྟག་ཆད་མུ་བཞི་སྒོ་སྐྱོང་བཞི་དང་༔ རྟོག་ཚོགས་ཐམས་ཅད་སྟོང་པར་དེངས་པའི་དབྱིངས་ཉིད་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་སུ་ལྷུན་གྱིས་གྲུབ་པ་ཡིན་ཏེ༔ དེས་ན་བརྟན་པ་རྩ༔ གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་པའི་ངོ་བོ་ནི་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་རྩལ་དུ་རྫོགས་པས་གནས་ལུགས་གཞིའི་རྫོགས་ཆེན་ཞེས་བྱ་བ་ཡིན༔ རྫོགས་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཆོས་ཉིད་ལམ་གྱི་རྫོགས་ཆེན་ཞེས་བྱ་བ་ཡིན༔ གཞིར་གནས་ཀྱི་རྫོགས་ཆེན་ལུང་མ་བསྟན་དུ་ཡོད་པ་དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་པས་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པས་ས་ལམ་ཆིག་ཆོད་དུ་བགྲོད་པ་ནི་ལམ་ངེས་རྫོགས་ཀྱི་རྫོགས་ཆེན་ཡང་དག་པ་དེ་ཀའོ༔ དེ་ལྟར་རྩ་ཐིག་རླུང་གསུམ་སྦྱངས་པའི་ཡོན་ཏན་གྱིས་མཆོག་གི་དངོས་གྲུབ་འབྲས་བུ་རྫོགས་པ་ཆེན་པོ་མངོན་དུ་འགྱུར་བ་དང་༔ ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ལ་རང་དབང་ཐོབ་པར་འགྱུར་བ་ཡིན་ནོ༔ རྩ་རླུང་ཐིག་ལེ་དག་སྦྱོར་གྱི་རྒྱུད་ཀྱང་འདི་ལས་གཞན་དུ་མ་གྲུབ་བོ༔ ཞེས་གསུངས་སོ༔ དེར་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས་འདི་སྐད་དུ༔ ཀྱཻ༔ ལེགས་སོ་ལེགས་སོ་བཅོམ་ལྡན་འདས༔ རྡོ་རྗེ་སྟོང་པས་རིན་ཆེན་འབིག༔ སྒྲ་གཅན་སྟོང་པས་ཉི་ཟླ་ཕམ༔ མེ་ལྕེ་སྟོང་པས་བུད་ཤིང་བསྲེགས༔ རླུང་གཡོ་སྟོང་པས་དངོས་པོ་གཏོར༔ ནམ་མཁའ་སྟོང་པས་སྣོད་བཅུད་ཕམ༔ ཆོས་ཉིད་སྟོང་པས་ཆོས་ཅན་ཕམ༔ སངས་རྒྱས་རྣམས་ཀྱིས་བདུད་རྣམས་ཕམ༔ དགེ་འདུན་གྱིས་ནི་ལྟ་ལོག་ཕམ༔ སྟོང་ཉིད་བདེན་པ་རིན་པོ་ཆེས༔ སྟོང་ཉིད་ལྟ་བ་རྟོགས་པར་ཤོག༔ སྟོང་ཉིད་ལྟ་བ་རིན་པོ་ཆེས༔ རྫོགས་པ་ཆེན་པོའི་དོན་རྟོགས་ཤོག༔ རྫོགས་པ་ཆེན་པོའི་སྟོབས་ཤུགས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་གྱུར་ཅིག༔ ཅེས་སྨོན་ལམ་རྒྱ་ཆེར་བཏབ་སྟེ་ཡང་འདི་སྐད་དོ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་དེ་ལྟར་འཁོར་འདས་རྫོགས་པ་ཆེན་པོ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་འདུས་པའི་ཀློང་ཆེན་པོ་མ་དང་མཁའ་འགྲོ་ཡོངས་ཀྱི་སྙིང་གི་ཡང་ཏིག་ཆེན་པོ་འདིའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་༔ མདོ་གང་དུ་བསྡུ༔ འགག་གང་དུ་བསྡམ༔ མིང་ཇི་ལྟ་བུ་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས་བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་དང་པོ་གོང་བཞིན་དུ་གཞིའི་གནས་ལུགས་གཏན་ལ་དབབ་ནས་སྟོང་པ་ཉིད་དུ་ཐག་བཅད་པ་ནི་གཞི་སྟོང་ཉིད་དབུ་མ་ཆེན་པོ་དེ་ཀ་ཡིན༔ དེས་ན་སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་ཐམས་ཅད་དང་༔ འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་གཞི་རང་གི་ངང་ལས་མི་གཞན་པར་ཤེས་པ་ནི་འཁོར་འདས་རྫོགས་པ་ཆེན་པོ་ཞེས་བྱ་བའོ༔ གཞི་རང་ཐོག་ཏུ་གྲོལ་བ་མ་ཐོབ་པའི་སེམས་ཅན་ལ་འཁོར་བའི་རང་བཞིན་དུ་སྣང་ཞིང་མངོན་པར་ཞེན་ནས་འཁྲུལ་པ་ཡིན་ཏེ༔ བདག་རྟོག་མཚན་མ་ཡིད་བྱེད་ཀྱི་འཁྲུལ་པ་ལས་ལྡོག་ཅིང་དཔྱོད་བྱེད་ཀྱི་ཤེས་རབ་ཆེན་པོས་གཏན་ལ་དབབ་པས་གཞིའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་ཏེ་ལམ་དང་འབྲས་བུ་ཐབས་དང་ཤེས་རབ་ཀྱི་སྒོ་ཐམས་ཅད་གཞི་རང་གི་ངང་དུ་ཐག་གཏིང་དཔོག་པར་ཆོད་པ་ནི་གཞི་ནམ་མཁའ་རྣམ་པར་དག་པ་རུ་མདོ་བསྡུ་བ་ཡིན༔ འགག་གང་དུ་བསྡམ་ན་རྒྱ་མཚོའི་ནང་དུ་གཟའ་སྐར་གྱི་གཟུགས་བརྙན་སྣ་ཚོགས་པ་ཇི་ལྟར་ཤར་ཡང་རྒྱ་མཚོ་ཉིད་ལས་མི་གཞན་པས་འགག་རྒྱ་མཚོར་བསྡམ་པ་དང་༔ སྣོད་བཅུད་འདོད་ཡོན་གྱི་སྣང་བ་ཐམས་ཅད་ནམ་མཁའ་ཉིད་ལས་མི་གཞན་པས་འགག་ནམ་མཁར་བསྡམ་པ་ལྟར༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་དབྱིངས་ནམ་མཁའི་ངང་ལས་མི་གཞན་པའི་ཚུལ་ཤེས་ཏེ་འགག་ཆོས་དབྱིངས་ནམ་མཁའ་རྣམ་དག་ཏུ་བསྡམ་པ་ཡིན༔ མིང་ཇི་ལྟར་འཇུག་ན་འཁོར་འདས་ཀྱི་ཁམས་སུ་མིང་གི་རྣམ་གྲངས་ཇི་སྙེད་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་མིང་དུ་ངེས་པ་དང་༔ ཁྱད་པར་ལམ་མངོན་དུ་བྱེད་པའི་ཆོས་ཐམས་ཅད་ཀྱི་མིང་འདི་ལ་གདགས་ཏེ༔ འབྲས་བུ་མངོན་དུ་བྱེད་པ་རིན་ཆེན་བྱང་ཆུབ་སེམས་ཀྱི་གྲོང་དུ་འཕོ་ཞིང་འཇུག་པ་བླ་ན་མེད་པ་ཡིན་པས་བྱང་ཆུབ་སེམས་ཞེས་བྱ་བར་བཏགས་པ་ཡིན༔ དེའང་ཡང་དག་པའི་དོན་ཐམས་ཅད་རིན་ཆེན་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན་དོན༔ ཆུ་བོ་ཆུ་ཕྲན་ཐམས་ཅད་ཀྱི་འབྱུང་གནས་རྒྱ་མཚོར་ངེས་པ་ལྟར་ཆོས་ཐམས་ཅད་ཀྱི་འབྱུང་ཁུང་དམ་པར་ངེས་པས་དམ༔ དེ་ཉིད་སྐྱོན་དང་དྲི་མ་ཐམས་ཅད་བྲལ་བས་བྱང་༔ འཁོར་འདས་ལམ་འབྲས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ཆུབ་པས་ན་ཆུབ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་དབབ་སྟེ་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས༔ ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་གནས་ལུགས་མངོན་དུ་གྱུར་ཏེ་གདིང་རང་ཐོག་ཏུ་ཐོབ་ཅིང་༔ ས་རང་མལ་དུ་བཟུང་བས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པ་ནི་དཔེར་ན་རྨི་ལམ་གྱི་སྣང་བ་དབྱིངས་སུ་སད་པའམ༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟ་བུར་མི་སེམས་པའི་སེམས་པ་ཆེན་པོའི་ཤུགས་ཀྱིས་ཁམས་གསུམ་འཁོར་བ་སྐུ་གསུམ་གྱི་རོལ་པར་སྒྲོལ་བས་ན་སེམས་ཞེས་བྱའོ༔ བཀའ་གསང་བ་བས་ཀྱང་ཆེས་གསང་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་འདུས་པའི་བདག་ཉིད་ཅན་གྱི་ཕྱིར་གསང་ཞེས་བྱ་སྟེ༔ གཞི་བདེ་གཤེགས་སྙིང་པོ་འདི་ཉིད་ཀྱི་གནས་ལུགས་ལམ་ཉམས་སུ་ལེན་པའི་ཚུལ་རྣམས་ནི༔ སྣོད་མ་ཡིན་པ་ཐེག་པ་ཆེན་པོའི་ཆོས་ལ་མི་མོས་ཤིང་ཐེག་པ་དམན་པ་ལ་དགའ་བའི་རིགས་རྣམས་དང་༔ སྤྱིར་སེམས་ལས་སུ་མི་རུང་ཞིང་ཤེས་རྒྱུད་ལེ་ལོ་རྣམ་གཡེང་གི་དབང་དུ་གྱུར་ཏེ་མི་ཚེ་མདོ་མེད་ལ་འདའ་བ་དང་༔ གཏམ་དང་གྲོགས་ལ་དགའ་ཞིང་མི་ཚེ་དེར་འདའ་བ་བྱ་ཁྱིས་གཟན་འཚོལ་བ་བཞིན་དུ་འདུ་ལོང་ལ་འགྲིམ་པའི་རིགས་རྣམས་དང་༔ བློ་མང་ཞིང་རྒྱུད་རྩིང་བ་བྲོད་ཆུང་བ་སེམས་ན་ཅི་ཡོད་ཁ་ནས་འདོན་པ་རྣམས་དང་༔ ཚེ་འདིའི་ཁེ་དྲག་ལོ་འདོད་ཚོང་ཁེ་གཡོ་སྒྱུའི་ལས་ལ་མོས་ཤིང་བརྩོན་པ་ལས་འཆི་བ་རྣ་ལམ་དུ་བཤད་ཀྱང་སེམས་ཀྱིས་མི་མོས་པ་དག་དང་༔ ཚེ་གཅིག་ཏུ་ཆོས་དང་གང་ཟག་དཀོན་མཆོག་གསུམ་གྱི་བྱ་བ་ལ་སྐྱུག་ལོག་ཅིང་ཆོས་བཤད་པས་གོ་ལོ་ཐོས་ལོ་ཙམ་ཁ་བཤད་དུ་སྒྲོགས་ཤིང་དཀོན་མཆོག་གསུམ་ལ་ལོག་པར་ལྟ་བ་དང་༔ ཆོས་ཚིག་བཤད་ཀྱང་མི་བདེན་པའི་རྫུན་དུ་ལྟ་བ་དང་༔ བླ་མའི་དྲུང་དུ་ཆོས་ཉན་ཅིང་བླ་མའི་མདུན་སར་དད་གུས་ཆེན་པོའི་ཚུལ་བྱེད་ཀྱང་བླ་མས་མི་མཐོང་བའི་སར་དཀོར་ནོར་རྐུ་བ་དང་༔ བླ་མ་དང་ཉེ་འཁོར་གྲོགས་མཆེད་ཐམས་ཅད་ལ་གཤེ་སྐུར་ལོག་ལྟ་ངན་སྒྲོགས་བྱེད་པའི་དམ་ཉམས་དང་༔ བླ་མ་ལས་ཆོས་ཉན་ཀྱང་བླ་མ་དང་མཆེད་ལྕམ་གྱི་དབུ་འཕང་དམན་དུ་འབེབ་ཅིང་བསྟན་ལ་གནོད་པའི་ལས་ལ་སྤྱོད་པའི་བསྟན་དགྲ་སྡིག་པོ་ཆེ་རྣམས་དང་༔ བློ་གང་ལའང་མི་ཁེལ་ཞིང་ཤེས་པ་འགྱུར་སླ་བ་བསམ་པ་འགྱུར་ལྡོག་ཅན་རྣམས་ནི་ལས་ངན་ཡིན་ཏེ་གསང་སྔགས་ཀྱི་སྣོད་མ་ཡིན༔ དེ་ཐམས་ཅད་ཚེ་རབས་ཀུན་ཏུ་གསང་སྔགས་ཟབ་མོའི་ཆོས་ལ་ལས་འབྲེལ་མེད་པ་དང་༔ བདུད་དང་དམ་སྲི་ངན་པས་ཤེས་རྒྱུད་བརླབས་པའི་ལས་ངན་པ་ཡིན་ཏེ༔ དེ་དག་ལ་གསང་སྔགས་ཀྱི་ཆོས་བསྟན་ཀྱང་རྡོ་རྗེ་དམྱལ་བར་ལྟུང་བའི་རྒྱུར་གྱུར་བ་ལས་ཕན་པ་མེད་པས་རབ་ཏུ་གསང་བ་དང་༔ དུས་ནི་ཆོས་འཆད་ཉན་གྱི་དུས་མ་ཡིན་པ་ཁྲོམ་ཚོགས་འདུ་ལོང་དང་འགྲོ་བའི་དུས་ལས་ཀ་བྱེད་པའི་དུས་དྲི་གཤང་འདོར་བའི་དུས་ཁ་རྒྱལ་རྩོད་པའི་དུས་དང་༔ ཆེ་ཐབས་སུ་གདུགས་དང་མཁར་བ་དང་མཚོན་ཆ་ཐོགས་པ༔ ཉན་པ་ལས་ལྷག་པའི་ཆོས་གཞན་ཁ་ཏོན་བྱེད་པ་དང་༔ ཕྲེང་བ་འདྲེན་པ་འཁོར་ལོ་བསྐོར་བ་ཞྭ་དང་ལྷྭམ་གྱོན་པ་ལས་ཀ་བྱེད་པ་གཏམ་ལབ་པ་རྣམས་ལ་ཆོས་བཤད་དུ་མི་རུང་བ་དང་༔ མི་དད་བཞིན་དུ་འདུ་བར་འོངས་ན་ཁོ་ཡང་དམྱལ་བར་ལྟུང་བས༔ དེ་ལྟར་དུས་མ་ཡིན་པ་དང་སྣོད་མ་ཡིན་པ་རྣམས་ལ་རླུང་ཕྱོགས་ཙམ་ཡང་འཆད་སྒྲོག་བྱེད་མི་རུང་བས་རྐུས་ནོར་བཞིན་དུ་སྦ་དགོས་པ་ཡིན་པས་ན་སྦས་པའི་གསང་བ་གཉན་པོ་དང་སྤྱིར་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡེ་སངས་རྒྱས་པ་མ་འཁྲུལ་མི་གཡོ་བའི་རང་བཞིན་གྱིས་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་ལས་མི་གཞན་པར་རྒྱ་མཚོས་ཁྱབ་པ་བཞིན་དུ་འཁོར་བའི་ཆོས་ཐམས་ཅད་ཀྱིས་ཁྱབ་ཀྱང་མ་རིག་དབང་གིས་རང་བཞིན་གྱིས་གབ་པར་གནས་པས་ན་གབ་པའི་གསང་བ་སྟེ༔ གསང་ཆེན་གཉིས་དང་ལྡན་པས་གསང་ཞེས་བྱ་བ་ཡིན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པའི་སེམས་སྣང་ཐམས་ཅད་རིག་པ་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་གཞོམ་པས་སྔགས་དང་༔ ཐེག་བརྒྱད་བློའི་གྲུབ་མཐའ་ཐམས་ཅད་ཆོས་སྐུ་མཚན་མ་དང་བྲལ་བའི་ངང་དུ་གཞོམ་པར་བྱེད་པ་ནི་མཐའ་གྲོལ་རིག་པའི་ཡེ་ཤེས་ཆེན་པོ་ཡིན་པས་ན་སྔགས་ཞེས་བྱ་བ་ཡིན་ནོ༔ དེ་ལྟ་བུའི་འོད་གསལ་རྫོགས་པ་ཆེན་པོ་གསང་སྔགས་བླ་ན་མེད་པ་གཞིར་གནས་ཀྱི་རིག་པ་འདི་ཀའི་མཚན་ཉིད་ནི་མི་ཆོད་པ༔ མི་ཤིགས་པ༔ བདེན་པ༔ སྲ་བ༔ བརྟན་པ༔ ཐམས་ཅད་དུ་ཐོགས་པ་མེད་པ༔ ཐམས་ཅད་དུ་མ་ཕམ་པ༔ སེམས་ཅན་བསྒྲལ་བར་བྱེད་པ༔ སྐྲག་པར་བྱེད་པ༔ འཇིགས་པར་བྱེད་པ༔ རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ༔ རིག་སྔགས་ཐམས་ཅད་གཞོམ་པར་བྱེད་པ༔ རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ༔ མ་གྲུབ་པ་རྣམས་གྲུབ་པར་བྱེད་པ༔ གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ༔ འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ༔ སེམས་ཅན་ཐམས་ཅད་སྲུང་བ༔ ཞི་བ༔ རྒྱས་པ༔ སེམས་ཅན་ཐམས་ཅད་རེངས་པར་བྱེད་པ༔ རྨུགས་པར་བྱེད་པ༔ ལས་ཐམས་ཅད་འགྲུབ་པར་བྱེད་པ༔ གཞན་གྱི་ལས་ཐམས་ཅད་འཇིགས་པར་བྱེད་པ༔ གདོན་ཐམས་ཅད་བརླག་པར་བྱེད་པ༔ གདོན་ཐམས་ཅད་ལས་ཐར་བར་བྱེད་པ༔ འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ༔ འབྱུང་པོ་ཐམས་ཅད་སྒྲོལ་བར་བྱེད་པའི་ཡོན་ཏན་དང་ལྡན་པས་ན་རྡོ་རྗེ་ཞེས་བྱའོ༔ ཐེག་པ་ཞེས་བྱ་བ་ནི་འཁྲུལ་པའི་ཚེ་ནའང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཀྱིས་ངན་པར་མ་བསྒྱུར་བས་རང་ཐེག་པ་དང་༔ སངས་རྒྱས་པའི་དུས་སུའང་སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་བཟང་པོར་བཅོས་སུ་མེད་ཅིང་མ་བསྒྱུར་བས་བཟང་ངན་ཐམས་ཅད་རང་ཐེག་པས་ན་ཐེག་པ་ཞེས་བྱའོ༔ བདག་རྟོག་འཁྲུལ་པའི་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པའི་རང་བཞིན་དུ་གཏན་ལ་ཕབ་ནས་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱས་ཏེ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ཚུལ་རྟོགས་པ་ནི་ཤེས་པ་ཐམས་ཅད་ཀྱི་དམ་པར་གྱུར་པས་ཤེས་རབ༔ ཤེས་དང་ཤེས་བྱའི་ཡུལ་ལས་འདས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ༔ སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་མངོན་དུ་མ་གྱུར་པ་དེ་ཉིད་ད་ངོ་འཕྲོད་དེ་འཁོར་འདས་འོད་གསལ་གྱི་རོལ་པར་ཐག་ཆོད་པས་འོད་གསལ་ཞེས་བྱའོ༔ དོན་དམ་མི་ཤིགས་པའི་རྡོ་རྗེ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྙིང་པོ་གཅིག་ཏུ་དྲིལ་བའི་བདག་ཉིད་ཅན་གྱི་ཕྱིར་སྙིང་པོ་ཞེས་བྱ་བའོ༔ ལས་ཉོན་འཁོར་བའི་བག་ཆགས་ཐམས་ཅད་ལས་འདས་པས་འཁོར་འདས་ཞེས་བྱ་བ་དང་༔ དེ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་འུབ་ཀྱིས་འདུས་པས་འུབ་ཅེས་བྱ་བ་དང་༔ འཁོར་འདས་ལམ་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་ཀློང་དུ་ཡོངས་སུ་ཆུབ་པས་ན་ཆུབ་ཅེས་བྱ་བའོ༔ སྐྱེ་བའི་མཐའ་རུ་མ་ལྷུང་བས་སྐྱེ་བ་དང་བྲལ་བ༔ རྒ་བའི་མཐའ་རུ་མ་ལྷུང་བས་རྒ་བ་དང་བྲལ་བ༔ རྒུད་པའི་མཐའ་རུ་མ་ལྷུང་བས་རྒུད་པ་དང་བྲལ་བ༔ འཆི་བའི་མཐའ་རུ་མ་ལྷུང་བས་འཆི་བ་དང་བྲལ་བ་རྣམས་ལ་གཞོན་ནུའི་སྒྲ་ཞུགས་པ་ཙམ་མོ༔ གཞི་ཉིད་ནང་གསལ་ཆེན་པོ་ལྷུན་གྲུབ་ཀྱི་རོལ་པ་ཕྱི་རྒྱ་མ་རལ་བས་བུམ་པའི་མིང་གདགས་པ་ནི་དཔེར་ན་གཟའ་སྐར་ཐམས་ཅད་རྒྱ་མཚོའི་ཀློང་ལས་ཕྱི་རྒྱ་མ་རལ་བ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁའི་ཀློང་ལས་ཕྱི་རྒྱ་མ་རལ་བ་ལྟ་བུའོ༔ ལམ་གྱི་ཆོས་ཐམས་ཅད་དང་༔ ཉམས་བདེ་སྡུག་གི་མྱོང་བ་སྣ་ཚོགས་པ་དང་༔ འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་དང་༔ རྒྱུ་བསོད་ནམས་བསགས་པའི་དགེ་བ་ཐམས་ཅད་དང་༔ དེ་དག་གི་འབྲས་བུ་བདེ་སྣང་ཤར་བ་ཐམས་ཅད་མཐའ་གཅིག་ཏུ་མ་ངེས་པར་གཞི་བདེ་གཤེགས་སྙིང་པོ་ཉིད་ལ་རང་ཆས་སུ་རྫོགས་པས་ན་སྐུ་ཞེས་བྱའོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པའི་གནས་ལུགས་བློས་མི་དཔོག་པ༔ ཡིད་ཀྱིས་མི་དཔྱོད་པ༔ བརྗོད་བྱའི་ཡུལ་ལས་འདས་པ༔ ཕྱོགས་ཀུན་ནས་ཟླུམ་པས་ཐིག་ལེ་ཞེས་སུ་གྲགས་པ་དང་༔ འཁོར་འདས་ཀྱི་རྣམ་པ་ཇི་ལྟར་སྣང་ཡང་དོན་ལ་གདོད་མའི་ཡེ་གཞི་ཆེན་པོར་རོ་གཅིག་པས་ཉག་གཅིག་ཅེས་བྱའོ༔ འཁོར་འདས་ཡོངས་ཀྱི་ཆོས་ཉིད་ཁྱབ་བརྡལ་མཐའ་དབུས་དང་བྲལ་བའི་ཀློང་ཆེན་པོ་ནང་གསང་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཆེན་པོའི་ངང་རང་གསལ་བས་འོད་གསལ༔ དོན་དམ་མི་ཤིགས་པའི་བདག་ཉིད་ཅན་གྱི་རྡོ་རྗེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྙིང་པོ་གཅིག་ཏུ་དྲིལ་བའི་ངོ་བོ་ཉིད་ལ་སྙིང་པོ་ཞེས་བྱའོ༔ ཕྱོགས་གང་དུའང་མ་ངེས་མཐའ་གང་དུའང་མ་ལྷུང་བས་དབུ་མ་ཞེས་བྱ་བ་དང་༔ འཁོར་འདས་སེམས་ཀྱི་ཆོ་འཕྲུལ་དུ་ལྟ་ཞིང་མཁན་པོ་ནང་ན་གནས་པས་སྤྲུལ་པ་ཕྱིར་འགྱེད་པ་ལྟ་བུར་ཤེས་པ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་རྣམས་ཀྱང་གཞིའི་ཉག་ཕྲན་ཙམ་རེ་ཡིན་ནོ༔ གཞི་ལུང་མ་བསྟན་དུ་སོང་བའི་ཚེ་ནའང་གཞི་རང་གི་ནང་མདངས་སུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་རང་བྱུང་རང་ཆས་སུ་རྫོགས་པ་ལས་མེད་དུ་མ་སོང་བས་གཞི་དུས་ཀྱི་རྫོགས་པ་ཆེན་པོ་ཞེས་བྱའོ༔ ལམ་དུས་ཀྱི་རྫོགས་པ་ཆེན་པོ་གཞིར་གནས་ཀྱི་རིག་པ་མངོན་དུ་གྱུར་བའི་དུས་སུ་སེམས་དང་སྣང་བ་མ་བཅོས་རང་གར་ཡན་པས་ན་རང་ཀ་མའི་སེམས་དང་སྣང་བ་རྫོགས་པ་དང་༔ ཆོས་ཉིད་ཆད་ལྟ་རུ་མ་སོང་བས་མུ་སྟེགས་རྟག་པར་ལྟ་བའི་ཚུལ་རྫོགས་པ་དང་༔ རྟག་པར་ལྟ་བའི་མཐའ་རུ་མི་འཛིན་པས་ཆད་པར་ལྟ་བའི་ལམ་འཚོལ་གྱིས་སེམས་རྫོགས་པ་དང༔ སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡུལ་རང་རྒྱུད་པར་བཟུང་ནའང་བདག་གི་ངོས་ནས་མེད་པ་གང་ཟག་གི་བདག་མེད་རྟོགས་པས་ཉན་ཐོས་ཀྱི་ཐེག་པ་རྫོགས་པ་དང་༔ ཁམས་གསུམ་གྱི་སྣང་སེམས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་དུ་རྟོགས་པས་རང་རྒྱལ་གྱི་ཐེག་པ་རྫོགས་པ་དང་༔ སྣང་བ་སེམས་ལས་མི་གཞན་པར་ཐག་ཆོད་པས་སེམས་ཙམ་གྱི་ཐེག་པ་རྫོགས་པ་དང་༔ བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༔ འཁོར་འདས་བྱང་ཆུབ་སེམས་ཀྱི་རྒྱས་ཐེབས་པས་བྱང་སེམས་ཀྱི་ཐེག་པ་དང་༔ འཁོར་འདས་སྟོང་ཉིད་ཆེན་པོར་རྟོགས་པ་དེ་ཀ་དབུ་མ་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་དེ་དག་ཐམས་ཅད་རྫོགས་པའོ༔ བྱ་སྤྱོད་ཐ་མལ་དུ་མི་འཆོལ་བས་ཀྲི་ཡའི་ཐེག་པ་རྫོགས་པ་དང་༔ ལྟ་བ་དང་སྤྱོད་པ་གཉིས་མེད་དུ་སྤྱོད་པས་སྤྱོད་རྒྱུད་ཀྱི་ཐེག་པ་རྫོགས་པ་དང་༔ ལྟ་བ་གཙོ་བོར་ཤེས་པས་རྣལ་འབྱོར་ཡོ་གའི་ཐེག་པ་རྫོགས་པ་དང་༔ ལྷ་དང་རང་སྣང་གཉིས་སུ་མེད་པའི་དོན་རྟོགས་པས་མ་ཧཱ་ཡོ་གའི་ཐེག་པ་ཐམས་ཅད་རྫོགས་པ་དང་༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ཚུལ་རྟོགས་པས་ཨ་ནུའི་ཐེག་པ་ཐམས་ཅད་རྫོགས་པ་དང་༔ སེམས་གང་ཤར་མ་བཅོས་རང་གར་ཡན་པས་སེམས་སྡེ་རྫོགས་པ་དང་༔ དབྱིངས་དང་རིག་པ་གཉིས་སུ་མེད་པའི་དོན་རྟོག་པས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ལ་ཀློང་སྡེའི་ཐེག་པ་རྫོགས་པའོ༔ དེ་ལྟར་ཐེག་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པའི་ཚུལ་རྟོགས་པ་ལ་གསང་བ་མན་ངག་གི་ཐེག་པ་ཞེས་བྱ་སྟེ་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོར་གྱུར་ཅིང་ས་ལམ་ཐམས་ཅད་གཅིག་ཆར་དུ་རྫོགས་པས་ན༔ སྙིང་པོ་གཅིག་ཏུ་དྲིལ་བའི་ཐེག་མཆོག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ༔ ཐེག་པ་གཞན་རྣམས་ནི་རྫོགས་པ་ཆེན་པོའི་ཉག་ཕྲན་རེ་ཙམ་རང་རང་གི་ཐེག་པར་བཟུང་བ་དཔེར་ན་རྒྱ་མཚོ་ལས་ཆུ་ཐིགས་བླངས་ཏེ་རྒྱ་མཚོ་རུ་བཟུང་བ་ལྟ་བུའི་ཕྱོགས་སུ་ངེས་པའི་ཕྱིར༔ དབང་པོ་ཐ་མའི་ཐ་མ་ལ་འདུལ་བ་དང་ཉན་ཐོས་ཀྱི་ཐེག་པ༔ ཐ་མའི་འབྲིང་ལ་རང་རྒྱལ་གྱི་ཐེག་པ༔ ཐ་མའི་རབ་ལ་བྱང་སེམས་ཀྱི་ཐེག་པ༔ འབྲིང་གི་ཐ་མ་ལ་ཀྲི་ཡའི་ཐེག་པ༔ འབྲིང་གི་འབྲིང་ལ་ཨུ་པ་ཡའི་ཐེག་པ༔ འབྲིང་གི་རབ་ལ་ཡོ་གའི་ཐེག་པ་དང་༔ དབང་པོ་རབ་ཀྱི་ཐ་མ་ལ་མ་ཧཱ་ཡོ་ག༔ རབ་ཀྱི་འབྲིང་ལ་ཨ་ནུ་ཡོ་ག༔ རབ་ཀྱི་རབ་ལ་ཨ་ཏི་སྡེ་གསུམ༔ ཡང་རབ་ཀྱི་ཐ་མར་སེམས་སྡེའི་ཐེག་པ༔ འབྲིང་ལ་ཀློང་སྡེའི་ཐེག་པ༔ ཡང་རབ་ཀྱི་རབ་ཏུ་གྱུར་པ་ལ་གསང་བ་མན་ངག་གི་སྡེ་བསྟན་པ་རྣམས་ནི་གང་ཟག་རང་རང་གི་དབང་སྐལ་དང་མཐུན་པར་སྐྱེས་བུ་གཅིག་གིས་རྣམ་པར་གྲོལ་བའི་ས་ལམ་ལ་བགྲོད་པར་བསྟན་པ་ཡང་༔ སེམས་ཅན་གྱི་སེམས་གཞི་ལ་བཟང་ངན་དང་ཆེ་ཆུང་མེད་ཀྱང་བདག་འཛིན་གྱི་དབང་གིས་བདག་མེད་ཀྱི་དོན་མི་རྟོགས་པས་དབང་པོ་ལ་བཟང་ངན་ལྟར་བཤད་ཅིང་ཐེམ་སྐས་བཞིན་རིམ་པ་བཞིན་དུ་བགྲོད་པའི་ལམ་ལ་ཐེག་པའི་རྣམ་གྲངས་སུ་བསྟན་པ་ཡིན༔ འོག་མའི་ས་ནས་སྟེང་དུ་ཕྱིན་མི་སྲིད་པ་གནམ་སྒོ་བཀག་པ་ལྟ་བུ་དང་༔ དང་པོ་ནས་སྟེང་དུ་ཡོད་པ་ལས་འོག་མར་བགྲོད་མ་དགོས་པ་གཟའ་སྐར་ཤར་བ་ལྟ་བུ་མ་ཡིན་ཏེ༔ སྔོན་སྦྱངས་ཀྱི་སྟོབས་ཀྱིས་ཐེག་པ་གང་དང་འཕྲད་ཀྱང་དེའི་ལས་འཕྲོ་རིམ་གྱིས་སད་པར་འགྱུར་བ་ཡིན་པས་ཤེས་པར་མཛོད༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ཞེས་བྱ་བ་ཀ་དག་རྫོགས་པ་ཆེན་པོའི་ཆོས་ཉིད་འདི་ལ་ཤེས་རབ་བདུན་རང་ཆས་སུ་རྫོགས་པ་ཡིན་ཏེ༔ བདུན་པོ་ནི་འདི་ལྟ་སྟེ༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་རོ་གཅིག་པའི་ངང་མ་རིག་ཉོན་ཤེས་ཀྱི་བསྒྲིབ་པས་གཞི་ལུང་མ་བསྟན་དུ་སོང་སྟེ་སེམས་གཉིས་འཛིན་གྱི་དབང་དུ་འཁྲུལ་པ་ལས༔ དེའི་ངང་ཚུལ་དངོས་པོའི་ཡིན་ལུགས་ལ་བརྟག་ཅིང་དཔྱད་པས་ཡུལ་མེད་ཟང་ཐལ་གྱི་རང་བཞིན་དུ་ཤེས་པ་ནི་སོ་སོར་རྟོག་པའི་ཤེས་རབ་ཅེས་བྱ་བ་ཡིན༔ དེ་ནི་སྣང་བའི་ཆོས་ཐམས་ཅད་སོ་སོ་རང་རང་གི་ངོས་ནས་སྟོང་ཉིད་དུ་རྟོགས་པ་ཡིན༔ མཐར་འཁོར་འདས་ཀྱི་ཆོས་ཐམས་ཅད་བདག་མེད་སྟོང་པ་ཉིད་དུ་ཐག་ཆོད་པའི་ངང་རྒྱུད་ལ་བརྟན་པ་ནི་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་བ་ཡིན༔ དེ་ནི་སྣང་བའི་དངོས་འཛིན་གཏིང་ནས་ཞིག་པ་ཡིན༔ ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞི་རང་ཆས་སུ་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཇི་ལྟ་བ་མཁྱེན་པའི་ཤེས་རབ་ཅེས་བྱ་སྟེ༔ འཁོར་འདས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ཆུ་དྭངས་གསལ་གྱི་ཆ་ལས་སྣང་བ་དང་༔ སྣོད་བཅུད་འདོད་ཡོན་ཐམས་ཅད་ནམ་མཁའ་དྭངས་གསལ་གྱི་ཆ་ལས་སྣང་བ་རྣམས་དྭངས་གསལ་གྱི་ཆ་དེ་མེད་ན་སྣང་བར་མི་འགྱུར་བ་དང་༔ མེ་ལོང་ལ་དྭངས་གསལ་གྱི་ཆ་མེད་ན་གཟུགས་བརྙན་མི་སྣང་བ་བཞིན་དུ༔ གཞི་དྭངས་གསལ་གྱི་ཆ་མེད་ན་སྣང་བ་མི་མཆེད་པས་དྭངས་གསལ་གྱི་ཆ་དེ་དངོས་པོར་བཟུང་བས་སྣང་བ་མཆེད་པ་ཡིན་པས་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན༔ དཔེར་ན་རྒྱ་མཚོའི་གཟའ་སྐར་ལ་ཆུའི་རྒྱས་ཐེབས་པ་དང་༔ སྣོད་བཅུད་ཐམས་ཅད་ལ་ནམ་མཁའི་རྒྱས་མ་ཐེབས་པ་མེད་པ་བཞིན་དུ་འཁོར་འདས་ཐམས་ཅད་ལ་ཆོས་ཉིད་རིག་པའི་ཡེ་ཤེས་ཀྱི་རྒྱས་མ་ཐེབས་པ་མེད་པར་ཁྱབ་པ་ལ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོ་ཞེས་བྱ་སྟེ༔ འཁོར་འདས་ཐམས་ཅད་ཆུ་ཟླ་ལྟ་བུར་མངོན་དུ་བྱེད་པ་ཡིན༔ དེ་ལྟར་ཤེས་རབ་ཆེན་པོས་རྟོགས་ནས་གདིང་རང་ཐོག་ཏུ་བཅའ༔ ས་རང་ས་རུ་བཟུང་བས་མ་དག་པ་ལས་ཀྱི་འཁོར་བ་དབྱིངས་སུ་སྒྲོལ་ཞིང་ཆོས་སྐུའི་རང་ཞལ་མངོན་དུ་བྱེད་པ་སྒྲོལ་བའི་ཤེས་རབ་ཅེས་བྱ་སྟེ༔ བྱ་བ་ཐམས་ཅད་དགུ་ཕྲུགས་སུ་བཏང་བས་བྱར་མེད་དུ་གནས་པ་ཡིན༔ མ་དག་གཉིས་འཛིན་གྱི་འཁོར་བའི་སྣང་ཞེན་ཐམས་ཅད་དག་པ་མཉམ་ཉིད་ཆེན་པོར་བཙན་ཐབས་སུ་སྦྱོར་བའི་ཕྱིར་སྦྱོར་བའི་ཤེས་རབ་ཅེས་བྱ་སྟེ༔ བཟང་ངན་རེ་དོགས་ཀྱི་ཡུལ་ཐམས་ཅད་མེད་མཉམ་དུ་ཤེས་པ་ཡིན༔ ཆོས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་ཡོ་ལང་དུ་རྟོགས་པས་མ་དག་ལས་ཉོན་འཁྲུལ་པའི་འཁོར་བ་ཐམས་ཅད་ཡུལ་མེད་དུ་གཞོམ་ཞིང་བསྲེགས་པས་ན་གཞོམ་པའི་ཤེས་རབ་ཅེས་བྱ་སྟེ༔ སྟོང་ཉིད་མངོན་དུ་བྱས་ཏེ་གདིང་ཐོབ་པ་ཡིན་ནོ༔ ཀྱཻ་རིགས་ཀྱི་བུ་ཤེས་རབ་ཆེན་པོ་ནི་བསྐལ་པ་འཇིགས་པའི་དུས་མཐའི་མེ་མཆེད་པ་ལྟ་བུ་སྟེ༔ ལས་ཉོན་བག་ཆགས་འཁྲུལ་སྣང་ཐམས་ཅད་རྩྭ་སྐམ་ལ་མེ་མཆེད་པ་ལྟ་བུ་ཆོས་ཉིད་རྒྱུ་འབྲས་ལས་འདས་པར་བསྲེག་པར་འགྱུར་རོ༔ ཤེས་རབ་ཆེན་པོ་ནི་མཁའ་ལ་ཉི་མ་ཤར་བ་ལྟ་བུ་སྟེ༔ མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་པར་འགྱུར་རོ༔ ཤེས་རབ་ཆེན་པོ་ནི་ནམ་མཁའ་ལྟ་བུ་སྟེ༔ དམ་པའི་ཆོས་ཐམས་ཅད་སྣོད་བཅུད་ལྟ་བུར་ཁོང་དུ་ཆུབ་པར་བྱེད་དོ༔ སྐད་ཅིག་མ་དང་པོར་སེམས་ཅན་དམུས་ལོང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་གདུང་ཞིང་བཅིངས་པ་ཉོན་མོངས་པ་དང་བག་ཆགས་དུག་གི་རྐྱལ་པ་ལྟ་བུར་གྱུར་པ་ཞིག་ལ༔ སྐད་ཅིག་མ་གཉིས་པར་ཤེས་རབ་ཆེན་པོ་ངོ་འཕྲོད་པ་ཙམ་གྱིས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པར་གྱུར་ནས་འགྲོ་བ་ལྷ་དང་བཅས་པའི་སྐྱེ་རྒུ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ༔ མཆོད་པ་དང་བཀུར་སྟི་བྱ་བའི་འོས་སུ་གྱུར་པ༔ བསོད་ནམས་ཀྱི་ཞིང་སར་གྱུར་པ༔ ཚོགས་རྣམས་ཀྱི་མཆོག་ཆེན་པོར་འགྱུར་བ་ཡིན༔ མ་དག་པ་ལས་ཀྱི་བསྐལ་པ་འདིས་འཇིག་པར་བྱེད་པ་དོན་དམ་པ་ཡིན༔ ཀུན་རྫོབ་ཏུ་བསྐལ་པ་འཇིག་པའི་མེ་བདུན་བསྟན་པའོ༔ དག་པ་ཡེ་ཤེས་ཀྱི་རླུང་བདུན་ཡོད་དེ༔ རླུང་བདུན་གང་ཞེ་ན་འདི་ལྟ་སྟེ༔ མ་དག་འཁོར་བའི་སེམས་དང་སྣང་བའི་ཁམས་སོ་སོར་རྒྱུ་ཞིང་རྟག་བརྟན་ཐེར་ཟུག་གི་མངོན་ཞེན་སྟོང་ཉིད་དུ་གཏོར་བར་བྱེད་པ་འགྱུ་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ སྣང་བའི་ཡུལ་ཐམས་ཅད་འགྱུ་ཞིང་བདེན་མེད་དུ་ཤེས་པར་བྱ་བ་ཡིན༔ འཁོར་འདས་ཐམས་ཅད་གཞིས་ཁྱབ་ཅིང་གཞི་མངོན་དུ་བྱེད་པ་ཁྱབ་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ མ་བསྒོམ་རང་སར་བཞག་པས་རང་ངོ་མངོན་དུ་གྱུར་པ་ཡིན༔ མ་དག་པ་སེམས་ཀྱི་སྒོ་སྟོང་ཉིད་དབུ་མ་ཆེན་པོར་སྡོམ་པར་བྱེད་པས་སྡོམ་བྱེད་ཤེས་རབ་ཀྱི་རླུང་ཞེས་བྱ་སྟེ༔ བརྗོད་མེད་བློ་འདས་ཆེན་པོར་རང་ས་འཛིན་པ་ཡིན༔ ཆོས་ཉིད་སྤྲོས་བྲལ་བློ་འདས་ཡེ་བབས་ཆེན་པོར་ཁོར་ཡུག་ཏུ་འཛིན་པ་འཛིན་པ་ཐབས་ཀྱི་རླུང་ཞེས་བྱ་སྟེ༔ བརྗོད་མེད་ཁོར་ཡུག་ཏུ་འདྲེས་པ་ཡིན༔ མཐར་འདི་ལྟར་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡུལ་མེད་ཆེན་པོར་གཏོར་ཞིང་འཇིག་པར་བྱེད་པའི་ཕྱིར་བསྐལ་པ་འཇིག་བྱེད་ཀྱི་རླུང་ཞེས་བྱ་སྟེ༔ ཆོས་ཟད་བློ་འདས་ཆེན་པོར་འཕེན་པར་བྱེད་པ་ཡིན༔ ཡེ་ཤེས་ཀྱི་རླུང་བརྡལ་ཁྱབ་ཏུ་རྒྱུ་བས་འཁོར་བའི་སྲོག་གཅོད་ཅིང་མྱ་ངན་ལས་འདས་པའི་དབྱིངས་སུ་འཕེན་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱ་སྟེ༔ སེམས་སྣང་སྟོང་ཉིད་དུ་འཆར་ཏེ་མཐར་འཁྲུལ་མི་ཤེས་པའི་དབྱིངས་སུ་འཕེན་པ་ཡིན༔ མ་རིག་པའི་མུན་ཁམས་ཐམས་ཅད་དྲུང་ནས་འབྱིན་ཏེ་ལས་ཉོན་བག་ཆགས་ཡུལ་མེད་དུ་བསྲེགས་པས་མེ་དང་མཉམ་པའི་རླུང་ཞེས་བྱ་སྟེ༔ ཉོན་མོངས་པ་དང་རྣམ་པར་རྟོག་པ་དབྱིངས་སུ་ཆོམ་སྟེ་རྣམ་མཁྱེན་གྱི་སྲོག་ཡེ་ཤེས་སུ་རྒྱུ་བ་ཡིན༔ དེ་ལྟར་དག་པ་ཡེ་ཤེས་ཀྱི་རླུང་ཆེན་རྣམ་པ་བདུན་གྱིས་ལས་རླུང་རང་མལ་དུ་གསོད་པ་སྟེ༔ ཡེ་ཤེས་ཀྱི་རླུང་རང་མལ་དུ་རྒྱུ་ཞིང་འཁོད་པས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མི་རིང་བར་མྱུར་དུ་ཐོབ་པར་བྱེད་པའོ༔ དེ་ལྟར་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་གསལ་བའི་ཆ་ལ་ཤེས་རབ་ཞེས་བྱ་སྟེ༔ དེའི་རང་གསལ་སྟོབས་ཤུགས་ཀྱི་ཆ་ལ་རླུང་ཞེས་བྱའོ༔ དེ་ལྟར་ཇི་སྙེད་པའི་ལམ་དང་འབྲས་བུ་ཐམས་ཅད་ཆོས་སྐུ་གཞིར་གནས་ཀྱི་རིག་པ་རང་ལ་རྫོགས་པའི་ཚུལ་བསྟན་པ་ཡིན་ཏེ༔ འོད་གསལ་རྫོགས་པ་ཆེན་པོའི་ཐེག་པ་མཆོག་ཏུ་ངེས་པར་བྱ་བའི་ཕྱིར་ཐེག་པ་གཅིག་པུ་འདིའི་གནད་དོན་བསྐྱར་ཟློས་ཡང་ཡང་བྱས་ཏེ་མ་བསྟན་ན་ཇི་བཞིན་རྟོགས་པར་མི་འགྱུར་བའི་ཕྱིར་འདི་ལྟར་བཤད་པ་ཡིན་པས་མ་འོངས་པའི་རྗེས་འཇུག་རྣམས་ཀྱིས་གནད་འདིའི་གཏིང་དཔོག་ཅིང་མཐའ་ཆོད་པར་བྱེད་པ་ནི་སྒོམ་གྱི་ངོ་བོའམ་སྙིང་རྡོ་དམ་པ༔ གོལ་ས་གཅོད་པའི་སྤུ་གྲི༔ ཡེ་ཤེས་ཀྱི་མིག་གཅིག་པུ་དང་༔ ལྟ་བ་ནི་ནམ་མཁའི་ཀློང་ཡངས་ཞེས་བྱ་བ་ཡིན་ཏེ་ཤེས་པར་གྱིས་ཤིག༔ འདི་མི་ཤེས་པའི་དམུས་ལོང་རྣམས་ཀྱིས་ཇི་ཙམ་སྒོམ་ཀྱང་ཁམས་གོང་མ་ལས་མི་འཕགས་པའི་རྒྱུ་མཚན་གཞི་ཀ་དག་ཁྱབ་བརྡལ་གྱི་གནས་ལུགས་མ་ཤེས་པ་ནི་མ་རིག་པ་ཡིན་ཏེ༔ མ་རིག་པ་ནི་ཁམས་གསུམ་གྱི་འཁྲུལ་གཞི་ཡིན་པས་དེའི་ཕྱིར་འཁོར་བ་ལས་མི་འཕགས་པའོ༔ འཁོར་འདས་གདོད་མའི་ཡེ་གཞི་ཆེན་པོར་གཉིས་སུ་མེད་པར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་རིག་པའི་ཡེ་ཤེས་ཞེས་པ་སྟེ༔ གཞི་དེས་བསྐྱེད་པའི་དགེ་ཚོགས་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཁོ་ན་ཡིན་པ་ཤེས་པར་གྱིས་ཤིག༔ ཅེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁམས་གསུམ་གྱི་སེམས་ཅན་དམུས་ལོང་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་དུ༔ མ་རིག་པས་རྒྱུ་བྱས་གཟུང་འཛིན་གཉིས་ཀྱིས་རྐྱེན་བྱས་ཏེ་འཁོར་བ་མཐའ་མེད་པའི་གནས་སུ་འཁྲུལ་པའི་འཁོར་ལོ་བར་མ་ཆད་པར་ཁོར་ཡུག་ཏུ་ཞེན་ཅིང་མ་རིག་པའི་སྒོང་རྒྱར་བག་ཆགས་ཀྱི་དྲི་མ་སྡུད་པའི་དབང་གིས་སྡུག་བསྔལ་གྱི་ཁུར་ཆེན་པོས་ནོན་པ་ལས༔ འདི་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ཤུགས་ཆེན་པོས་བག་ཆགས་ཀྱི་སྒོང་རྒྱ་ཁྲོལ༔ མ་རིག་པའི་མལ་ནས་སད་པས་སྔོན་གྱི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མ་མྱོང་བ་ལ་མྱོང་བར་སྣང་བའི་འཁྲུལ་སྣང་བདེན་པར་བལྟས་ཏེ་མྱོང་ཞེན་གྱི་ཚུལ་ལ་བསམ་ནས་གད་མོ་བྲོ་བ་ནི་འདི་ལྟ་སྟེ༔ མིང་གི་གདགས་གཞི་མ་གྲུབ་པར་ཡུལ་མེད་སྟོང་པ་ལ་མིང་ཐ་དད་དུ་བཏགས་ཏེ་རང་གིས་རང་བསླུས་པ་འདི་ཧ་ཧ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྨིག་རྒྱུ་ཆུ་རུ་བཟུང་བ་ལྟ་བུ་དང་སྒྱུ་མའི་དགའ་སྟོན་ལ་ལོངས་སྤྱོད་བདག་གིར་འདོད་པ་ལྟ་བུས་རྟག་པར་བཟུང་སྟེ་མངོན་པར་ཞེན་ཅིང་སྔ་ནུབ་ཕྱི་འབྱུང་བརྟན་གནས་མེད་པ་འདི་མ་མཐོང་བས་མགོ་འཁོར་བ་དེ་ཧ་ཧ༔ སྣང་བ་བརྟན་མེད་དུ་འབྱུང་འགྱུར་བྱེད་པའི་མཚང་མི་རིག་པར་ལོངས་སྤྱོད་གསོག་འཇོག་གཏན་ནོར་དུ་རློམ་པ་དེ་ཧ་ཧ༔ ཆོས་ཉིད་རྒྱུ་འབྲས་ལས་འདས་པ་ཀ་དག་གི་རང་ས་འཛིན་པ་སངས་རྒྱས་ཡིན་པར་མ་རིག་སྟེ་ལུས་ངག་གི་དགེ་བས་འཁོར་བར་བསོད་ནམས་བསགས་པས་འཚང་རྒྱ་བར་རེ་བ་དེ་ཧ་ཧ༔ འཁོར་འདས་སྟོང་ཉིད་ཆེན་པོའི་རང་བཞིན་ཡུལ་མེད་ཟང་ཐལ་དུ་མཐོང་ཚེ་ཡུལ་སྣོད་བཅུད་ཅན་དུ་བཟུང་བའི་སངས་རྒྱས་དང་ཞིང་ཁམས་ཐམས་ཅད་གཡང་ས་རུ་ལྷུང་བ་དེ་ཧ་ཧ༔ སྣོད་བཅུད་འདོད་ཡོན་ཐམས་ཅད་གཞི་མེད་རྩ་བྲལ་ཆེན་པོ་རྨི་ལམ་སྒྱུ་མ་ལྟ་བུར་མེད་བཞིན་ཡོད་པར་སྣང་བ་སྐད་ཅིག་གིས་མཆེད་པ་དང་ཡལ་བ་དུས་མཉམ་པ་མཁའ་ལས་གློག་འཁྱུག་པ་ལྟ་བུར་མཐོང་ཚེ་འཁོར་བའི་འཁོར་ལོ་རླུང་གིས་ཁྱེར་བ་དེ་ཧ་ཧ༔ ཚེ་རབས་ཐོག་མཐའ་མེད་པའི་དུས་ནས་རང་ངོ་ཀ་དག་ཆོས་ཀྱི་དབྱིངས་ལས་འཕོ་འགྱུར་སྐད་ཅིག་ཙམ་ཡང་མེད་པའི་ངང་མ་རིག་སྟེ་འཁོར་བར་འགྲོ་འོང་དང་འཕོ་འགྱུར་དུ་སྣང་བ་དེ་ཧ་ཧ༔ ཚེ་རབས་ཐོག་མཐའ་མ་མཆིས་པའི་དུས་ནས་རང་སྣང་རང་ལ་མཆེད་པ་ལས་འདོད་ཡོན་སྤུ་རྩེ་ཙམ་ཡོད་མ་མྱོང་བའི་ངང་མ་རིག་སྟེ་ཆགས་ཞེན་མྱོང་ཚོར་གྱི་སྣང་བ་གཞན་དུ་བཟུང་ནས་རེ་དོགས་ཉེར་ལེན་གྱི་དབང་དུ་བར་མཚམས་མེད་པར་འཁྲུལ་པ་དེ་ཧ་ཧ༔ གདོད་མའི་ཡེ་གཞི་ཆེན་པོའི་རང་ཞལ་མཇལ་ཚེ་སྐྱོན་དང་བག་ཆགས་ཐམས་ཅད་ཡུལ་མེད་ཟང་ཐལ་དུ་སངས་རྒྱས་པ་འདི་ཧ་ཧ༔ གཞི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ཚུལ་མཐོང་ཚེ་ལྷ་འདྲེ་དགྲ་གཉེན་གྱིས་ཕན་གནོད་ཡུལ་མེད་དུ་ཡལ་བ་འདི་ཧ་ཧ༔ གཞི་དབྱིངས་མ་རིག་པའི་མུན་ཁམས་རིག་པ་རུ་སངས་ཚེ་སྒོམ་པ་བཟང་པོས་སངས་རྒྱས་མ་ཐོབ༔ མ་བསྒོམ་ངན་པས་འཁོར་བར་མ་འཁྱམས་པ་འདི་ཧ་ཧ༔ གཞིའི་ཆོས་སྐུ་ཁྱབ་བདག་ཀུན་ཏུ་བཟང་པོ་མངོན་དུ་གྱུར་ཚེ་ཆོས་སྐུའི་རྒྱལ་སྲིད་འབད་མེད་དུ་ཐོབ་པ་འདི་ཧ་ཧ༔ མཐའ་གྲོལ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་ཚེ་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་དམིགས་བསམ་རྣམ་པར་རྟོག་པའི་བློ་ཡིད་ཀྱིས་འབད་དང་རྩོལ་བ་མི་དགོས་པར་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་འཚང་མཉམ་དུ་རྒྱ་བ་འདི་ཧ་ཧ༔ མཐའ་གྲོལ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་བའི་ཚེ་ན་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འདུ་འབྲལ་མེད་པར་རོ་གཅིག་ཏུ་རྫོགས་ཤིང་གྲུབ་པ་འདི་ཧ་ཧ༔ འཁོར་འདས་དག་མཉམ་གྱི་རོལ་པ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་སུམ་དུ་གྱུར་ཚེ་ས་ལམ་གྱི་རིམ་པ་ལ་མ་ལྟོས་པར་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་འདི་ཧ་ཧ༔ ཞེས་རྡོ་རྗེའི་གད་མོ་ཆེན་པོའི་ཚིག་གི་སྒྲ་ཐོས་པས་དོན་གྱི་དབྱིངས་འཇལ་ཞིང་ཟབ་རྒྱའི་གནད་རྟོགས་པར་འགྱུར་བའོ༔ སླར་ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གདོད་མ་གཞིའི་སངས་རྒྱས་ཀྱི་རང་བཞིན་རྫོགས་པ་ཆེན་པོ་ཞེས་བྱ་བའི་ལམ་ཉམས་སུ་ལེན་པའི་ཚུལ་གང་ལགས༔ སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་ངའི་རང་བཞིན་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་ཚུལ་ནི་འདི་ལྟ་སྟེ༔ ཚེ་འདིར་རྣམ་པར་གྲོལ་བའི་ས་ལམ་བགྲོད་པ་ལ་དང་པོ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་བའི་རྒྱུ་མཚན་ཤེས་ནས་རྒྱུད་ལ་ངེས་པར་འབྱོར་བ་ཞིག་དགོས༔ འཁོར་འདས་ཀྱི་ས་མཚམས་ལ་ད་རེས་ཐུག་པའི་དུས་འདིར་ཆོས་མ་བསྒྲུབ་ན་ཕྱིས་རྣམ་པར་གྲོལ་བའི་ས་ལམ་དང་འཕྲད་པར་མི་འགྱུར་བ་དང་༔ འཕྲད་ཀྱང་ཉམས་སུ་ལེན་ཤེས་པར་དཀའ་བ་དང་༔ ངོ་སྤྲོད་པའི་བླ་མ་དགེ་བའི་བཤེས་གཉེན་དམ་པ་དང་འཕྲད་པར་དཀའ་བ་དང་༔ ཉམས་སུ་ལེན་པའི་རང་དབང་དང་ལྡན་པ་ཤིན་ཏུ་དཀའ་བ་དང་༔ ཡོ་བྱད་དང་འབྱོར་པ་ཐམས་ཅད་འཛོམ་པའང་དཀའ་སྟེ༔ ད་རེས་ཙམ་མ་གཏོགས་འཁོར་བ་སྡུག་བསྔལ་གྱི་བཙོན་དོང་ལས་ཐར་པའི་ཐབས་མི་འོང་བའི་ཚུལ་ཤེས་ནས་ཆོས་ལམ་དུ་འཇུག་དགོས་པ་དང་༔ ནམ་འཆི་ཆ་མེད་ཀྱི་ངང་ཚུལ་ཤེས་པར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་འཆི་བ་ཐོག་བབ་ཏུ་བྱུང་ནས་དུས་ད་ལྟ་མི་ཡུལ་ནས་ཕ་རོལ་ཏུ་འཕོ་རན་པ་ཡིན་སྙམ་དུ་དེ་དུས་ཀྱི་སྡུག་བསྔལ་ཐམས་ཅད་དྲན་ནས་རྒྱུད་ལ་བཀལ་བ་ནི༔ དུས་དེ་རིང་ཕ་མ་སྤུན་ཟླ་ཉེ་འབྲེལ་གནས་ཁང་ལོངས་སྤྱོད་དང་བཅས་པ་འཕྲོ་ལིང་ངེ་གྲ་མ་ཉམས་སྤུ་མ་བཅག་པར་ཤུལ་དུ་བཞག་ནས༔ ཕྱིན་ཆད་མིང་ཙམ་ཡང་མི་ཐོས་ཤིང་ཕྱོགས་ཙམ་ཡང་མི་མཐོང་བའི་སར་སླར་ལོག་པའི་དུས་མེད་པར་འགྲོ་བའི་དུས་ལ་བབས་ན་འགྲོ་ཡུལ་ནི་བསྐལ་པ་མང་པོར་བདེ་བའི་གོ་སྐབས་ཏིལ་འབྲུ་ཙམ་མེད་པར་སྡུག་བསྔལ་གྱི་རྦ་ཀློང་འཁྲུགས་པའི་གནས་སུ་མི་འགྲོ་བའི་དབང་མེད་པར་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་ཆེན་པོས་རྒྱབ་ནས་དེད༔ ཉེ་བ་རྩ་ལག་བུ་ཚ་བཟའ་མི་ཐམས་ཅད་ཀྱི་གདོང་མཆི་མས་གང་སྟེ་འོ་དོད་དྲག་པོ་བོས་ཀྱང་ཁོའི་སེམས་ལ་སྡུག་བསྔལ་གསོས་བཏབ་སྟེ་བློས་མི་ཐོང་བཞིན་དུ་ཡི་ཆད་དུང་ངེ་རྒྱུས་མེད་ཀྱི་ཡུལ་དུ་བཤེས་མེད་གྲོགས་མེད་གཅིག་པུར་འགྲོ་ཚེ་གྲོགས་སུས་བྱེད༔ སྡུག་བསྔལ་ཁུར་རོགས་སུ་ཡོད༔ ར་མདའ་སུ་འོང་༔ སྡུག་བསྔལ་བཟོད་གླག་མེད་པ་མྱོང་དུ་ཡོད་པ་སུས་ཚོར༔ བུ་ཚ་གཉེན་གྲོགས་ཀྱི་དོན་དུ་མི་དགེ་བའི་ལས་ངན་བསགས་པས་ཅི་ཕན༔ དྲིན་དྲན་ནམ་མི་དྲན་རང་གཞན་རྣམས་དཔེར་བཙུག་ནས་བརྟག་སྟེ་ཚེ་འདིར་ཐར་པའི་ལམ་སྣ་ཞིག་མ་ཟིན་ན་ལས་ཅི་བྱས་ཀྱང་ཕན་པ་སྤུ་ཙམ་མེད༔ རང་ནམ་འཆི་ནི་མི་ཤེས༔ ཚེ་ཟད་པ་ལ་ནི་ངེས་པ་མེད་པར་བྱིས་པ་རྒན་གཞོན་ཐམས་ཅད་འཆི་བ་ཡོད་ན་བློ་རིང་བའི་སྣ་ཁ་བསྟུང་ནས་མྱུར་དུ་ཐེག་མཆོག་དམ་པ་ཚེ་གཅིག་ལ་གྲོལ་བའི་མན་ངག་ཟབ་མོ་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་ཤེས་ཏེ་བརྩོན་དགོས་པ་ལས༔ གལ་ཏེ་འཆི་བ་བློས་དོར་ན་ཆོས་ཀྱི་བསམ་པ་ནུབ་ནས་ལེ་ལོ་རྣམ་གཡེང་འདུ་འཛི་ཁེ་དྲག་ལོ་འདོད་ཀྱི་དབང་དུ་ཤོར་ནས་མི་ཚེ་སྟོང་ཟད་དུ་འགྲོ་སྟེ་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བ་མཐའ་མེད་དུ་ལྟུང་བར་འགྱུར་བ་ལ་བསམ་མནོ་ཡང་ཡང་བཏང་ནས་མི་རྟག་འཆི་བ་དྲན་པ་ནི་ཐར་པའི་ལམ་གྱི་གཞི་རྩ་བླ་ན་མེད་པ་ཡིན༔ འདི་དང་བྲལ་ན་ལྟ་བའི་མིག་ལོང་བ་དང་༔ འགྲོ་བའི་རྐང་པ་ཆག་པ་ལྟར་ལས་རྐྱེན་ངན་པའི་དབང་དུ་འཆོར་ཏེ་ཆོས་བསྒྲུབ་ཀྱང་ཚུགས་མི་ཐུབ་པ་རྟ་རྔའི་མདུད་པ་ལྟ་བུར་རང་ཞིག་ཏུ་འགྲོ་བ་ཡིན་པས་ཤེས་པར་མཛོད༔ དེ་ལྟར་གནད་དེ་གཉིས་ཤེས་ཏེ་རྒྱུད་ལ་འབྱོར་བས་ལས་རྒྱུ་འབྲས་ལ་བསམ་ན༔ ཞེ་སྡང་གི་འབྲས་བུ་དམྱལ་བ་ཡིན་ན་བདག་གིས་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་ལ་རྩིས་གྲངས་ཐོང་དང་དམྱལ་བའི་མགྲོན་པོ་ཞིག་ཡིན་འདུག་པ་ཨི་ཚོར༔ ཡི་དྭགས་ཀྱི་རྒྱུ་འདོད་ཆགས་འབྲས་བུ་ཡི་དྭགས་ཡིན་ན་བདག་གི་འདོད་ཆགས་ལ་ལྟོས་དང་དེའི་དབང་གིས་ལས་བྱས་པ་ལ་རྩིས་གྲངས་ཐོང་ན་ཡི་དྭགས་ཀྱི་མགྲོན་པོ་ཞིག་ཡིན་པ་ཨི་གོ༔ དུད་འགྲོའི་རྒྱུ་གཏི་མུག་དང་འབྲས་བུ་དུད་འགྲོ་ཡིན་ན་རྒྱུ་དེས་བསྐྱེད་པའི་ལས་ངན་སྣ་ཚོགས་ལ་བརྟག་ན་དུད་འགྲོའི་མགྲོན་པོའི་ལམ་དེ་དོན་དུ་གཉེར་ཏེ་རང་ཡུལ་འཁོར་བ་ཞིག་ཡིན་པར་ཐག་ཆོད་པ་ཨི་གོ༔ ཕྲག་དོག་གིས་ཀུན་ནས་བསླངས་པའི་ལས་རྣམས་ལྷ་མ་ཡིན་གྱི་རྒྱུ་དང་འབྲས་བུ་ལྷ་མ་ཡིན་གྱི་ཡུལ་སྨིན་པར་བྱེད་པ་ཡིན་ན༔ བདག་གི་བསམ་པ་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་ལས་བསགས་པའི་ཚུལ་ལ་བསམ་ན་ལྷ་མ་ཡིན་གྱི་མགྲོན་པོས་ལྷ་མ་ཡིན་གྱི་རྒྱུ་དོན་དུ་གཉེར་ནས་སླར་ཡང་རང་ཡུལ་དུ་འགྲོ་བ་ཞིག་ཨི་གོ༔ སེམས་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྡིག་པ་མི་དགེ་བའི་ལས་ནི༔ སྲོག་གཅོད་པ་དང་༔ མ་བྱིན་པ་ལེན་པ་དང་༔ འདོད་ལོག་སྤྱོད་པ་དང་གསུམ་ལུས་ཀྱི་མི་དགེ་བ༔ རྫུན་སྨྲ་བ་དང་༔ ཕྲ་མ་སྨྲ་བ་དང་༔ ངག་འཁྱལ་སྨྲ་བ་དང་༔ ཚིག་རྩུབ་སྨྲ་བ་དང་བཞི་ངག་གི་མི་དགེ་བ༔ བརྣབ་སེམས་དང་༔ གནོད་སེམས་དང་༔ ལོག་ལྟ་དང་གསུམ་ནི་ཡིད་ཀྱི་མི་དགེ་བ་ཡིན་ཏེ༔ དེ་དག་ཐམས་ཅད་རྒྱུ་ཀུན་སློང་གི་དབང་གིས་ནུས་པ་བསྐྱེད་ནས་ངན་སོང་གསུམ་གྱི་སྣང་བ་མཆེད་པ་ཡིན༔ ཁྱད་པར་དུ་གསང་སྔགས་ཀྱི་རྩ་བ་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་ན་མནར་མེད་པ་རྡོ་རྗེའི་དམྱལ་བ་ཞེས་བྱ་བར་ལྟུང་དགོས་པས་དམ་ཚིག་འདི་ཤེས་པར་བྱ་བ་གནད་དུ་ཟུངས་ཤིག༔ མི་ཤེས་པ་རྣམས་ལ་ཉེས་པ་མི་འབྱུང་སྙམ་ན་དེ་ལྟར་མ་ཡིན་ཏེ༔ མི་ཤེས་པ་རྣམས་ཀྱིས་ནི་དམ་ཚིག་ཉམས་པ་དང་མ་ཉམས་པ་ངོ་མི་ཤེས་པས་བཤགས་སྦྱང་ཡང་བྱེད་དུས་མེད་དེ་དེ་ལ་རྟག་ཏུ་ཉེས་པ་ཆེན་པོ་བར་མ་ཆད་པར་འབྱུང་བ་རང་གིས་མ་རིག་མ་ཚོར་བའི་དབང་གིས་ལས་ངན་པའི་འབྲས་བུ་དུས་སུ་སྨིན་པ་ནི་དཔེར་ན་བསགས་པའི་ཟས་ནོར་ཐམས་ཅད་རྐུན་བུ་ཡོད་པར་མ་ཤེས་པས་ཤོར་སོང་བ་དང་༔ ཉིན་མོ་ཇག་པ་ཡོད་པར་ཤེས་ཏེ་མཐོང་བཞིན་དུ་ཤོར་བ་ལ་ཁྱད་པར་ཏིལ་འབྲུ་ཙམ་མེད་པ་བཞིན་དུ་རྣམ་སྨིན་དང་སྡུག་བསྔལ་མྱོང་ཚོར་ལ་ནི་ཤེས་པ་དང་མ་ཤེས་པ་གཉིས་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་དེ༔ ཤེས་པ་རྣམས་ཀྱིས་ཉམས་པ་འཕྲལ་དུ་གོ་ནས་བཤགས་པ་བྱས་པས་འབྱོངས་པའམ་ཉེས་པ་སྲབ་མོར་བྱེད་པ་ཡིན༔ མི་ཤེས་པས་ནི་ཉམས་ཡང་མི་ཚོར་བས་ད་དུང་ཉེས་ལྟུང་ཉམས་ཆག་ཐམས་ཅད་ལ་གསོས་བཏབ་སྟེ་འཕེལ་བ་སྐྱེད་ནས་ལས་འབྱོངས་པའི་དུས་མེད་པའོ༔ ཀྱཻ་རིགས་ཀྱི་བུ་ཆོས་ཟད་བློ་འདས་ཆེན་པོའི་ས་ལ་མ་སླེབ་ཀྱི་བར་དུ་རྣམ་པར་སྨིན་པའང་ཟད་པ་མེད་པའི་ངང་ཚུལ་ལ་བརྟག་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་ལག་ལེན་ལ་འདེབས་པ་ནི་གནད་ཀྱི་ཡང་གཅེས་དམ་པར་ཤེས་ནས་སྲོག་གི་གཏའ་རུ་བཟུང་བར་བྱའོ༔ ཁྱད་པར་དུ་སྡིག་པ་མི་དགེ་བའི་ཆ་ཕྲ་མོ་ཙམ་ཡང་སྤང་བར་བྱ་བ་གནད་དུ་བཟུང་དགོས་པ་དང་༔ གལ་ཏེ་གནད་དུ་མ་བཟུང་ནས་མི་དགེ་བའི་ལས་ལ་ཁ་འཆོལ་བར་གྱུར་ན་རིམ་པ་བཞིན་དུ་ལས་ངན་པའི་དབང་ཁ་འཕེལ་ཏེ་ནམ་ཞིག་ལས་འབྲས་ཕྲ་མོས་ཀྱང་བག་ཆགས་ཀྱི་དྲི་མ་སྣ་ཚོགས་སྡུད་ཅིང་འབྲས་བུ་ཆེན་པོར་མཆེད་དེ་ཐར་མེད་དུ་ཁ་དྲང་བར་བྱེད་དོ༔ དེའི་ཕྱིར་རྒྱུ་འབྲས་ཀྱི་གནད་དོན་ཤེས་པ་ལམ་མཐོང་བྱེད་ཀྱི་མིག་ལྟ་བུ་ཡིན་ནོ༔ འཁོར་བའི་སྡུག་བསྔལ་གྱི་ངང་ཚུལ་ལ་སེམས་ནས་འཁོར་བ་མེ་འོབ་ལྟ་བུ་དང་༔ དུག་སྦྲུལ་གྱི་ཚང་ལྟ་བུ་དང་༔ སྲིན་མོའི་གླིང་ལྟ་བུ་བདེ་བའི་གོ་སྐབས་སྤུ་ཙམ་ཡང་མེད་པར་ཤེས་ཏེ་ཐར་པ་དོན་དུ་གཉེར་བ་ལ་བརྩོན་པ་ནི་ཆོས་བསྒྲུབ་པའི་སྔོན་དུ་རྒྱུད་ལ་སྐྱེ་ངེས་པར་བསླབ་དགོས་པ་གནད་ཀྱི་དམ་པར་ཟུངས་ཤིག༔ དེ་ལྟར་བློ་མ་སྦྱངས་པ་རྣམས་ཀྱིས་གདམས་ངག་ཟབ་མོ་ཉམས་སུ་ལེན་པ་ལ་བརྩོན་ཀྱང་དཀའ་ཚེགས་དང་བཀྲེས་སྐོམ་ལ་སོགས་པའི་རྐྱེན་ཕྲ་མོ་བྱུང་ཚེ་དེའི་དབང་དུ་འཆོར་ཞིང་མཐར་མི་ཕྱིན་པའི་སྐྱོན་ཡོད་པས་དང་པོ་བློ་ལྡོག་རྣམ་བཞིས་བློ་སྦྱངས་མཐར་དུས་དང་རྣམ་པ་ཀུན་ཏུ་བརྗེད་མེད་ཁོར་ཡུག་ཏུ་རྒྱུད་དང་འདྲེས་ངེས་པ་ཞིག་གནད་ཀྱི་དམ་པར་བཟུང་བ་ནི་ཆོས་པ་ཀུན་གྱི་སྤྱི་ནོར་བླ་ན་མེད་པ་ཉིད་ཡིན་ནོ༔ ད་ནི་དངོས་གཞི་ཉམས་སུ་ལེན་པ་ལ༔ འཁོར་འདས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་པ་ནི་ལྟ་བ་ནམ་མཁའ་ཀློང་ཡངས་ཞེས་བྱ་བ་ཡིན་ཏེ་གཞིའི་རང་ཞལ་ཆོས་སྐུ་མཚན་མ་དང་བྲལ་བ་མངོན་དུ་གྱུར་པ་ཡིན༔ སྒོམ་པ་ནི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ལྟར་ཡོད་ཀྱང་གཟུང་བ་དང་འཛིན་པའི་ཡུལ་དང་བདེན་ཞེན་གྱི་དབང་གིས་མུན་པ་ལྟ་བུས་བསྒྲིབས་ཏེ་འཁྲུལ་པ་ལས༔ ད་ལྟ་ངོ་རང་ཐོག་ཏུ་འཕྲོད་པ་ལས་བསྒོམ་རྒྱུ་རྡུལ་ཙམ་མེད་པར་རང་དབང་རང་ལ་ཐོབ་སྟེ་རང་ཐོག་ཏུ་རང་ས་འཛིན་པ་ལས་བློ་ཡིད་ཀྱིས་བཅོས་བསྒྱུར་མེད་པར་ནམ་མཁའ་དག་པའི་དབྱིངས་སུ་རང་དབང་མངོན་དུ་གྱུར་པ་ཡེ་བབ་རང་བྱུང་ཆེན་པོར་འབྱམས་ཀླས་པ་དཔེར་ན་ནམ་མཁའ་ནམ་མཁའ་དང་འདྲེས་པ་ལྟ་བུ་དང་༔ སྔོན་ཆད་ཕྱི་ནང་དུ་བློ་ཡིད་ཀྱིས་བཅད་ནས་སོ་སོར་བཟུང་བ་ད་ནི་ཕྱི་ནང་མེད་པར་ཐག་ཆོད་དེ་ཁྱབ་བརྡལ་ཟང་ཐལ་ཆེན་པོའི་དོན་གཤིས་ཐོག་ཏུ་ཕེབས་པ་ལ་སྒོམ་པ་བློ་བྲལ་བྱར་མེད་ཅེས་བྱའོ༔ དེ་ལྟར་སྒོམ་པ་དེའི་ངང་དུ་ལུས་མ་བཅོས་པར་དུར་ཁྲོད་ཀྱི་མི་རོ་ལྟ་བུར་གཡོ་འགུལ་དང་བྲལ་བར་བཞག་པ་དང་༔ ངག་མ་བཅོས་པ་པི་ཝང་གི་རྒྱུན་ཐག་ཆད་པ་ལྟར་སྨྲ་བརྗོད་བཟླས་པ་ཐམས་ཅད་ཅོག་བཞག་ཏུ་བཏང་བ་དང་༔ སེམས་མ་བཅོས་པ་ཡེ་ཡིན་གྱི་ངང་དུ་བཟོ་མི་འཆོས་པར་རང་ཡན་དུ་བཞག་པ་དང་གསུམ་པོ་འདི་ནི་སྒོ་གསུམ་གྱི་བྱ་བ་བཏང་སྟེ་བྱར་མེད་དུ་མཉམ་པར་བཞག་པས་ན་མཉམ་བཞག་ཅེས་བྱའོ༔ གཞན་ཡང་ཟ་ཉལ་འགྲོ་འདུག་ཁྲོམ་ཚོགས་འདུ་ལོང་སོགས་ལུས་ངག་གི་སྤྱོད་ལམ་གང་གི་དུས་སུ་ཡང་ལྟ་བའི་སྟངས་མི་ཤོར་བ་འཁོར་འདས་གཉིས་མེད་ཀྱི་རོལ་པར་ཐག་ཆོད་པའི་རྗེས་ཤེས་རྒྱུན་ཆགས་པ་དང་༔ སྒོམ་པའི་གདིང་མི་ཤོར་བ་རིག་པ་བྱར་མེད་མངོན་གྱུར་ལས་མི་འདའ་བར་བྱ་བ་དང་༔ སྤྱོད་པ་བག་མེད་དུ་མི་འཆོར་བར་སྡིག་པ་མི་དགེ་བའི་ལས་དུག་བཞིན་དུ་སྤངས་པ་དང་༔ ལུས་ཀྱི་སྤྱོད་པ་དལ་ལ་ལྷོད་ཆགས་པ་དང་བརྟན་ཅིང་ཚུགས་ཟིན་པ་འདག་སྐུ་ལྟ་བུ་དང་༔ འགྲོ་བའི་ཚེ་དལ་གྱིས་འགྲོ་བ་དང་གོམ་པ་ལྷོད་པོར་འདོར་བ་དང་༔ སེངྒེ་ལྟར་འགྱིང་སྟབས་ཙམ་ལས་མགོ་བོ་ཕྱིར་མི་བསྐོར་བ་དང་༔ གཡས་གཡོན་དུ་མགྱོགས་པར་མི་བལྟ་བ་དང་༔ ལངས་པའི་ཚེ་ཡང་ཧར་ལངས་མི་བྱེད་པར་དལ་གྱིས་ལངས་པ་དང་༔ ཟས་ཟ་བའི་ཚེ་ནའང་གཡག་ལྟོག་གིས་རྩྭ་ཟ་བ་ལྟ་བུ་མ་ཡིན་པར་དལ་གྱིས་ཟ་ཞིང་མིད་པར་བྱ་བ་དང་༔ གཞན་ལ་གཏམ་ལབ་པའི་དུས་སུ་ཡང་ཀུ་རེ་བྲེ་མོ་ལ་སོགས་པའི་ཚིག་སྤངས་ཤིང་འཇམ་པ་དང་༔ དལ་གྱིས་སྨྲ་བ་དང་༔ གཞན་གྱི་རྒྱུད་མི་དཀྲུག་པར་བདེན་པ་སྙན་པ་དལ་བ་རྣམས་ཀྱིས་ངག་བཅོས་པ་དང་༔ སེམས་ཞི་བ་དུལ་བ་ཡངས་པ་དགའ་སྡུག་མི་སྐྱེན་པ་བསམ་པ་བཟང་བ་ཕན་སེམས་ཆེ་བ་གཡོ་སྒྱུ་མེད་པ་ཆེ་འདོད་དང་མཐོ་འདོད་ལ་སོགས་པའི་ཚིག་དང་སྤྱོད་པ་སྤངས་པ་ནི་སེམས་ཆོས་སུ་བཅོས་པ་ཡིན༔ ཁྱད་པར་དུ་རང་ལ་སྐྱོན་ཆེ་བའི་ལྟས་སུ་སྐྱོན་ཅན་ཤ་སྟག་མ་གཏོགས་སྐྱོན་མེད་མི་མཐོང་བ་ནི་དྷ་དྷུ་རའི་བཅུད་ཟོས་པའི་མི་རྣམས་ཀྱིས་མིག་ལ་གང་སྣང་ཐམས་ཅད་སྦྲུལ་དུ་མཐོང་བ་དང་༔ མཁྲིས་ནད་ཅན་གྱིས་དུང་ལ་སེར་པོའི་ཁ་དོག་སྣང་བ་ལྟར༔ རང་ལས་གཞན་མཐོང་ཚོར་གྱི་མི་རྣམས་ལ་སྐྱོན་ཅན་ཤ་སྟག་ཏུ་མཐོང་བ་དང་༔ རང་གི་ཉེ་བ་དང་ཕུ་བོ་དང་ཚ་བོ་དང་ཞང་པོ་དང་སྲིང་མོ་ལ་སོགས་པར་སྐྱོན་མི་མཐོང་ཞིང་བཟང་པོ་ཤ་སྟག་ཏུ་མཐོང་བ་ནི་རང་ཕྱོགས་ལྷ་རུ་མཐོང་ཞིང་གཞན་ཕྱོགས་འདྲེ་རུ་སྣང་བ་ཡིན་པས༔ དེ་ལྟར་མི་བྱེད་པར་ཐམས་ཅད་སྐྱོན་མེད་དུ་བལྟ་ཞིང་སྐྱོན་ཐམས་ཅད་རང་སྐྱོན་དུ་ངོས་འཛིན་པ་ནི་སྤྱོད་པའི་གནད་དང་༔ རང་ཉིད་ཆེ་དྲག་ཐོབ་ཐང་གི་འབྱོར་པ་དང་ལྡན་པའི་དུས་སུ་གཞན་ཁས་ཞན་དབང་ཆུང་དབུལ་ཕོངས་ཉམ་ཆུང་ཐམས་ཅད་ཁྱད་དུ་མི་གསོད་པར་ཀུན་དང་མཐུན་པར་མ་བྱས་ན་མཐར་རང་གི་ཐོག་ཏུ་དེ་ལྟ་བུའི་སྡུག་བསྔལ་བྱུང་ཉེན་ཡོད་པས་དེའི་ཚེ་ཕ་རོལ་པོ་ཐམས་ཅད་ཀྱིས་སྡང་བ་དང་༔ འཕྱ་བགད་ཀྱི་གནས་སུ་འགྱུར་བའི་ཚུལ་རྒྱལ་པོ་དང་བཙན་པོ་ཕྱུག་པོའི་ཚོགས་ཐམས་ཅད་མཐར་དམན་པ་དབུལ་ཕོངས་སུ་ལྟུང་བ་ལ་བརྟག་ནས་གཞན་ལ་སྡང་སེམས་མི་བྱེད་པ་གནད་དམ་པ་ཡིན༔ ཇི་ལྟར་ཆེ་མཐོ་ཐོབ་ཐང་ལོངས་སྤྱོད་ཀྱི་ཡོན་ཏན་འཛོམ་ཚེ་དམན་ས་བཟུང་ནས་རང་རྒྱུད་ཀྱི་ང་རྒྱལ་བཅོམ་པ་དང་༔ ཇི་ལྟར་རྐྱེན་ངན་དང་ཡུལ་ངན་ཐོག་ཏུ་བབས་ཚེ་སེམས་ཀྱི་དཔའ་མི་ཞུམ་པར་ལྟ་སྒོམ་གྱི་གདིང་བསྐྱེད་དེ་སྨྱོན་པ་འུར་ལངས་པ་ལྟར་ཤེས་པ་གཏད་མེད་དུ་བཏང་༔ སྣང་བ་སྒྱུ་མ་དང་རྨི་ལམ་ལྟར་ཤེས་པར་བྱ་བ་ཡང་སྤྱོད་པའི་གནད་ཡིན༔ བདེ་ཞིང་སྐྱིད་པའི་དུས་སུ་རང་མཐོང་ང་རྒྱལ་སྤངས་པ་དང་༔ བཀྲེས་འཁྱག་སྐོམ་གསུམ་གྱི་དུས་སུ་སེམས་ཀྱི་དཔང་དང་ལྟ་བའི་གདིང་བསྐྱེད་པར་བྱའོ༔ སུ་ལ་ཡང་སྨད་པ་དང་གཤེ་སྐུར་གྱི་ཚིག་མི་བརྗོད་པར་བཏང་སྙོམས་སུ་འཇོག་ཅིང་༔ ཡང་གཞན་ལ་བསྟོད་པའི་ཚིག་ཀྱང་མི་བརྗོད་པར་རང་སར་བཞག་པ་ལས་དེ་དག་ལ་སྨད་པ་དང་བསྟོད་ཆེ་ན་མཐར་བསྟོད་ཡུལ་གྱིས་གནོད་པ་བྱས་ཚེ་དེ་ལ་སྨད་པ་བྱེད་དགོས་པ་དང་༔ སྨད་ཡུལ་གྱིས་ཕན་ཆེར་བཏགས་ཚེ་བསྟོད་དགོས་འབྱུང་ན་གཞན་གྱིས་འཕྱ་ཞིང་རང་མཚང་སྟོན་པ་ཡིན༔ རང་གི་དགྲ་དང་འགལ་ཟླ་ཆེ་དྲག་རྣམས་ལ་ཡོན་ཏན་ཡོད་པ་ཀུན་གྱིས་ཤེས་ཀྱང་མེད་པར་སྨྲས་ཏེ་སྐྱོན་བརྗོད་ན་གཞན་གྱིས་ཞེ་ཁྲེལ་ཞིང་རང་གི་སྐྱོན་དུ་འགྱུར་བ་ལས་སྨད་པའི་ཚིག་གིས་གནོད་པ་མི་འབྱུང་བས་དེ་ལྟར་མི་བྱེད་པ་དང་༔ རང་གི་ཉེ་འབྲེལ་རྩ་ལག་སྐྱོན་ཅན་རྣམས་ལ་ཡོན་ཏན་བསྒྲགས་ཤིང་བསྟོད་པ་བྱས་ཀྱང་ཀུན་གྱིས་ཁྲེལ་ཏེ་གཤེ་སྐུར་གྱི་རྒྱུར་འགྱུར་བ་ཡིན་པས་དེ་དག་སྤངས་དགོས་པ་ཡང་སྤྱོད་པའི་གནད་ཡིན༔ རྫུན་གྱིས་ནི་རང་དམན་སར་འཕེན་པ་དང་༔ ཀུན་གྱིས་ཁྱི་ཤ་བཞིན་དུ་བརྙས་པ་དང་༔ ཚིག་ཅི་སྨྲས་ཐམས་ཅད་རྫུན་དུ་ཁྱེར་ནས་མི་གྲལ་དུ་མི་སླེབ་པ་ཡིན༔ རྐུ་བ་དང་མནའ་ཟོས་པ་ན་མངོན་དུ་གཞན་གྱིས་མི་ཤེས་ཚུལ་སྟོན་ཡང་ལྐོག་ཏུ་ཀུན་གྱིས་གླེང་བརྗོད་སྐུར་འདེབས་བྱེད་དུ་ཡོང་བས་ལས་དེ་དག་སྤངས་པར་བྱ་བ་དང་༔ བླ་མ་དང་སློབ་དཔོན་ཐམས་ཅད་ལ་མི་མཉེས་པའི་བརྙས་བཙུག་ཉེས་གཏོང་འགལ་ཟླར་བསྒྲུབ་ན་ཐར་པའི་ལམ་སྣ་འགག་ནས་ངན་སོང་གི་གཏིང་རྡོ་ཆེན་པོར་འགྱུར་བའི་ཚུལ་རྒྱུད་ལུང་མན་ངག་གིས་སྟོན་བཞིན་ཚེ་ལུས་སྲོག་གི་ཕྱིར་ཡང་འགལ་བ་སྤུ་རྩེ་ཙམ་ཡང་མི་གཏོང་བ་ནི་ཆོས་ཀྱི་རྩ་བ་ཡིན་པས་གནད་ཀྱི་དམ་པར་ཟུངས་ཤིག༔ གཏམ་དང་ལབ་མོ་ལ་དགའ་ནས་དེར་ཞེན་ཏེ་ཚིག་གི་རོ་མྱོང་བ་ཕན་པར་སྣང་ནས་མི་ཚེ་སྟོང་ཟད་ལ་བཏང་ཡང་ཕལ་ཆེར་གྱོད་དང་ཁ་མཆུ་ཁོང་ཁྲོའི་གཞི་རུ་འགྱུར་བ་ལས་དོན་མི་འབྱུང་བས་འདུ་འཛི་སྤངས་ནས་བསྒོམ་པར་བྱ་བ་དང་༔ ཟས་ནོར་སྟོང་གསུམ་གང་བ་ཙམ་ཡོད་ཀྱང་ཆོག་ཤེས་སྐྱེ་མི་སྲིད་པས་མི་ཚེ་སྐད་ཅིག་རྨི་ལམ་འདིའི་རིང་ལ་ཟས་ལ་མང་ཉུང་མེད་པས་མུ་གེས་མི་འཆི་ཙམ་དང་༔ གོས་ལ་བཟང་ངན་མེད་པས་ལྷག་པ་སྐྱོབ་པ་ཙམ་གྱིས་ཆོག་པར་ཤེས་དགོས༔ ཟས་ནོར་ཕལ་ཆེར་ཆགས་པའི་གནས་ངན་ཡིན་ཏེ་འཆི་ཚེ་འདྲེར་སྐྱེ་བའི་རྒྱུར་འགྱུར་བ་ཡིན༔ རྒྱུ་ཟེར་བ་ངན་སོང་དང་འཁོར་བའི་རྒྱུ་ཡིན་པའི་ཕྱིར་མིང་དུའང་རྒྱུར་གྲགས་པ་ཡིན༔ གྲོགས་སུའི་ཡང་ཁ་ལ་མི་ཉན་པར་རང་ཚོད་རང་གིས་བཟུང་སྟེ་ཆོས་ལ་ཆས༔ མཚན་ལྡན་གྱི་བླ་མ་མ་གཏོགས་གཏན་དུ་ཕན་པའི་ཁ་ད་བྱེད་མཁན་མི་ཡོང་བས་བླ་མའི་ཞལ་གདམས་སྲོག་གི་གཏའ་རུ་བཟུང་༔ འཁོར་བ་མཐའ་མེད་དུ་ལྟུང་བའི་རྒྱུ་ལ་བརྩོན་པར་དཀའ་སྤྱད་དང་སྙིང་རུས་སྡུག་སྲན་བར་མཚམས་མི་ཕྱེད་པ་སེམས་ཅན་རྣམས་ལ་དཔེར་བཞག་ནས༔ གཏན་དུ་བདེ་བའི་ཐབས་སུ་འབད་པ་ལ་དཀའ་བ་དང་དུ་བླངས༔ སླ་བ་རྒྱབ་ཏུ་བོར༔ ལུས་སྲོག་འབེན་དུ་བཙུག༔ ཤ་ཁྲག་གཟན་དུ་བོར་ནས་སྙིང་རུས་སྡུག་སྲན་བསྐྱེད་པ་ལ་བར་མཚམས་མེད་པར་མི་འབད་ན་ང་རེ་ཤི་སྙམ་ནས་འབད་པར་བྱ་བ་དང་༔ ཆོས་ཅི་བྱེད་ཐམས་ཅད་གཞན་གྱིས་བརྩི་བཀུར་དང་བསྟོད་བསྔགས་ཀྱི་ཆེད་དུ་ངོམ་ཆོས་དང་གཡོ་སྒྱུས་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་མཐའ་གཅིག་ཏུ་རྣམ་པར་དཀར་བའི་དགེ་བ་ལ་བརྩོན་པར་བྱའོ༔ དམ་ཚིག་དང་སྡོམ་པར་ངོ་ལྐོག་མི་བྱེད་པ་དང་༔ ཆོས་དང་གང་ཟག་ལ་སྐུར་པ་མི་འདེབས་པ་དང་༔ མཐོ་ལ་ངོ་དགའ་དང་དམན་ལ་སྡང་གནོད་མི་བྱེད་པར་ཐམས་ཅད་མཉམ་པར་བྱེད་པ་ཆོས་པའི་སྤྱོད་པ་ཡིན༔ གཞན་མི་བསླུ་བ་དང་༔ དད་པ་ཅན་སུན་མི་འབྱིན་པ་དང་༔ དགེ་སྦྱོར་ཅན་གྱི་རྒྱུད་མི་བསླུ་བ་དང་༔ མཚམས་སྒྲུབ་སྤྱོད་པའི་ཆ་རྐྱེན་ཟས་ནོར་ལ་མི་སྤྱོད་པ་དང་༔ གདམས་ངག་ཟགས་སུ་མི་འཇུག་པར་སྒྲུབ་པ་ལྷུར་ལེན་བྱེད་པ་ལ་མཚན་ལྡན་བླ་མས་མི་ཁྲེལ་བ་དང་༔ དམ་ཚིག་དང་སྡོམ་པ་ལ་ངོ་ལྐོག་མེད་པ་ལྷ་དང་སྲུང་མས་མི་ཁྲེལ་བ་དང་༔ གཡོ་སྒྱུ་དང་ཟོལ་ཟོག་མེད་པར་མི་ཚེ་ཆོས་ལ་དྲིལ་བ་རང་གིས་རང་ལ་མི་ཁྲེལ་བ་རྣམས་རྒྱལ་བ་རྣམས་ཀྱི་ཕྱག་བཞེས་ཏེ་རྗེས་འཇུག་རྣམས་ཀྱིས་ཉམས་ལེན་གྱི་མཆོག་ཏུ་ཟུངས་ཤིག༔ མི་ཚེ་ཡུད་ཙམ་འདིའི་རིང་ཆེ་མཐོ་བཙན་ཕྱུག་ལ་སོགས་པར་སྤྱོད་པའི་ཡུན་དང་ལོང་ཁོམ་མེད་པས་ཆེ་འདོད་མཐོ་འདོད་ཀྱིས་རང་བསྟོད་དང་གཡོ་སྒྱུ་སྤོངས་ལ་འཆི་བ་སྙིང་ལ་བཏགས་པ་དང་༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་བློས་མི་འདོར་བ་ཉམས་ལེན་གྱི་གཞི་རྩ་དམ་པ་ཡིན༔ དེ་ལྟར་ལུས་ངག་གི་སྤྱོད་པ་བཅོས་ཏེ་བག་མེད་དུ་མི་འཆོར་བ་གནད་དུ་ཟུངས་ཤིག༔ འདིར་ལྟོས་ཤིག་རྟོགས་ཤིག་ཆོངས་ཤིག༔ དེ་ནི་རྗེས་ཐོབ་ཀྱི་གནད་ཡིན༔ དེ་ལྟར་མཉམ་བཞག་དང་རྗེས་ཐོབ་གཉིས་ཀྱི་སྒོ་ནས་ཤི་བའི་མཐར་གཏུག་པར་བྱེད་པ་ནི་ལག་ལེན་གྱི་གནད་དམ་པ་ཡིན༔ སྤྱོད་པའི་གནད་ལ་སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བ་ནི་ཚེ་འདིར་ལུས་ངག་གི་དགེ་བ་ལ་འབད་ནས་བསོད་ནམས་རྒྱ་ཆེན་པོ་བསགས་པའི་ལས་ལ་བརྩོན་ཀྱང་ལྟ་སྒོམ་ཟབ་མོའི་ཉམས་ལེན་རྒྱབ་ཏུ་དོར་ན་འཆི་ཁ་ཐ་མལ་དུ་ལུས་པ་ལས་འོས་མེད་ཅིང་འཁོར་བའི་གསོས་དང་བསྣོན་པར་འགྱུར་ཏེ་གནས་སྐབས་ཀྱི་བདེ་བ་ལྷ་མིའི་གོ་འཕང་ཙམ་ལས་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་མི་སྲིད་པ་ཡིན་པས་སྐྱོན་དེས་བཅིངས་པའོ༔ དེས་ན་ལྟ་སྒོམ་ཟབ་མོ་ལ་ཡིད་ཆེས་ཀྱི་བརྟན་པ་ཐོབ་པ་ལུས་ངག་གི་དགེ་བའི་ཡོན་ཏན་མཐོང་ངམ་ཐོས་ཀྱང་ཡང་དག་པའི་ལྟ་སྒོམ་ཟིལ་གྱིས་མི་གནོན་པ་དཔེར་ན་གཅན་གཟན་གྱི་རྒྱལ་པོ་སེང་གེ་གངས་ལ་འགྱིང་ཚེ་སྲོག་ཆགས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་ལྟ་བུར་ལྟ་སྒོམ་གཞན་དབང་དུ་མི་འཆོར་བའི་གནད་དང་ལྡན་པ་ཞིག་དགོས་པ་ཡིན༔ སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བར་གྱུར་ན་རྒྱལ་པོའི་རྒྱལ་སྲིད་ཐོབ་ཐང་གཞན་ལ་ཤོར་བ་ལྟ་བུར་ངེས་པའོ༔ ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་བདུད་དང་རཱུ་ཏྲ་ལྟ་བུར་བག་མེད་ཀྱི་དབང་དུ་ཁ་འཆོལ་ཏེ་འཁོར་བའི་བྱ་བར་ཞེན་ནས་ལས་ངན་གྱི་ཆུ་ཀློང་ཆེན་པོ་རྡོལ་བས་དཀོན་མཆོག་གསུམ་ལ་ལོག་པར་ལྟ་བ་དང་ལས་འབྲས་ཁྱད་དུ་བསད་དེ་དོན་དམ་པའི་ལྟ་སྒོམ་ཉམས་སུ་མི་ལོན་པའི་ཁར་ལྷ་མིའི་གོ་འཕང་དོན་དུ་གཉེར་བའི་བསོད་ནམས་བསགས་པའི་སྒོ་ཙམ་ཡང་རྒྱུད་ལ་མི་གནས་པར་འགྱུར་བ་ནི་འཚོ་བྱེད་ཀྱི་སྨན་བཙལ་བའི་ལམ་ནས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུ་སྟེ་གཉེན་བདུད་དུ་སོང་བ་ཞེས་བྱ་བ་ཡིན༔ འཁོར་བ་སྡུག་བསྔལ་གྱི་གཅོང་ནད་ཆེན་པོ་སེལ་བར་བྱེད་པ་ལྟ་བ་ཟབ་མོ་ཡིན་ཀྱང་ལས་ངན་པའི་ལམ་དུ་བློ་ཁ་དྲང་བའི་རྒྱུར་སོང་ན་འཁོར་བ་མཐའ་མེད་པའི་སྡུག་བསྔལ་མྱོང་བར་བྱེད་པ་ཡིན་ནོ༔ མ་རིག་པའི་གཉེན་པོ་རིག་པ་དང་འཁོར་བའི་གཉེན་པོ་ལྟ་སྒོམ་ཡིན་ཀྱང་དེ་ཉམས་སུ་མི་ལོན་པའི་ཁར་རྒྱུད་ལོག་ལྟ་དང་ཆོས་མ་ཡིན་པའི་སྤྱོད་པས་གང་བའི་རྒྱུར་སོང་ན་ནི་སྟོང་ཉིད་ལོག་པར་སོང་བ་ཡིན་ཏེ་དེ་ལ་གཉེན་པོ་མེད་པ་ཡིན་པས་ཤེས་པར་བྱ་བ་གནད་དུ་ཟུངས་ཤིག༔ མདོར་ན་དུས་དང་རྣམ་པ་ཀུན་ཏུ་སྤྱོད་པ་ཞི་བ་དུལ་བ་བག་ཡོད་པ་དམ་ཚིག་དང་སྡོམ་པ་རྟག་ཏུ་བསྲུང་བ་དང་༔ སྡིག་པ་མི་དགེ་བའི་ལས་དུག་བཞིན་དུ་སྤངས་པར་བྱ་བ་དང་༔ དགེ་བ་གཞན་བསྒྲུབ་ཏུ་མེད་དེ་ལྟ་སྒོམ་ཟབ་མོ་ལྷུར་བླངས་ནས་ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་བརྩོན་ཏེ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུར་རང་རྒྱུད་སྡོམ་པས་བསྡམ་པ་གནད་དུ་ཟུངས་ཤིག༔ ཆོས་ཉིད་ཟད་པའི་ས་ལ་མ་སླེབ་ཀྱི་བར་དུ་ལས་འབྲས་བཟང་ངན་གྱི་བླང་དོར་ཚུལ་བཞིན་དུ་བྱེད་དགོས་ཏེ༔ གྲོལ་བ་ཐོབ་པའི་ཚད་མི་འཇིགས་པའི་གདིང་ཆེན་པོ་བཞི་མ་ཐོབ་ཀྱི་བར་དུ་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དང་༔ རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བའི་ཚུལ་ནི་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་འཁྲུལ་པ་སྡུག་བསྔལ་གྱི་འཁོར་ལོར་མྱོང་ཞེན་ཁོར་ཡུག་ཏུ་རྒྱུན་མ་ཆད་པར་འཁོར་བ་དང་འཁྲུལ་པའི་ཚུལ་ལ་བརྟག་ཅིང་བསམ་མནོ་ཞིབ་ཏུ་བཏང་བས་ཤེས་པར་འགྱུར་རོ༔ ཐོས་ཤེས་རྒྱ་མཚོ་ཙམ་ཡོད་ཀྱང་སྒོམ་པ་ཟབ་མོའི་ཉམས་ལེན་མེད་ན་རིན་ཆེན་གླིང་ནས་སྟོང་ལོག་བྱས་པ་ལྟ་བུར་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བར་འཁྱམས་པར་འགྱུར་བ་ཡིན་པས་སྒོམ་པ་ལྷུར་ལེན་གྱིས་སྙིང་པོའི་སྒྲུབ་པ་ལ་འབད་པར་གྱིས་ཤིག༔ དེ་ལྟར་སྒྲུབ་པ་ཉམས་ལེན་གྱི་ཚེ་ན་རིག་པ་སྔར་ལྟར་མ་ཡིན་པའི་བདེ་སྣང་འབོལ་ལེ་བ་དང་༔ གསལ་སྣང་སང་ངེ་བ་དང་༔ མི་རྟོག་པ་ཐོམ་མེ་བ་གང་བྱུང་ཡང་སྒོམ་ཚད་མར་བཟུང་ནས་རེ་བའི་ཚད་དུ་ཞེན་ནས་བསྒོམ་པ་དང་༔ དོགས་པའི་ཡུལ་དུ་ཤེས་ནས་འགོག་པ་དང་༔ བློ་ཡིད་ཀྱིས་བཅས་བཅོས་བྱེད་པ་རྣམས་ནི་རེ་དོགས་ཉེར་ལེན་གྱིས་ལམ་གྱི་གོལ་སར་འཕྱན་པར་གྱུར་བ་ཡིན་ཏེ༔ དེ་ལྟར་མ་ཡིན་པར་ཉམས་ཀྱི་ཡིན་ལུགས་ཤེས་ནས་ཆགས་ཞེན་དགག་སྒྲུབ་མེད་པར་རང་སར་བཞག་པས་ན་བུན་ནམ་མཁའ་ལ་ཡལ་བ་ལྟར་ཡུལ་མེད་དུ་ཡལ་ནས་རིག་པའི་ཡེ་ཤེས་མངོན་དུ་འགྱུར་བ་ཡིན༔ ལྷ་འདྲེ་མ་རུངས་པའི་གཟུགས་སྣ་ཚོགས་སུ་སྣང་བ་དང་༔ སྒྲ་སྙན་པ་དང་མི་སྙན་པའི་རིགས་སྣ་ཚོགས་གྲགས་པར་སྣང་བ་དང་༔ དྲི་ངན་པ་སྣ་ཚོགས་ཚོར་བ་དང་༔ རོ་མི་འདོད་པར་མྱོང་བ་དང་༔ རེག་བྱ་སྣ་ཚོགས་མྱོང་བ་དང་༔ རྨི་ལམ་མི་སྡུག་པར་མཐོང་བ་དང་༔ བསྔང་སད་འབྱུང་བ་ལ་བརྟེན་ནས་བློ་སྙིང་མི་བདེ་བ་སྣ་ཚོགས་འབྱུང་བ་དང་༔ ཟས་དང་ཁང་ཁྱིམ་དང་བྲེད་སྔངས་ལ་རྐྱེན་བྱས་ནས་ན་ཚ་འབྱུང་བ་དང་༔ ས་རྡོ་ཤིང་མཚོན་གྱིས་རེག་པ་ཙམ་ལ་རྐྱེན་བྱས་ཏེ་སོས་པར་དཀའ་བ་དང་༔ རྨ་དང་མཛེ་དང་ཕོལ་མིག་ལ་སོགས་པ་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཐན་ལྟས་ངན་པ་སྣ་ཚོགས་འབྱུང་བ་དང་༔ ནད་རླུང་མཁྲིས་བན་ཀན་ལ་སོགས་པ་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞིའི་རྣམ་པར་འབྱུང་སྟེ་སེམས་ཀྱི་རྩལ་དང་ནུས་སྟོབས་ཐམས་ཅད་དེའི་ངང་དུ་ཉམས་པ་ལྟར་བརྗོད་མི་ཤེས་པའི་སྡུག་བསྔལ་འབྱུང་བ་ནི་ནང་ལྷོང་ལུས་ཀྱི་ན་ཚ་ཞེས་བྱ་བ་དང་༔ སེམས་ཀྱི་ཡུལ་དུ་མི་བདེ་བ་ཆགས་པ་དང་སྡང་བ་དང་ཞེན་པ་དང་སྡུག་བསྔལ་མི་བཟོད་པ་དང་༔ དགའ་བ་སྐྱེ་བ་དང་༔ སྟོང་གསལ་མྱོང་ཞེན་ཅན་དང་༔ སྟོང་ཧད་དེ་བ་སྣང་སེམས་ཀྱི་གོ་འགག་པ་དང་༔ མཐོང་ཚོར་ཐམས་ཅད་གནོད་བྱེད་དུ་མངོན་པ་དང་༔ ང་འདྲ་བའི་རྣལ་འབྱོར་པ་ལྟ་སྒོམ་ཅན་ས་སྟེང་དུ་མེད་སྙམ་པའི་ང་རྒྱལ་དང་༔ ཁོང་ཁྲོ་དང་གནོད་སེམས་ཀྱི་དབང་གིས་གཞན་གྱི་རྒྱུད་དཀྲུག་པ་སྟེ་མཐར་རྗེས་འགྱོད་སྐྱེ་བ་དང་༔ རང་གི་བྱ་སྤྱོད་ཅི་བྱས་ཐམས་ཅད་བཟང་པོ་མཛེས་པར་མངོན་ནས་ལས་འཇོལ་ཉོག་ཏུ་སྤྱོད་པ་ལ་སོགས་སེམས་ལ་དགའ་སྡུག་གི་སྣང་བ་མ་ངེས་པར་འཆར་བ་ནི་གསང་སློང་སེམས་ཀྱི་དགའ་སྡུག་ཅེས་བྱ་བ་སྟེ༔ དེ་ལྟར་བདེ་སྡུག་གི་སྣང་བ་གང་བྱུང་གང་ཤར་ཐམས་ཅད་ཉམས་རྫུན་པོ་ཆེ་ལམ་གྱི་རྟགས་སུ་འབྱུང་བ་ཡིན་པར་ཤེས་ནས་ཆགས་ཞེན་དགག་སྒྲུབ་རེ་དོགས་བཅས་བཅོས་མེད་པར་རང་སར་བཞག་པས་རང་གྲོལ་དུ་འགྲོ་བ་ཡིན་པ་ནི་ཤེས་པར་བྱ་བའི་གནད་མཆོག་ཏུ་བཟུང་བར་བྱའོ༔ ཉམས་ནད་དུ་སོང་རྒྱབ་རྟེན་འདྲེར་བཟུང་སྟེ་གཏོ་བཅོས་རིམ་གྲོ་སྨན་དཔྱད་ལ་འབད་ཀྱང་ཕན་མེད་གནོད་པར་འགྱུར་བ་ལས་ཇི་ལྟར་འབད་ཀྱང་ཕན་པ་ཏིལ་འབྲུ་ཙམ་མི་འབྱུང་བ་དང་༔ མཐར་ཉམས་ངོ་སྤྲོད་ཀྱི་བྱ་མ་ཤོར་ན་སྨྱོ་བ་དང་༔ འབོག་པ་དང་༔ བརྒྱལ་བ་དང་༔ དུད་འགྲོ་ལྟར་ཅི་ཡང་མི་ཤེས་པར་འགྱུར་བའམ༔ འཆི་བ་སྲོག་ལ་བབ་པའི་རྒྱུར་འགྱུར་བ་ཡིན༔ སྔོན་དུས་ནི་སློབ་མ་དད་པ་དམ་ཚིག་དང་ལྡན་པ་མང་པོ་འབྱུང་བ་དང་༔ བླ་མ་ཡང་གྲུབ་ཐོབ་ཤ་སྟག་ཏུ་བྱུང་བས་སློབ་མའི་རྒྱུད་ཁམས་དང་དབང་པོའི་བྱེ་བྲག་སྣ་ཚོགས་པ་མཁྱེན་ཅིང་ཚེ་གཅིག་ལུས་གཅིག་ཏུ་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་དུ་འདྲོང་བ་དང་༔ གོལ་ཤོར་ནོར་སའི་དབང་དུ་མི་གཏོང་བ་ཡིན་ཡང་༔ དེང་སང་གི་དུས་འདིར་སློབ་མ་དམ་མེད་མོས་གུས་ཆུང་བ་དམུ་རྒོད་པ་ལོག་ལྟ་སྐྱེན་པ་ཤ་སྟག་ལས་མེད་པ་དང་༔ སློབ་དཔོན་དམུས་ལོང་རྣམས་ཀྱིས་ཉམས་སྐྱེ་བར་བྱེད་པའི་སེམས་འཛིན་དང་ལྟ་སྒོམ་དམིགས་གཏད་མྱོང་ཞེན་ཅན་གྱི་ཁྲིད་འདེབས་ཤིང་བསྒོམ་དུ་བཅུག་པས་སེམས་ཀྱི་དགའ་སྡུག་བདེ་རྩུབ་ཙམ་འབྱུང་བ་ཉམས་སུ་ངོ་སྤྲོད་ཤེས་པ་ལས་ཕྱི་སློང་ནང་སློང་གི་དབྱེ་བ་མི་ཤེས་པས་འདྲེ་གདོན་དུ་གྱེར་ཏེ་སློབ་མ་བསླུ་བར་འགྱུར་བ་ཡིན༔ དེ་ལྟ་བུའི་སློབ་དཔོན་ངན་པ་དག་ནི་སློབ་མའི་བདུད་དུ་འབབ་ངེས་པ་ཅན་ཡིན་ནོ༔ ཁམས་དང་དབང་པོའི་བྱེ་བྲག་གིས་ཕྱི་སློང་ཤ་སྟག་ལས་ནང་སློང་མི་འབྱུང་བ་ཡང་ཡོད༔ ནང་སློང་ཤ་སྟག་ལས་ཕྱི་སློང་དང་གསང་སློང་མི་འབྱུང་བ་ཡང་ཡོད༔ གསང་སློང་ཤ་སྟག་ལས་ཕྱི་ནང་གི་སློང་མི་འབྱུང་བ་ཡང་ཡོད་པས་དེའི་བྱེ་བྲག་ཤེས་དགོས་པའི་གནད་ཟབ་ཁྱད་ཅན་ཡིན༔ དེང་བསྐལ་པ་སྙིགས་མ་ལ་བབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་དུས་འདིར༔ སློབ་དཔོན་ལ་ལས་ནི་འགྱུ་བ་རིག་པས་སྐྱོང་ཟེར་བའི་ཁྲིད་བཏབ་ནས་ཁོ་ཡང་དེ་ལས་ཉམས་རྟོགས་མེད་པས་སྟོན་འཁོར་ཐམས་ཅད་ཀྱི་མི་ཚེ་དེར་ཟད་ནས་འཆི་ཁ་ཐ་མལ་དུ་ལུས་པ་གྲངས་མང་བ་དང་༔ སློབ་དཔོན་འགའ་ཞིག་གིས་ནི་བདེ་ཉམས་ལྷོད་འབོལ་ལེ་བ་ལ་གདིང་བཅས་ཏེ་གཞན་ལའང་ལྟ་སྒོམ་གྱི་མཆོག་ཏུ་འཆད་དེ་དེའི་ཐོག་ཏུ་ལུས་པ་དང་༔ སློབ་དཔོན་ལ་ལས་ནི་གསལ་ཉམས་ལྷ་མཐོང་འདྲེ་མཐོང་འཆར་ཞིང་སྣང་སེམས་གསལ་ཧྲིག་ཧྲིག་ཏུ་མངོན་པ་ལ་གདིང་འཆའ་སྟེ་གཞན་ལའང་དེ་འཆད་པ་དང་༔ འགའ་ཞིག་གིས་མི་རྟོག་པའི་ཉམས་སྟོང་སང་ངེ་བ་འགྱུར་དྲན་མེད་པར་སྣང་བའི་གོ་འགག་པ་ལ་གདིང་འཆའ་སྟེ་གཞན་ལའང་དེ་འཆད་པ་དང་༔ འགའ་ཞིག་གིས་ཤེས་པ་བཟོ་མེད་གོ་མ་འགག་པ་ལ་གདིང་འཆའ་སྟེ་གཞན་ལ་ལྟ་སྒོམ་གྱི་མཆོག་ཏུ་བསྟན་ནས་ངོ་སྤྲོད་བྱེད་པ་རྣམས་ཀྱིས་ལྟ་བ་སྟོང་ཉིད་མ་རྟོགས་པའི་རྐྱེན་གྱིས་ཁམས་གསུམ་ལས་མི་འཕགས་པའི་སྐྱོན་གྱིས་བཅིངས་པས་ཐར་པ་དང་རྣམ་མཁྱེན་གྱི་ལམ་མཐོང་བར་མི་འགྱུར་བ་ཡིན༔ ལ་ལས་ནི་མི་ཚེ་གཅིག་ལ་དཔེ་ཧྲུལ་དང་ཁ་བཤད་ལ་གཡེངས་ཤིང་ཞེན་ནས་འཆི་བ་ཐོག་རྒྱུག་ཏུ་བྱུང་ཚེ་མི་འཇིགས་པའི་གདིང་སྤུ་ཙམ་ཡང་མེད་པར་ཐོས་པ་དང་བཤད་པ་ཁོ་ན་ལ་ཞེན་པ་རྣམས་ཚེ་འདིར་ཁེ་དྲག་དང་ཆེ་མཐོར་རློམ་པ་ཡིན་ཏེ༔ ཚེ་གཅིག་འཁྲུལ་པའི་སྣང་སེམས་ལ་ཞེན་པ་དང་༔ ཐོས་ཤེས་ཁ་བཤད་ལ་ཞེན་པ་གཉིས་ཀ་གསེར་སྒྲོག་དང་ཐག་སྒྲོག་གིས་འཆིང་བ་ལ་ཁྱད་པར་མེད་པ་བཞིན་དུ་ཞེན་པའི་ཡུལ་ལ་བཟང་ངན་མེད་དེ༔ གང་ལ་ཞེན་པ་ཐམས་ཅད་བདག་རྒྱུད་འཆིང་བའི་རྒྱུ་ཁོ་ན་ཡིན་ནོ༔ དང་པོ་རྒྱ་ཆེ་བའི་ལྟ་སྒོམ་གྱི་གནད་དོན་དང་ལོ་རྒྱུས་ཤེས་པར་བྱས་ཏེ༔ མཐར་སྙིང་པོའི་སྒྲུབ་པ་ལྷུར་བླངས་ནས་གོལ་ཤོར་ནོར་སའི་འཕྲང་ལ་མི་ཐོགས་པར་རྣམ་པར་གྲོལ་བའི་སར་སླེབ་པ་ནི་ཐོས་པ་གནད་དུ་སོང་བ་ཡིན༔ ཐོས་པ་གྲངས་མང་པོ་གོ་གོ་དང་ཤེས་ཤེས་ཀྱི་ང་རྒྱལ་དང་རང་རྩིས་འཕེལ་ཏེ་གང་མཐོང་ཐམས་ཅད་ལོག་ལྟ་དང་སྒྲོ་སྐུར་གྱི་གནས་སུ་མངོན་ནས་རྒྱུད་ལ་དད་པ་མོས་གུས་སྤུ་རྩེ་ཙམ་ཡང་མེད་པར་བདག་འདྲ་བ་གཅིག་ཀྱང་མེད་སྙམ་དུ་མགོ་འཕང་རོ་སྟོད་གཟེང་བསྟོད་ནས་གཞན་ཁྱད་དུ་གསོད་པའི་སྡང་སེམས་ཀྱི་ཚིག་ངན་སྒྲོག་པ་དང་༔ གྲགས་པ་ཅན་གཞན་གྱིས་རྣམ་པར་བཤད་པ་ཐོས་ཤིང་མཐོང་ཚེ་ང་རྒྱལ་དྲག་པོའི་ཤུགས་ལྡང་སྟེ་ཕྲག་དོག་གི་སེམས་ཀྱིས་སྐྱོན་མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་༔ ཡོན་ཏན་ཡོད་པ་ལ་མེད་པར་སྐུར་པ་འདེབས་པ་རྣམས་ནི་ཐོས་པ་དུག་ཏུ་སོང་ནས་ངན་སོང་གི་གཞི་བཙུག་པ་ཡིན༔ དེས་ན་དེ་ལྟ་བུའི་སློབ་དཔོན་ནི་དང་པོ་ཉིད་ནས་བརྟག་སྟེ་སྤང་བ་ལས་བརྟེན་པར་མི་བྱ༔ གདམས་པའི་ཚིག་ཤློ་ཀ་གཅིག་ཐོབ་ཕན་ཆད་བླ་མ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་མི་མཉེས་པ་སྐད་ཅིག་ཙམ་ཡང་བསྒྲུབ་མི་རུང་སྟེ༔ གལ་ཏེ་བསྒྲུབ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྤངས་པ་ཡིན་པས༔ དེའི་རྒྱུད་ལ་ཉམས་རྟོགས་དང་ཡོན་ཏན་མི་སྐྱེ༔ བསོད་ནམས་བསགས་ཀྱང་འབྲས་བུ་མི་འབྱུང་༔ ལྷ་དང་དཀྱིལ་འཁོར་བསྒྲུབ་ཀྱང་དམ་སྲི་དང་འདྲེ་བདུད་མ་གཏོགས་གཅིག་ཀྱང་མི་འགྲུབ༔ ཐར་པའི་ས་བོན་སྐམ་ནས་འབྲས་བུ་མི་འབྱུང་༔ རྣམ་མཁྱེན་གྱི་སྡོང་པོ་རུལ་ནས་ལོ་འདབ་མི་སྐྱེ་སྟེ༔ དབང་དང་གདམས་པ་ཚིག་གསུམ་ཐོབ་ཟིན་ནས་མུ་སྟེགས་གྲངས་ཅན་པ་ཡིན་ཡང་བླ་མའི་མཆོག་ཏུ་བཀུར་བ་ལས་བློ་ལྡོག་མི་རུང་བ་ཡིན་ནོ༔ སྡོད་པའི་ཚེ་བླ་མ་སྤྱི་བོར་བསྒོམ་པས་དཀོན་མཆོག་སྐྱབས་སུ་བསྟེན་པ་ཡིན༔ འགྲོ་བའི་ཚེ་བླ་མ་ཕྲག་པ་གཡས་སུ་བསྒོམ་ནས་བསྐོར་བའི་འདུ་ཤེས་བཞག་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ལ་བསྐོར་བ་བྱས་པ་ལས་ཆེས་ཆེར་འཕགས་པ་ཡིན༔ བཟའ་བཏུང་གི་ཚེ་ན་བླ་མ་མགྲིན་པར་བསྒོམ་སྟེ་ཟས་བདུད་རྩིར་དམིགས་ནས་ཟོས་པས་ཅི་ཟོས་ཚོགས་དང་སྦྱིན་སྲེག་ཏུ་འགྱུར་བ་ཡིན༔ སྒོམ་དུས་དང་ཉལ་དུས་བླ་མ་སྙིང་གར་བསྒོམ་སྟེ་ཐུགས་ཡིད་བསྲེས་པས་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་སྟེ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་བ་ཡིན༔ བསྒྲུབ་ཚེ་ལྷ་དང་སྲུང་མའི་ངོ་བོར་བསྒོམ་ན་བསྐྱེད་རིམ་རང་རྒྱུད་པར་མི་གོལ་ཏེ་མཆོག་ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རབ་འབྱམས་མྱུར་དུ་འགྲུབ་པར་འགྱུར་བ་ཡིན༔ དེ་བཞིན་དུ་བླ་མ་དམ་པ་དང་མ་འགལ་བར་བསྟེན་པ་ནི་སྤྱོད་པའི་གནད་བླ་ན་མེད་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའི་རིག་པའི་རྡོ་རྗེས༔ རིག་པ་ལ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གདོད་ནས་ཡེ་རྫོགས་སུ་ཡོད་པ་ཡིན་ན་སེམས་ཅན་ཐམས་ཅད་རྫོགས་པ་ཆེན་པོའི་ལྟ་བ་ངེས་པར་སོང་བས་ཁྱད་པར་ཇི་ལྟར་ཡོད་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ རིག་པའི་རྡོ་རྗེ་ཁྱོད་ཀྱི་དེ་ལྟར་མ་ལགས་ཏེ༔ སངས་རྒྱས་སེམས་ཅན་ཐམས་ཅད་རིག་མ་རིག་གི་ཁྱད་པར་ལས་མེད་པས་སེམས་ཅན་ཐམས་ཅད་ཀྱིས་རང་སྣང་གཞན་དུ་བཟུང་ནས་འཁྲུལ་པ་ཡིན༔ སངས་རྒྱས་ཐམས་ཅད་ཀྱིས་འཁོར་འདས་དག་མཉམ་དུ་གཟིགས་ནས་སངས་རྒྱས་པ་ཡིན༔ དེ་ཕྱིར་རིག་པ་ནི་གདོད་མའི་ཡེ་གཞི་ཀ་དག་ཆེན་པོ་འཁོར་འདས་དག་མཉམ་གྱི་རོལ་པར་ངོ་ཤེས་ཏེ་ངང་མངོན་དུ་གྱུར་པ་རིག་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཡིན་ནོ༔ ཞེས་གསུངས་པ་ལ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་འདི་ལྟར་རིག་པའི་ཡེ་ཤེས་ལ་ལམ་བྱས་ན་གྲོལ་བ་ཇི་ལྟར་ཐོབ༔ ཡོན་ཏན་ཇི་ལྟ་བུ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་ནས་བར་མ་ཆད་པར་བསྒོམ་ན་ཚེ་ལུས་འདི་རུ་གྲོལ་བ་ཐོབ་ཅིང་སངས་རྒྱས་པར་འགྱུར་བ་ཡིན་ཏེ༔ མཚམས་མེད་པ་ལྔའི་ལས་མང་པོ་བསགས་པ་དང་༔ ཚེ་གཅིག་ཏུ་བསྐྱེད་རིམ་ཉམས་སུ་བླངས་པའི་གང་ཟག་གཉིས་ལ་རིག་པ་མཉམ་དུ་ངོ་འཕྲོད་ནས་བསྒོམ་པར་བྱས་ན་སེམས་ཉིད་ལ་སྐྱོན་དང་ཡོན་ཏན་གྱིས་བསླད་མི་འཇུག་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་འདིར་སྡིག་པ་མི་དགེ་བའི་ལས་ལ་སྤྱོད་པའི་སྐྱེས་བུ་དང་༔ ཚེ་གཅིག་བསོད་ནམས་བསགས་པའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་རྒྱུ་འབྲས་ལས་འདས་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་འདིར་བསམ་གཏན་ཟབ་མོ་བསྒོམ་པའི་སྐྱེས་བུ་དང་༔ ཚེ་གཅིག་རྣམ་པར་གཡེངས་པའི་དབང་དུ་སོང་བའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་ནས་མཉམ་དུ་ཉམས་སུ་བླངས་ན་རིག་པར་བཟང་ངན་མེད་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་སེམས་བསྐྱེད་པ་ལ་བསླབ་ནས་གཞན་དོན་ལྷུར་ལེན་བྱེད་པའི་སྐྱེས་བུ་དང་༔ ཚེ་གཅིག་གཞན་ལ་གནོད་པའི་ལས་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་རིག་པའི་རང་ངོ་དུས་མཉམ་དུ་འཕྲོད་ནས་ཉམས་སུ་བླངས་ན་རིག་པ་བྱ་བྱེད་ལ་མི་ལྟོས་པར་རང་ཐོག་ཏུ་གྲོལ་བའི་གནད་ཀྱིས་འཚང་རྒྱ་བ་ལ་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་རྒྱུད་སྡོམ་པ་ལ་བརྩོན་པའི་སྐྱེས་བུ་དང་༔ མི་དགེ་བ་བཅུའི་ལས་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་རིག་པ་མཉམ་དུ་ངོ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་གཞན་རྐྱེན་ལ་མི་ལྟོས་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་སྦྱིན་པ་གཏོང་བའི་སྐྱེས་བུ་དང་༔ ཚེ་གཅིག་རྐུ་འཕྲོག་བྱེད་པའི་སྐྱེས་བུ་གཉིས་ལ་རིག་པ་རང་ངོ་མཉམ་དུ་སྤྲད་དེ་ཉམས་སུ་བླངས་ན་རིག་པ་ལ་ཕན་གནོད་མེད་པའི་གནད་ཀྱིས་འཚང་རྒྱ་བ་ལ་སྔ་ཕྱི་སྐད་ཅིག་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་མི་བརྒྱ་རྟ་བརྒྱ་བསད་པའི་སྡིག་པོ་ཆེ་དང་༔ ཚེ་གཅིག་བསྐོར་ཕྱག་བྱེད་པའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་མཉམ་དུ་སྤྲད་དེ་སྙིང་པོའི་སྒྲུབ་པ་ལ་བརྩོན་པར་བྱས་ན་རིག་པའི་ཡེ་ཤེས་ལ་བཅོས་བསྒྱུར་མེད་པའི་གནད་ཀྱིས་འཚང་མཉམ་དུ་རྒྱ་བ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་བཀའ་དང་བསྟན་བཅོས་ཀློག་འདོན་བྱེད་པའི་སྐྱེས་བུ་དང་༔ ཚེ་གཅིག་མནའ་ཟོས་རྫུན་ཚིག་སྨྲ་བའི་སྐྱེས་བུ་གཉིས་ལ་རིག་པ་ངོ་སྤྲད་དེ་ཉམས་སུ་བླངས་ན་གྲོལ་བའི་ས་ལ་ཉེ་རིང་སྤུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ས་ལམ་སྦྱངས་བགྲོད་ཀྱི་སྒོ་ནས་རབ་དགའི་ས་ལ་གཤེགས་པའི་སྐྱེས་བུ་དང་༔ ཚེ་འདིར་ཐེག་པའི་སྒོར་མ་ཞུགས་པའི་སྐྱེས་བུ་གཉིས་ལ་མཐའ་གྲོལ་གཞིའི་རིག་པ་རང་ངོ་སྤྲད་ནས་མཉམ་དུ་ཉམས་སུ་བླངས་ཏེ་བསྒོམ་ན་དེ་གཉིས་ལ་སྔ་ཕྱི་སྐད་ཅིག་ཙམ་མེད་པར་འཚང་རྒྱ་བར་འགྱུར་བ་ནི་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་ལམ་གྱི་རིག་པ་ལ་གོམས་པའི་སྐྱེས་བུ་དང་༔ ཆོས་ཀྱི་སྒོ་མཐོང་མ་མྱོང་བའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་མཉམ་དུ་སྤྲད་དེ་ཐང་ལྷོད་མེད་པར་ཉམས་སུ་བླངས་ན་འཚང་རྒྱ་བ་ལ་ཡུན་རིང་ཐུང་སྤུ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་ཏུ་ལྷ་ཁང་མཆོད་རྟེན་བརྩིགས་བཞེངས་བྱེད་ཅིང་གཞན་གྱི་སྲོག་སྐྱོབས་པ་ལ་བརྩོན་པའི་སྐྱེས་བུ་དང་༔ ཚེ་གཅིག་ཤན་པའི་གྲལ་དུ་གསོད་གཅོད་ལ་བརྩོན་པའི་སྐྱེས་བུ་གཉིས་ལ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ངོ་སྤྲད་དེ་ཉམས་ལེན་ལ་ཐང་ལྷོད་མེད་པར་བརྩོན་ན་འཚང་རྒྱ་བ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ དེ་དག་གི་གནད་ནི་འཁྲུལ་པའི་བྱ་བྱེད་ཐམས་ཅད་རྨི་ལམ་གྱི་བྱ་བ་ལྟར་ཅི་ཡང་བྱེད་མ་མྱོང་བ་ཡིན་པ་ལ་བྱས་པའི་སྣང་བ་ཤར་བ་ཙམ་ལ་བདེན་ཞེན་སྐྱེས་པས་མེད་བཞིན་ཡོད་པར་སྣང་བ་ཡིན་ཏེ༔ ལས་དེ་དག་གིས་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ལ་ཕན་གནོད་མེད་པའི་དོན་གྱིས་འཚང་རྒྱ་བ་ལ་ཁྱད་པར་མི་བྱེད་པ་ཡིན་ནོ༔ བཟང་པོའི་ལས་ཀྱིས་ཕན་ཡུལ་མེད་པས་བཟང་དུ་མེད་པ་ནམ་མཁའི་རང་བཞིན༔ ངན་པའི་སྤྱོད་པས་གནོད་ཡུལ་མེད་པས་ཡུལ་མེད་ཟང་ཐལ་བརྡལ་ཁྱབ་ནམ་མཁའི་རང་བཞིན་ཡིན་ཏེ༔ འདི་ལྟར་མེད་པ་ལ་ཡོད་སྣང་འཆར་བའི་དོན་ནི་གཞི་རང་གི་གནས་ལུགས་མ་ཤེས་པའི་དབང་གིས་ཡུལ་གཞན་ལ་ཁ་ཕྱིར་བལྟས་ཀྱི་ཞེན་པ་འདི་གཅིག་པུས་འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་པས་འདིའི་ངང་ཚུལ་རིག་ནས་རང་ཐོག་ཏུ་རང་གདིང་ཐོབ་ཅིང་རང་ལ་རང་དབང་ཐོབ་པ་ཉིད་སངས་རྒྱས་ཡིན་ནོ༔ དཔེར་ན་སྨྱོན་པ་ཞིག་གིས་དྲན་པའི་དབང་པོ་རྙེད་པ་ལྟ་བུ་སྟེ༔ དཔེ་དྲན་པའི་དབང་པོ་རྙེད་ནས་སེམས་རང་ཐོག་ཏུ་རང་ས་མ་ཟིན་གྱི་བར་དུ་ལས་ཅི་བྱས་ཀྱང་སྨྱོན་པ་ལས་སྨྱོན་པ་མིན་ཐབས་མེད་པ་ལྟར་རིག་པ་རང་ངོ་འཕྲོད་དེ་གཞི་རང་ལ་རང་གདིང་མ་ཐོབ་ཀྱི་བར་དུ་བཟང་ངན་གྱི་བྱ་བས་སངས་རྒྱས་བཟོ་ཐབས་མི་འདུག་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་ཡོན་ཏན་ནི་བརྗོད་ཀྱིས་མི་ལང་སྟེ༔ ཚེ་གཅིག་གི་མཐའ་རུ་མ་ཐུག་གི་བར་དུ་ལུས་ཀྱི་སྒོ་ནས་ཕྱག་བསྐོར་སྒྲིབ་སྦྱང་ལ་འབད་པར་བྱས་པ་བས་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དེ་ཟླ་བ་དྲུག་བར་མེད་དུ་བསྒོམ་པའི་ཡོན་ཏན་བརྒྱ་སྟོང་ཁྲི་ལས་འཕགས་པ་ཡིན་ནོ༔ ཚེ་གཅིག་ཏུ་སྦྱིན་པ་རྒྱ་ཆེན་པོ་གཏོང་བ་ལ་བརྩོན་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ནས་ཟླ་དྲུག་བར་མ་ཆད་པར་བསྒོམ་པའི་ཡོན་ཏན་བརྒྱ་སྟོང་ཁྲིས་འཕགས་པའོ༔ སྟོང་གསུམ་གྱི་སྟོང་ཆེན་པོ་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་དང་སྐུ་གཟུགས་ཀྱིས་བཀང་ནས་མཆོད་པ་དང་བཀུར་སྟི་བྱས་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲད་དེ་ཟླ་བ་དྲུག་བར་མ་ཆད་པར་བསྒོམ་ན་ཡོན་ཏན་ཁྲི་འབུམ་གྱིས་ཆར་ཡང་མི་ཉེའོ༔ ཚེ་གཅིག་མདོ་སྡེ་ཟབ་མོ་ཀློག་འདོན་བྱེད་པ་དང་སྔགས་དང་བཟླས་བརྗོད་བྱེད་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲད་ནས་ཟླ་དྲུག་ཉམས་སུ་བླངས་པའི་བསོད་ནམས་ཁྲི་འབུམ་གྱིས་འཕགས་པ་ཡིན་ནོ༔ ཚེ་གཅིག་བསྐྱེད་རིམ་ཟབ་མོ་ཉམས་སུ་བླངས་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་བྱས་ནས་ཟླ་བ་དྲུག་ཉམས་སུ་བླངས་ན་ཡོན་ཏན་བརྒྱ་སྟོང་ཁྲི་འབུམ་གྱིས་འཕགས་པ་ཡིན་ནོ༔ ཚེ་གཅིག་སེམས་ཅན་ཐམས་ཅད་ལ་སེམས་བསྐྱེད་ནས་དེ་དག་གི་དོན་ལྷུར་ལེན་བྱེད་པ་བས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་རང་ཐོག་ཏུ་འཕྲོད་ནས་ཟླ་བ་དྲུག་བར་མ་ཆད་པར་ཉམས་སུ་བླངས་ན་བསོད་ནམས་བརྒྱ་སྟོང་ལས་ཆེས་ཆེར་འཕགས་པའོ༔ ཚེ་གཅིག་དགེ་བ་བཅུའི་ལས་ལ་བར་མ་ཆད་པར་བརྩོན་པ་ལས༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་བྱས་ཏེ་ཟླ་བ་དྲུག་ཉིན་མཚན་བར་མ་ཆད་པར་ཉམས་སུ་བླངས་པའི་བསོད་ནམས་ཁྲི་འབུམ་གྱིས་ཆར་མི་ཉེ་བ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པ་ཉམས་སུ་ལོངས་ཤིག༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཁོང་དུ་ཆུབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཐེག་པ་རིམ་པ་དགུ་ཡི་ས་ལམ་དང་ཡོན་ཏན་ཡོངས་སུ་རྫོགས་པ་ཐོབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཚེ་གཅིག་ལུས་གཅིག་འདི་ཉིད་དུ་ཆོས་སྐུ་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་ཐོབ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ འཁོར་འདས་དག་མཉམ་ཆེན་པོར་རོལ་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་ཡོངས་སུ་རྫོགས་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་འདོད་ན་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པར་གྱིས་ལ་བར་མ་ཆད་པར་ཉམས་སུ་ལོངས་ཤིག༔ དེ་ངོ་འཕྲོད་པ་ཙམ་གྱི་ཡོན་ཏན་ཡང་མ་བསྒོམ་ཀྱང་སྐྱེ་བ་བདུན་ཚུན་ཆད་ལ་འཚང་རྒྱ་བར་ཐེ་ཚོམ་མེད་པ་ཡིན༔ དུས་གཅིག་ལ་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཞིང་གསུང་ཐོས་པ་བས་རིག་པ་རང་ངོ་འཕྲོད་པ་ཙམ་གྱི་ཡོན་ཏན་བྱེ་བ་དུང་ཕྱུར་ལས་འཕགས་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་རྒྱལ་བ་ཐམས་ཅད་ཀུན་ཏུ་བཟང་མོའི་ཐུགས་གསང་བྷ་ག་ཡངས་པར་རོ་གཅིག་པ་ཆོས་ཀྱི་དབྱིངས་སྐྱེ་འགག་གནས་གསུམ་ཐམས་ཅད་དང་བྲལ་བ་ནི་ནམ་མཁའ་རྣམ་པར་དག་པ་འདི་ལས་གཞན་ན་མེད་དོ༔ འཁོར་འདས་ལམ་གསུམ་ཐམས་ཅད་ནམ་མཁའ་ཉིད་དུ་རོ་གཅིག་པའི་ངང་ཚུལ་ནམ་མཁའ་འཁོར་འདས་ཀུན་གྱི་ངོ་བོ༔ ནམ་མཁའ་འཁོར་འདས་ཡོངས་ཀྱི་སྤྱི་གཞི༔ ནམ་མཁའ་འཁོར་འདས་ཐམས་ཅད་ཀྱི་རོལ་པར་ངོ་ཤེས་ཤིང་གཏིང་དཔོག་སྟེ༔ ནམ་མཁའ་ཉིད་ལས་མི་གཞན་པར་རྟོགས་ནས་ནམ་མཁའ་འདི་ཁོང་དུ་ཆུབ་སྟེ་ནམ་མཁའ་མངོན་དུ་འགྱུར་པ་ལ་ནམ་མཁའི་རྣལ་འབྱོར་ཞེས་བྱའོ༔ ཐམས་ཅད་སྟོང་ཉིད་ཆེན་པོར་རྟོགས་ནས་སྟོང་པ་ནམ་མཁའ་ཉིད་དུ་གཏིང་དཔོག་པ་ནི་སྟོང་ཉིད་དོན་གྱི་རྣལ་མ་ལ༔ དེ་མངོན་དུ་གྱུར་པ་རིག་པའི་ཡེ་ཤེས་འབྱོར་ཞེས་པའི་དོན་ཡིན་ནོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་ལ་སོགས་པ་འཁོར་འདུས་པའི་ཚོགས་ཐམས་ཅད་ཀྱིས་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་སྨོན་ལམ་འདི་བརྗོད་དོ༔ ཀྱཻ༔ ཆོས་ཉིད་སྤྲོས་བྲལ་ཆོས་སྐུ་ཡི༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་དཔལ༔ སྨོན་ལམ་འགྲུབ་པའི་དཔང་དུ་རོལ༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་རློབས༔ ཧཱུྃ༔ ཀ་དག་ཁྱབ་གདལ་ཆོས་ཀྱི་སྐུ༔ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ མཐའ་བརྒྱད་སྤྲོས་པ་དང་བྲལ་ཞིང་༔ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ བདག་ཏུ་འཛིན་པའི་རྟེན་འབྲེལ་ལས༔ གདགས་གཞི་མེད་ལ་མིང་དུ་གདགས༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ གཞི་དབྱིངས་བརྡལ་ཁྱབ་ཆེན་པོ་ལ༔ ངར་འཛིན་འཁྲུལ་གྱིས་སྣོད་བཅུད་ཤར༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ སྟོང་ཉིད་ཆེན་པོར་རྟོགས་པར་ཤོག༔ རྒྱུ་དང་འབྲས་བུའི་ཆོས་རྣམས་དང་༔ ལྷ་འདྲེས་ཕན་གནོད་སྣང་བ་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ ཡུལ་མེད་ཆེན་པོར་རྟོགས་པར་ཤོག༔ སངས་རྒྱས་དང་ནི་སེམས་ཅན་དང་༔ རེ་དོགས་ཡུལ་འཛིན་དངོས་ཞེན་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི༔ ཆོ་འཕྲུལ་འདོད་ཡོན་སྣང་བ་ཀུན༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ བདག་མེད་ཆེན་པོར་རྟོགས་པར་ཤོག༔ སྣང་སྲིད་གཟུང་དང་འཛིན་པའི་ཆོས༔ སྒྱུ་མའི་དཔེ་བཅུ་ཇི་བཞིན་དུ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཡུལ་མེད་ཆེན་པོར་རྟོགས་པར་ཤོག༔ ཐེག་པའི་ཆོས་དང་ལམ་འབྲས་བུ༔ མ་ལུས་རྫོགས་པའི་ཀློང་ཆེན་པོ༔ ཇི་སྙེད་གཟིགས་པའི་ཤེས་རབ་ཀྱིས༔ ཇི་ལྟ་བ་བཞིན་མཁྱེན་པར་ཤོག༔ ཀ་དག་གདོད་མའི་ཡེ་གཞི་ལ༔ འཁོར་འདས་དག་མཉམ་རོལ་པ་རུ༔ བྱང་ཆུབ་ཆེན་པོར་སངས་རྒྱས་པའི༔ ཡང་དག་ལྟ་བ་རྟོགས་པར་ཤོག༔ དེ་ལྟར་འཁོར་འདས་ལམ་གསུམ་ཆོས༔ རྒྱ་མཚོའི་གཟུགས་བརྙན་རོལ་པ་བཞིན༔ གཉིས་མེད་ཆེན་པོ་བྱང་ཆུབ་སེམས༔ མངོན་གྱུར་ལམ་མཆོག་ཉེར་ཐོབ་ཤོག༔ སྒོམ་མེད་དམིགས་གཏད་བྲལ་བ་དང་༔ ལྟ་ཡུལ་ལྟ་མཁན་གཉིས་སུ་མེད༔ དགག་སྒྲུབ་ཞེན་ཆགས་བྲལ་བ་ཡི༔ བྱ་བཏང་ལམ་མཆོག་ཉེར་ཐོབ་ཤོག༔ གདོད་མའི་ཡེ་གཞི་ཆོས་སྐུའི་ཞལ༔ མ་རིག་སྒྲིབ་གཡོགས་དང་བྲལ་ནས༔ རིག་པའི་ཡེ་ཤེས་ཆེན་པོ་ཡིས༔ ལམ་གྱི་ལམ་མཆོག་ཉེར་ཐོབ་ཤོག༔ སྦྱང་བགྲོད་འབད་རྩོལ་བྲལ་བ་ཡི༔ ཆོས་ཉིད་སྒོམ་མེད་ཆེན་པོ་རུ༔ རང་དབང་མངོན་གྱུར་གདིང་ཐོབ་པའི༔ ལམ་གྱི་ལམ་མཆོག་མྱུར་ཐོབ་ཤོག༔ སྒོ་གསུམ་རྡོ་རྗེའི་ལྷུམས་ཞུགས་ནས༔ སྐུ་དང་ཡེ་ཤེས་སྤྱན་ཆེན་པོ༔ བག་རྡུལ་རབ་རིབ་དང་བྲལ་ནས༔ ཆོས་ཉིད་མངོན་སུམ་མཐོང་བར་ཤོག༔ མངོན་སུམ་མཐོང་བའི་ཡོན་ཏན་གྱིས༔ རབ་ཏུ་དགའ་བའི་ས་མཆོག་དང་༔ རྣམ་པར་སྨིན་པའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་མངོན་གྱུར་ཤོག༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་ནས༔ མ་དག་སྣང་བ་ཐམས་ཅད་ཀུན༔ དག་དབྱིངས་དྭངས་མར་འཕོས་པ་ཡིས༔ ཉམས་སྣང་གོང་དུ་འཕེལ་བར་ཤོག༔ ཉམས་སྣང་གོང་འཕེལ་སྟོབས་ཤུགས་ཀྱིས༔ སྦྱངས་དཀའི་ས་ལས་རབ་བརྒལ་ནས༔ ཚེ་ལ་དབང་བའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་ཀུན་ཐོབ་ཤོག༔ རིག་པ་བཅུད་དུ་རབ་སྨིན་ནས༔ སྣང་སྲིད་སྐུ་དང་ཞིང་ཁམས་ཀྱི༔ རོལ་པ་ཆེན་པོར་གནས་དག་པའི༔ རིག་པ་ཚད་ལ་ཕེབས་པར་ཤོག༔ རིག་པ་ཚད་ཕེབས་ཡོན་ཏན་གྱིས༔ མི་གཡོའི་ས་ལས་རབ་བརྒལ་ཏེ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་ཀུན་ཐོབ་ཤོག༔ ཆོས་ཅན་སྣང་བ་ཐམས་ཅད་ཀུན༔ ཆོས་ཉིད་བློ་འདས་ཆེན་པོ་རུ༔ ཟད་ནས་གདིང་ཐོབ་བཙན་ས་ཟིན༔ མི་སློབ་ལམ་དུ་ཕྱིན་པར་ཤོག༔ ཆོས་ཟད་བློ་འདས་སྟོབས་ཤུགས་ཀྱིས༔ ཆོས་སྤྲིན་ཆེན་པོའི་ས་རུ་བརྒལ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི༔ ས་ལམ་ཡོན་ཏན་མྱུར་ཐོབ་ཤོག༔ དེ་ལྟར་མྱུར་ལམ་སྙིང་པོའི་ཆོས༔ ཚེ་འདི་ཉིད་ལ་མཐར་ཕྱིན་ནས༔ རིང་པོར་མི་ཐོགས་སངས་རྒྱས་ཀྱི༔ གོ་འཕང་མྱུར་དུ་ཐོབ་པར་ཤོག༔ ཆོས་ཉིད་བརྡལ་ཁྱབ་ཆེན་པོ་ལ༔ མཁྱེན་དང་གཟིགས་པའི་ཡེ་ཤེས་འབར༔ ཁམས་གསུམ་འཁོར་བ་ལྷག་མེད་དུ༔ སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག༔ ཀ་དག་ཆེན་པོའི་མཁའ་དབྱིངས་སུ༔ མ་དག་འཁྲུལ་པའི་ཆོས་སོ་ཅོག༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ད་ལྟ་ཉིད་དུ་གྲོལ་བར་ཤོག༔ སེམས་ཅན་ཀུན་གྱི་སེམས་སྣང་ཆོས༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ གདོད་མའི་ནང་དབྱིངས་ཆེན་པོར་ཞིག༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ དེ་ནས་གདོད་མ་གཞིའི་སྟོན་པ་ཉིད་ཀྱི་ཞལ་ནས༔ ཀྱཻ་རིག་པའི་རྡོ་རྗེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྨོན་ལམ་གདབ་པ་ལ་དང་པོ་རྒྱལ་བ་ཐམས་ཅད་དཔང་དུ་བཙུགས་ཏེ་སྨོན་ལམ་གདབ་པ་དང་༔ མཐར་སྨོན་ལམ་འགྲུབ་པའི་ཕྱིར་བདེན་བརྗོད་ཡང་ཡང་བསྐྱར་བ་དང་༔ འགྲུབ་སྔགས་ཀྱང་ལན་བདུན་ལས་མི་ཉུང་བར་མ་བརྗོད་ན་ཤིན་ཏུ་འགྲུབ་དཀའ་བ་ཡིན༔ ཡང་ན་རྟེན་གཉན་པོའམ་བླ་མ་དགེ་བའི་བཤེས་གཉེན་དང་༔ དགེ་འདུན་མང་པོའི་ཚོགས་གྲལ་དང་༔ ཉ་སྟོང་དང་ཉི་ཟླ་གཟས་བསྒྲིབ་དུས་རྣམས་སུ་སྨོན་ལམ་བཏབ་སྟེ་བདེན་ཚིག་བརྗོད་ན་འགྲུབ་པར་འགྱུར་བ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཐེག་མཆོག་བླ་ན་མེད་པ་ཟབ་གསང་རྫོགས་པ་ཆེན་པོའི་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་དུས་སུ་ནོར་འཁྲུལ་གྱི་གེགས་དང་གོལ་ས་མཆིས་སམ་མ་མཆིས༔ གལ་ཏེ་མཆིས་ན་དེའི་ཚུལ་ཇི་ལྟ་བ་བཞིན་དུ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་དང་པོ་ལྟ་བ་ཟབ་མོ་གཏན་ལ་ཕབ་པའི་དུས་སུ་གོ་བ་དང་རྟོགས་པ་ནོར་བའི་འཕྲང་ཡོད་དེ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ གོ་བ་ནི་སློབ་དཔོན་གྱི་ངག་ནས་བཤད་པ་ཐོས་པ་ཉིད་དེ་དཔེར་ན་ཡི་གེ་སློབ་པའི་ཚིག་བློ་ལ་འཛིན་པ་ལས་དོན་ལ་བརྟག་དཔྱད་མ་བྱས་པ་ལྟར་གོ་བ་ཙམ་ཁ་བཤད་དུ་གྱེར་བ་ལས་གཏིང་མ་དཔོག་པར་ངས་ཤེས་སྙམ་པའི་ང་རྒྱལ་ཙམ་ལས་རྒྱུད་ལ་མ་འབྱོར་བ་ནི་གོ་བ་ཙམ་ཡིན་ཏེ་རྟོགས་པ་མ་ཡིན་ནོ༔ འདི་རྟོགས་པ་རུ་རློམ་པ་ནི་རྒྱལ་པོའི་དཀོར་མཛོད་དུ་ལོངས་སྤྱོད་ཡོད་པ་མིག་གིས་མ་མཐོང་ཞིང་དབང་མ་ཐོབ་པ་ལ་གཞན་གྱིས་བཤད་པ་རྣ་བས་ཐོས་ནས་ཡིད་ལ་བཟུང་སྟེ་ངའི་ལོངས་སྤྱོད་དོ་སྙམ་པ་དང་འདྲ་མཚུངས་ཏེ་དོན་སྤུ་རྩེ་ཙམ་ཡང་མེད་དོ༔ རྟོགས་པ་ནི་སློབ་དཔོན་གྱིས་བཤད་པའམ༔ རྒྱུད་ལུང་མན་ངག་གི་གནས་མཐོང་བའམ༔ ཤེས་རབ་ཀློང་ནས་བརྡོལ་བ་གསུམ་གང་ཡིན་ཀྱང་དང་པོ་ཕྱོགས་ཙམ་གོ་བ་ལ་རྐྱེན་བྱས་ཏེ་བརྟག་ཅིང་དཔྱད་པ་ཡང་ཡང་བཏང་བས་ཕྲ་ཞིང་ཞིབ་པ་ནས་སྣང་བའི་ཆོས་ཐམས་ཅད་རང་རང་གི་ངོས་ནས་སྟོང་པ་ཡུལ་མེད་དུ་འདུག་པའི་ཚུལ་ཤེས་པ་དང་༔ མཐར་སྟོང་ཉིད་ཆེན་པོར་རོ་གཅིག་པ་འཁོར་འདས་ཐམས་ཅད་གཞི་རང་གི་ཀློང་དུ་རང་ཤར་བ་ལས་གཞན་དུ་མ་གྲུབ་པར་ཐག་གཏིང་དཔོག་པར་ཆོད་པ་ནི་རྟོགས་པ་ཡིན༔ དེ་ཡང་འགྲོ་བ་ལྷ་དང་བཅས་པས་དེ་ལ་འཁོར་འདས་རང་རྒྱུད་པ་རྟག་བརྟན་ཐེར་ཟུག་ཏུ་ཡོད་པའི་ཚུལ་ལན་གྲངས་དུ་མར་བསྟན་ཀྱང་ཡིད་ལ་ཐེ་ཚོམ་མི་ཞུགས་པའི་ཤེས་པ་རྒྱ་ཆེ་ལ་གཏིང་ཟབ་པའི་རྟོགས་པའི་ཤེས་རབ་བརྟན་པོ་ཞིག་མེད་ན་རྣམ་པར་གྲོལ་བའི་ལམ་ལས་ལྡོག་པར་འགྱུར་བ་ཡིན་ནོ༔ རྟོགས་པའི་རང་བཞིན་ནི་སྒོམ་གྱི་ངོ་བོ་ཡིན་ཏེ་རྟོགས་པ་ལས་ལྷག་པའི་སྒོམ་ཀྱང་གཞན་ན་མེད་དོ༔ དང་པོ་གོ་ནས་བར་དུ་རྒྱུད་ལ་མྱོང་སྟེ་ཐ་མ་རྟོགས་པའི་གདིང་ཞིག་མེད་ན་ལྟ་སྒོམ་གྱི་མིང་དང་དྲི་མ་ཙམ་ཡང་མེད་ངེས་པ་ཡིན་པས་རྟོགས་པ་བརྟན་པོ་ཞིག་རྒྱུད་ལ་སྐྱེ་བར་བྱེད་དགོས་པ་གནད་ཀྱི་དམ་པར་ཟུངས་ཤིག༔ རྟོགས་པ་དང་གདིང་ཐོབ་ཀྱི་དབྱེ་བ་མ་ཤེས་ན་རྟོགས་པ་གདིང་ཐོབ་དང་ནོར་ནས་རང་མགོ་འཁོར་བ་མང་བའི་ཕྱིར་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ རྟོགས་པ་ནི་ས་ལམ་གྱི་ཡིན་ལུགས་དང་འཁོར་འདས་ལམ་གསུམ་རིག་པ་རང་ལ་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཐག་ངེས་པར་ཆོད་པ་ལ་བྱའོ༔ དེ་ལ་གང་ཟག་ལ་ལས་རང་གིས་དཀའ་བ་རྒྱ་ཆེན་པོ་སྤྱད་ནས་བདེ་སྡུག་གི་མྱོང་ཚོར་མང་པོ་མྱོང་སྟེ་ཤེས་པ་ནི་རྟོགས་པ་ངེས་པར་ཡིན་པ་ལས༔ རང་བཞིན་ཐད་ཀར་དུ་ཤེས་ཀྱང་རྟོགས་པའི་གོ་ཆོད་པར་མི་འགྱུར་བར་འདོད་པ་མང་ཡང་དེ་ནི་མི་རིགས་ཏེ༔ དཔེར་ན་ལྷ་ས་བསམ་ཡས་ལ་སོགས་པ་ལ་དད་གུས་ཆེ་བའི་མི་རྣམས་ཀྱིས་རྟེན་གསུམ་ལ་མཇལ་བར་འདོད་ནས་ཐག་ཤིན་ཏུ་རིང་བའི་ས་ནས་དཀའ་སྤྱད་དང་སྙིང་རུས་རྒྱ་ཆེན་པོ་བྱས་ནས་གནས་དེར་སླེབས་ནས་མཇལ་བ་དང་༔ དཀའ་ཚེགས་དང་སྙིང་རུས་མ་དགོས་པར་གནས་དེར་སྐྱེས་པའི་མི་རྣམས་ཀྱིས་རྟེན་གསུམ་མཇལ་བ་ལ་ཁྱད་པར་མེད་པ་ལྟ་བུ་སྟེ༔ མཇལ་བའི་གནས་ནི་རྟེན་གསུམ་ཡིན་ལ༔ མཇལ་བ་ལ་ཁྱད་པར་མེད་པ་དང་༔ ཁྱད་པར་གནས་དེར་སྐྱེས་པའི་མི་རྣམས་ཀྱིས་ཕྱི་ནང་གསང་བའི་རྟེན་ཐམས་ཅད་ཀྱི་རྒྱུས་གབ་སྦས་མེད་པར་ཤེས་པ་དང་འདྲ་མཚུངས་ཏེ༔ དེ་བཞིན་དུ་དཀའ་སྤྱོད་བདེ་སྡུག་མྱོང་ཚོར་མང་པོ་མྱོང་བའི་མཐར་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ངོ་འཕྲོད་པ་དང་༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདག་མེད་དུ་གཏན་ལ་ཕབ་ནས་ཆོས་ཉིད་ཀྱི་གནས་ལུགས་ཐད་ཀར་རྟོགས་ཤིང་ཤེས་པ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པའི་ཚུལ༔ གཉིས་ཀས་ཅི་ཤེས་དགོས་ན་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཤེས་ནས་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དགོས་པ་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད་པའི་ཕྱིར་རོ༔ དོན་ལ་རྟོགས་པ་ཐག་ཆོད་པ་གཏིང་དཔོག་པ་ཞིག་ལ་ལྟ་བ་ཞེས་བྱ་བ་ཡིན་ནོ༔ གདིང་ཐོབ་པ་ནི་དང་པོ་ངོ་འཕྲོད་པར་བྱས་ནས་རིག་པ་བྱར་མེད་རྒྱ་ཡན་ཆེན་པོ་མངོན་དུ་བྱས་ཏེ་བར་མ་ཆད་པར་ཉམས་སུ་བླངས་པས༔ མཐར་རང་ཐོག་ཏུ་བརྟན་པ་ཐོབ་ནས་དུས་དང་སྐབས་མི་འབྱེད་པར་ནམ་ལངས་ཚེ་མུན་པ་མི་འབྱུང་བ་ལྟ་བུ་ནི་རང་ཐོག་ཏུ་རང་གདིང་ཐོབ་པ་ཞེས་བྱ་བ་ཡིན་ནོ༔ དང་པོ་རྟོགས་མ་ཐག་པ་ནས་ཉམས་ལེན་གནད་དུ་བསྣུན་ཏེ་གདིང་ཐོབ་པར་མ་བྱས་ན་རང་ངོ་འཕྲོད་ཀྱང་འཆི་ཁ་ཐ་མལ་དུ་ལུས་ནས་འཁོར་བར་འཁྱམས་དགོས་པ་ཡིན༔ ཟས་རི་རབ་ཙམ་བདག་ཏུ་བཟུང་ཡང་མ་ཟོས་ན་ཕན་པ་མེད་པར་མུ་གེས་འཆི་བ་དང་༔ གོས་མཁར་ཁྱིམ་གང་བ་ཙམ་བདག་ཏུ་བཟུང་ཡང་མ་གྱོན་ན་གྲང་ལྷག་གིས་ཤི་བ་དང་འདྲ་མཚུངས་པ་ཡིན༔ དེའི་ཕྱིར་ན་གདིང་ཐོབ་པར་བྱ་བ་གནད་ཀྱི་དམ་པ་རུ་ཤེས་པར་གྱིས་ཤིག༔ སེམས་དང་རིག་པ་གཉིས་ཀྱི་དབྱེ་བ་མ་ཤེས་ན་སེམས་རིག་པར་འཁྲུལ་ནས་གྲོལ་བའི་ས་ལ་བར་དུ་གཅོད་པའི་རྒྱུར་འགྲོ་བའི་སྐྱོན་ཡོད་པས་དེའི་ཤན་དབྱེ་བར་བྱའོ༔ སེམས་ལའང་འཁྲུལ་པ་སྣང་ཞེན་གྱི་སེམས་དང་༔ ལམ་འཚོལ་འགག་སྒྲུབ་ཀྱི་སེམས་དང་༔ ཤེས་པ་ལམ་བྱེད་ཀྱི་སེམས་ཞེས་བྱ་བ་རྣམས་སུ་ཡོད་དོ༔ དེ་ལ་འཁྲུལ་པ་སྣང་ཞེན་གྱི་སེམས་ནི་རང་ཀ་མ་ལམ་ཚོལ་བ་དང་ལམ་དངོས་རྣམས་ཀྱི་སྒོ་མ་མཐོང་བའི་སེམས་ཅན་གྱི་སེམས་ལ་བྱའོ༔ ལམ་འཚོལ་བའི་སེམས་ནི་སེམས་ཀྱིས་སེམས་ལ་ལྟ་བ༔ རྣམ་རྟོག་གིས་རྣམ་རྟོག་ལ་བལྟ་བ་དང་༔ བློ་དང་ཡིད་ཀྱིས་བཅས་བཅོས་དང་སྤང་ལེན་བྱས་པའི་བདེ་སྡུག་སློང་བ་ཙམ་གྱི་ལམ་འཚོལ་བའི་ཕྱིར་སེམས་ལ་ལམ་བྱེད་པ་ཞེས་བྱའོ༔ ཤེས་པ་ལམ་བྱེད་ཀྱི་སེམས་ནི་སེམས་ཀྱི་གཞི་ཐ་མལ་གྱི་ཤེས་པ་གོ་མ་འགག་པ་མངོན་དུ་བྱེད་པ་དེ་ཡང་ལྟ་བ་མ་རྟོགས་པའི་བྱེད་ལས་ཀྱིས་ཕྱིའི་སྣང་བ་ལུང་མ་བསྟན་དུ་སོང་ནས་སྣང་བ་དངོས་པོར་བཟུང་བ་ལས་དངོས་འཛིན་མ་ལྡོག༔ ནང་རང་ལུས་ལ་ལུང་མ་བསྟན་པས་ལུས་དངོས་པོར་འཛིན་པའི་དངོས་ཞེན་མ་ལྡོག༔ དེ་གཉིས་ཀ་ལ་ལུང་མ་བསྟན་པར་རང་རྒྱུད་པར་བཟུང་བས་སེམས་ལས་མི་འཕགས་པས་དེ་ཡང་སེམས་ཞེས་བྱའོ༔ དེ་ལ་རིག་པའི་མིང་དུ་བཏགས་ཀྱང་མའི་མངལ་གནས་ཀྱི་ཕྲུ་གུ་ལ་བུའི་མིང་བཏགས་པ་ལྟར་རིག་པ་རང་ཐོག་ཏུ་ལ་བཟླ་བའི་མཚན་ཉིད་མ་རྟོགས་པ་ཡིན་ནོ༔ འཁོར་འདས་སྟོང་ཉིད་ཆེན་པོར་མ་རྟོགས་པ་ནི་མ་རིག་པ་ཡིན་ཏེ༔ རིག་དང་མ་རིག་པའི་བྱེད་ལས་ཀྱིས་མིང་ཡང་དེ་ལྟར་དུ་གྲགས་པ་ཡིན༔ རིག་པ་ནི་དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དང་༔ མཐར་སྣང་ངོས་ནས་མེད་བཞིན་དུ་སྣང་བ་རྒྱ་མཚོའི་གཟའ་སྐར་རྒྱ་མཚོའི་ངང་ལས་མེད་བཞིན་དུ་སྣང་བ་རྒྱ་མཚོའི་རོལ་པར་རོ་གཅིག་པ་དང་༔ ནམ་མཁའི་འཇའ་ཚོན་ནམ་མཁའི་ངང་ལས་མེད་བཞིན་དུ་སྣང་བ་ནམ་མཁའི་རོལ་པར་རོ་གཅིག་པ་ལྟར༔ སྣོད་བཅུད་སྣང་བ་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་ལས་མེད་བཞིན་དུ་སྣང་བ་གཞི་བདེ་གཤེགས་སྙིང་པོའི་རོལ་པར་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཏེ་རིག་པ་མངོན་དུ་གྱུར་པ་དཔེར་ན་ནམ་མཁའི་དབྱིངས་ལ་ནམ་ལངས་པ་ལྟ་བུ་བསྒོམ་མ་དགོས་པར་འཁོར་འདས་བྱང་ཆུབ་ཆེན་པོའི་ཀློང་དུ་འུབ་ཆུབ་པ༔ བལྟ་མ་དགོས་པར་འཁོར་འདས་ཐམས་ཅད་རྒྱ་མཚོའི་གཟའ་སྐར་བཞིན་དུ་དེར་འཛིན་མེད་པར་རང་རིག་པ༔ བཅས་བཅོས་མ་དགོས་པར་གཞི་དབྱིངས་འཁོར་འདས་དག་མཉམ་ཆེན་པོར་རང་གྲོལ་བ༔ དམིགས་གཏད་མ་དགོས་པར་ཡུལ་ཟང་ཐལ་གཏད་མེད་རྒྱ་ཡན་ཆེན་པོར་ཧར་སང་དུ་ཡན་པ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་བྱེད་ཅིང་རང་དབང་དུ་བསྒྱུར་བ་ཡིན་ནོ༔ དོན་དམ་པར་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པ་ཙམ་གྱིས་འཁོར་འདས་ཀྱི་སྲོག་ལ་དབང་ཐོབ་པ་ཡིན་ཏེ༔ དབང་ཐོབ་སེམས་སྐྱེ་བའི་ཐབས་ཆུ་དང་ཤོག་ཁྲ་ལ་སོགས་པ་གཏད་ནས་རྟེན་འབྲེལ་བརྗོད་པ་ལྟ་བུ་མ་ཡིན་པར་རྒྱལ་བ་སྲས་དང་བཅས་པའི་དབང་ཐོབ་པ་དང་༔ རིག་པའི་ཡེ་ཤེས་ལས་མཆེད་པའི་ཡི་གེའི་གཟུགས་སུ་སྣང་བ་ཐམས་ཅད་ཀྱི་ལུང་རང་ལ་འབྱོར་བར་ཤེས་པས་དབང་ལུང་ཐམས་ཅད་གཅིག་ཆར་དུ་ཐོབ་ཟིན་པ་ཡིན་ནོ༔ དེ་ལྟར་སེམས་རིག་པ་རུ་མི་ནོར་བ་གནད་ཀྱི་དམ་པར་ཟུངས་ཤིག༔ ཡིད་དང་ཤེས་རབ་ཀྱི་དབྱེ་བ་མ་ཤེས་ན་ཡིད་ཤེས་རབ་ལ་འཁྲུལ་ནས་མི་ཚེ་སྟོང་ཟད་ལ་འཆོར་ཉེན་ཡོད་པས་དེའི་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ ཡིད་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཆེད་གཞིར་གྱུར་པའི་ཡུལ་གོ་མ་འགག་པ་དྭངས་ཤིང་གསལ་བའི་བདག་ཉིད་ཅན་སྣང་བ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་དེ་ཀ་ཡིན་ནོ༔ ཡིད་གོ་མ་འགགས་པ་ཤེས་པ་ཡང་ཁྲོལ་ལེ་བ་ཉིད་སྒོམ་གྱི་ངོ་བོར་ངོ་འཕྲོད་ཀྱང་ཡིད་ཀྱི་ཤེས་པ་ལུང་མ་བསྟན་འཁོར་བའི་གཞི་རྩ་ཡིན་པས༔ དེར་བརྟན་པ་ཐོབ་ཀྱང་ཁམས་གོང་མ་གཉིས་ལས་མི་འཕགས་པར་དེ་ཀར་འཕེན་པའི་རྒྱུ་ཡིན་ཏེ་ཡིད་ཤེས་རབ་ཏུ་མ་འཕོས་པ་ཡིན་ནོ༔ ཡིད་ཤེས་རབ་ཏུ་མ་འཕོས་པས་ལས་དཀར་ནག་ཐམས་ཅད་འཁོར་བ་ཁོ་ནའི་ཕྱོགས་སུ་ངེས་པ་ལས་རྣམ་པར་གྲོལ་བའི་རྒྱུར་གཏན་ནས་མི་འགྲོ་བས་དེར་གདིང་མི་འཆའ་བ་གནད་དུ་ཤེས་པར་གྱིས་ཤིག༔ སྒོམ་ཆེན་པ་ཐམས་ཅད་འདིའི་རང་ལས་མ་འདས་པ་ཤ་སྟག་ཏུ་འདུག་པ་ནི་ཤིན་ཏུ་ཕུང་ཚབ་ཆེ་སྟེ་འདི་ཉིད་ངོ་ཤེས་པར་མ་བྱས་ན་གསལ་ཉམས་ཐམས་ཅད་ཀྱི་ངོ་བོ་དང་༔ ལུང་མ་བསྟན་ཐམས་ཅད་ཀྱི་ངོ་བོ་དང་༔ ལྷར་སྣང་འདྲེར་སྣང་མངོན་ཤེས་བན་བུན་སྣ་ཚོགས་པས་བསླུ་བ་ཡང་འདི་ལས་འབྱུང་བ་ཡིན༔ འདི་ཁོ་ན་ལ་ལམ་བྱས་ཚད་འཁོར་བ་མཐའ་མེད་དུ་འཁྲུལ་པ་ལས་ཐར་པ་དང་རྣམ་མཁྱེན་གྱི་ཕྱོགས་སུ་མི་འགྲོ་ངེས་པ་ཡིན་ནོ༔ ཤེས་རབ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་བདག་མེད་ཡུལ་མེད་དུ་གཏན་ལ་ཕབ་པའི་རྗེས་ཤེས་བདེན་མེད་སྟོང་པ་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་སྟེ༔ དེའི་རླབས་ཤུགས་ཆེན་པོས་སྣང་སེམས་ཐམས་ཅད་རིམ་པ་བཞིན་དུ་དབྱིངས་སུ་འཇིག་པར་བྱེད་པ་ནི་དཔེར་ན་རྒྱ་མཚོ་ཆེན་པོའི་རླན་གྱིས་སྣང་སྲིད་ཀྱི་ས་གཞི་ཐམས་ཅད་ལ་རྒྱས་མ་ཐེབས་པ་མེད་པ་ལྟ་བུའོ༔ བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་རྒྱུད་ལ་སྐྱེས་པ་ནི་དཔེར་ན་ལན་ཚྭ་ལ་ཆུས་རྒྱས་ཐེབས་པ་ལྟ་བུ་ཡིན་ཏེ༔ སྣང་བའི་ཆོས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོ་ཉིད་དུ་ཞི་བར་བྱེད་པ་ཡིན༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པ་ནི་ཆབ་རོམ་ལ་དྲོད་ཀྱིས་རྒྱས་ཐེབས་པ་ལྟ་བུར་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མའི་གཞིའི་དབྱིངས་སུ་ཞི་བར་བྱེད་པའོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པ་ནི་ག་བུར་ལ་རླུང་གིས་རྒྱས་ཐེབས་པ་ལྟ་བུར་འཁོར་བ་ལུགས་ལྡོག་གི་རླུང་ཆེན་དུ་ཡལ་བར་འགྱུར་རོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་ཤེས་བློའི་སྟེང་དུ་སྣང་བ་ཐམས་ཅད་ཡོད་པར་སྣང་ཡང་ཕུག་བློའི་སྟེང་དུ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པས་བདེན་མེད་དུ་གཏོར་བ་ཡིན༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་ཞེན་འཛིན་ཕུག་རྡིབ་སྟེ་བདེན་མེད་ཀྱི་གདིང་ཐོབ་པ་ཡིན་ནོ༔ བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པའི་མི་དེའི་རྒྱུད་ཀྱི་འཁོར་བའི་གཞི་རྩ་ཐམས་ཅད་ཁྲལ་མ་ཁྲོལ་མ་རུ་རལ་བར་འགྱུར་རོ༔ དེ་ལྟར་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་སྟོང་ཉིད་ཆེན་པོར་ངོ་ཤེས་པ་དང་༔ བདེན་དོན་མངོན་བྱེད་ཀྱི་ཤེས་རབ་ཆེན་པོས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་རྫོགས་པའི་ངང་ཚུལ་ཤེས་པ་དང་༔ ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་བྱེད་པ་དང་༔ ཇི་ལྟ་བ་མཁྱེན་པའི་ཤེས་རབ་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མཁྱེན་པ་དང་༔ ཇི་སྙེད་པ་གཟིགས་པའི་ཤེས་རབ་ཀྱིས་འཁོར་བའི་ཆོས་ཐམས་ཅད་ཀྱི་གཞི་རྩ་གཟིགས་པ་དང་༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་གཟིགས་ཤིང་མངོན་དུ་བྱེད་པ་ཡིན༔ དོན་ལ་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་རྒྱ་ཆེ་ཞིང་གདིང་ཐོབ་པར་གྱུར་པ་ན་ངོ་བོའི་རང་རྩལ་ལས་ཐ་མི་དད་པའོ༔ ཀྱཻ་རིག་པའི་རྡོ་རྗེ་རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱི་དབྱེ་བ་མ་ཤེས་ན་རྣམ་ཤེས་ཡེ་ཤེས་སུ་ངོ་སྤྲད་ཀྱང་འཁྲུལ་པའི་འཁོར་ལོར་འཕྱན་པར་འགྱུར་བས་དེའི་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ རྣམ་ཤེས་ནི་ཡིད་ཀྱི་ཀློང་དུ་མཆེད་པའི་ཡུལ་གོ་མ་འགག་པ་དྭངས་གསལ་གྱི་ཆ་རང་ཆས་སུ་ཡོད་པ་བུག་སྒོ་རུ་བཅུད་པ་བདག་འཛིན་གྱིས་བཅིང་པ་ཡིན་ནོ༔ བུག་པའི་སྒོ་ནས་ཁ་ཕྱིར་བལྟས་པས་ཕྱི་ན་འདོད་ཡོན་གྱི་སྣང་བ་ཡོད་པ་མཐོང་བ་ཐོས་པ་ཚོར་བ་མྱོང་བ་རེག་པར་སྣང་བ་ནི་རྣམ་ཤེས་ཞེས་བྱའོ༔ དེས་ནི་མིང་དང་དངོས་པོ་སོ་སོར་འཛིན་ཅིང་ཤེས་པ་དང་༔ བདེ་སྡུག་བར་གསུམ་ཉེ་བར་ལེན་པར་བྱེད་པ་ཡིན་ན༔ ཐམས་ཅད་སོ་སོ་ཐ་དད་དུ་སྣང་བ་ལ་མིང་སོ་སོར་བཏགས༔ དངོས་པོ་ཐ་དད་དུ་བཟུང་༔ རང་ཕྱོགས་ལ་ཆགས་པ་དང་༔ གཞན་ཕྱོགས་ལ་སྡང་བའི་རྣམ་པར་རྟོག་པའི་མཆེད་གཞི་བྱས༔ བཟང་པོ་བཟང་པོར་བཟུང་སྟེ་རེ་བའི་ཡུལ་དུ་བྱས་ནས་རེ་བའི་སེམས་རྟོག་སྤེལ༔ ངན་པ་ངན་པར་བཟུང་ནས་དེ་ལ་དོགས་པའི་སེམས་རྟོག་སྣ་ཚོགས་ཀྱི་མཆེད་གཞི་བྱེད་པའོ༔ ཡིད་ཅེས་བྱ་བ་སྣང་ཤེས་དེ་མངོན་དུ་གྱུར་པ་སྣང་བའི་ཡུལ་དུ་གྱུར་པ་དང་སྣང་བ་མངོན་དུ་བྱེད་པའོ༔ སེམས་ཞེས་བྱ་བ་ནི་བསམ་པ་དང་དམིགས་པ་ཅན་སྐྱེས་ཙམ་ཉིད་ནས་སྣང་བ་དང་གཉིས་མེད་དུ་འདྲེས་ནས་ཡལ་བའོ༔ ཡེ་ཤེས་ནི་གཞིའི་ངང་མདངས་ཡིན་ཏེ་ཡེ་ཤེས་ལྔ་རུ་བརྗོད་པ་ཡིན་ནོ༔ ཁྱད་པར་དུ་གཞི་མངོན་གྱུར་གྱི་ངང་ན་ཡེ་གནས་ཀྱི་ཡེ་ཤེས་ཆེན་པོ་ནམ་ལངས་ཏེ་ཉི་མ་ཤར་བ་ལྟ་བུ་དྭངས་ཤིང་གསལ་བའི་ཆ་གནས་པ་ཡིན༔ དེ་ཡང་ཅི་ཡང་མི་ཤེས་པའི་ཐོམ་ཡོ་རེ་བ་མུན་རུབ་པ་ལྟ་བུའི་གོ་འགག་པ་མ་ཡིན་ཏེ༔ སྣང་བ་ཐམས་ཅད་རང་ཤེས་སུ་ཡོད་པ་ལས་སྐྱེ་ཞིང་འགག་པ་ཅན་དུ་མ་གྱུར་པ་དཔེར་ན་མེའི་གཤིས་ན་ཚ་བ་རང་ཆས་སུ་ཡོད་པ་དང་༔ ཆུའི་གཤིས་ན་རླན་ཡོད་པ་དང་༔ རླུང་གི་གཤིས་ན་བསིལ་ཡོད་པ་བཞིན་དུ་ཡེ་ཤེས་ཀྱི་གཤིས་ན་རྩལ་གོ་མ་འགག་པས་སྣང་བའི་ཆོས་ཐམས་ཅད་ཀུན་ཤེས་ཀུན་རིག་ཡུལ་དང་མ་འདྲེས་པ་དང་༔ ཡུལ་ལ་འཇུག་མི་ཤེས་པ་རང་བྱུང་རང་གསལ་ཕྱི་ནང་སྒྲིབ་གཡོགས་དང་བྲལ་བ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་དྭངས་གསལ་རྙོགས་མ་དང་བྲལ་བ་ཡིན་ཏེ༔ རྣམ་པར་ཤེས་པ་ཡེ་ཤེས་སུ་གོ་འཕོས་པའི་རྒྱུ་རྐྱེན་གང་ཡིན་པར་སེམས་ན༔ འཁོར་འདས་ཀྱི་ཆོས་རྣམ་པར་ཤེས་པ་ཚོགས་བརྒྱད་འདོད་ཡོན་གྱི་སྣང་བ་དང་བཅས་པའི་རྟོག་པ་མཆེད་ཚུལ་ཇི་ལྟ་བ་བཞིན་ཏུ་ཤེས་ཏེ་ཆོས་ཉིད་ཀྱི་གཤིས་ལ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་ཆས་སུ་རྫོགས་པའི་ངང་ཚུལ་རྟོགས་ནས་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་ཕན་ཆད་རྣམ་ཤེས་ཡེ་ཤེས་ཀྱི་རོལ་པར་གོ་འཕོས་པར་གྱུར་པ་ཡིན༔ དེས་ན་རྣམ་པར་ཤེས་པ་ནི་བདག་རྟོག་གཅིག་པུའི་ཆོ་འཕྲུལ་གྱིས་ཡེ་ཤེས་རྣམ་ཤེས་སུ་གནས་འགྱུར་བ་ཐོ་ཡོར་མིར་འཁྲུལ་པ་ལྟ་བུ་སྟེ༔ དེ་ཡེ་ཤེས་སུ་གོ་འཕོས་པ་ནི་ཐོ་ཡོར་མིར་འཛིན་གྱི་ཤེས་པ་ལས་ལྡོག་སྟེ་ཐོ་ཡོར་དུ་ཤེས་པ་ལྟར་རྣམ་པར་ཤེས་པའི་ཡིན་ལུགས་ཚུལ་བཞིན་དུ་རྟོགས་པ་ནི་ཡེ་ཤེས་སུ་གོ་འཕོས་པ་ཡིན༔ རྣམ་ཤེས་དབྱིངས་སུ་ཡལ་ནས་ཡེ་ཤེས་ལོགས་ནས་སྐྱེ་དགོས་པ་ནི་མ་ཡིན་ཏེ༔ བདག་འཛིན་དང་བདག་མེད་གཉིས་ཀྱི་བྱེད་ལས་ཀྱིས་དེ་ལྟར་སྣང་བ་ཡིན་པས་ཤེས་པར་གྱིས་ཤིག༔ རྣམ་ཤེས་ཀྱིས་ནི་ཤེས་པ་དང་པོ་ཡུལ་གྱི་རྣམ་པར་མཆེད་པ་རྒྱ་མཚོ་ལྟ་བུ་ལ་སྣ་ཚོགས་སྣང་བ་གཟའ་སྐར་མཆེད་པ་ལྟ་བུར་ཤར་བ་རྣམ་རྟོག་གི་ཤེས་པས་ཉེ་བར་བླངས་ཏེ་དངོས་འཛིན་གྱིས་བཅིངས་ཏེ་འཁྲུལ་པ་ཡིན༔ དེའི་རྒྱུ་མཚན་རྟོགས་པ་ཡེ་ཤེས་སུ་གོ་འཕོས་པའོ༔ ཀྱཻ་རིག་པའི་རྡོ་རྗེ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་མ་ཤེས་པར་ཀུན་གཞི་དང་དེའི་རྣམ་པར་ཤེས་པ་ལ་ལམ་བྱས་ན་ཁམས་གསུམ་ལས་འཕགས་པར་འགྱུར་བ་མ་ཡིན་ནོ༔ དེ་གང་ཞེ་ན་ཀུན་གཞི་མཚན་ཉིད་པ་ནི་ཅི་ཡང་མི་སེམས་པ་བེམ་སྟོང་ནམ་མཁའ་ལྟ་བུ་སྟོང་ཧད་དེ་བ༔ སྣང་བའི་གོ་འགག་པའི་ཐོམ་ཡོ་རེ་བ་ཞིག་ཡིན་ཏེ༔ གཉིད་འཐུག་པོ་རྨི་ལམ་མེད་པའི་གནས་སྐབས་དང་༔ བརྒྱལ་བ་དང་འཆི་སྲིད་ཀྱི་དུས་རྣམས་སུ་དེའི་ཐོག་ཏུ་ཕེབས་པ་ཡིན་ཏེ་ཤེས་པར་བྱའོ༔ སེམས་རྣམ་པར་རྟོག་པ་ལ་དགག་སྒྲུབ་བྱས་པའི་རྐྱེན་གྱིས་ཀུན་གཞི་སློང་སྟེ་དེ་སྒོམ་གྱི་དམ་པར་བཟུང་ནས་ངང་བརྟན་པར་གྱུར་ན་མི་དེ་བླུན་ཅིང་རྨོངས་ནས་ཅི་ཡང་མི་ཤེས་པར་འགྲོ་བའང་སྲིད་པས་སློབ་དཔོན་འགས་ཆོས་ཟད་བློ་འདས་ཆེན་པོར་ངོ་སྤྲད་པ་ཡོད་དེ༔ དེའི་ཐོག་ཏུ་ལུས་ན་འདུ་ཤེས་མེད་པའི་ལྷར་འཕེན་པར་ངེས་པའོ༔ ཡང་སྟོང་གསལ་ཡིད་ལ་མྱོང་བ་ཅན་ཁ་ནང་དུ་བལྟས་ཏེ་ཕྱིའི་སྣང་བ་ཐམས་ཅད་གོ་འགག་ནས་མི་སྣང་བ་ཅི་ཡང་མི་སེམས་པ་ཡིད་ཆེས་ཀྱི་ཁུང་དུ་གྱུར་ཏེ་འབྲལ་མི་ཕོད་པའི་གསལ་སང་ངེ་བ་ཞིག་རྒྱུད་ལ་མྱོང་བ་ནི་ཀུན་གཞིའི་རྣམ་ཤེས་ཡིན་ཏེ༔ འདི་ཡང་བསྒོམ་པའི་ཆིངས་སུ་བཅིངས་པའི་སྟོབས་ཀྱིས་སློང་བ་ཡིན་ཏེ༔ སློབ་དཔོན་འགས་འོད་གསལ་དུ་ངོ་སྤྲོད་པ་དང་༔ འགའ་ཞིག་གིས་རིག་པ་སྒོམ་མེད་དུ་ངོ་སྤྲད་པ་དང་༔ འགའ་ཞིག་གིས་རླུང་སེམས་དབུ་མར་ཚུད་པར་ངོ་སྤྲད་པ་ཡང་ཡོད་དེ༔ དོན་ལ་ཀུན་གཞིའི་རྣམ་ཤེས་ཡིན་པས་དེའི་ཐོག་ཏུ་ལུས་ན་གཟུགས་མེད་པའི་ཁམས་སུ་འཕེན་པ་ལས་རྣམ་པར་གྲོལ་བའི་ས་ལ་ཕྱོགས་ཙམ་ཉེ་བ་མ་ཡིན་ནོ༔ ཀུན་གཞི་དང་དེའི་རྣམ་པར་ཤེས་པས་ནི་སེམས་རང་ལ་ཁ་བལྟས་པ་ལས༔ འཁོར་འདས་རང་སྣང་ཉིད་དུ་ངོ་མི་ཤེས་ཤིང་མ་རིག་པའོ༔ ཆོས་སྐུ་ནི་འཁོར་འདས་དག་མཉམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པ་སྟོང་ཉིད་ནམ་མཁའི་ཁོར་ཡུག་གཞི་མེད་རྩ་བྲལ་གྱི་རོལ་པ་ཡུལ་མེད་ཟང་ཐལ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་དང་ཡོན་ཏན་བཟང་པོས་ཕན་མ་བཏགས༔ སེམས་ཅན་གྱི་སྡིག་སྒྲིབ་སྡུག་བསྔལ་ངན་པས་གནོད་མ་བྱས་པ་བཟང་ངན་གང་དུའང་མི་འགྱུར་ཞིང་མ་བསྒྱུར་བའི་གཞི་དབྱིངས་ཀ་དག་བརྡལ་ཁྱབ་ཆེན་པོའི་གནས་ལུགས་གཏན་ལ་དབབ་ནས་ངང་མངོན་དུ་གྱུར་པ་ཉིད་རང་ཐོག་ཏུ་ངོ་འཕྲོད་པ་ལ་རང་ས་བཟུང་བ་ཙམ་ལས༔ སྔར་ཆོས་སྐུ་མེད་པ་ལས་སླར་ཆོས་སྐུ་འབྱུང་བར་གོ་ན་དེ་ནི་ཤིན་ཏུ་འཁྲུལ་པ་ཡིན༔ ཆོས་སྐུའི་དབྱིངས་མངོན་དུ་གྱུར་པའི་དབྱིངས་ནི་ནམ་མཁའ་དང་གཉིས་སུ་མེད་དོ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་རང་ཆས་སུ་ཡོད་པ༔ ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཀྱི་རོལ་པར་རྫོགས་པའི་སྐུ་ཞེས་བྱའོ༔ དེ་ལྟ་བུའི་ཆོས་སྐུ་ཀུན་ཏུ་བཟང་པོའི་ཡིན་ལུགས་གཏིང་དཔོག་པར་ཤེས་པ་ནི་རྟོགས་པ་ཡིན༔ དེའི་ངང་མངོན་དུ་བྱས་པས་དཔེར་ན་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་ཉིད་ཀྱི་རོལ་པ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁའ་གཅིག་གི་རོལ་པ་བཞིན་དུ་འཁོར་འདས་ཐམས་ཅད་ཆོས་སྐུ་གཅིག་གི་རོལ་པར་ཤེས་པ་ཆོས་སྐུའི་ཡོ་ལངས་ཆེན་པོ་ཡིན༔ དཔེར་ན་རྒྱ་མཚོའི་གཟའ་སྐར་རྒྱ་མཚོས་ཆིངས་པ་དང་༔ སྣོད་བཅུད་ཐམས་ཅད་ནམ་མཁས་ཆིངས་པ་བཞིན་དུ༔ འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་སྐུ་གཅིག་གིས་ཆིངས་པའི་ངང་མངོན་དུ་གྱུར་ཏེ་བབས་ཀྱིས་གནས་པ༔ གནས་ལུགས་རང་གི་ལྷུམས་སུ་ཞུགས་པ༔ ཡིན་ལུགས་རང་གི་ཐོག་ཏུ་ཕེབས་པ༔ བཟང་ངན་ཕན་གནོད་ཐམས་ཅད་དང་བྲལ་བ་ཉིད་དུ་ཐག་ཆོད་པ་ནི་རྟོགས་པ་གདིང་ཐོབ་མངོན་དུ་གྱུར་ཏེ་སངས་རྒྱས་པ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་ལམ་ཡིན་པ་དང་མ་ཡིན་པའི་དབྱེ་བ་མ་ཤེས་ན་ལམ་མ་ཡིན་པའི་དབང་དུ་ཤོར་ནས་ཡང་དག་པའི་ལམ་མངོན་དུ་མི་འགྱུར་བའི་སྐྱོན་དུ་འགྱུར་ཉེན་ཡོད་པས་དེའི་ཤན་དབྱེ་བར་བྱའོ༔ ལྟ་བ་སྟོང་ཉིད་ཀྱི་གནད་ཇི་ལྟ་བ་བཞིན་དུ་རྟོགས་ནས་ཤེས་པ་ལམ་བྱེད་ཙམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡིན་ནོ༔ སྟོང་ཉིད་ཆེན་པོའི་དོན་རྟོགས་ནས་འཁོར་འདས་ལམ་གསུམ་ཐམས་ཅད་རྫོགས་པའི་ངང་ཚུལ་ཤེས་ཏེ་དབྱིངས་མངོན་དུ་གྱུར་པ་ནི་རྫོགས་ཆེན་གྱི་རིག་པ་ཞེས་བྱའོ༔ དེ་ཡང་གཞི་དྭངས་གསལ་རྙོག་མ་དང་བྲལ་བ་ལ་ལམ་བྱེད་པ་ཡིན་ནོ༔ ཤེས་པ་ལ་ལམ་བྱས་ན་རྣམ་པ་ལམ་བྱེད་དང་༔ གཞི་འཁོར་འདས་དག་མཉམ་གྱི་རོལ་པ་ལམ་དུ་བྱེད་པ་ནི་ངོ་བོ་ལམ་བྱེད་དེ་ལམ་ཡང་དག་པ་ཞེས་བྱའོ༔ ལམ་མ་ཡིན་པ་ནི་རྣམ་རྟོག་ལ་རྣམ་རྟོག་གིས་ལྟ་བ་ཞེས་བྱ་བ་དང་༔ རྣམ་རྟོག་ལ་དགག་སྒྲུབ་དང་བཟང་ངན་བླང་དོར་རྩིས་གདབ་བྱས་ནས་མཐར་ཤེས་པ་བཟོ་མེད་ཙམ་ལ་ལྟ་སྒོམ་གྱི་མཐར་ཐུག་ཏུ་ངོ་སྤྲོད་བྱེད་པ་ནི་ལམ་མ་ཡིན་པ་སྟེ༔ སེམས་ཀྱི་རྩལ་དང་སེམས་ཀྱི་ངོ་བོ་ལ་ལམ་བྱས་ཀྱང་སེམས་ནི་འཁྲུལ་པའི་གཞི་ཡིན་ཏེ་ཁམས་གསུམ་ལས་མི་འཕགས་པར་ངེས་པས་ལམ་མ་ཡིན་ནོ༔ ཀྱཻ་རིག་པའི་རྡོ་རྗེ་གཞི་དབང་དུ་བསྒྱུར་བ་དང་ལུང་མ་བསྟན་དུ་སོང་བ་གཉིས་ཀྱི་ཤན་དབྱེ་བ་མ་ཤེས་ན་ལུང་མ་བསྟན་གྱི་དབང་དུ་འཁྲུལ་པར་གྱུར་ནས་སྔར་བཞིན་འཁྲུལ་པར་འགྱུར་རོ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ མིང་མེད་པ་ལ་མིང་གི་སྣང་གཞི༔ དངོས་པོ་མེད་པ་ལ་དངོས་པོའི་སྣང་གཞི༔ ཕན་གནོད་མེད་པ་ལ་ཕན་གནོད་ཀྱི་སྣང་གཞི༔ འཁོར་འདས་མེད་པ་ལ་འཁོར་འདས་ཀྱི་སྣང་གཞི༔ འདོད་ཡོན་མེད་པ་ལ་འདོད་ཡོན་གྱི་སྣང་གཞི་ཐམས་ཅད་མེད་པའི་ངང་ཚུལ་གཏན་ལ་དབབ་ནས་མེད་པར་ཤེས་ཏེ་སྣང་གཞིའི་ཡུལ་ཆད་པར་བལྟས་ན་ཆད་ལྟ་རུ་ཤོར་བ་དང་༔ སྣང་གཞི་དང་ཡུལ་ཙམ་ཡང་མེད་ན་སྣང་བའི་དོན་མེད་དེ་སྣང་བའི་གཞི་དང་ཡུལ་གསལ་སྟོང་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་རྟོགས་པ་གཞི་ལ་དབང་དུ་བསྒྱུར་བ་ཡིན༔ གཞི་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་ཀྱང་གཟུང་འཛིན་གྱིས་དམ་དུ་བསྡམ་ནས་གཞན་དུ་དངོས་པོར་བལྟས་ཤིང་བརྟན་ཏེ་འཐས་པ་ནི་དཔེར་ན་ཆུ་རང་གྲོལ་དུ་ཡོད་པ་འཁྱག་པར་འགྱུར་པའི་སྤུན་ཐག་གྲང་ལྷག་ཡིན་པ་ལྟར༔ གཞི་རང་གྲོལ་དུ་ཡོད་པ་དངོས་པོར་སྣང་བའི་སྤུན་ཐག་གཟུང་འཛིན་གཉིས་ཡིན་པས་གཟུང་འཛིན་གྱི་ཡིན་ལུགས་ཙམ་མི་ཤེས་པའི་སྒོམ་ཆེན་པ་རྣམས་སྙིང་ཁམས་ཆེ་ཡང་གཞི་ལུང་མ་བསྟན་དུ་སོང་བས་ཇི་ཙམ་བསྒོམས་ཀྱང་སངས་རྒྱས་པར་མི་འགྱུར་རོ༔ ཀྱཻ་རིག་པའི་རྡོ་རྗེ་འཁྲུལ་པ་དང་གྲོལ་བ་གཉིས་ཀྱི་ཤན་དབྱེ་མ་ཤེས་ན་འཁྲུལ་པ་གྲོལ་བ་རུ་རློམ་ནས་གོལ་སར་འཕྱན་པས་རྣམ་པར་གྲོལ་བའི་ས་ཆེན་པོ་འཐོབ་པར་མི་འགྱུར་རོ༔ དེའི་ཚུལ་ནི་འདི་ལྟ་སྟེ༔ འཁྲུལ་པ་ལའང་རྒྱུད་དུ་འཁྲུལ་པ་དང་༔ ལམ་དུ་འཁྲུལ་པ་དང་༔ གོལ་སར་འཁྲུལ་པ་གསུམ་དུ་ཡོད་པ་ལས༔ རྒྱུད་དུ་འཁྲུལ་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་མ་རིག་གཟུང་འཛིན་དུ་འཁྲུལ་ཏེ་ལམ་གྱི་སྒོ་མ་མཐོང་བ་ལ་བྱའོ༔ ལམ་དུ་འཁྲུལ་པ་ལ་རྣམ་པ་མང་སྟེ༔ ཁྱད་པར་དུ་མི་ཚེ་མ་ཟད་ཀྱི་བར་དུ་རྣམ་རྟོག་ལ་ལྟ་བ་དང་བཅས་བཅོས་བྱེད་པས་བདེ་སྡུག་སྣ་ཚོགས་པ་ཉེ་བར་ལེན་ཅིང་ལ་ལ་ནི་སྨྱོ་འབོག་ཏུ་འཁྲུལ་པ་དཔེར་ན་ཆུ་རྒྱུན་གྱི་འོལ་ཁ་བཀག་པས་ཕྱུར་བ་དང་འཁྱིལ་བ་ལྟ་བུའོ༔ ལ་ལས་ནི་བདེ་ཉམས་འབོལ་ལེ་བ་སྒོམ་གྱི་དམ་པར་བཟུང་ནས་འཁྲུལ་པ་དང་༔ ལ་ལས་ནི་གསལ་ཉམས་མྱོང་ཞེན་ཅན་ལ་སྒོམ་གྱི་དམ་པར་བཟུང་ནས་འཁྲུལ་པ་དང་༔ ལ་ལས་གསལ་ཉམས་ཀྱི་ལྷར་སྣང་འདྲེར་སྣང་མངོན་ཞེན་སྣ་ཚོགས་པ་ལ་ཞེན་ནས་གཞན་ལ་འདོམས་པ་དང་༔ རང་གིས་མཆོག་འཛིན་བྱེད་ཅིང་ང་རྒྱལ་དང་ཁེངས་སེམས་སོགས་རྙེད་པ་དོན་དུ་གཉེར་བ་ལ་སོགས་པས་མི་ཚེ་ཟད་པ་དང་༔ སྒོམ་བྱས་ཀྱང་དེའི་ཆེད་དུ་བསྒོམ་པ་དང་༔ གཞན་གྱིས་ཁྲིད་བཏབ་ཀྱང་བདེན་པར་མི་འཛིན་ཅིང་ལམ་དེ་ལས་ལྡོག་མི་ཐུབ་པ་དང་༔ ལ་ལས་ནི་མི་རྟོག་པ་དང་སྟོང་ཉམས་ཧད་དེ་བ་སྒོམ་གྱི་དམ་པར་འཛིན་ཅིང་གདིང་བཅས་ཏེ་འཁྲུལ་པའི་འཁོར་ལོར་ཁ་འཆོལ་བ་དང་༔ ལ་ལས་ནི་ལྟ་བ་མི་ཤེས་པས་ཤེས་པ་གསལ་སྟོང་ཙམ་ལ་མི་ཚེ་འདའ་བ་རྣམས་ནི་ལམ་དུ་འཁྲུལ་པ་ཞེས་བྱའོ༔ གོལ་སར་འཁྲུལ་པ་ནི་ལམ་གྱི་མཐར་མ་ཐུག་གི་བར་དུ་ཉམས་དང་ལྟ་སྒོམ་དམིགས་གཏད་ཅན་ལ་སྒོམ་གྱི་མཐར་ཐུག་ཏུ་འདོད་ནས་དེའི་ཐོག་ཏུ་བཞག་སྟེ་འཆི་ཁ་ཐ་མལ་དུ་ལུས་པ་རྣམས་ནི་གོལ་སར་འཁྲུལ་པ་ཡིན་ནོ༔ ནོར་སར་འཁྲུལ་པ་ཞེས་བྱ་བའང་ཡོད་དེ༔ དེ་གང་ཞེ་ན༔ དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་སྟེ་ངང་ཚུལ་ཤེས་མཐར་ངས་ནི་འཁོར་འདས་སྟོང་ཉིད་ཆེན་པོར་རྟོགས་པ་ཡིན་པས་ད་ནི་ཀུན་རྫོབ་བསོད་ནམས་བསགས་པའི་ཆོས་ཀྱང་བྱེད་མི་དགོས༔ སྒོམ་པ་ཉམས་ལེན་ཡང་མི་དགོས་སྙམ་ནས་གཞན་ལ་སྟོང་སྐད་གྱེར་ཏེ་རྣམ་གཡེངས་དང་ལེ་ལོའི་དབང་དུ་མི་ཚེ་ཟད་ནས་འཆི་ཁ་ཐ་མལ་དུ་ལུས་པ་གྲངས་མང་བ་དང་༔ ལ་ལས་ཡང་དེ་ལྟར་སྟོང་པའི་ངང་ཚུལ་ཤེས་མཐར་ད་ནི་ཉམས་སུ་ལེན་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་སྙམ་ནས་ལྟ་བ་མཐོ་སྐད་སྒྲོག་ཅིང་གྲོང་ཆོག་དང་གཏོ་ཡས་ལ་མགོ་འཁོར་ནས་འཆི་ཚེ་རྣམ་སྨིན་གྱིས་སྔོན་ནས་བསྒུག་སྟེ་ངན་སོང་གི་གཏིང་རྡོར་འགྱུར་བ་ནི་ནོར་བ་ཡིན༔ ལ་ལས་སྟོང་ཉིད་གོ་ལོ་ཐོས་ལོ་ཙམ་གྱིས་བློ་ཚིམ་ནས་སྒོམ་པའི་ཉམས་ལེན་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་དམ་ཚིག་དང་སྡོམ་པ་ཐམས་ཅད་བསྲུང་མི་དགོས་པར་བཟུང་ནས་སངས་རྒྱས་དངོས་སུ་མཐོང་ཡང་ལོག་ལྟ་དང་སྐུར་འདེབས་བྱེད་པ་ལས་དད་གུས་ཏིལ་འབྲུ་ཙམ་ཡང་མེད་པ་དང་༔ ལས་ངན་པའི་སྤྱོད་པ་ནི་མའི་སྲོག་གཅོད་དགོས་ཀྱང་ཐེ་ཚོམ་མི་སྐྱེ་བ་དང་༔ ཕའི་ཤ་ཟ་དགོས་ཀྱང་བདུད་རྩི་ལྟར་ཟ་བ་དང་༔ གཞན་གྱི་མགོ་བསྐོར་ནས་ཟས་ནོར་ལ་རྔམས་པ་དང་༔ མི་དགེ་བ་སྨན་ལྟར་སྤྱོད་ཅིང་དགེ་བ་དུག་བཞིན་སྤངས་པའི་ལས་ངན་གྱིས་སྟོང་ཉིད་ལ་བསླབ་པ་ཇི་ལྟར་ན་འཚོ་བྱེད་ཀྱི་སྨན་བཙལ་བའི་ལམ་ནས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུ་ཡིན་ནོ༔ ལས་ངན་དེའི་རྒྱུར་གྱུར་ན་ནི་སྟོང་ཉིད་འདྲེ་སྒོམ་དུ་སོང་བ་བདུད་དང་རཱུ་ཏྲ་ནག་པོར་ཚེ་འདི་རུ་འཁྲུལ་པ་ཡིན་ནོ༔ ལར་སྟོང་ཉིད་རྟོགས་ནས་དགེ་བའི་ལས་བསོད་ནམས་བསགས་པ་ཐམས་ཅད་མེད་ཅིང་མི་དགོས་ན་མི་དགེ་བའི་ལས་དང་གསོག་འཇོག་རྙེད་ཚོལ་ཆགས་སྡང་ཞེན་པ་ཐམས་ཅད་ཀྱང་དེ་བཞིན་སྤངས་དགོས་པ་ཡིན་མོད༔ ཁྱོད་ཀྱི་དགེ་སྡིག་གཉིས་ཀྱི་བྱ་བ་ཐམས་ཅད་བཏང་ནས་ཅོག་བཞག་བྱས་ཏེ་སྟོང་པའི་ངང་དུ་གནས་ཡོད་ན་ཁྱེད་ཚོ་ཕོ་རྒོད་པོ་སྐྱོན་མེད་པ་ཞིག་ཡིན་སྲིད་ཀྱང་༔ དགེ་བ་སྤངས་ནས་མི་དགེ་བ་སྤྱོད་དུ་ཡོད་ན་ཁྱོད་ཀྱི་རྒྱུད་འདྲེ་དང་བདུད་དུ་སོང་བར་ངེས་པ་ཨི་གོ༔ ཁྱོད་ཀྱིས་སྟོང་ཉིད་ལ་དགེ་སྡིག་མེད་པར་ཤེས་ན་ཁྱོད་དགེ་སྡིག་མེད་པའི་གནས་མལ་དུ་ཉལ་ནས་སྡོད་ཅིག༔ དགེ་བ་མེད་པར་ཤེས་ནས་མི་བྱེད་པ་ཁྱོད་བདེན་ན་སྡིག་པ་ཡང་བྱེད་དོན་མེད་པས་དེ་ཡང་བྱར་མེད་དུ་ཐོང་ལ་ཞོག༔ སྡིག་པ་མེད་པར་ཤེས་ན་སྡིག་པ་བྱེད་དོན་ཅི་ཡོད༔ སྡིག་པ་མེད་པར་སྙམ་ནས་སྡིག་པའི་ལས་ལ་སྤྱོད་པ་སྟོང་ཉིད་ཡིན་ན་སེམས་ཅན་ཐམས་ཅད་ཀྱིས་བསམ་སྤྱོད་དེ་ཡིན་པས་སེམས་ཅན་ཐམས་ཅད་ཀྱིས་སྟོང་ཉིད་རྟོགས་པ་ཨི་གོ༔ སྡིག་པ་མི་དགེ་བ་སྤྱོད་པའི་མཁན་པོ་དེ་དང་མི་དགེ་བའི་ལས་བྱེད་དུ་ཡོད་པ་དེ་མེད་པའི་ཕུག་ན་ཡོད་པ་དེ་ཨི་གོ༔ སྟོང་ཉིད་ཀྱི་ལྟ་བ་ངེས་པར་རྟོགས་ན་དགེ་སྡིག་གི་སྤྱོད་པ་ཐམས་ཅད་བྱིས་པའི་རྩེད་མོ་ལྟར་མཐོང་ནས་བྱེད་དོན་ཅི་ཡོད༔ འདི་ལྟར་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་མཐོང་ནས་བྱར་མེད་དུ་ཆམ་བཞག་བྱེད་པ་ཡིན་ན་སྟོང་ཉིད་ཀྱི་སྤྱོད་པ་དེ་ཀ་ཡིན་མོད་དེ༔ དགེ་བ་མེད་པར་ཐག་བཅད་ནས་ཆོས་ལ་ལོག་པར་བལྟས༔ སྡིག་པ་མེད་པར་གོ་ནས་མི་དགེ་བའི་ལས་ལ་ཁོར་ཡུག་ཏུ་སྤྱོད་པའི་མཐར་དམྱལ་དཔོན་གྱི་དབང་པོ་མེད་པའི་ཕུག་ནས་ལངས་ཏེ་མི་བཟོད་པའི་ཉེས་ཆད་ཆེན་པོ་ཡུན་རིང་པོར་སྤྱོད་ཅིང་སྡུག་བསྔལ་གྱི་ཁྲི་མུན་ཆེན་པོར་མཐའ་མེད་པར་མནར་བའི་ཚེ་ན་ཁོས་ཅི་བྱེད༔ ཚེ་འདིར་དགེ་བའི་ཕན་ཡོན་བཤད་ཀྱང་མི་བདེན་པར་གྱེར་བའམ་བཏང་སྙོམས་སུ་འདོར་བ་དང་༔ སྡིག་པའི་ཉེས་དམིགས་བཤད་ཀྱང་ཞེ་ཁྲེལ་དང་ལོག་ལྟ་བྱས་མཐར་འཆི་བའི་ནང་པར་ཉེས་པ་དྲན་ནས་འདར་ཡེད་ཡེད༔ བསགས་པའི་ཟས་ནོར་དང་མཛའ་བཤེས་ཐམས་ཅད་རྒྱབ་ཏུ་བོར་ནས་གཤིན་རྗེའི་སྐྱེས་བུ་རྣམས་ལ་བྲེད་པ་དང་༔ དམྱལ་བའི་སྡུག་བསྔལ་ལ་འཇིགས་སྐྲག་བཟོད་གླག་མེད་པར་མིག་མཆི་མས་གང་༔ བྲང་ལ་སྦར་ཤད་བྱེད་བཞིན་མི་འགྲོའི་རང་དབང་དང་བྲལ་བ་བྱུང་ཚེ་ཨ་ཙ་མ༔ དེ་དུས་འགྱོད་ཀྱང་ཕྱིས་པ་དང་༔ ཉེས་པ་དྲན་ཕྱིས་པས་ད་ནི་ཕན་པ་ཅི་ཡོད༔ སྟོང་ཉིད་ཀྱི་གདིང་ཤོར་ནས་གཡུལ་དུ་འཇུག་པ་ཨི་གོ༔ དེ་ལྟར་འཁྲུལ་པ་ལམ་ལོག་གི་དབང་དུ་མི་བཏང་བར་སྟོང་ཉིད་རྟོགས་ནས་རྣམ་པར་གྲོལ་བའི་ས་ལ་མ་སླེབ་ཀྱི་བར་དུ་ཉམས་སུ་ལེན་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ཏེ་ཤེས་པར་མཛོད༔ ལ་ལས་རིག་པ་ངོ་འཕྲོད་པ་ཙམ་ནས་སྒོམ་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་དེ་བདག་ནི་ཆོས་ཉིད་ཟད་པ་ཡིན༔ སངས་རྒྱས་རྒྱུ་ཡང་འདི་ལས་ཏིལ་འབྲུ་ཙམ་ཡང་མེད་ཟེར་བ་ནི་ཤིན་ཏུ་ནོར་བ་ཡིན་ནོ༔ རིམ་བཞིན་ཉམས་སུ་བླངས་པའི་སྟོབས་ཀྱིས་རྟོགས་པའི་ཡོན་ཏན་ནར་སོན་ཏེ་གྲོལ་བའི་ས་ལ་སླེབ་དགོས་པའི་ཚུལ་ནི༔ དང་པོ་རིག་པ་ངོ་འཕྲོད་པར་བྱས་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་པའི་སྟོབས་ཀྱིས་ཐུན་ཐམས་ཅད་དུ་བརྗོད་མེད་ཀྱི་ངང་ཆགས་པ་ནི་ངོ་འཕྲོད་ཀྱི་རིག་པ་ཞེས་བྱ་བ་ཡིན༔ བར་དུ་ཉམས་སུ་བླངས་ནས་ནན་དུ་བསྒོམ་པའི་སྟོབས་ཀྱིས་ནམ་ལངས་ནས་གཉིད་མ་ལོག་གི་བར་དུ་རིག་པའི་ངང་ལས་སྐད་ཅིག་ཙམ་ཡང་མི་འདའ་བ་ནི་ཀློང་དུ་གྱུར་པའི་རིག་པ་ཞེས་བྱ་བ་ཡིན༔ མཐར་ཡང་ནན་ཆེར་བསྒོམ་པའི་སྟོབས་ཀྱིས་བར་མཚམས་མེད་པ་རིག་པ་རང་ལ་རང་གདིང་ཐོབ་པ་ནི་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་རམ་གདིང་ཐོབ་པའི་རིག་པ་ཞེས་བྱ་བ་ཡིན༔ སླར་ཡང་བར་མ་ཆད་པར་བསྒོམ་པའི་སྟོབས་ཀྱིས་བདག་འཛིན་གྱི་རྟོག་པ་རིག་སྟོང་དུ་གོ་འཕོས་ཏེ་འཁོར་བའི་གཞི་སྟོང་༔ གཉིས་འཛིན་གྱི་ཞེན་པ་ཐད་ཀར་གྲོལ་ནས་བདག་གཞན་གྱི་སྣང་བ་དབྱིངས་སུ་ཞིག་སྟེ་དགྲ་ལ་སྡང་སེམས་དང་༔ གཉེན་ལ་ཆགས་སེམས་དང་༔ བཟང་པོ་ལ་རེ་བ༔ ངན་པ་ལ་དོགས་པ༔ ཟས་ནོར་ལ་འཛིན་ཆགས༔ འདོད་ཡོན་ལ་ཞེན་པ་ཐམས་ཅད་དབྱིངས་སུ་ཞིག་སྟེ་ཆོས་ཉིད་ནམ་མཁའ་ལྟ་བུར་འབྱམས་ཀླས་ནས་བྱར་མེད་དུ་གནས་པ་ནི་ངེས་པར་གྲོལ་བ་ཡིན༔ འགའ་ཞིག་གིས་ང་ཆོས་ཉིད་ཟད་པ་ཡིན་ཟེར་ན༔ ང་ཆོས་ཉིད་ཟད་པ་ཡིན་ཟེར་བ་དང་བསམ་པ་དེ་བློ་དང་ཡིད་ཀྱི་ཆོས་ཅན་ཡིན་པས་མ་ཟད་པའི་མཚང་བརྡོལ་བ་ཡིན༔ བདག་ལ་ན་ཚ་བྱུང་བའི་སྣང་བ་ཤར་ན་ནད་དང་ན་ས་མ་ཟད་པའི་མཚང་ཐོན་པ་དང་༔ བཀྲེས་ཤིང་སྐོམ་པ་དང་དྲོ་འཁྱག་འབྱུང་བར་སྣང་ན་དེ་ནི་བདག་ཏུ་འཛིན་པའི་མཚང་ཐོན་པ་ཡིན༔ ང་ལ་ཆགས་སྡང་དང་ཞེན་འཛིན་མེད་ཀྱང་ཡོད་ཚུལ་བྱས་པ་ཡིན་ཞེ་ན་མེད་ལ་ཡོད་ཚུལ་བྱེད་པའི་ཟོབ་རྫུན་མཁན་ཏེ་མ་ཟད་པའི་མཚང་དང་༔ མེད་ལ་ཡོད་པའི་ཚུལ་བྱེད་རྒྱུ་མི་འོང་བས་ཆོས་ཟད་བློ་འདས་ཆེན་པོར་མ་གྲོལ་བའི་མཚང་ཐོན་པ་ཡིན༔ རྒྱུ་ཟས་ནོར་ཚོལ་བ་དང་ལེན་པ་དག་ནི་མ་གྲོལ་བའི་མཚང་སྟོན་པ་ཡིན༔ འདི་དག་གིས་ཁོ་གྲོལ་བ་ཡིན་ཅེས་ཁས་ལེན་བྱུང་ཡང་རྟགས་སྤྱོད་པས་སྟོན་པ་ཡིན་པས་མཚང་བརྡོལ་བ་ཡིན༔ ལ་ལས་ཁོ་བོས་བསྒོམ་ཀྱང་རུང་མ་བསྒོམ་ཀྱང་རུང་གྲོལ་ཟིན་པ་ཡིན་ཟེར་བ་ཚོས་བྱ་བྱེད་ཐམས་ཅད་ཐ་མལ་པ་ལས་སྤུ་རྩེ་ཙམ་ཡང་མ་འཕགས་པ་ནི་མཚང་མངོན་དུ་གྱུར་པས་མཁས་པ་ཡོན་ཏན་ཅན་རྣམས་ཀྱིས་ཁྲེལ་ཆེན་པོའི་གནས་སུ་ངེས་པ་ཡིན༔ ཉམས་སྣང་ནི་ན་བུན་ལྟར་ཡལ་ནས་འགྲོ་སྟེ་ཕན་གནོད་སྤུ་རྩེ་ཙམ་ཡང་མེད༔ རྟོགས་པ་ནི་ནམ་མཁའ་ལྟ་བུ་ཡིན་ཏེ་འཕོ་འགྱུར་མེད་པར་དོན་གཤིས་ཐོག་ཏུ་ཕེབས་པ་ཡིན༔ གྲོལ་དང་མ་གྲོལ་གཉིས་ཀའི་རྟགས་སྤྱོད་པས་སྟོན་པ་དང་༔ ཚད་རྨི་ལམ་གྱིས་འཛིན་པ་ནི་རབ་ཀྱི་རྨི་ལམ་འོད་གསལ་དུ་དག་ནས་ཁོར་ཡུག་ཏུ་འདྲེས་པ་དང་༔ འབྲིང་གིས་རྨི་ལམ་རྨི་ལམ་དུ་ཤེས་ཏེ་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པར་ནུས་པ་དང་༔ ཐ་མས་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་རྨི་བ་ཡིན༔ གཉིད་འོད་གསལ་དུ་འཆར་བའི་དུས་སུ་ཆོས་སྐུའི་དགོངས་པར་གདིང་ཐོབ༔ རྨི་ལམ་སྤྲུལ་བསྒྱུར་གྱི་རོལ་པར་དབང་འབྱོར་ཚེ་རང་སྣང་ལོངས་སྤྱོད་རྫོགས་པའི་རོལ་པར་འཕོ་ནུས་པ་དང་༔ བཟང་པོ་ཤ་སྟག་ལས་ངན་པ་གཅིག་ཀྱང་མི་འབྱུང་བའི་ཚེ་སྤྲུལ་པའི་སྐུར་དབུགས་དབྱུང་བར་འགྱུར་བ་གདོན་མི་ཟའོ༔ དེ་དག་ནི་རང་གི་ཚད་ལ་བརྟག་པའི་ཐབས་སུ་བསྟན་པ་ཡིན༔ ཆོས་ཉིད་ཟད་པའི་ས་ནི་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་བློ་འདས་ཆེན་པོར་ཞིག་པ་ཡིན་པས་འཁོར་བའི་བྱ་བ་ལ་སྐད་ཅིག་ཙམ་ཡང་བློ་མི་འཇུག་ཅིང་བྱ་བ་མི་བྱེད་པ་ཡིན་ཏེ་འདི་ནི་གྲོལ་བ་ངེས་པར་ཡིན་ནོ༔ གྲོལ་ཚད་མངོན་དུ་མ་གྱུར་གྱི་བར་དུ་སྒོམ་པ་ཟབ་མོའི་ཉམས་ལེན་ལ་བརྩོན་པར་གྱིས་ཤིག༔ ཐོས་པ་མང་ཞིང་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ཤེས་ཀྱང་སྒོམ་པ་ཉམས་མྱོང་ཆེན་པོས་རང་རྒྱུད་གྲོལ་བ་ཞིག་མེད་ན་ཕན་པ་རྡུལ་ཙམ་མེད་དེ༔ འཁོར་བར་འཁྱམས་དགོས་པ་ཡིན་པས་རང་རྒྱུད་གྲོལ་བར་བྱ་བ་ནི་ཐོས་པ་ཐམས་ཅད་ཀྱི་ཀློང་མཛོད༔ ཤེས་རབ་དང་ཡེ་ཤེས་ཆེན་པོའི་གཏེར་ཆེན༔ སྒོམ་པ་ཐམས་ཅད་ཀྱི་དམ་པ་ཡིན་ཏེ༔ ཉམས་ལེན་སྙིང་པོའི་སྒྲུབ་པ་ལ་བརྩོན་པ་གནད་དུ་ཟུངས་ཤིག༔ འཆོངས་ཤིག༔ ལྟོས་ཤིག༔ རྟོགས་ཤིག༔ རང་གི་རྒྱུད་ལ་ཕན་པ་མི་འབྱུང་ན་ཐོས་པ་ཚིག་གི་འབྲེལ་དོན་མང་པོ་དོན་དུ་གཉེར་ནས་མི་ཚེ་སྟོང་ཟད་ལ་བཏང་ཡང་གཞན་ལ་འཆད་ཡུལ་ཡང་དཀོན་ཏེ་གཞན་རྒྱུད་ལ་ང་རྒྱལ་དང་ཁེངས་སེམས་དྲག་པོ་བསྐྱེད་པ་ཙམ་ལས་ཕན་ཐོགས་པ་ཤིན་ཏུ་དཀའ་བ་ཡིན༔ ཆེ་མཐོ་དང་གྲགས་པ་རྒྱས་པར་བྱེད་ཀྱང་མི་ཚེ་རྨི་ལམ་གྱི་གནས་སྐབས་ཙམ་དང་ཚོང་འདུས་ཀྱི་མགྲོན་པོ་ལྟ་བུ་ཡིན་ཏེ་ཆེ་དྲག་མཐོ་ལ་སྤྱོད་པའི་ལོང་ཁོམ་མེད་པར་འཆི་བའི་དུས་ལ་ཐུག་ཡོད་པས་མགོ་མ་འཁོར༔ གང་ཟག་ལ་ལས་ཚེ་ཟད་དེ་འཆི་མཐའ་ལ་ཐུག་པའི་ལྟས་ལོ་གྲངས་རྫོགས་པ་ལུས་སྟོབས་ཤོར་བ་སེམས་རྩལ་ཉམས་པ་ལ་སོགས་པའི་འཆི་ལྟས་མངོན་སུམ་དུ་ཤར་ཟིན་པ་ལ་མི་སེམས་པར་ད་དུང་ང་ཆེ་ང་བཟང་ལ་སོགས་པའི་རང་བསྟོད་བྱེད་ཅིང་ཆེ་འདོད་མཐོ་འདོད་ཀྱི་རོ་ལ་ཆགས་ནས་ཞེན་པ་མི་འགོག་པ་ལ་བརྟག་ན་ཆེ་མཐོ་གྲགས་པ་ལ་སྤྱོད་འདོད་ངང་དུ་མི་ཚེ་ཟད་པ་མ་མཐོང་བ་འདི་སྙིང་རེ་རྗེ་སྙམ་པ་གྱིས་ལ༔ བློ་སུ་ལའང་མ་གཏོད་དཀོན་མཆོག་གསུམ་ལ་གཏོད༔ ལས་གཞན་ལ་མ་ཞེན་དམ་པའི་ཆོས་ལ་འབུང་༔ རེ་གཞན་ལ་མ་བཅའ་རྣམ་པར་གྲོལ་བའི་ས་ལ་རེ་ལྟོས་མཛོད༔ ཚེ་མདོ་མེད་དུ་མ་ཟད་པར་སྙིང་པོའི་སྒྲུབ་པ་ལ་དྲིལ༔ ཁེ་དྲག་བསྒྲུབ་པས་ནི་མི་འགྲུབ་པས་ཆོས་སྐུའི་རྒྱལ་ས་སྙོགས་པར་མཛོད༔ རང་གིས་རང་མ་བསླུ་བར་འཆི་ཆོས་གཤའ་མ་ལ་འབུང་དང་༔ མི་ལུས་ད་རེས་ཙམ་ལས་མི་ཐོབ་པས་འདི་དོན་དང་ལྡན་པ་ཞིག་ལ་རེམ༔ གདམས་ངག་ཟབ་མོ་དང་དུས་ད་རེས་ཙམ་ལས་མི་འཕྲད་པས་ཡལ་བར་མ་དོར་བར་ཉམས་སུ་ལོངས་ཤིག༔ རང་མགོ་རང་གིས་མ་བསྐོར་བར་འཆི་བ་ཡིད་ལ་མ་བརྗེད༔ འཇིག་རྟེན་ཕ་རོལ་ཏུ་འགྲོ་ཚེ་གྲོགས་དང་དཔུང་གཉེན་མེད་པས་ཉེ་འབྲེལ་རྩ་ལག་སྐྱོང་བའི་ལས་དེ་སྤོངས་མཛོད༔ འཆི་བ་ཐོག་རྒྱུག་ཏུ་བྱུང་ཚེ་ལུས་དང་ཁམ་ཕོར་ཡང་དོར་ནས་འགྲོ་དགོས་ན་གྲོགས་དང་ཉེ་འབྲེལ་ལ་འགྲོགས་ཐབས་མེད་པས་ཐམས་ཅད་ལ་ཆགས་ཞེན་དང་འཁྲི་བ་གཏིང་ནས་ཆོད་པར་གྱིས་ཤིག༔ འདི་དག་བརྒྱུད་འཛིན་རྣམས་ལ་ཤིན་ཏུ་བརྩེ་བའི་སྙིང་གཏམ་ཉམས་ལེན་མཐར་ཕྱིན་པའི་མན་ངག་ཚེ་འདིར་གྲོལ་བ་ཐོབ་པའི་ལམ་མཆོག་ཡིན་ཏེ་ཉམས་སུ་ལོངས་ཤིག༔ འབྲལ་མེད་རྒྱུད་ལ་བཀལ་བར་མཛོད༔ གནད་འདི་རྣམས་དང་མི་ལྡན་ན་ཚེ་འདིར་གྲོལ་བ་ཐོབ་པར་མི་འགྱུར་རོ༔ དེའི་ཕྱིར་གདམས་པའི་ཡང་བཅུད་དུ་ཟུངས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་དབྱེ་བ་མ་ཤེས་ན་སེམས་ཅན་སངས་རྒྱས་སུ་ནོར་ཞིང་འཁྲུལ་པའི་བླུན་པོ་མ་གོ་བ་དག་གིས་མི་ཚེ་སྟོང་ཟད་ལ་གཏོང་ཉེན་ཡོད་དེ༔ དེ་གང་ཞེ་ན་འདི་ལྟ་སྟེ༔ སངས་རྒྱས་ཞེས་བྱ་བ་ནི་མ་རིག་པའི་དྲི་མ་དབྱིངས་སུ་སངས་ཏེ་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཀྱི་ངང་རྒྱས་པས་སངས་རྒྱས་ཞེས་བྱའོ༔ ཁྱབ་བརྡལ་ནམ་མཁའ་ལྟ་བུར་འབྱམས་ཀླས་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ༔ རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ༔ མཉམ་ཉིད་བདེ་བ་ཆེན་པོར་བྱང་ཆུབ་པ༔ ཆོས་སྐུ་མཚན་མ་ཚིག་དང་བྲལ་བས་རྒྱ་ཡན་ཟང་ཐལ་བ༔ དུས་གསུམ་འཕོ་འགྱུར་དང་བྲལ་བས་གཞི་རྩ་བྲལ་བའོ༔ དེ་ལས་གཞན་པའི་སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ དེ་སེམས་ན་སངས་རྒྱས་ལ་ཕ་མ་ཡོད་པར་འགྱུར་བས་སྐྱེ་བའི་མཐའ་རུ་ལྟུང་བའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་བདག་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་བདག་ཉིད་གཅིག་པུའི་མ་རིག་པས་བཅིངས་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ཞིང་ཁམས་ཞེས་ཡུལ་སྣོད་བཅུད་ཅན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་གཟུང་འཛིན་གཉིས་ཀྱིས་བཅིངས་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་མིག་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་མིག་གི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་རྣ་བ་ཡོད་པར་མ་སེམས་ཤིག༔ གལ་ཏེ་སེམས་པར་གྱུར་ན་རྣ་བའི་རྣམ་པར་ཤེས་པ་སྒྲ་དང་བཅས་པ་སེམས་ཅན་གྱི་སྣང་བ་སྟེ་དེ་དང་ལྡན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་སྣ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་སྣའི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ལྕེ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལྕེའི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ལུས་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ལུས་ཀྱི་གཟུང་འཛིན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་འདས་པའི་དུས་སུ་བྱུང་བར་མ་སེམས་ཤིག༔ གལ་ཏེ་བྱུང་བར་སེམས་ན་འཆི་བའི་མཐའ་རུ་ལྷུང་བའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་མ་འོངས་པ་ན་འབྱུང་བར་མ་སེམས་ཤིག༔ གལ་ཏེ་འབྱུང་བར་སེམས་ན་སྐྱེ་བའི་དབང་དུ་འཁྲུལ་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ད་ལྟའི་དུས་ན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡུལ་ཞིག་ན་ཡོད་པར་སེམས་ན་རྟག་བརྟན་ཐེར་ཟུག་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་སྟོན་འཁོར་གྱི་རང་བཞིན་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་རང་གཞན་དངོས་པོར་འཛིན་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ཕྱག་མཆོད་བཀུར་སྟི་བྱས་པས་བཟང་ངན་གྱི་ཉེར་ལེན་ཡོད་པར་མ་སེམས་ཤིག༔ གལ་ཏེ་སེམས་ན་བཟང་ངན་ཕྱོགས་ཞེན་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ སངས་རྒྱས་ལ་གནས་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཅན་དུ་ངོས་བཟུང་མཚན་མ་རིས་སུ་བཅད་པ་སོ་སོར་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་མཚན་མ་རིས་ཆད་ཅན་གྱི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ མདོར་ན་སངས་རྒྱས་ངེས་ཅན་སེམས་ཅན་ལྟ་བུ་ཞིག་ཡོད་ན་དེ་དངོས་སུ་བོས་པས་སླེབ་པ་དང་༔ དེ་རྗེ་དཔོན་དུ་བསྟེན་ན་རྗེ་དཔོན་ལྟར་མངོན་སུམ་དུ་མཐོང་བའི་ཡུལ་དུ་མཆིས་ཏེ་དེའི་རེ་བ་སྐོང་བར་བྱེད་དུ་ཡོད་དགོས་ཏེ༔ ཇི་ལྟར་འོ་དོད་བོས་པ་དང་མོས་གུས་བྱས་ཀྱང་འབྱུང་རྒྱུ་རྡུལ་ཕྲན་ཙམ་ཡང་མེད་པ་དེས་སྟོན་ཅིང་གོ་བར་འགྱུར་བ་ཡིན༔ སངས་རྒྱས་དུས་གསུམ་དུ་མ་གྲུབ་པའི་ལྟས་སུ་སངས་རྒྱས་བསྒྲུབ་པར་བྱ་བའི་བསམ་པས་བསྐྱེད་ཅིང་བསྒོམ་པའི་སྟོབས་ཀྱིས་གྲུབ་དགོས་པ་ནི་སྔར་མེད་པ་སླད་ནས་བསྒྲུབ་དགོས་པའི་དོན་གྱིས་བསམ་བྱ་དང་བསྒོམ་བྱ་དམིགས་བྱའི་ལམ་དུ་བསྟན་པ་ཡིན་ནོ༔ སེམས་ཅན་ཞེས་པ་ནི་འཛིན་པ་གང་ཟག་གི་བདག་འཛིན་གྱིས་བཅིངས་ཏེ༔ གཟུང་བ་ཆོས་ཀྱི་བདག་འཛིན་མཆེད་ནས་དེ་ལ་དངོས་ཞེན་ཉེར་ལེན་གྱིས་རྣམ་པར་རྟོག་པ་ལུ་གུ་རྒྱུད་བར་མ་ཆད་པར་འཕྲོས་ནས་འཁྲུལ་པའི་འཁོར་ལོར་ཁ་འབྱམས་ནས་འཁྲུལ་པ་ཡིན་ནོ༔ དེ་ལྟར་རྩེ་གཅིག་ཏུ་བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོས་ཉམས་སུ་བླངས་པའི་སྟོབས་ཀྱིས་མཐར་ཟག་བཅས་ཀྱི་ཕུང་པོ་ལྷག་མ་མེད་པར་རྡུལ་དང་རྡུལ་ཕྲན་ཆ་མེད་དུ་ཡལ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་མ་ཚང་བ་མེད་པར་འབྱུང་བ་ནི་སྒྲ་འུར་བ་ས་གཡོ་བ་འོད་འཁྲིག་པ་ཉི་ཟླ་དུས་གཅིག་ཏུ་སྒྲ་གཅན་གྱི་ཁ་རུ་འཇུག་པ་སོགས་འབྱུང་བར་འགྱུར་བ་ཡིན་ནོ༔ ད་ནི་ཚེ་གཅིག་ལུས་གཅིག་ཉིད་དུ་འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་པའི་མྱུར་ལམ་ཟབ་མོ་གྲངས་མེད་པའི་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ལ་མ་ལྟོས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་གཅིག་ཆར་དུ་རྫོགས་པར་བྱེད་པ་ཐོད་རྒལ་གྱི་གསེང་ལམ་ལ་འཇུག་པའི་སྒོ་འདི་མ་ཤེས་ན་མ་དག་པའི་སེམས་སྣང་དབྱིངས་སུ་འཕོ་བར་དཀའ་བའི་ཕྱིར་སེམས་སྣང་ཐམས་ཅད་བཙན་ཐབས་ཉིད་དུ་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་འཕོ་བར་བྱེད་པའི་གདམས་པ་ཤེས་དགོས་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བསྐལ་པ་མང་པོར་ལས་རླུང་གི་འཕེན་པས་ཚོགས་བསགས་པ་དང་སྒྲིབ་པ་སྦྱང་བའི་བསམ་པ་ཤེས་པ་ཅན་གྱི་ལུས་རྟེན་ཐོབ་པའི་ངེས་པ་མེད་པས༔ དུས་ད་རེས་འདི་རུ་རྟེན་འབྲེལ་ཐམས་ཅད་འཛོམ་པས་ཚེ་གཅིག་ལུས་གཅིག་གིས་གྲོལ་བའི་མྱུར་ལམ་གྱི་གདམས་པ་ཟབ་མོ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་ལས་ངན་པའི་བསམ་སྤྱོད་རྒྱ་ཆེ་བའི་སྟོབས་ཀྱིས་འཁོར་བ་མཐའ་མེད་དུ་འཕངས་པ་ཡིན༔ བར་སྐབས་ཤིག་ཏུ་ལས་བཟང་པོ་བསགས་པ་དང་སྨོན་ལམ་བཟང་པོས་མཚམས་སྦྱར་བའི་མཐུས་ད་ལྟ་མི་ལུས་ཐོབ་ནས་ཆོས་དང་འཕྲད་པ་ཡིན་པས༔ དེང་གི་དུས་འདིར་མ་འབད་ན་ཕྱིས་ནས་ལུས་འདི་ལྟ་བུ་ཐོབ་པར་དཀའ་ཞིང་ཟབ་མོའི་ལམ་ལ་དབང་འབྱོར་བར་དཀའ་སྟེ༔ ལས་ངན་གྱི་འཕྲོ་མཐུད་དེ་འཁྲུལ་སྣང་སྡུག་བསྔལ་ཁོར་མོ་ཡུག་ཏུ་སྤྱོད་ནས་ད་ལྟ་བསོད་ནམས་བསགས་པའི་ལས་ཅུང་ཟད་ཡོད་ཀྱང་དེའི་འབྲས་བུ་བསྐལ་པ་མང་པོའི་མཐར་ལས་ཅི་འགྱུར་ཆ་མ་མཆིས་པས་ཚེ་འདི་ཉིད་དུ་གྲོལ་བ་ཐོབ་པ་ཞིག་བྱ་དགོས་པ་ཡིན་པས་གནད་དེ་ལ་ནན་དུ་ལྟོས་ཤིག་རྟོགས་ཤིག༔ ཚེ་འདིར་སངས་རྒྱས་པའི་མྱུར་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་ཐབས་དང་རྟེན་འབྲེལ་འདི་རྣམས་འཛོམ་དགོས་ཏེ༔ བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ནས་མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱེད་པ་དང་༔ བསྒོམ་དང་བསྙེན་སྒྲུབ་མཆོད་པ་དབང་ལེན་ཐུགས་ཡིད་བསྲེ་བ་རྣམས་ལ་འབད་པར་བྱ་བ་དང་༔ མཆེད་གྲོགས་ལ་དཔའ་བོ་མཁའ་འགྲོའི་འདུ་ཤེས་གཞག་སྟེ་དད་པ་དང་མོས་གུས་ཐང་ལྷོད་མེད་པར་བསྒྲུབ་པ་ལས་བརྙས་བཙུགས་དང་ལོག་ལྟ་སྐུར་འདེབས་སྐྱོན་ལྟ་སྨད་སྒྲོགས་བརྡེག་བརྡུང་མགོ་བསྐོར་བསླུ་བ་ཐམས་ཅད་དུག་བཞིན་དུ་སྤང་བ་དང་༔ སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་བཞག་ནས་སྙིང་རྗེ་བྱང་སེམས་ཀྱི་སྒོ་ནས་ལས་ཅི་བྱེད་ཐམས་ཅད་གཞན་དོན་ལྷུར་ལེན་གྱི་ཤེས་པ་རྒྱུན་མི་ཆད་པ་རྒྱུད་ལ་བརྟེན་པ་དང་༔ ཚེ་འདིའི་སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་སྙིང་པོ་མེད་པའི་ངང་ཚུལ་ཤེས་པ་དང་༔ བདག་གི་ཚེ་འདིའི་ལུས་འདི་ཡང་ལོ་ཤས་ཟླ་ཤས་ཙམ་གྱི་མ་ཡིན་པ་ལས་ངེས་པར་རྟག་པ་མེད་པས་ནམ་འཆི་ཆ་མི་ཆོད༔ བདག་གིས་ད་ལྟ་བཟའ་མི་ཉེ་འབྲེལ་གྱི་དོན་དུ་ལས་ཇི་ཙམ་བྱས་ཀྱང་བདག་ཤི་ཕན་ཆད་དྲིན་དྲན་མཁན་ནི་མི་ཡོང་བས་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པའི་ཚུལ་བདག་ཕ་མ་མེས་པོ་རྣམས་ཀྱིས་གསོ་བསྐྱང་བྱས་པའི་དྲིན་རང་གིས་མི་དྲན་པའི་ཚུལ་ལ་ལྟོས་དང་དེར་མཚོན༔ མདོར་ན་ཚེ་འདིའི་བྱ་བྱེད་ཐམས་ཅད་མདོ་མེད་བྱིས་པའི་རྩེད་མོ་ལྟ་བུར་ངེས་ནས་རང་མགོ་འདོན་པའི་ཐབས་བསྒྲུབ་དགོས་པར་ཤེས་པ་དང་༔ བདག་ལ་འཁོར་བའི་བྱ་བར་མ་འབད་ན་ལྟོ་མི་འགྲང་༔ རྒྱབ་མི་དྲོ༔ ཁས་ཞན་ཅིང་དབང་ཆུང་ཟེར་བ་དང་༔ རང་དང་ཉེ་འབྲེལ་གྱི་ཆེད་དུ་འཁོར་བའི་ལས་ལ་འབད་དགོས་ཞེས་ཟེར་བའི་ཕ་མ་ཉེ་འབྲེལ་གཉེན་གྲོགས་སོགས་མང་པོ་འབྱུང་སྟེ༔ དེ་དག་གིས་བདག་བདེ་ཞིང་སྐྱིད་པར་འདོད་ནས་སྡུག་བསྔལ་མཐའ་མེད་པ་འབྱུང་བའི་ཐབས་སློབ་པ་ནི་ལོང་བས་ལོང་བ་ཁྲིད་པ་ལྟར་བཟང་པོར་སེམས་ནས་ངན་པ་སློབ་པའི་སློབ་དཔོན་མང་ཡང་༔ མཐར་ཐུག་གཏན་དུ་བདེ་བའི་ཐབས་སློབ་མཁན་ནི་མཚན་ལྡན་གྱི་བླ་མ་ལས་མི་འོང་སྙམ་ནས་རང་ཚོད་རང་གིས་བཟུང་སྟེ་སུའི་ཁ་ལ་མི་ཉན་པ་གནད་དུ་ཤེས་པར་བྱ་བ་དང་༔ ཕ་མ་དང་ཉེ་འབྲེལ་གྱི་དོན་དུ་སྡིག་པ་བསགས་ནས་ཕན་པ་བསྒྲུབ་པར་འདོད་ཀྱང་རང་གཞན་གཉིས་ཀ་ངན་སོང་མཐའ་མེད་དུ་འཕེན་པར་འགྱུར་བའི་ཚུལ་ལ་བསམ་མནོ་བཏང་སྟེ༔ ད་ངའི་ལུས་འདི་ཕ་མའི་ཤ་ཁྲག་ལས་ཆད་ཁོང་གཉིས་ལ་ཕན་པ་དང་བདེ་བ་འདི་ལས་འབྱུང་གི་རེ་བས་དཀའ་ཚེགས་རྒྱ་ཆེན་པོའི་སྒོ་ནས་ཟས་ཀྱི་ཕུད་བྱིན༔ གོས་ཀྱི་རྩེ་གཡོགས༔ ཤིན་ཏུ་བྱམས་པས་བསྐྱེད་བསྲིང་བ་ཡིན་པས༔ ད་ནི་གཏན་གྱི་བདེ་བ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་འགྲུབ་ན་ངའི་ལུས་རྟེན་ཕ་མས་བསྐྱངས་པ་ལ་དོན་ཆེན་པོ་འགྲུབ་སྟེ་ཁོང་གཉིས་ཀྱིས་བསོད་ནམས་རྒྱ་ཆེན་པོ་བསགས་པར་འགྱུར་བ་དང་༔ ངས་ཀྱང་ཕ་མའི་དྲིན་ལན་འཁོར༔ བླ་མའི་ཞབས་ཏོག་འགྲུབ༔ སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་འབྱུང་བ་ཡིན་པར་ངོ་ཤེས་ཏེ་བློ་ཕུག་ཆོས་ལ་གཏད༔ ངེས་མེད་ཀྱི་རི་ཁྲོད་དབེན་པ་བརྟེན་ཏེ་ཟས་ལ་བཟང་ངན་མེད་པར་སྲོག་འཚོ་ཙམ་གྱིས་ཆོག་ཤེས་པ་དང་༔ གནས་ལ་བཟང་ངན་མེད་པར་ཆར་དང་རླུང་སྐྱོབ་ཙམ་གྱིས་ཆོག་པར་ཤེས་ནས་སྙིང་པོའི་སྒྲུབ་པ་ལ་འབད༔ ཧ་ཅང་ལྟོ་འགྲང་ཆེ་ན་རྣམ་རྟོག་འཕར་ནས་ལེ་ལོ་དང་རྣམ་གཡེངས་ལ་འཆོར༔ གོས་མཛེས་འཇམ་བརྟེན་ན་སྤྲོས་པའི་དབང་དུ་ཤོར་ནས་རྒྱལ་ཁམས་ལ་ངོམས་པར་འདོད༔ ཆང་བཏུང་ན་སེམས་ལས་སུ་མི་རུང་བར་སྒོམ་ཆེན་ཐ་མལ་དུ་འཆོལ༔ དཀར་དམར་མངར་དང་སྣུམ་ཟས་ལ་དགའ་ཆེས་ན་ཚེ་གཅིག་འབད་རྩོལ་ལ་དུས་འདས་ནས་དགེ་བའི་བསམ་པ་སྟོར་ཉེན་ཡོད༔ དེས་ན་ཕྱི་ན་སྤྲོས་པ་མེད་པ༔ ནང་ན་གསོག་འཇོག་མེད་པ༔ གཞན་ལ་རེ་བ་མེད་པ༔ རང་གིས་སྟེར་སེམས་མི་སྐྱེ་བ༔ ད་ལྟ་ཤི་ཡང་བྱིའུ་ཆུང་ཤིང་རྩེ་ནས་འཕུར་བ་ལྟར་ཕྱིར་ཆགས་དང་བློ་ལྷག་མེད་པ༔ གོང་ན་དཔོན་མེད་པ༔ འོག་ན་གཡོག་མེད་པ༔ ཐ་ན་ཉེ་འཁོར་མེད་པ་ཞིག་དགོས༔ དང་པོ་རང་གི་ཉེ་འབྲེལ་དང་ཕ་ཡུལ་སྤངས་ནས་ཡུལ་གཞན་དུ་སོང་སྟེ་བུད་མེད་དང་དྭ་ཕྲུག་བརྟེན༔ དཀོར་ཟས་གཤིན་གསོན་གྱི་སྲོག་སྐྱོབ་དང་འཇིགས་སྐྱོབ་ཀྱི་གླ་རྔན་ལ་སྤྱོད༔ བསྟོད་པ་ཟུར་ཙམ་ཐོས་ན་ང་རྒྱལ་དང་ཁེངས་སེམས་ཀྱིས་རྒྱུད་གང་སྟེ་རོ་སྟོད་དཔང་བསྟོད་ནས་རང་བསྟོད་དང་གཞན་སྨད་བྱེད༔ སྨོད་པ་ཟུར་ཙམ་ཐོས་ཚེ་ཞེ་སྡང་ཁོང་ཁྲོས་རྒྱུད་གང་ནས་རྩོད་པ་ལ་ཆས༔ རང་ད་ལྟ་འཆི་ཡང་མི་ཤེས་པས་གཞན་ལ་མངོན་ཤེས་འདོམས་པ་དང་༔ ལྟ་བ་མཐོ་མཐོ་མགྲིན་པའི་རྔ་ཆེན་བརྡུངས༔ ལམ་ཁའི་ཁྱི་བཞིན་བྲེལ་ཚུབ་ཀྱིས་ཡུལ་ལ་ཞེན༔ འདྲེ་གྲོང་རྒྱུག་ལྟ་བུར་བར་མཚམས་མེད་པར་གཏོ་ཡས་ལ་མགོ་འཁོར༔ སྒོམ་ཆེན་པ་ཆེ་འདོད་དང་གྲགས་འདོད་རྙེད་ཚོལ་ལ་མི་ཚེ་ཟད་ནས་ལོ་མཚམས་ཟླ་མཚམས་ཙམ་མི་བྱེད་པར་འཆི་ཁ་ཐ་མལ་དུ་ལུས་པ་དང་༔ མཁས་པས་གཞན་སྐྱོན་མི་འདོན་ཅིང་རང་རྒྱུད་ཀྱི་སྐྱོན་མཚང་འདོན་པ་ཡིན་ཡང་༔ རང་སྐྱོན་ལ་མི་སེམས་པར་ཚེ་གཅིག་ཆགས་སྡང་ལ་ཞེན་པ་རྣམས་ནི་མི་བླ་འདྲེས་ཁྱེར་ནས་ཤེས་རྒྱུད་བདུད་ཀྱིས་བརླམ་པ་ཡིན་པས་ལས་ངན་དེ་འདྲ་བ་སྤངས་ནས་བསྒོམ་དགོས༔ རང་གི་དགེ་སྦྱོར་སྤུ་ཙམ་མི་བྱེད་པའི་ཁར་གཞན་དགེ་སྦྱོར་མཁན་ལ་སྨོད་ཅིང་གཤེ་སྐུར་བྱེད་པ་ནི་བདུད་དང་དམ་སྲིས་བརླབས་པའི་སྐྱེས་བུ་ཡིན་པས་དེའི་ཆོས་ཀྱི་སྐལ་བ་ཆད་པ་ཡིན༔ ཆོས་ལ་སྤྱོད་ཀྱང་གྲོགས་མང་པོ་འཛོམ་ཚེ་དེ་ལ་སྐྱོ་ཞིང་སུན་ཏེ་གཅིག་པུར་ཐོན་ནས་ཆོས་བསྒྲུབ་སྙིང་འདོད་པ་དང་༔ རང་གཅིག་པུར་སྡོད་ཚེ་བེའུ་མ་དང་བྲལ་བ་ལྟ་བུར་གྲོང་ཡུལ་ཀུན་ཏུ་རྒྱུག་པ་དང་༔ སྲེ་མོང་ས་ཕུག་ཏུ་བཅུག་པ་ལྟར་སྡོད་མི་ཚུག་པ་དང་༔ ཁྱི་འཁྱམས་ཀྱིས་ཟས་འཚོལ་བ་ལྟར་དལ་མེད་གྲོང་ཁྱིམ་དུ་རྒྱུ་བ་དང་༔ གཏམ་དང་ལབ་མོར་དགའ་ནས་ལབ་ཡ་འཚོལ་ཏེ་གཞན་གྱི་དགེ་སྦྱོར་གཅོག་པ་དང་༔ བློ་རྩེ་མང་བས་རང་ངོ་འཕྲོད་ཀྱང་སྒོམ་པ་ལ་ཡིད་མི་ཆེས་པར་གནས་བསྐོར་དུ་འགྲོ་སྙམ་པ་དང་༔ གནས་སྐོར་ལ་འགྲིམ་ཚེ་འདུག་སྙིང་འདོད་པའམ་རང་ཡུལ་དུ་སླེབ་པ་ལ་ཡིད་གདུང་བ་རྣམས་ནི་འདི་ཕྱི་མདོ་མེད་དུ་གཏོང་བའི་སྐལ་ཆད་ཡིན་ཏེ་གདམས་ངག་ཉམས་སུ་མི་ལེན༔ གཞན་མཐོ་བ་ལ་ཕྲག་པ་དོག་པས་རང་རྒྱུད་བསྲེག་པ༔ རང་གི་བསོད་ནམས་ཟད་པ་ལ་མི་སེམས་པར་བསོད་ནམས་ཅན་ལ་གཤེ་སྐུར་འདེབས་པ༔ མཁོ་མཁོ་དགོས་དགོས་ཀྱི་བསམ་པ་ལ་ཆོག་ཤེས་མེད་པས་རང་གི་ལས་ཀ་སྤུ་ཙམ་མི་ནུས་པ་ལ་བསམ་མནོ་མེད་པར་མཐོང་ཚོར་གྱི་མི་རྣམས་བཀོལ་སྐྱེན་པ༔ རང་གིས་སྐེ་རགས་དང་ལྷྭམ་སྒྲོག་བཅིང་པའི་ཤུགས་འདོན་པར་དཀའ་ཚེགས་ཀྱི་སྣང་བ་ལ་མི་སེམས་པར་གཞན་གྱིས་རི་བཤིག་ཀྱང་མི་མགུ་བར་ད་དུང་གཅིག་ཐོག་ཏུ་གྲངས་མང་བསྣན་ཏེ་བཀོལ་བ་དང་༔ རང་གི་གོས་ཧྲུལ་དང་ཟས་ལྷག་ཙམ་གཞན་གྱིས་སྤྱོད་པ་དང་ཟ་བ་མཐོང་ཡང་ཕངས་སེམས་སྐྱེ་བ་ལ་མི་སེམས་པར་གཞན་གྱིས་ཟས་ནོར་རི་རབ་ཙམ་སྟེར་ཡང་ད་དུང་ཞེ་མི་གང་བ་རྣམས་ནི་ཀུན་གྱིས་སུན་ཅིང་སྤངས་པའི་གནས་ངན་ཡིན་པས་དགེ་སྦྱོར་མི་འགྲུབ་ངེས་པ་ཡིན༔ འགའ་ཞིག་གི་རྒྱུད་ལ་ཆོས་ཀྱི་བསམ་པ་ཡོད་ཅིང་ཇི་ཙམ་དལ་ཁོམ་ཡོད་ཀྱང་ཁ་དང་ལག་པའི་དགེ་བ་ལ་འབྱམས་པ་དང་༔ གཞན་གྱི་ལད་མོ་ལ་དགའ་བས་སྤྱོད་པ་དེ་ལ་འབྱམས་པ་རྣམས་ཀྱིས་ཀུན་རྫོབ་ཀྱི་དགེ་བ་ལ་གྲངས་ཀ་ཅི་རྫོགས་བྱེད་ཅིང་༔ ཅུང་ཟད་དཀའ་ངལ་དང་བཀྲེས་འཁྱག་བྱུང་ཚེ་དེ་ཡང་དོར་བ་རྣམས་ནི་དོན་དམ་པའི་ཆོས་ཀྱི་སྐལ་བ་ཆད་པ་ཡིན༔ དགའ་སྡུག་ཆེ་བ་སྤྲིན་བར་གྱི་ཉི་ཞུར་ལྟ་བུ་དང་༔ བྲེལ་ཚུབ་ཆེ་བ་དགུན་ཁའི་རླུང་འཚུབས་ལྟ་བུ་རྣམས་ནི་སུ་ལ་འགྲོགས་ཀྱང་འགྲོགས་ཡུན་ཐུང་བ་དང་༔ ཀུན་གྱིས་སྤང་བར་འགྱུར་བས་གང་ཟག་དེ་ལྟ་བུ་རྣམས་ཀྱིས་ཉམས་ལེན་ཁམས་ཀྱིས་མི་ལྕོགས་པར་ཡལ་བར་འདོར་ངེས་པ་ཡིན༔ ཆོས་རྣམ་དག་ཞིག་བསྒྲུབ་པར་འདོད་པའི་གང་ཟག་རྣམས་ཀྱིས༔ ཁྲིམས་ཁ་ཚ་བའི་མི་དཔོན་ལ་བཅར་བ་དང་ངོ་དགའ་འཚོ་མི་རུང་སྟེ་རང་དབང་གཞན་ལ་ཤོར་ནས་ཐར་པའི་ལམ་སྣ་འགག་པའི་དུས་འབྱུང་ཉེན་ཡོད༔ དགའ་སྡུག་ཆེ་བའི་བླ་མ་ལ་ཆོས་འབྲེལ་ཞུ་མི་རུང་སྟེ་དམྱལ་བར་འཕེན་པའི་བཤེས་གཉེན་ཡིན༔ མཁོ་དགོས་མང་བའི་བླ་མ་ལ་འབྲེལ་མི་རུང་སྟེ་དམ་ཚིག་གཉན་པོའི་སྲོག་དང་བྲལ་ཉེན་ཡོད༔ བཀོལ་སྐྱེན་པ་དང་གཞན་གྱི་དཀའ་ཚེགས་སྐྱིད་སྡུག་ལ་མི་སེམས་པའི་བླ་མ་དང་འབྲེལ་མི་རུང་སྟེ་དམ་ཚིག་ཉམས་ནས་དམྱལ་བར་ལྟུང་བ་ཡིན༔ བྱ་སྤྱོད་མང་བའི་བླ་མ་དང་འབྲེལ་མི་རུང་སྟེ་ཞབས་ཏོག་བསྒྲུབ་མི་ནུས་པའི་དབང་གིས་དམྱལ་བར་འཕེན་པ་ཡིན༔ སློབ་མའི་སྐྱིད་སྡུག་ལ་མི་སེམས་པར་རང་འདོད་དང་ཁེ་དྲག་གི་བསམ་པས་མཐོ་ལ་དགའ་ཞིང་ཉམས་ཆུང་ལ་སྡང་བའི་བླ་མ་དང་འབྲེལ་མི་རུང་སྟེ་ལོག་ལྟ་སྐྱེས་ནས་དམྱལ་བར་ལྟུང་བ་ཡིན༔ ལྟ་བ་ལོག་པ་དང་བསྒོམ་པའི་ཡུན་ཐུང་བ་ཚེ་གཅིག་ཆོས་བརྒྱད་ཀྱི་ལས་ལ་བརྩོན་པ་ཐོས་བསམ་གྱི་ཤེས་རབ་མེད་པའི་བླ་མ་དང་འབྲེལ་མི་རུང་སྟེ་ལྟ་བ་དམན་པ་ལས་མི་འཕགས་པའི་སྐྱོན་དུ་འགྱུར་བ་ཡིན་ནོ༔ དང་པོ་བླ་མ་དེ་ཉིད་གཞན་གྱིས་ཁ་ཚོད་དང་རང་གིས་མཐོང་བ་ལ་ཡུན་རིང་པོར་བརྟག་ནས་སྐྱོན་མེད་ཡོན་ཏན་འཛོམ་པ་ཞིག་ལ་བརྟེན་ན་གྲོལ་བའི་ལམ་སྟོན་ཅིང་ཉེས་ལྟུང་མི་འབྱུང་བ་ཡིན༔ བསྟེན་ཕན་ཆད་ནི་བླ་མ་དེས་ཉིན་གཅིག་མི་བརྒྱ་རྟ་བརྒྱ་བསད་ཀྱང་ལོག་ལྟ་བྱེད་མི་རུང་སྟེ༔ སྲོག་ཆགས་གསོད་པ་དང་ཇག་རྐུན་བྱ་བ་དང་ཆུང་མ་ལོངས་ཞེས་བསྒོ་ཡང་ཐེ་ཚོམ་མེད་པར་མ་བསྒྲུབ་ན་དམྱལ་བ་མནར་མེད་དུ་ལྟུང་བ་ཡིན་པས་བཀའ་བཞིན་དུ་བསྒྲུབ་དགོས་པར་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ལན་མང་དུ་གསུངས་པ་ཡིན་ནོ༔ དེ་ལྟར་བླ་མ་དམ་པ་ལ་བརྟེན་ནས་གདམས་པ་ཟགས་སུ་མི་འཇུག་པར་ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་འབད་པར་བྱ་བ་གནད་ཀྱི་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ སློབ་མ་མ་བརྟག་ན་སློབ་དཔོན་གྱི་བདུད་དུ་འབབ་ཉེན་ཡོད་པས་གདམས་ངག་ཆུ་ལ་ཕོས་པ་ལྟ་བུ་དང་༔ རང་གི་ཟས་ནོར་དགྲ་ལ་སྟེར་བ་དང་འདྲ་མཚུངས་པའོ༔ ཚེ་འདིའི་བྱ་བ་ལ་སྐྱོ་ཞིང་སུན་པ༔ དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ༔ སྙིང་རྗེ་ཆེ་བ༔ འཛིན་ཆགས་ཆུང་བ༔ སྦྱིན་གཏོང་ལ་དགའ་བ༔ ཕྲག་ཡངས་པ༔ གཡོ་སྒྱུ་མེད་པ༔ སྙིང་རུས་དང་སྡུག་སྲན་ཆེ་བ༔ བློ་རྒྱུད་བརྟན་པ༔ བློ་རྩེ་གཅིག་པ༔ འགྱུར་ལྡོག་མེད་པ་རྣམས་དུས་འཛོམ་པ་ནི་སློབ་བུའི་མཆོག་ཏུ་བཟུང་ནས༔ གདམས་པ་བསྟན་ན་དོན་ཆེན་པོ་འགྲུབ་པར་གདོན་མི་ཟ་བ་ཡིན༔ འཁོར་བ་ལ་ཞེན་ཆགས་ཆེ་བ༔ དད་གུས་ཆུང་བ༔ གཡོ་སྒྱུ་དང་ཟོལ་ཟོག་ཆེ་བ༔ སྙིང་རྗེ་མེད་པ༔ འཛིན་ཆགས་ཆེ་བ༔ ཕྲག་དོག་པ༔ ཞེ་སྡང་ཁོང་ཁྲོ་སྐྱེན་པ༔ དགའ་སྡུག་ཆེ་ཞིང་བློ་འགྱུར་ལྡོག་སྐྱེན་པ༔ ཤེས་རྒྱུད་རྩིང་ཞིང་སྙིང་རུས་དང་སྡུག་སྲན་མེད་པ༔ རྣམ་གཡེང་ལེ་ལོ་ཆེ་བ༔ འདུ་འཛི་ལ་དགའ་སྟེ་མཐོ་དགའ་ཆེ་བ༔ རང་རྩིས་ཆེ་ཞིང་གཞན་ལ་མི་མགུ་བ༔ ཅོལ་ཆུང་བ༔ ཕྲ་མ་འགྱེད་པ་ལ་དགའ་བ༔ རྫུན་དང་བྲེ་མོ་ལ་དགའ་བ་རྣམས་ལ་གདམས་ངག་འཆད་ན་མཐར་སློབ་དཔོན་གྱི་བདུད་དུ་འབབ་ངེས་པ་ཅན་ཡིན་ནོ༔ དེ་ལྟར་བརྟག་ཅིང་དཔྱད་ནས་སློབ་མ་སྣོད་དུ་མི་རུང་བ་རྣམས་སྤངས་ཤིང་སྣོད་དང་ལྡན་པ་རྣམས་བསྟེན་པར་བྱའོ༔ ད་འོད་གསལ་ཐོད་རྒལ་ཆེན་པོའི་གདམས་པ་ཉམས་སུ་ལེན་པ་ལ༔ དང་པོ་སྔོན་དུ་འགྲོ་བའི་ཆོ་ག་ཟབ་མོ་ཉམས་སུ་མ་བླང་ན་དངོས་གཞི་ཉམས་སུ་ལེན་པ་ལ་གེགས་དང་གོལ་ས་ཤིན་ཏུ་མང་བས་དེའི་ཕྱིར་སྔོན་དུ་འགྲོ་བའི་རིམ་པ་ལ༔ སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ་ལ་བརྩོན་པར་བྱ་བ་ནི༔ དང་པོ་ཕྱི་ལྟར་རུ་ཤན་དབྱེ་བ་ལ༔ གནས་དབེན་པ་མི་མེད་པའི་རི་སུལ་དུ་ཕྱིན་ཏེ༔ བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པའི་ཕྱིར་སྒོ་གསུམ་འཁོར་འདས་རུ་ཤན་འབྱེད་ཅིང་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པར་བྱའོ་བསམ་ཞིང་༔ དེ་ནས་རང་གི་བློ་རྒྱུད་ལ་འདི་ལྟར་བཀལ་བར་བྱ་སྟེ༔ རང་ལ་འཆི་རྐྱེན་གྱི་ནད་ཚབ་ཆེ་བ་ཞིག་བྱུང་ནས་བཟོད་མེད་ཀྱི་ཟུག་རྔུ་དྲག་པོས་གདུང་བ་རྒྱུད་ཐོག་ཏུ་བླངས་ནས་འཁུན་པ་དང་འགྲེ་ལྡོག་དྲག་པོ་བྱའོ༔ སླར་ཡང་བཟའ་མི་ཉེ་བ་རྣམས་ཀྱིས་གྲོས་བྱས་ནས་སྨན་པ་ཞིག་འབོད་དུ་སོང་བས༔ སྨན་པ་བྱུང་སྟེ་རེག་པ་རྩ་ལ་བརྟག་པས་རྩ་འདི་ལ་དཔྱད་ན་ཤིན་ཏུ་ངན་པས་ཕན་པ་དཀའ་བར་སྣང་བས་ད་ནི་མྱུར་དུ་རིམ་གྲོ་མང་པོ་བྱེད་དགོས་ཀྱི་ཐོབ་ཤོར་གྱི་ས་མཚམས་ལ་ཐུག་འདུག་ཟེར་བའི་བསམ་པ་དང་སྤྱོད་པ་བྱ༔ ཡང་བཟའ་མི་ཉེ་འབྲེལ་གྱིས་གྲོས་བཏབ་པས་མོ་མ་ཞིག་ལ་མོ་ལྟ༔ རྩིས་མཁན་ཞིག་ལ་རྩིས་བྱེད་དུ་འགྲོ་ཟེར་ནས་སོང་བས༔ མཐར་ཕོ་ཉ་ཕྱིར་སླེབ་ཚེ་རང་དང་བཟའ་མི་རྣམས་ཀྱིས་ཅི་ཟེར་དྲིས་པས་མོ་མ་དང་རྩིས་པ་དག་གིས་རིམ་གྲོ་བྱེད་དགོས་པས་མྱུར་དུ་འབད་པར་གྱིས་ཤིག༔ མོ་རྩིས་ཐམས་ཅད་ཤིན་ཏུ་འཁྲུགས་པས་ཕན་པ་མེད་འདྲ་ཟེར་བའི་གཏམ་ཐོས་ནས་སྙིང་མི་དགའ་ལྷང་ངེ་འགྲོ་བ་རྒྱུད་ཐོག་ཏུ་བླང་བར་བྱའོ༔ རིམ་གྲོ་མང་པོ་བྱེད་པའི་སྣང་བ་ཡང་བསྒོམ་ནས་མཐར་མལ་སར་ལྷུང་ནས་ལྡང་མི་ནུས་པ་དང་༔ མཆུ་དང་གདོང་གཡོ་བ་དང་༔ མིག་མཐོ་དགར་བྱེད་པ༔ སྐོམ་ཁ་ནས་བཏུང་བ་སྣ་ནས་ལྡོག་པ༔ མལ་ས་དོང་བས་ཟབ་པའི་སྣང་བས་ཡར་འཐེན་ཟེར་བ་དང་༔ མི་ཡུལ་ལ་འཕྲང་སེམས་དང་ཆགས་ཞེན་ཆེ་བས་ད་ཕྱི་རོལ་ཏུ་སྐྱོལ་དང་སྐྱོ་བསང་བྱེད་ཟེར་ནས་ཕྱི་རོལ་ཏུ་བསྐྱལ་བས་ས་སྟེང་ཐམས་ཅད་སེར་ཧང་ཧང་བྱེད་པའི་སྣང་བ་སྐྱེས་ཚེ་ས་སྟེང་མིག་གིས་མཐོང་བ་ཙམ་ལས་ཡུན་མི་རིང་བའི་སྣང་བ་ཤར་ནས་སེམས་སྡུག་བཟོད་གླག་མེད་པར་ཤར་བ་རྒྱུད་ལ་བཀལ་བར་བྱ་བ་དང་༔ སླར་ཡང་རང་གི་ཁང་ཁྱིམ་དང་བཟའ་མི་རྣམས་ལ་ཞེན་ཆགས་ཀྱི་བསམ་པས་འབྲལ་རན་པ་ལ་ཡིད་གདུང་ནས་ང་ཁྱིམ་དུ་སྐྱོལ་ཟེར་ཞིང་མལ་སར་བཞག་པ་ན་བཟའ་མི་ཉེ་འབྲེལ་ཐམས་ཅད་ཀྱིས་ཤི་བར་ཤེས་ནས་མཐའ་བསྐོར་ཏེ་མགོ་དང་ཡན་ལག་ལ་བཟུང་༔ ལུས་ལ་འཇུས་ཏེ་གདོང་མཆི་མས་གང་༔ འོ་དོད་དང་ཆོ་ངེ་དྲག་པོ་འདོན་པ་རྣ་བས་ཐོས༔ མིག་གིས་མཐོང་ཡང་༔ འཆི་བདག་གི་སུན་མས་ཁྲིད༔ གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་རྒྱུག་སྟེ་ཁྲིད་གྲབ་བྱེད་པའི་དུས་བྱུང་ནས་ཤིན་ཏུ་གཅེས་པའི་བུ་དང་ཆུང་མ་བརྩེ་ཞིང་བྱམས་པའི་ཕུ་ནུ་ཉེ་བ་ཐམས་ཅད་བློས་མི་ཐོང་བཞིན་དུ་བཞག༔ འབྲལ་མི་ཕོད་བཞིན་དུ་མི་མཐོང་མི་འཕྲད་པའི་ཡུལ་དུ་རང་དབང་བརྟན་པ་དང་བྲལ་བར་འགྲོ་དགོས་པའི་དུས་ལ་བབས༔ རྒྱུས་མེད་པའི་ཡུལ་དུ་བཤེས་མེད་གྲོགས་མེད་གཅིག་པུར་གཅེས་པའི་ལུས་དང་གོས་རྒྱན་ཟས་ནོར་མཁར་ཁྱིམ་དང་བཅས་པ་ཐམས་ཅད་ཤུལ་དུ་བོར་ནས་འགྲོ་དགོས་པའི་གནས་སྐབས་དེ་དེ་རིང་བབས་པར་རང་གི་རྒྱུད་ཐོག་ཏུ་བླངས་ནས་བསྒོམ་སྟེ་འཇིགས་པ་བཙན་ཐབས་སུ་སློང་བར་བྱས་ཏེ་དེའི་སྤྱོད་པ་ཐམས་ཅད་སྤྱད་པས་འཆི་ཁའི་བར་དོ་སྦྱངས་ནས་ཚེ་འདིའི་སྣང་བ་ལ་ཞེན་པ་ལྡོག་ངེས་པ་ཞིག་བྱའོ༔ དེ་ནས་ཕྱིའི་སྣང་བ་ཐམས་ཅད་རྣམ་པར་ཤེས་པ་ལ་ཐིམ་པས་དཀར་ལམ་མེ་བ་ཞིག་ཡིད་ལ་བྱའོ༔ སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ་མེ་བ་གློག་འཁྱུག་པ་ལྟ་བུ་ཡིད་ལ་བྱའོ༔ དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་སྣང་བ་མུན་རུབ་པ་ལྟ་བུ་ནག་ཐོམ་མེ་བ་ཡིད་ལ་བྱའོ༔ དེ་ནས་འཆི་བ་སྟེ་འཆི་ཁའི་དུས་སྦྱངས་པས་མངོན་ཞེན་ལྡོག་པར་བྱའོ༔ སླར་ཡང་ནམ་མཁའ་ལྟ་བུའི་དྭངས་ཤིང་གསལ་བའི་རང་བཞིན་ཡིད་ལ་བྱས་ཏེ་སྟོང་གསལ་བརྡལ་ཁྱབ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པ་ནི་གཞིའི་འོད་གསལ་མངོན་དུ་བྱེད་པའོ༔ སླར་ཡང་མིག་ལ་གསེང་རས་བཀབ་སྟེ་འོད་ལྔའི་སྣང་བ་ལ་མཉམ་པར་བཞག་ནས་སྡོད་པ་ནི་ཆོས་ཉིད་བར་དོའི་སྣང་བ་སྦྱོང་བའོ༔ སླར་ཡང་སྲིད་པ་བར་དོའི་སྣང་བ་ཡིད་ལ་བྱས་ནས་གང་བསམ་ཐམས་ཅད་ཀྱི་ཡུལ་དུ་ཐོགས་མེད་དུ་འགྲོ་བའི་འདུན་པ་བྱས་ཏེ་ཡུན་ཅིག་སྡོད་པ་དང་༔ མཐར་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་མང་པོས་སྐེ་ལ་ཞགས་པ་བསྐོན་མཚོན་ཆ་སྣ་ཚོགས་པས་བརྡེག་ཚད་བྱེད་ཅིང་རང་དབང་མེད་པར་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་ཆེན་པོས་རྒྱབ་ནས་དེད་ཅིང་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་སར་སླེབ་པས༔ ཆོས་ཀྱི་རྒྱལ་པོའི་མདུན་ན་ལས་མཁན་ཆེན་པོ་འདོད་ཆགས་སྤྲེའུའི་མགོ་ཅན༔ གཏི་མུག་གླང་གི་མགོ་ཅན༔ ཞེ་སྡང་སྦྲུལ་གྱི་མགོ་ཅན་གསུམ་གྱིས་ལས་རྡེའུ་འགྲིམ་པའི་རྒྱ་མ་དང་༔ ལེགས་ཉེས་གསལ་བའི་མེ་ལོང་༔ གྲངས་ཤན་འབྱེད་པའི་ཡིག་ཆུང་གསུམ་ཐོགས་ནས་སྡོད་པའི་མཐའ་བསྐོར་དུ་ལས་མཁན་མགོ་བརྙན་ཅན་བསམ་གྱིས་མི་ཁྱབ་པས་བསྐོར་ནས་ཡོད་པའི་མདུན་སར༔ རང་གི་གཡས་སུ་ལྷན་ཅིག་སྐྱེས་པའི་ལྷ་བུ་དཀར་པོ་དང་༔ གཡོན་དུ་མཉམ་པོར་འགྲོགས་པའི་བདུད་ནག་པོ་གཉིས་ཀས་རིམ་པ་བཞིན་དུ་དགེ་སྡིག་གི་ཡིན་ལུགས་ཆོས་ཀྱི་རྒྱལ་པོ་ལ་ཞུས་པས༔ ནག་པོའི་རྒྱལ་ཁ་ཐོབ་ནས༔ མཐར་ཆོས་ཀྱི་རྒྱལ་པོ་ན་རེ༔ ལས་ཀྱི་རྡེའུ་དཀར་ནག་རྒྱ་མར་ཐེག་ཅིག་ཅེས་ལྷ་བདུད་བུ་ཆུང་གཉིས་ཀྱིས་གཞལ་བ་གླང་མགོ་ཅན་གྱིས་བརྟག་པས་ནག་པོའི་རྒྱ་མ་ལྡོག་པ་དང་༔ མེ་ལོང་ལ་བལྟས་པས་ཉེས་པའི་དབང་བསྒྱུར་བ་དང་༔ ཡིག་ཆུང་ལ་བལྟས་པས་མི་དགེ་བའི་ལས་ཤིན་ཏུ་ཆེ་བའི་ཚུལ་ཤར་བས༔ དེ་མ་ཐག་ཏུ་ཆོས་ཀྱི་རྒྱལ་པོས་མི་འདིས་འཇིག་རྟེན་གྲང་ང་ཁམས་ན་དཀར་པོའི་དགེ་བ་དུག་ལྟར་སྤངས་ནག་པོའི་སྡིག་པ་སྨན་ལྟར་སྤྱད་པའི་རྣམ་པར་སྨིན་པ་ཐོག་ཏུ་ཕོབ་ཅིག༔ ཚ་བའི་དམྱལ་ཁམས་སུ་སྐྱོལ་ཅེས་པའི་གསུང་བསྒྲག་པས༔ ལས་མཁན་རྣམས་ཀྱིས་ཉེས་ཅན་བཙོན་དུ་བཟུང་བ་ལྟར་སོད་སོད་ཆོད་ཆོད་ཀྱི་སྒྲ་དྲག་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུས་སེམས་ཅན་མང་པོ་དེད་ཁྲིད་བྱས་ཏེ་དམྱལ་བར་བསྐྱལ༔ དེར་ཁོར་ཡུག་ཐམས་ཅད་ལྕགས་སྲེག་གི་ས་གཞི་སུབ་དང་མཚམས་མེད་པ་བར་སྣང་ཐམས་ཅད་མེ་ལྕེའི་རང་བཞིན་འབར་འཁྲིགས་གཡོ་བའི་ནང་དུ༔ ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་མཐོང་སྟེ་མཚོན་ཆ་སྣ་ཚོགས་ཀྱིས་བརྡེག་རེས་བྱས་ནས་ཤི་སོས་བྱེད་པ་ཡང་སོས་དང་༔ ལུས་ལ་ཐིག་བཏབ་སྟེ་ལྕགས་སྲེག་གི་སོ་ལེས་དྲ་གཤགས་བྱེད་པ་ཐིག་ནག་དང་༔ ལྕགས་སྲེག་གི་གཏུན་ཁུང་དུ་བླུག་ནས་ལྕགས་སྲེག་གི་གཏུན་བུས་བརྡུང་བ་བསྡུས་འཇོམས་དང་༔ ལྕགས་སྲེག་གི་ཁང་པ་སྒོ་མེད་པར་ཆུད་ནས་སྡུག་བསྔལ་བ་ངུ་འབོད་དང་༔ ལྕགས་སྲེག་གི་ཁང་པ་ཉིས་རིམ་དུ་བཙུད་ནས་བསྲེགས་པ་ངུ་འབོད་ཆེན་པོ་དང་༔ ལྕགས་ཀྱི་གསལ་ཤིང་མེ་འབར་བ་རྩེ་གསུམ་པས་ཐལ་མར་འབིག་པ་ཚ་བ་དང་༔ ལྕགས་ཟངས་ཁྲོ་ཆུར་འཚོད་པ་རབ་ཏུ་ཚ་བ་དང་༔ ལྕགས་ཀྱི་མགལ་མེ་དང་ལྷན་ཅིག་ཏུ་བསྲེག་པ་མནར་མེད་པའི་དམྱལ་བའི་བར་གྱི་སྡུག་བསྔལ་ཐམས་ཅད་བློ་ཐོག་ཏུ་བླངས་ཏེ་དེ་དག་གི་ངག་སྒྲ་དང་རྣམ་འགྱུར་བྱ་བྱེད་སྣ་ཚོགས་དངོས་སུ་སྤྱད་ནས་ཡ་ང་བ་དང་ཡི་མུག་པར་བྱེད་པ་རྣམས་ནི་སེམས་རུ་ཤན་དབྱེ་བ་དང་༔ ལུས་འགྲེ་ལྡོག་འཕར་ལྡང་ཡན་ལག་འཕེན་སྡུད་བྱེད་པ་རྣམས་ལུས་རུ་ཤན་དབྱེ་བ་དང་༔ ངག་ནས་ཆོ་ངེ་འོ་དོད་དྲག་པོ་འདོན་པ་རྣམས་ནི་ངག་རུ་ཤན་འབྱེད་པའི་ཐབས་སོ༔ གྲང་བའི་དམྱལ་བ་ལ་ས་གཞི་ཁོར་ཡུག་ཐམས་ཅད་ཆབ་རོམ་དང་གྲང་ལྷག་བུ་ཡུག་གིས་སྒྲེབ་པ༔ ཆུ་བུར་ཅན་དང་༔ ཆུ་བུར་རྡོལ་བ་ཅན་དང་༔ ཨ་ཆུ་ཟེར་བ་དང་༔ ཀྱི་ཧུད་ཟེར་བ་དང་༔ སོ་ཐམ་ཐམ་པ་དང་༔ པདྨ་ལྟར་གས་པ་དང་༔ ཨུཏྤལ་ལྟར་གས་པ་དང་༔ པདྨ་ཆེན་པོ་ལྟར་གས་པ་སྟེ་གྲང་དམྱལ་བརྒྱད་དང་༔ ཉི་ཚེ་ཉེ་འཁོར་ལ་སོགས་པའི་སྡུག་བསྔལ་བློ་ཐོག་ཏུ་བླངས་ཏེ་དེ་དག་གི་རྣམ་འགྱུར་ངག་གིས་སྒྲ་སྐད་དང་༔ ལུས་ཀྱིས་འགྲེ་ལྡོག་གཡོ་འགུལ་སྣ་ཚོགས་པ་བར་མ་ཆད་པར་བྱས་ཏེ་སྡུག་བསྔལ་གྱིས་རྒྱུད་སློང་བ་ཙམ་སྦྱང་བར་བྱ་བ་དང་༔ དེ་བཞིན་དུ་ཡི་དྭགས་ཀྱི་བཀྲེས་སྐོམ་དང་༔ དུད་འགྲོའི་བཀོལ་སྤྱོད་གསོད་གཅོད་ལ་སོགས་པ་དང་༔ མིའི་སྐྱེ་རྒ་ན་འཆི༔ ལྷ་མ་ཡིན་གྱི་འཐབ་རྩོད་དང་༔ ལྷ་འཆི་འཕོ་ལྟུང་བ་ལ་སོགས་པའི་རྣམ་འགྱུར་ལུས་གཅུ་བ་དང་༔ མཆོང་བ་དང་༔ རྒྱུག་པ་དང་༔ འཕར་ལྡང་འགྲོ་སྡོད་ཡན་ལག་འཕེན་སྡུད་སོགས་དང་༔ ངག་གིས་བརྗོད་པ་སྣ་ཚོགས་པ་དང་༔ སེམས་ཀྱིས་བདེ་སྡུག་མྱོང་ཚོར་སྣ་ཚོགས་བློ་ཐོག་ཏུ་བླངས་ཏེ་རྒྱུད་ལ་མྱོང་བར་བྱ་བ་རྣམས་བར་དོ་སྦྱོང་བའི་རིམ་པའོ༔ འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟར་སྐྱུག་ལོག་པར་བྱེད་པ་ཙམ་གྱི་བར་དུ་སྦྱངས་པས་གནས་སྐབས་སུ་འཁོར་བ་ལ་ཞེན་པ་ལོག་ནས་དམ་པའི་ཆོས་ལ་བརྩོན་པར་འགྱུར་བ་དང་༔ མཐར་ཐུག་འཁོར་བ་དོང་ནས་སྤྲུགས་པའི་རྒྱུ་བྱེད་པར་འགྱུར་རོ༔ བར་དོའི་སྣང་བ་རྒྱུད་ལ་བླངས་ནས་བློ་མ་སྦྱོང་ན་ངེས་འབྱུང་གཏིང་ནས་སྐྱེ་བར་མི་འགྱུར་བས་འདི་བཞིན་རང་གི་རྒྱུད་ཐོག་ཏུ་མ་བླངས་པར་འཆི་བ་དང་འཁོར་བའི་སྡུག་བསྔལ་བཤད་པ་ཐོས་ཀྱང་ཡུལ་གཞན་ཞིག་ཏུ་དེ་ལྟར་ཡོད་པའི་ཚུལ་བཤད་པ་ཙམ་ལས་དོན་རྒྱུད་ལ་འབྱོར་པ་ཉིན་སྐར་ཙམ་ལས་མེད་པས༔ རང་གི་རྒྱུད་ལ་བཀལ་ནས་སྣང་བ་སྦྱང་ན་དོན་རྒྱུད་ལ་འབྱོར་ངེས་པ་ཡིན་པས་བློ་སྦྱོང་བ་འདི་གནད་དུ་ཟུངས་ཤིག༔ དེ་ལྟར་འཁོར་བའི་སྣང་བ་ཐམས་ཅད་རྒྱུད་ཐོག་ཏུ་བཀལ་ནས་ཡང་ཡང་སྦྱངས་པའི་མཐར༔ རང་གི་སྣང་བ་སྐད་ཅིག་གིས་གནས་སུ་འགྱུར་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ས་གཞི་ཐམས་ཅད་རི་འབར་འབུར་དང་༔ འོབས་གཤང་གཤོང་དང་རྡོ་གསེག་མ་ཅན་དང་ཤིང་ཚེར་མ་ཅན་ལ་སོགས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་ངོས་འཇམ་ཞིང་ཁོད་སྙོམས་པ་གཞོན་ནུ་མའི་ལག་མཐིལ་ལྟ་བུ་དང་༔ རྒྱ་ཆེ་ལ་ཁྱོན་ཡངས་པ་ཚད་ནམ་མཁའི་མཐའ་དང་མཉམ་པ་མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤང་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་པའི་མེ་ཏོག་པདྨོ་བཞད་པས་ས་གཞི་ཡོངས་སུ་ཁེབས་པ༔ ནམ་མཁའ་ལ་འཇའ་དང་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ འདོད་ཡོན་མཆོད་པའི་སྤྲིན་རྒྱ་མཚོ་དབྱར་གྱི་ན་བུན་ལྟ་བུར་འཕྱོ་ཞིང་བར་སྣང་གི་སྤྲིན་ཕུང་བཞིན་དུ་གཏིབས་པ༔ དག་བྱེད་ཀྱི་ཆུ་མིག་དང་༔ བདུད་རྩི་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུ་དང་༔ དཔག་བསམ་གྱི་ཤིང་དང་༔ མཛེས་ཤིང་ཡིད་དུ་འོང་བའི་བྱ་རིགས་དང་༔ རི་དྭགས་ཅང་ཤེས་པ་སྣ་ཚོགས་པ་དང་༔ སྤྲུལ་པའི་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ ཞི་བ་བསིལ་བ་དྭངས་པ་རྙོགས་པ་དང་བྲལ་བ༔ གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ རྒྱན་དང་གོས་ཀྱིས་མཛེས་ཤིང་ཡིད་དུ་འོང་བ༔ ས་གཞིར་དལ་གྱིས་འགྲོ་བས་མེ་ཏོག་པདྨོ་མི་གཅོག་པའི་འཁོར་བསམ་གྱིས་མི་ཁྱབ་ཅིང་གྲངས་ཀྱིས་མི་ལང་བའི་དབུས་སུ་ཆོས་འཆད་པའི་ཁྲི་སྟན་དང་བཅས་པའི་སྟེང་དུ༔ རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གྱི་རི་བོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུའི་འོད་འབར་བ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་༔ ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ༔ ཞི་ཞིང་འཛུམ་བག་ཅན་ཆོས་གོས་རྣམ་གསུམ་གྱིས་ཀླུབས་པ༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ༔ བ་སྤུ་རེ་རེའི་རྩེ་ནས་འོད་ཟེར་བྱེ་བ་འབུམ་ཕྲག་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྲོས་པས་ཁམས་གསུམ་གྱི་གནས་རིས་ཐམས་ཅད་ཁྱབ་སྟེ་འོད་ཟེར་རེ་རེའི་རྩེ་ལ་སེམས་ཅན་རང་རང་གི་རིགས་དང་སྐད་དང་རྣམ་འགྱུར་སྣ་ཚོགས་པའི་སྐུའི་འོད་ཟེར་ཆེན་པོས་རང་རང་གི་རྒྱུད་ཀྱི་མི་ཤེས་པའི་རྨོངས་པ་ཐམས་ཅད་མུན་ཁམས་ལ་ཉི་མ་ཕོག་པ་ལྟར་སངས་ཏེ་ཆོས་བསྟན་པས་རྒྱུད་ཐུལ་ནས་ཆོས་ལ་ཚུད༔ ཐམས་ཅད་བྱང་ཆུབ་སེམས་དཔའ་དང་སེམས་མའི་རོལ་པར་གྱུར་ནས་བདག་གིས་བཀོད་པའི་ཞིང་ཁམས་སུ་ལྷགས་ཏེ་ཆོས་ཉན་པར་བསམ་ལ་ཤེར་ཕྱིན་སྙིང་པོ་སོགས་འདོན་ཞིང་ཆོས་འཆད་པས༔ ཐམས་ཅད་ཀྱིས་དོན་དམ་པའི་དབྱིངས་ཆེན་པོ་རིག་སྟེ་གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོའི་དབྱིངས་སུ་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་སངས་རྒྱས་ནས་ཁམས་གསུམ་འཁོར་བ་ཐམས་ཅད་སྟོང་པར་བསམ་ལ་མཉམ་པར་བཞག་པས་ཞིང་ཁམས་འབྱོངས་པའི་རྟེན་འབྲེལ་བསྒྲིགས་པ་དང་༔ གནས་སྐབས་སུ་དཀོན་མཆོག་གསུམ་གྱི་སྤྱོད་པ་སྤྱད་པས་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་རུ་མཐོང་ནས་ཕྱི་ནང་གསང་བའི་བར་ཆད་སེལ་ཞིང་༔ མཐར་ཐུག་ཞིང་ཁམས་དང་སྟོན་འཁོར་གྱི་རོལ་པར་འཕྲུལ་ནས་རང་དོན་ཆོས་སྐུ་མངོན་དུ་གྱུར་ཏེ་གཞན་དོན་རླབས་པོ་ཆེ་ཤུགས་ཀྱིས་འབྱུང་བར་འགྱུར་རོ༔ དེ་ནི་སྒོ་གསུམ་ཕྱི་ལྟར་དུ་རུ་ཤན་དབྱེ་བ་ཞེས་བྱའོ༔ དེ་ནས་སྒོ་གསུམ་ནང་ལྟར་རུ་ཤན་དབྱེ་བ་ནི༔ རང་གི་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་འོད་ཐིག་བཀྲག་མེད་པའི་རྣམ་པར་གནས་པ་ལ་ལྷ་རུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་འོད་དཀར་བཀྲག་མེད་པའི་རྣམ་པར་འདུས་ནས་ས་བོན་ལ་ཐིམ་པར་བསམ་པ་དང་༔ མགྲིན་པའི་གནས་སུ་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོའི་རྣམ་པར་འོད་ཐིག་དང་བཅས་པ་གོང་ལྟར་གསལ་བ་ལ་ལྷ་མ་ཡིན་དུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་འོད་ལྗང་སེར་གྱི་རྣམ་པར་འདུས་ནས་སུ་ལ་ཐིམ་པར་བསམ་པ་དང་༔ སྙིང་ཁར་མི་ཡི་ས་བོན་ནྲྀ་སྔོ་སྐྱའི་རྣམ་པར་གནས་པ་ལས་འོད་འཕྲོས་པས་མིར་སྐྱེ་བར་བྱེད་པའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་བསྡུས་ཏེ་ནྲྀ་ལ་ཐིམ་པར་བསམ་པ་དང་༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག་ལའང་གོང་ལྟར་དུད་འགྲོར་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་ཐམས་ཅད་བསྡུས་ཏེ་ཏྲི་ལ་ཐིམ་པར་བསམ་པ་དང་༔ གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ཐལ་སྐྱ་ལས་འོད་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་སྡུག་བསྔལ་དང་བཅས་པ་ཐམས་ཅད་བསྡུས་ཏེ་པྲེ་ལ་ཐིམ་པར་བསམ་པ་དང་༔ རྐང་མཐིལ་དུ་དམྱལ་བའི་ས་བོན་ཡི་གེ་དུ་ཡིག་ནག་པོ་འོད་དང་བཅས་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གནས་པའི་དམྱལ་བར་སྐྱེ་བྱེད་ཀྱི་རྒྱུ་ལས་ཉོན་སྡིག་སྒྲིབ་བག་ཆགས་སྡུག་བསྔལ་དང་བཅས་པ་ཐམས་ཅད་ལྷག་མ་རྗེས་ཤུལ་ཙམ་ཡང་མ་ལུས་པར་འོད་ནག་པོའི་རྣམ་པར་བསྡུས་ཏེ་ས་བོན་ལ་ཐིམ་པར་བསམ་པ་སྦྱང་བྱ་ཡིན་ནོ༔ ཡང་རང་གི་སྤྱི་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ་ཉི་མ་འབུམ་གྱི་འོད་ལས་ལྷག་པར་འབར་བ་ལས་འོད་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་བསྡུས་ཏེ་ཨོཾ་ལ་ཐིམ༔ མགྲིན་པར་གསུང་གི་ས་བོན་ཨཱཿདམར་པོ་ལས་འོད་ཟེར་གོང་ལྟར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་འདུས་ནས་ཨཱཿལ་ཐིམ༔ སྙིང་གར་ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག་འོད་དང་འོད་ཟེར་འབར་བ་ལས་འོད་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དང་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་མཐིང་ནག་གི་རྣམ་པར་བསྡུས་ཏེ་ཧཱུྃ་ལ་ཐིམ་པར་བསམ༔ དེ་ནས་སྦྱོང་བྱེད་རྡོ་རྗེའི་སྙིང་པོ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་མེ་ལྕེའི་རྣམ་པར་རབ་ཏུ་འབར་བས་དམྱལ་བའི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་སྟེ་ཨོཾ་ཨཱཿཧཱུྃ་བརྗོད་ཅིང་༔ དེ་བཞིན་དུ་འཁོར་བ་ལུགས་ལྡོག་ཏུ་བསྲེག་པ་དང་༔ ཡང་ལུགས་འབྱུང་དུ་བསྲེག་པར་བྱས་ཏེ་ཤེས་པ་གཞན་དུ་མ་ཡེངས་མི་ཚིག་གིས་བར་མ་ཆོད་སྟན་གྱི་དྲོད་མ་ཡལ་བར་བསྒོམ་བཟླས་བྱ་བ་གནད་དུ་ཤེས་པར་བྱའོ༔ མཐར་འོད་ཆེར་མཆེད་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས་ནས་རང་ལུས་འཇའ་ཚོན་ནམ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟར་འོད་ཀྱི་ཕུང་པོར་གསལ་ལ་ཡང་བཟླའོ༔ སྦྱང་གཞིའི་ས་བོན་རེ་རེ་བཞིན་འབྲུ་གསུམ་རྡོ་རྗེའི་བཟླས་པ་འབུམ་ཕྲག་རེ་ཁ་སྐོང་དང་བཅས་པ་འབུམ་ཕྲག་བདུན་དུ་བཟླ་བར་བྱའོ༔ དེ་ལྟར་ཤེས་པ་གཞན་དུ་མ་ཡེངས་པར་བསྒོམ་པ་དང་༔ འཁྱལ་ཚིག་གིས་བར་མ་ཆད་པར་རྩེ་གཅིག་ཏུ་བཟླས་པས་དངོས་ཉམས་རྨི་ལམ་རྣམས་སུ་ནམ་མཁའ་གཡའ་དག་པ་དང་༔ ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་༔ རི་རྒྱལ་རྩེ་མོ་དགུང་ལ་བསྙེགས་པའི་རྩེར་ཕྱིན་པ་དང་༔ མཁའ་ལ་འཕུར་བ་དང་༔ ལུས་ལས་རྣག་ཁྲག་ཆུ་སེར་འཛག་པ་དང་༔ འབུ་སྲིན་མང་པོ་ལུས་ནས་ཕྱིར་དོན་པ་དང་༔ གནས་ཁང་བསམ་བཞིན་དུ་མེ་ལ་བསྲེགས་པ་དང་༔ ཞིང་ཁམས་སྣང་ཞིང་ལྷ་ཞལ་མཐོང་བ་རྣམས་ནི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པའི་ལྟས་སུ་འཆར་བ་ཡིན༔ དེ་ལྟར་རུ་ཤན་དབྱེ་བ་ཞེས་བྱ་བ་ནི་རང་གི་གཞི་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པ་ལ་ཁམས་གསུམ་གྱི་བག་ཆགས་ཀྱི་དྲི་མས་བསླད་ཅིང་འདྲེས་པ་ལས༔ འཁོར་བ་དབྱིངས་སུ་སྦྱངས་ཏེ་སྐུ་གསུམ་མངོན་དུ་བྱས་ནས་རུ་ཤན་དབྱེ་བ་ཡིན་ལ༔ ལུས་བསྐྱེད་པའི་ས་བོན་བསྲེག་སྟེ་སྐུ་རྡོ་རྗེ་མངོན་དུ་བྱེད་པ་ལུས་ཀྱི་རུ་ཤན༔ ངག་གིས་སྔགས་བཟླས་ཏེ་གསུང་རྡོ་རྗེ་མངོན་དུ་བྱེད་པ་ངག་གི་རུ་ཤན༔ སེམས་ཀྱི་འཁྲུལ་རྟོག་རྒྱུན་བཅད་དེ་བསྐྱེད་བསྒོམ་བྱ་བ་སེམས་ཀྱི་རུ་ཤན་ཞེས་བྱ་བ་ཡིན་ནོ༔ དཔེར་ན་དྭངས་སྙིགས་ཕྱེས་ཏེ་སྙིགས་མ་ཕྱིར་དོར་ནས་དྭངས་མ་རང་གིས་བཅང་པ་ལྟ་བུར་དྭངས་སྙིགས་འབྱེད་པའི་ཚུལ་ལོ༔ དེ་ལྟར་རུ་ཤན་ནང་ལྟར་ཕྱེས་པས་གནས་སྐབས་སུ་བག་ཆགས་དང་སྒྲིབ་པ་དག་ནས་ཚེ་དང་ཆོས་ལ་གེགས་དང་བར་ཆད་མེད་པ་དང་༔ མཐར་ཐུག་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སངས་རྒྱས་པར་འགྱུར་རོ༔ དེ་རྫོགས་པའི་རྗེས་སུ་གསང་བ་ལྟར་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བར་བྱ་སྟེ༔ དེ་ལ་དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་ནས་ཁྱབ་བརྡལ་ནམ་མཁའི་རང་བཞིན་དུ་འབྱམས་ཀླས་པར་བསམ་ལ་ཅུང་ཟད་མཉམ་པར་བཞག༔ དེ་ནས་ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར་གྲུ་མོ་ཕྱིར་བསྒྲད༔ རྐང་པ་གཉིས་མཐིལ་སྤྲད་ནས་པུས་ཕྱིར་བསྒྲད་ཅིང་འདུག་པ་ལ་སྐད་ཅིག་གིས་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ་སྟེ༔ ཡར་རྩེ་གསུམ་གྱི་དབུས་མ་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་མཚོན་བྱེད༔ གཡས་པ་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་མཚོན་བྱེད༔ གཡོན་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཀྱི་མཚོན་བྱེད་དུ་ཤེས་པར་བྱའོ༔ མར་རྩེ་གསུམ་ཡང་དབུས་མ་ཆོས་སྐུ༔ གཡས་པ་ལོངས་སྐུ༔ གཡོན་པ་སྤྲུལ་སྐུའི་མཚོན་བྱེད་དུ་ཤེས་པར་བྱ་ཞིང་༔ དེ་ཡང་ཡེ་ཤེས་ཀྱི་རང་གདངས་མེ་དཔུང་འབར་བའི་རྣམ་པར་གསལ་ཏེ་ཤེས་པ་གཞན་དུ་མ་ཡེངས་པར་ཡུན་ཅི་རིགས་པར་མཉམ་པར་བཞག་པར་བྱའོ༔ སླར་ཡང་དེ་ལྟར་སྡོད་མི་ཚུགས་པའི་དུས་སུ་དམིགས་པ་འདུག་སྟངས་སྔར་ལྟར་བྱས་ཏེ་གན་རྐྱལ་དུ་སྡོད་པ་དང་༔ ཙོག་པུར་སྡོད་པ་རྣམས་གནད་དུ་བཟུང་བ་རེས་མོས་སུ་བྱའོ༔ དེ་ལྟར་ཡུན་རིང་པོར་ནན་དུ་བསྒོམ་པའི་སྟོབས་ཀྱིས་ལུས་རྡོ་རྗེ་མེ་འབར་བར་མཐོང་ནས་བདུད་བགེགས་ཐམས་ཅད་དཔག་ཚད་བདུན་ཚུན་ཆད་ལ་ཉེ་མི་ནུས་པ་དང་༔ མཐར་ལུས་རྡོ་རྗེ་སྐུའི་རང་བཞིན་དུ་འཚང་རྒྱ་བར་འགྱུར་རོ༔ གཉིས་པ་ངག་རུ་ཤན་དབྱེ་བ་ལས༔ དང་པོ་རྒྱས་གདབ་པ་ལ༔ ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ རང་གི་ཁ་ནས་ཧཱུྃ་ཡིག་མཐིང་ག་ནས་རིམ་པར་དཀར་སེར་དམར་ལྗང་གི་རྣམ་པར་འཕྲོས་པས་ནམ་མཁའི་གར་ཁྱབ་ཐམས་ཅད་ཧཱུྃ་གིས་ཡོངས་སུ་གང་ཞིང་ཁྱབ་ནས་ས་ཆུ་མེ་རླུང་འབྱུང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་གྱུར་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་པ་དང་༔ ནང་རང་ལུས་ལ་རྒྱས་གདབ་པ་ནི༔ ཕྱི་རོལ་གྱི་ཧཱུྃ་ཐམས་ཅད་གཅིག་ནས་རིམ་པ་བཞིན་དུ་ཚུར་འདུས་ཏེ་རང་གི་ཁ་ནས་ཞུགས༔ ལུས་ནང་ཐམས་ཅད་ཧཱུྃ་གིས་གང་ནས་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་ཀྱི་ལུས་ཐམས་ཅད་ཧཱུྃ་རྡུལ་ཕྲན་གྱི་ཆ་ཙམ་ཚོགས་པས༔ རང་ལུས་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་གཏུམ་རབ་ཏུ་འཇིགས་པ༔ གཡས་རྡོ་རྗེ་དང་སྦྲུལ་ཞགས་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་བར་བསྒོམ་ལ༔ ཕྱི་ནང་རྒྱས་འདེབས་ཐམས་ཅད་ལ་ཧཱུྃ་གི་གླུ་དལ་བུར་སྙན་པའི་དབྱངས་ཀྱིས་ལེན་ནོ༔ དེས་སྣང་བ་སྒྱུ་མ་ལྟ་བུར་རྟོགས་པ་དང་༔ རང་ལུས་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ༔ སླར་ཡང་རྩལ་སྦྱང་བ་ལ་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི༔ རང་གི་ཁ་ནས་ཧཱུྃ་མཐིང་ནག་ཁྲུ་གང་བ་རྣོ་མྱུར་གྱིས་ཤུགས་དང་ལྡན་པ་ཞིག་ཐོག་ལྟར་སོང་ནས་རི་བྲག་ས་རྡོ་ཐོག་རེག་གི་གནས་སུ་གྱུར་པ་ཐམས་ཅད་ལ་བབས་པས་ཁྲལ་ཁྲོལ་ཁལ་ཁོལ་མེད་པར་ཕུག་ནས་རྗེས་ཤུལ་ཙམ་ཡང་མ་ལུས་པར་ཐམས་ཅད་ནམ་མཁའ་སྟོང་ཉིད་དུ་བསྒྱུར་བར་བསམ་པའི་ངང་ནས་ཧཱུྃ་དྲག་པོ་བཅད་ཐོན་པར་བརྗོད༔ ཡང་ཅི་ཡང་མི་དམིགས་པར་ངལ་གསོ༔ ནང་རང་ལུས་ལ་རྩལ་སྦྱང་བ་ནི༔ རང་གི་ལུས་ཐ་མལ་དུ་གནས་པའི་ངང་ནས་ཧཱུྃ་མཐིང་ནག་མཐོ་གང་བ་ཞིག་བྱུང་སྟེ་ལུས་ཕྱི་ནང་ཐལ་མར་ཕུག་ནས་ཕར་ཕུག་ཚུར་ཕུག་བར་དང་མཚམས་སྲུབ་ཀོལ་ཚེ་ཙམ་མེད་པར་ཕུག་ནས་སྟོང་པ་ཅི་ཡང་མེད་པའི་ངང་ལ་བཤིག་པར་བསམ་ཞིང་ཧཱུྃ་སྒྲ་དྲག་ལ་བཅད་ཐོན་པ་གྲངས་མང་པོ་བརྗོད་པས༔ ལུས་ཀྱི་ཤ་ཁོལ་བུར་འཕར་བ་དང་༔ སྐྲང་པ་བྱུང་ན་ནང་རང་ལུས་ལ་རྩལ་འབྱོངས་པའི་རྟགས་ཡིན་ནོ༔ དེས་སྣང་བ་རང་བཞིན་མེད་པར་རྟོགས་པ་དང་༔ དངོས་འཛིན་གྱི་འདྲེ་བདུད་ཐུལ་ནས་སྟོང་ཉིད་བཙན་ཐབས་སུ་རྟོགས་པའི་དགོས་པ་ཡོད་དོ༔ དེ་ནས་མཉེན་བཙལ་བ་ནི༔ སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ནས་རང་གི་སྙིང་གར་ཧཱུྃ་མཐིང་ནག་གཅིག་བསྒོམ་སྟེ་དེ་ལས་ཧཱུྃ་མཐིང་ནག་འོད་ཟེར་གྱི་ཐག་པས་འབྲེལ་བ་མང་པོ་ཁ་ནས་ཐོན་ཏེ་མདུན་གྱི་ཤིང་བུ་སོགས་དམིགས་རྟེན་གྱི་རྩ་བ་ནས་གཡས་དཀྲིས་སུ་དཀྲིས་ཏེ་སྔ་མ་དེ་དམིགས་རྟེན་གྱི་རྩེ་མོར་འགྲེངས་སྟབས་སུ་གནས་པ་ལ་ཤེས་པ་མདུང་ཚུགས་སུ་གཏད་ནས་ཧཱུྃ་གི་གླུ་དལ་བུས་སྙན་པའི་དབྱངས་ཀྱིས་ལེན་པ་དང་༔ རིམ་པ་བཞིན་དུ་སླར་ལུགས་སུ་ལྡོག་པ་ལའང་ཤེས་པ་འཇུར་ལ་དྲངས་ནས་མཐར་སྙིང་གར་བསྡུས་ཏེ་ངལ་གསོ་བ་དང་༔ ཡང་ཧཱུྃ་དཀར་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ ལྗང་གུ་རྣམས་རེས་མོས་སུ་གསལ་ལ་ཡང་ཡང་སྦྱངས་པས་གནས་སྐབས་སུ་རྩ་ལས་སུ་མི་རུང་བའི་གེགས་སེལ་བ་དང་༔ མཐར་རླུང་སེམས་གཉིས་ལ་དབང་བསྒྱུར་བའི་དགོས་པ་ཡོད་དོ༔ ཡང་རང་ཉིད་ཕྱག་ན་རྡོ་རྗེ་མཐིང་ནག་ཁྲོ་ཞིང་གཏུམ་པ་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་ཕྱར་ཞིང་གཡོན་སྡིགས་མཛུབ་ཀྱིས་སྦྲུལ་ཞགས་བསྣམས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་རྡུལ་འཚུབས་པ་ལྟར་འཕྲོས་པས༔ འཁོར་འདས་ཀྱིས་བསྡུས་པའི་སྣང་བ་སྣོད་བཅུད་འདོད་ཡོན་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་ལན་ཚྭ་ཆུར་ཞུ་བ་བཞིན་ཧཱུྃ་ཡིག་རྣམས་ལ་ཐིམ་ནས་སླར་ཡང་ཚུར་འདུས་པ་རང་གི་ཁ་ནས་ཞུགས་ཏེ་ལུས་གང་བས་ལུས་ཇེ་ཆེར་སོང་ནས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསམ་པ་དང་༔ འཁོར་འདས་ཐམས་ཅད་དུ་ཧཱུྃ་སྤྲོས་པ་ན་བུན་འཐིབ་པ་ལྟ་བུས་ཡོངས་སུ་གང་བར་བསམ་ཞིང་དུས་དང་བསྟུན་ཏེ་དཀར་སེར་དམར་ལྗང་གི་རྣམ་པར་ཁ་བསྒྱུར་བ་དང་ཤེས་པ་གཞན་དུ་མ་ཡེངས་པ་གནད་དུ་ཤེས་པར་བྱའོ༔ དེས་གནས་སྐབས་སུ་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པ་དང་༔ མཐར་ཐུག་ལུས་རྡུལ་ཕྲན་དུ་དེངས་ནས་རིག་པ་ཆོས་ཀྱི་སྐུར་གྲོལ་བར་བྱེད་པའི་དགོས་པ་ཡོད་དོ༔ དེ་ནས་ལམ་དུ་གཞུག་པ་ནི༔ རང་ལུས་ཧཱུྃ་ཡིག་དཀར་པོ་མེ་འབར་བ་ཞིག་ཏུ་གྱུར་ནས་ས་ལ་མཐོ་གང་མ་རེག་པའི་ས་ནས་ཕར་འཁྱོགས་ཚུར་འཁྱོགས་ཀྱིས་འགྲོ་ཞིང་རི་རབ་གླིང་བཞི་གླིང་ཕྲན་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་དུ་རིམ་བཞིན་འགྲོ་བར་བསམ་པ་དང་༔ སླར་ཡང་དཔག་ཆེན་གྱིས་མདའ་འཕང་བ་ལྟར་ཤར་ཕྱོགས་མངོན་པར་དགའ་བ༔ ལྷོ་ཕྱོགས་དཔལ་དང་ལྡན་པ༔ ནུབ་ཕྱོགས་བདེ་བ་ཅན༔ བྱང་ཕྱོགས་ལས་རབ་རྫོགས་པ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་རྣམས་སུ་རིམ་བཞིན་འགྲོ་ཞིང་སངས་རྒྱས་རིགས་ལྔའི་ཞལ་མཐོང་གསུང་ཐོས་ལུང་བསྟན་དབང་ནོད་པར་བསམ་པའི་ངང་ནས་ཧཱུྃ་གི་གླུ་སྙན་ལ་རིང་བར་བླང་བར་བྱའོ༔ དེས་འགྲོ་དོན་བྱེད་པ་དང་༔ ཞིང་ཁམས་འབྱོངས་པས་མཐར་ཐུག་དོན་དེ་ལྟར་འགྲུབ་པར་འགྱུར་རོ༔ གནས་སྐབས་སུའང་འཁོར་བའི་བྱ་བ་ཐམས་ཅད་ལ་སྐྱོ་ཞིང་སུན་ནས་ཞེན་པ་ལོག་པའི་གནད་ཡོད་དོ༔ དེ་ལྟར་ངག་གི་རུ་ཤན་དབྱེ་བ་ལ་བརྩོན་པས་ངག་རྡོ་རྗེ་གསུང་གི་རོལ་པར་སངས་རྒྱས་པར་འགྱུར་རོ༔ ངག་གི་སྐྱོན་ཐམས་ཅད་ཡུལ་མེད་དུ་སོང་ནས་དབྱངས་སྙན་པས་གཞན་ཡིད་འགུགས་པ་ཙམ་བྱུང་ན་འབྱོངས་པའི་རྟགས་ཡིན་ནོ༔ ད་ནི་ཡིད་རུ་ཤན་དབྱེ་བ་ལ་བརྩོན་པར་བྱ་བ་ནི༔ གནས་ཤིན་ཏུ་དབེན་པ་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་སར་ཕྱིན་ནས་སྔར་གྱི་སྦྱངས་པའི་བྱ་བྱེད་རྣམས་ཀྱིས་ལུས་རབ་ཏུ་དཀྲུགས་པས་འབྱུང་བ་འཁྲུག་པའི་གེགས་ཆེན་སེལ་ཕྱིར་དང་པོ་རྣལ་དུ་དབབ་པ་ལ༔ ལུས་དུར་ཁྲོད་ཀྱི་མི་རོ་རྟོག་མེད་ལྟ་བུར་གཡོ་འགུལ་མེད་པར་ཅི་བདེར་བཞག་པ་དང་༔ ངག་པི་ཝང་གི་རྒྱུན་ཐག་ཆད་པ་ལྟར་སྨྲ་བརྗོད་དང་བྲལ་བར་བཞག་པ་དང་༔ སེམས་ཡེ་ཡིན་ནམ་མཁའ་ལྟ་བུའི་ངང་དུ་བཟོ་མི་འཆོས་པར་བཞག་པ་སྟེ་སྡོད་པ་གསུམ་ལ་ཡུན་རིང་དུ་བཞག་གོ༔ དེས་ནི་འབྱུང་བ་འཁྲུགས་པའི་ནད་དང་རྐྱེན་ངན་ཐམས་ཅད་ཞི་ནས་སྒོ་གསུམ་རང་དལ་བར་འགྱུར་བ་དང་༔ མཐར་ཐུག་བྱར་མེད་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་དགོས་པ་ཡོད་དོ༔ དེ་ནས་སོར་གཞུག་པ་ནི༔ ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་སྒོ་ནས་མིག་སྣ་རྩེར་ཕབ་ལ་བྱུང་ཚོར་གྱི་རྟོག་པ་རང་ཁར་ཡན་ཏེ་མཉམ་པར་བཞག་པ་དང་༔ ཡང་བྱང་ཆུབ་སེམས་དཔའི་ལྟ་སྟངས་མིག་གཉའ་ཤིང་གང་ཙམ་དུ་བཞག་སྟེ་ཁྱབ་བརྡལ་གྱི་ཤེས་པ་མངོན་དུ་བྱས་ནས་སྡོད་པ་དང་༔ ཡང་ཁྲོ་བོའི་ལྟ་སྟངས་རྐང་པ་གྱད་ཀྱི་འདོར་སྟབས་སུ་བསྒྲད་དེ་གཡས་པས་སྡིགས་མཛུབ་ནམ་མཁའ་ལ་འཕང་བའི་རྗེས་སུ་ཤེས་པ་མདུང་ཚུགས་སུ་གཏད་ཏེ་ཁྲོ་བོའི་གད་རྒྱངས་ཧ་ཧ་ཞེས་སྒྲོགས་པ་དང་༔ གཡོན་པས་སྡིགས་མཛུབ་དཀུར་བརྟེན་པ་དང་༔ ཡང་གཡོན་པས་སྡིགས་མཛུབ་ནམ་མཁའ་ལ་འཕང་ནས་ཧི་ཧི་ཞེས་ཁྲོ་མོའི་གད་རྒྱངས་ཀྱི་གླུ་བླངས་ནས་སྣང་བ་གཏད་མེད་དུ་བཏང་ནས་བཞག་གོ༔ དེས་རིག་པ་ཆོས་ཉིད་ཀྱི་གདིང་ཆེན་པོར་དབང་འབྱོར་བར་བྱེད་པའོ༔ དེ་ལྟར་འཁོར་འདས་རུ་ཤན་ཕྱེས་པས་གསང་བ་བླ་ན་མེད་པའི་སྣོད་དུ་རུང་ཞིང་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འཕོ་བར་བྱེད་དོ༔ དེ་ཡང་ཞག་གྲངས་གཅིག་གཉིས་ཙམ་ལ་སྦྱངས་པའི་ཚུལ་བྱེད་པ་ཙམ་མ་ཡིན་པར་ཕྱི་ནང་གསང་བ་ལྟར་དུ་སྒོ་གསུམ་རུ་ཤན་དབྱེ་བ་ལ་ཞག་གྲངས་བརྒྱད་ཅུ་ལས་མི་ཉུང་བར་གནད་དུ་བསྣུན་ཏེ༔ དེ་ཡང་གོང་དུ་བརྗོད་པ་ལྟར་སྒོ་གསུམ་གྱི་ཉེས་སྐྱོན་སེལ་བ་དང་སྡིག་སྒྲིབ་དག་པའི་རྟགས་དང་ཡོན་ཏན་ཐམས་ཅད་མངོན་དུ་མ་གྱུར་གྱི་བར་དུ་སྦྱོང་བ་ནི་གནད་ཀྱི་སྙིང་པོར་གྱུར་པ་ཡིན་པས་དེ་ལྟར་ཡུན་རིང་པོར་ཉམས་སུ་བླང་བར་བྱ་བ་ལག་ལེན་ནོ༔ ད་ནི་དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ལ༔ དང་པོ་ཁྲེགས་ཆོད་ཀྱིས་གཞི་གཏན་ལ་དབབ་ནས་ཤེས་པ་དང་པོ་མ་དག་པ་ཡུལ་གྱི་རྣམ་པར་མཆེད་དེ་རྣམ་པར་རྟོག་པ་ཕྱི་མས་ཉེ་བར་བླང་ནས་འཁྲུལ་པ་ལས༔ ད་ཐོད་རྒལ་དུ་ཤེས་པ་དང་པོ་འོད་གསལ་གྱི་སྣང་བར་འཕོས་ཏེ་ཤེས་པ་རང་གི་ངང་མངོན་དུ་བྱས་པས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་ཞིག་ནས་ཡུལ་མེད་དུ་འགྲོ་བའི་ཚུལ་ཤེས་པ་ནི་ཐོད་རྒལ་གྱི་གནད་དམ་པ་མེད་དུ་མི་རུང་བ་ཡིན་པས་ཤེས་པར་མཛོད་ཅིག༔ གནད་འདི་མ་ཤེས་ན་ཐོད་རྒལ་ཇི་ཙམ་བསྒོམ་ཀྱང་གཟུང་འཛིན་གྱི་ལམ་དུ་གོལ་བར་འགྱུར་བ་ལས་རྣམ་པར་གྲོལ་བའི་ས་ལམ་བགྲོད་པར་མི་འགྱུར་རོ༔ དེ་ལྟར་འཁོར་འདས་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་མཐར་མ་དག་པ་འཁོར་བའི་སེམས་སྣང་ཐམས་ཅད་བཙན་ཐབས་ཉིད་དུ་འོད་གསལ་ཆོས་ཉིད་ཀྱི་རོལ་པར་འཕོ་བར་བྱེད་པས་ན་འཕོ་བ་ཆེན་པོའི་གདམས་པ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ལམ་འདིའི་འཇུག་སྒོ་ཇི་ལྟ་བ་བཞིན་དུ་ཤེས་པས་ཤེས་རབ་ཀྱི་མིག་ཡངས་པོས་ཆོས་ཉིད་ཡིད་དཔྱོད་ལས་འདས་པ་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་མངོན་དུ་བྱེད་ཅིང་༔ ལྐོག་གྱུར་གྱི་མུན་བསྒོམ་དང་བློ་ཡིད་ཀྱིས་བཅས་བཅོས་ལྟ་བུ་མ་ཡིན་པར་ཤེས་རབ་ཀྱི་མིག་གིས་ལྷུན་གྲུབ་རིན་པོ་ཆེ་དབྱིངས་ཀློང་འོད་གསལ་གྱི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་གདམས་པ་ཉམས་སུ་ལེན་པ་ལ༔ དང་པོ་ལུས་འདུག་སྟངས་ཀྱི་ཆིངས་ཀྱིས་མ་བཅིང་ན་དབྱིངས་དང་ཐིག་ལེ་རླུང་གི་ཆ་དང་བཅས་པ་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་འཐོར་ནས་མངོན་དུ་མི་འགྱུར་བ་ནི་དཔེར་ན་སྦྲུལ་མ་གཅུས་ན་རྐང་ལག་མི་མངོན་པ་ལས་དེ་གཅུས་ན་སྣང་བ་བཞིན་དུ་འདུག་སྟངས་ཉིད་ཤིན་ཏུ་གནད་ཆེ་བ་ཡིན་ནོ༔ དེ་ལ་དང་པོ་སེང་གེའི་འདུག་སྟངས་ནི༔ རྐང་པ་གཉིས་ཀྱི་མཐིལ་སྤྲད་དེ་མདུན་སར་བཞག་པའི་ནང་རྡོ་རྗེའི་ཁུ་ཚུར་ས་ལ་བཙུགས་ཏེ་སྟེང་གི་ནམ་མཁའ་ལ་གྱེན་དུ་ལྟ་བ་ནི་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་ཡིན་ནོ༔ ལོངས་སྐུའི་འདུག་སྟངས་ནི༔ པུས་མོ་དང་གྲུ་མོ་རྣམས་ས་ལ་བཙུགས་ཏེ་ལག་མཐིལ་གཉིས་ཀྱིས་འགྲམ་པ་བཏེགས༔ རྐང་མཐིལ་གཉིས་ཕྱིར་བསྟན་ཏེ་ལྟ་སྟངས་ཐད་དྲང་དུ་ལྟ་བ་ཡིན་ཡང་འོད་གསལ་གྱི་སྣང་བ་མངོན་དུ་མི་འགྱུར་ན་གཡས་གཡོན་སྟེང་འོག་ཏུ་རེས་མོས་སུ་བལྟས་ཏེ་ཇི་ལྟར་གསལ་བ་དེ་རུ་བཞག་པར་བྱ་བ་ཡིན༔ སྤྲུལ་སྐུའི་བཞུགས་སྟངས་ནི༔ རྐང་མཐིལ་གཉིས་ས་ལ་ཕབ་སྟེ་པུས་བྲང་སྦྱར་ཞིང་ལག་གཉིས་པུས་མོ་བཀབ་པས་སོར་མོ་རེ་མིག་ལྟར་བསྣོལ་ལ་རྒལ་པ་དྲང་པོར་བསྲངས་ནས་ལྟ་སྟངས་མཐུར་དུ་ཕབ་པ་ཡིན་ནོ༔ དེ་ལྟར་འདུག་སྟངས་ཀྱི་གནད་ནི་ཆོས་སྐུའི་བཞུགས་སྟངས་ཀྱིས་ཉོན་མོངས་པའི་རླུང་རང་མལ་དུ་བསྡམས་པའི་ཕྱིར་རྐང་མཐིལ་ཁ་སྦྱར༔ ཉོན་མོངས་པའི་རྒྱུ་ལམ་གཅོད་པའི་ཕྱིར་རྡོ་རྗེའི་ཁུ་ཚུར་སར་སྦུབས༔ ལྟ་སྟངས་གྱེན་དུ་གཟིར་བས་ཡེ་ཤེས་ཀྱི་མཐོང་ཕྱེ་བ་ཡིན༔ ལོངས་སྐུའི་བཞུགས་སྟངས་ཀྱི་རྐང་མཐིལ་ཕྱིར་བསྟན་པས་རླུང་བདེ་ལུགས་སུ་རྒྱུ༔ པུས་བྲང་སྦྱར་བས་ཚ་གྲང་ཆ་སྙོམས༔ ཚིགས་བཞི་ས་ལ་གཏད་པས་མ་དག་པའི་སྒོ་འཕར་བཀག༔ ལག་མཐིལ་གྱིས་འགྲམ་པ་བཏེགས་པས་བདེ་སྟོང་ཆ་སྙོམས༔ གཟིགས་སྟངས་ཐད་ཀར་བཞག་པས་ཡེ་ཤེས་རང་བབས་སུ་གསལ་བའོ༔ སྤྲུལ་སྐུའི་བཞུགས་སྟངས་ཀྱིས་ལས་རླུང་གི་རྩལ་གནོན་པའི་ཕྱིར་རྐང་མཐིལ་རླུང་གི་དཀྱིལ་འཁོར་གནོན་པར་བྱ་བ་དང་༔ བརླ་མེའི་དཀྱིལ་འཁོར་དང་ཕོ་བ་མེའི་དཀྱིལ་འཁོར་ཁ་སྦྱོར་བས་མ་དག་འཁོར་བའི་རླུང་རང་མལ་དུ་གསོད་པར་བྱེད་པ་དང་༔ པུས་མོ་ཆུའི་དཀྱིལ་འཁོར་དང་ལག་མཐིལ་མེའི་དཀྱིལ་འཁོར་ཁ་སྦྱར་བས་ཚ་གྲང་ཆ་སྙོམས་པ་དང་༔ ལག་མཐིལ་མེའི་འཁོར་ལོ་དང་མཆན་ཁུང་མེའི་འཁོར་ལོ་ཁ་སྦྱར་བས་གྲང་བའི་ནད་སེལ༔ ལག་རྒྱབ་ཆུའི་འཁོར་ལོ་དང་ལྐོག་མ་ཆུའི་དཀྱིལ་འཁོར་ཁ་སྦྱར་བས་ཚ་བའི་ནད་སེལ༔ ལྟ་སྟངས་མཐུར་དུ་ཕབ་པས་ཀུན་གཟིགས་ཀྱི་སྤྱན་དབྱེ་བར་འགྱུར་བ་ཡིན་ཏེ༔ ཐད་དྲང་གིས་མཐོང་ཡངས་ཀུན་མཁྱེན་གྱི་སྤྱན་ཕྱེ༔ གྱེན་ཟློག་གིས་མཐོང་ཡངས་ཀུན་ཁྱབ་ཀྱི་སྤྱན་ཕྱེ་བས་ཁྱད་པར་མ་མཆིས་སོ༔ གང་ལྟར་གསལ་ཡང་དེ་ལྟར་དུ་བཞག་པས་ཆོག་པ་ཡིན༔ བཞུགས་སྟངས་ཀྱང་གསུམ་ཀ་རྫོགས་དགོས་པ་མ་ཡིན་ཏེ༔ འོད་གསལ་འཆར་བདེ་བ་དང་༔ སྡོད་ཚུགས་པ་ལ་གང་དགའ་ཞིང་རན་པ་དེ་ལྟར་བསྡད་པས་ཆོག་པ་ཡིན༔ སྤྲོས་པ་ལ་དགའ་ན་རེས་མོས་སུ་སྡོད་པ་དང་༔ བར་སྐབས་སུ་དགེ་སྦྱོར་ལ་འབད་པར་བྱ་བ་ཡིན་ནོ༔ སྤྲོས་པ་མེད་ན་ཉིན་མཚན་ཁོར་མོ་ཡུག་ཏུ་བསྒོམ་པ་ལ་འབད་པར་བྱ་སྟེ༔ ཉིན་མོ་ལས་མཚན་མོ་བསྒོམ་མི་ནུས་པ་དག་གིས་ཀྱང་ཉིན་མོ་བར་མཚམས་མི་ཕྱེད་པར་འབད་པར་བྱའོ༔ མཚན་མོ་ཐུན་གྱི་དམིགས་གསལ་གསུམ་དང་༔ བར་བར་འཆི་སྦྱངས་ལ་འབད་པ་ལག་ལེན་ནོ༔ འཆར་བྱེད་སྒོའི་གནད་ནི་མིག་ཕྱེད་བཙུམ་གྱིས་ལྟ་བ་ལས་ཧར་གྱིས་ཕྱེས་ཏེ་བལྟས་པས་མིག་གི་རྣོ་ཉམས་པར་འགྱུར་བ་དང་༔ འོད་གསལ་གྱི་སྣང་བ་མངོན་དུ་མི་འགྱུར་བའི་སྐྱོན་ཡོད་པས་མིག་ཅེར་གྱིས་བལྟ་བར་མི་བྱའོ༔ རླུང་གི་གནད་ནི་མཆུ་སོ་བག་ཙམ་མ་རེག་པའི་བར་ནས་རླུང་འབྱུང་འཇུག་དལ་བ་ལ་བསླབ་པ་དང་༔ ཡུད་ཙམ་ཕྱི་རུ་འདུ་བར་བྱའོ༔ བལྟ་ཡུལ་དང་པོ་ཟླ་བ་རེ་ཙམ་དུ་ཉིན་མོ་ཉི་མ་ལ་ཁྲུ་གང་མ་རེག་པའི་སར་བལྟ་བ་དང་༔ མཚན་མོ་ཡང་ཉིན་མོ་མིག་ལ་ཚ་བ་འཕེལ་བའི་སྐྱོན་སེལ་བ་དང་༔ འོད་གསལ་ལ་བརྟན་པ་ཐོབ་པའི་ཕྱིར་ཟླ་བ་ལའང་དེ་བཞིན་བལྟ་བར་བྱའོ༔ མཚན་མོ་མར་མེ་ལ་བལྟ་ན་མར་མེའི་སྟེང་དུ་མིག་ཕྱེད་བཙུམ་གྱིས་བལྟས་པས་དང་པོ་དམར་སེར་རྩྭའི་ཆུན་པོ་གཤིབ་པ་ལྟ་བུ་ལས་མི་མཐོང་༔ བར་དུ་དབྱིངས་སྣང་དང་ཐིག་ལེ་འགུལ་འཁྲིག་གི་རྣམ་པར་འཆར་བ་ཡིན༔ ཐ་མ་དབྱིངས་སྣང་ཐིག་ལེ་མཛེས་ཤིང་དྭངས་ལ་གསལ་བ་རྒྱ་ཆེ་བར་སྣང་ངོ་༔ ལུས་མི་འགུལ་བར་དུར་ཁྲོད་ཀྱི་མི་རོ་ལྟ་བུར་སྡོད་པ་དང་༔ ངག་མི་འགུལ་བ་སྨྲ་བརྗོད་བཟླས་པ་ཐམས་ཅད་སྤངས་ཏེ་རླུང་སྣ་ནས་མི་བཏང་བར་ཁ་ནས་དགག་བསྒྲུབ་མེད་པར་དལ་གྱིས་བཞག་པ་རྩ་རླུང་འཛིན་རྩོལ་དང་བྲལ་བའི་གནད་ལ་བརྟན་པ་དང་༔ སེམས་མ་བཅོས་པ་འོད་གསལ་དུ་མཆེད་པ་མངོན་དུ་བྱེད་པའི་ངང་ལས་མི་འགུལ་བར་སྡོད་པར་བྱའོ༔ གནས་གང་དུ་འདུག་ཀྱང་ལུས་དྲང་པོར་བྱས་པས་རྩ་རླུང་ཐམས་ཅད་དྲང་ཞིང་སེམས་རིག་སྟོང་དུ་དེངས་ནས་ངང་བརྟན་པར་བྱེད་དོ༔ ཐེག་པ་འདིར་རང་ལམ་གྱི་རྩ་དང་ཐིག་ལེའི་བཤད་པ་ཞིག་ཡོད་པ་ནི་ཨ་ཏིའི་ཨ་ནུ་ཞེས་བྱ་བ་ཡིན་པས་དེའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་དགོས་ཏེ༔ མ་དག་པ་ཉོན་མོངས་རླུང་སེམས་རགས་པ་མངོན་དུ་གྱུར་པའི་སྒོ་ཁ་དང་༔ ཉོན་མོངས་རླུང་སེམས་ཕྲ་བ་ལྐོག་ཏུ་གྱུར་པའི་སྒོ་སྣ་བུག་ཡིན་ཏེ༔ དེའི་རྒྱུ་ཚུལ་གློ་བ་ན་རྩ་གྲོ་སོག་ཙམ་འབྱུང་འཇུག་གི་རླུང་ཞེས་བྱ་བས་གང་བ་ལས་འཕེལ་ཁ་ཆེར་མཆེད་ན་ཚ་བའི་ནད་འབྱུང་བ་དང་༔ དེ་བྲི་བར་གྱུར་ན་གྲང་བའི་ནད་འབྱུང་བ་དང་༔ དྲང་པོར་རྒྱུ་ཚེ་ཚ་གྲང་ཆ་སྙོམས་པར་འགྱུར་བ་སྟེ༔ སེམས་ཀྱི་རྣམ་པར་རྟོག་པའི་ཞེན་པ་ལྟ་བུ་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བར་འགྱུར་བ་ཡིན་ནོ༔ དེའི་ཕྱིར་རྩ་རླུང་འཛིན་རྩོལ་ཅན་རླུང་སེམས་བཙན་ཐབས་སུ་འཆིང་བར་བྱེད་པའི་ཐབས་ཟབ་མོ་ཡིན་ཀྱང་༔ དེ་ནི་གེགས་དང་གོལ་ས་ཤིན་ཏུ་ཆེ་བ་ཡིན་ནོ༔ གནས་ལུགས་གཞིའི་སྒྲོན་མ་རྣམ་པ་དྲུག་ཡོད་པ་ནི་ཡེ་ཤེས་ཀྱི་འཆར་སྒོ་ཡིན་ཏེ༔ ཡེ་ཤེས་མངོན་དུ་གྱུར་པའི་སྒོ་མིག་ཡིན༔ ཤེས་པས་སྣང་བ་དབང་བྱེད་ཀྱི་རྒྱུ་ལམ་ཡེ་ཤེས་ཕྲ་བ་ལྐོག་གྱུར་གྱི་སྒོ་རྣ་བ་གཉིས་ཡིན་པས་དེའི་སྒྲ་སྦྱང་བ་དང་༔ ཡེ་ཤེས་མངོན་གྱུར་གྱི་སྒོ་ལས་མུན་ཁྲིད་དུ་སྣང་བའི་འོད་གསལ་སྦྱང་བ་དང་༔ མིག་དྲི་མ་མེད་པ་མངོན་དུ་བྱེད་པའི་འཇུག་སྒོ་རྨི་ལམ་གྱི་སྣང་བ་དང་༔ འོད་གསལ་དང་༔ སྤྲུལ་བསྒྱུར་ལ་གོམས་པར་བྱས་པས་སྲིད་པ་བར་དོར་སྣང་བ་སྤྲུལ་བསྒྱུར་ལས་སྤྲུལ་སྐུའི་ཞིང་ཁམས་རྣམ་པར་དག་པ་འཕྲུལ་ཞིང་བར་དོའི་སྣང་བ་བསྒྱུར་བ་ལ་གོམས་པར་བྱ་བ་ཡིན་ནོ༔ འདིར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱེད་པ་ལ་སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་ནི༔ ལུས་ཀྱི་དྭངས་མ་སྙིང་ཙིཏྟ་ཤའི་སྒྲོན་མའི་སྦུབས་སུ་དཀར་འབྱམས་རྩའི་སྒྲོན་མ་རྩའི་དྭངས་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་རྟ་རྔ་ཉག་ཕྲན་བརྒྱད་དུ་གཤག་པའི་ཆ་གཅིག་ཙམ་རྩ་བ་གཅིག་པ་སྙིང་དབུས་སུ་ཟུག་པའི་ཡལ་ག་གཉིས་བ་མེན་གྱི་རྭ་ལྟར་རྣ་ལྟག་གཉིས་ནས་གུག་སྟེ་མིག་གི་ཨ་འབྲས་སུ་ཟུག་པ་དེའི་རྩ་བ་སྙིང་༔ སྡོང་པོ་རྩ༔ འབྲས་བུ་མིག་སྟེ༔ སྒོའི་དྭངས་མ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ཡིན༔ དེ་ནི་སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་མོ༔ སྣོད་ཀྱི་སྒྲོན་མ་རྣམ་གསུམ་ལ་མིང་གསུམ་དུ་བརྗོད་ཀྱང་དོན་ལ་རྩ་བ་དང་སྡོང་པོ་འབྲས་བུ་ལྟ་བུར་དོན་གཅིག་ཏུ་འདུས་པའི་ཕྱིར་ལམ་གྱི་གནས་སྐབས་སུ་རྒྱང་ཞགས་ཆུའི་སྒྲོན་མ་ཉིད་དུ་བརྗོད་པའོ༔ བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ལ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ཕྱི་འབྱུང་བ་ལྔའི་དྭངས་མ་སྟེ༔ སྙིགས་མ་དྭངས་མའི་ངོ་བོ་སྟོང་པའི་གདངས་ལྔ་འོད་དུ་འཕོས་པ་ལ་དབྱིངས་དང་༔ མ་དག་པ་དངོས་འཛིན་རྣམ་པར་དག་པ་ཞེས་བྱའོ༔ འབྱུང་བ་ནམ་མཁར་སྣང་བ་དྭངས་མར་འཕོས་པ་མཐིང་ག་དང་སྔོ་སྐྱ༔ འབྱུང་བ་ཆུར་སྣང་བ་དྭངས་མར་འཕོས་པ་དཀར་པོ་དང་སྐྱ་བོ༔ འབྱུང་བ་མེར་སྣང་བ་དྭངས་མར་འཕོས་པ་དམར་པོ་དང་ཁམ་པ༔ འབྱུང་བ་སར་སྣང་བ་དྭངས་མར་འཕོས་པ་སེར་པོ་དང་སེར་སྐྱ་དང་སེར་ནག༔ འབྱུང་བ་རླུང་ཁམས་དྭངས་མར་འཕོས་པ་ལྗང་གུ་དང་མོག་པ་ལྗང་སྐྱ་རྣམས་སྣང་བ་དང་༔ དང་པོ་མ་དག་པའི་སྣང་བ་ལ་ཁ་དོག་ཇི་ལྟར་སྣང་བ་དེ་དག་དབྱིངས་སུ་འཕོས་པ་ནའང་དེའི་ཁ་དོག་ཏུ་སྣང་བ་ཡིན་ནོ༔ དབྱིངས་སྣང་ལ་དང་པོ་ཉི་མ་དང་ཟླ་བ་མར་མེ་སོགས་ཀྱི་གཤིས་ལ་ཁ་དོག་སྣ་ལྔ་ཚང་བ་དེ་དབྱིངས་ཀྱི་འཇའ་རིས་ཀྱིས་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ་འཇའི་སྣམ་བུ་གྱེན་འགྲེང་དང་རྩིབས་ལ་ཤར་བའི་སྣང་བ་འཆར་བ་ཡིན་ནོ༔ ལས་དང་པོ་པས་ཟླ་བ་རེ་ཙམ་ལ་ཉིན་མོ་ཉི་མ་དང་མན་ཤེལ༔ མཚན་མོ་ཟླ་བ་དང་༔ ནང་ནུབ་མར་མེ་ལ་བལྟས་པས་བརྟན་པ་ཐོབ་པ་ཡིན༔ ཐོག་མར་འདར་འཕྲིག་གི་རྣམ་པར་ཤར་བ་དང་༔ བར་དུ་ཇེ་བརྟན་དུ་སོང་ནས༔ ཐ་མ་འགུལ་འཕྲིག་མེད་པར་གནས་པའི་དུས་སུ་དཀར་ཁུང་གི་གསལ་ལམ་ལ་བལྟས་ཏེ་འོད་སྣང་ལ་མཛེས་དང་མི་མཛེས་སོགས་ཡིད་ཚིམ་པ་དང་མི་ཚིམ་པའི་སྐྱོན་སྤངས་ནས་ཕྱིའི་ནམ་མཁའ་སྟོང་པ་མ་ཡིན་པའི་སྐྱ་རིབ་སྔོ་རིབ་ཙམ་མཆེད་ཀྱང་བཟང་ངན་བླང་དོར་མེད་པའི་ངང་ལ་བཞག་པར་བྱ་བ་གནད་དུ་ཤེས་པར་བྱའོ༔ ནང་འབྱུང་ལྔ་པོ་དྭངས་མར་འཕོས་པ་ནི༔ འབྱུང་བ་སེམས་ཀྱི་དྭངས་མ་མཐིང་གར་འཕོས་པས་མཐིང་ག་དང་༔ འབྱུང་བ་ཁྲག་གི་དྭངས་མ་དཀར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་ཤའི་དྭངས་མ་སེར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་དྲོད་ཀྱི་དྭངས་མ་དམར་པོའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་དང་༔ འབྱུང་བ་དབུགས་ཀྱི་དྭངས་མ་ལྗང་གུའི་ཁ་དོག་ཏུ་འཕོས་པས་དེར་སྣང་བ་ཡིན༔ ཐིག་ལེ་སྟོང་པའི་སྒྲོན་མ་ནི༔ དྭངས་མ་ལྔ་པོ་མུ་ཁྱུད་ཅན་གྱི་རྣམ་པར་སྣང་བས་ཐིག་ལེ་ཞེས་བྱ་སྟེ༔ དེ་ལ་ཟླུམ་པོ་གྲྭ་ཟུར་མེད་པ་ཞིག་ཡིན་ཀྱང་མཐོང་སྣང་དུ་ཀོ་མོའི་ཆུ་ལ་རྡོ་བོར་བའི་རྣམ་པར་སྣང་བ་ཡིན༔ རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བའི་སྦུབས་ན་དྭངས་མ་ལྔའི་འོད་ཀྱིས་གང་བའི་ཀློང་དུ་མི་ཤིགས་པའི་ཐིག་ལེའི་རྣམ་པར་གནས་པ་ཡིན་ཏེ༔ དེ་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས་རྩའི་ནང་མངོན་དུ་གྱུར་པ་ལས་ཕྱི་རུ་སྣང་བའི་རྣམ་པར་ཤར་བ་ལྟར་མི་འཛིན་པར་རང་གི་རྩ་རང་གིས་གསལ་བ་ཡིན་པས༔ དབྱིངས་ཕྱི་རུ་བཟུང་ནས་རིག་པ་ནང་དུ་བཟུང་ན་གཟུང་འཛིན་གྱིས་གོལ་སར་འཕྱན་པར་འགྱུར་རོ༔ དེའི་དབྱིངས་རྣམ་པར་དག་པའི་ཀློང་དུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་འགྲོ་འོང་གི་རྣམ་པར་སྣང་བ་ནི་དང་པོའི་གནས་སྐབས་དང་༔ བར་དུ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང་༔ ཐ་མ་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་མཆེད་པ་ཡིན་ཏེ༔ དེ་ནི་བཅུད་ཀྱི་སྒྲོན་མ་རྣམ་པ་གཉིས་ཀའི་འཆར་གཞི་ཤེས་རབ་རང་བྱུང་གི་སྒྲོན་མ་རང་གི་རིག་པ་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཡིན་ནོ༔ འཆར་བ་ལམ་གྱི་སྒྲོན་མ་བཞི་ནི༔ རྒྱང་ཞགས་ཆུའི་སྒྲོན་མ་དང་༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་༔ ཐིག་ལེ་སྟོང་པའི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་གི་སྒྲོན་མ་དང་བཞིའོ༔ རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་གནད་གཅིག་ཏུ་དྲིལ༔ མདོ་གཅིག་ཏུ་བསྡུས་ཏེ་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་བ་གནད་ཀྱི་དམ་པར་བཟུང་བར་བྱའོ༔ དེ་ལྟར་ཉམས་སུ་བླངས་ན་ཁྲེགས་ཆོད་ལྟ་བུའི་མུན་སྒོམ་བློ་ཡིད་ཀྱིས་བྱེད་ལས་ལྟར་མ་ཡིན་པར་འོད་གསལ་གྱི་ཆོས་ཉིད་དབང་པོའི་སྒོར་མངོན་སུམ་དུ་སྣང་བས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ༔ བསྐྱེད་རིམ་ལྟ་བུའི་བློ་བཅོས་ཡིད་བྱེད་བྱ་རྩོལ་གྱིས་མི་གཟུགས་ལྟ་བུའི་ལྷ་རང་རྒྱུད་པར་བསྒོམ་པ་ལྟ་བུ་མ་ཡིན་ཏེ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་གྱུར་ཆེན་པོའི་ངང་དུ་བརྟན་པ་ཐོབ་པར་བྱེད་པ་ནི་དོན་གྱི་སྐུ་གསུམ་རང་ཐོག་ཏུ་གྲོལ་བའི་གདམས་པ་འདི་ཁོ་ནའོ༔ ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་རྣམས་དབྱིབས་དང་ཁ་དོག་ཅན་དུ་བསྒོམ་ནས་སྟེང་ཕྱོགས་སུ་འཕེན་པ་ལྟ་བུའི་ལམ་ལས་འཕགས་པ་འཁོར་འདས་ཀྱི་སྣང་སེམས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་འཕོ་བར་བྱེད་པ་འཕོ་བ་ཆེན་པོའི་ཁྱད་ཆོས་ཡིན་ནོ༔ དེ་ལྟར་རྩེ་གཅིག་ཏུ་བར་མ་ཆད་པར་ཉམས་སུ་བླངས་པའི་སྟོབས་ཀྱིས་བུམ་དབང་གི་ནུས་པ་ལུས་ཀྱི་གདོས་པ་ལ་ཐེབས་པས་ལུས་འགུལ་སྙིང་མི་འདོད་པར་སྡོད་པ་དང་༔ གསང་དབང་གི་ནུས་པ་ངག་གི་རྒྱུ་བྱེད་ལ་ཞུགས་པས་ངག་སྨྲ་སྙིང་མི་འདོད་པར་གནས་པ་དང་༔ ཤེར་དབང་གི་ནུས་པ་སེམས་ཀྱི་ཤེས་རྒྱུད་ལ་ཐེབས་པས་སེམས་གར་གཏད་དུ་སྡོད་པའོ༔ འདི་ནི་མཚན་མ་མེད་པ་དོན་གྱི་ཞི་གནས་ཡིན་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོར་ཞི་བས་ན་ཞི༔ རིག་པ་རང་གི་ངང་ལས་མི་གཡོ་བར་གནས་པས་ན་གནས་ཞེས་བྱའོ༔ སྣང་སེམས་སྐུ་དང་ཡེ་ཤེས་ཀྱི་རོལ་པར་གོ་འཕོས་པས་ཆོས་ཉིད་འོད་གསལ་གྱི་སྣང་བ་ལྷག་པར་མཐོང་བས་ལྷག་མཐོང་ཞེས་བྱ་བ་དང་༔ མ་དག་པ་འཁོར་བའི་ས་ནས་ཁྲེགས་ཆོད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་༔ སྔར་མ་མཐོང་བའི་ཆོས་ཉིད་ཀྱི་མཐོང་ཆེན་པོའི་ངང་ཆགས་པས་རབ་ཏུ་དགའ་བ༔ ཐོད་རྒལ་གྱི་སྣང་བ་དང་པོས་འཁོར་བར་མི་ལྡོག་པའི་གདིང་ཐོག་ཏུ་ཕེབས་པས་མདོ་ལམ་གྱི་ས་དང་པོ་ཉིད་དོན་གྱིས་ཐོབ་པ་ཡིན༔ སྔགས་ལམ་དུ་འཁྲུལ་པའི་སྣང་སེམས་ཐམས་ཅད་འོད་གསལ་ཆོས་ཉིད་ཀྱི་རང་བཞིན་དུ་རྣམ་པར་སྨིན་པ་དང་༔ མ་རིག་པ་རིག་པར་འཕོས་ནས་རིག་པའི་རང་ས་འཛིན་པའི་ས་དེ་དོན་གྱིས་ཐོབ་པ་ཡིན༔ འདིའི་དུས་སུ་ཚེ་འཕོས་ཏེ་བར་ཆད་ནའང་སྐྱེ་བ་སྤྲུལ་པའི་སྐུ་ཐོབ་སྟེ་ཐར་པའི་ལམ་སྣ་ཟིན་པར་འགྱུར་བའོ༔ ཕྱིའི་རྟགས་ནི་དབྱིངས་སྣང་ཡོལ་བ་བཀྲམ་པ་ལྟ་བུར་ལྷུན་ཆགས་ཤིང་ངང་བརྟན་པ་དང་༔ ཐིག་ལེ་ཉ་མིག་ཙམ་ནས་མཐེབ་ཀོར་ཙམ་གྱི་བར་དུ་སྣང་བ་ཡིན་ནོ༔ ཉམས་སྣང་གོང་དུ་འཕེལ་ཚུལ་ནི༔ དང་པོ་སྙིང་ག་ནས་མགྲིན་པའི་བར་གྱི་ནང་རོལ་དུ་རླུང་གིས་གང་བའམ༔ ན་བའམ་མི་བདེ་བའི་ཟུག་རྔུ་མ་ངེས་པར་འབྱུང་བ་དང་༔ ཕྱི་ནང་ཀུན་ཏུ་མ་ངེས་པར་འགྲོ་ཞིང་བརྟན་གནས་མེད་པ་རྣམས་གང་བྱུང་ཡང་གྱེན་རྒྱུའི་རླུང་ལ་ཡེ་ཤེས་ཀྱི་རླུང་གིས་ནུས་པ་ཕོག་ནས་དཀྲུགས་པའི་རྣམ་པར་སྣང་བའོ༔ བར་དུ་ཆེར་མཆེད་དེ་མིད་པ་ན་བ་དང་༔ འགག་པས་ཟས་བཀག་ནས་ཕྱིར་འཕེན་པ་དང་༔ དང་ཀ་འགག་ནས་དབུགས་ཀྱི་རྒྱུ་ལམ་མི་བདེ་བ་དང་༔ སྐད་འགག་པ་རྣམས་འབྱུང་ངོ་༔ དེ་ནས་ཆེར་མཆེད་པས་སྲོག་འཛིན་གྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་དཀྲུགས་ནས་སེམས་ལ་དགའ་སྡུག་ཆགས་སྡང་སྣ་ཚོགས་ངེས་པ་མེད་པར་འབྱུང་བ་དང་༔ ཐུར་སེལ་གྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་འཕེལ་ཚེ་དྲི་ཆུ་དང་གཤང་ལྕི་འགག་ནས་མི་ཐོན་པ་དང་༔ འགྲིབ་ན་རྒྱུན་ཆད་མེད་པར་བརྡོལ་བའོ༔ ཁྱབ་བྱེད་ཀྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་འཕེལ་ཚེ་ལུས་སྐྲང་པའི་རྣམ་པར་རྒྱས་པ་དང་༔ འགྲིབ་དུས་ལུས་ཀྱི་ཤ་ཐམས་ཅད་ཉམས་པ་སྐམ་པ་ལྟ་བུར་རོ་གཟུགས་སུ་འགྲོ་བའོ༔ མེ་མཉམ་གྱི་རླུང་ལའང་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་པས་ཆེར་འཕེལ་ཚེ་ལུས་ལས་རྔུལ་ཆུ་བརྡོལ་ཞིང་རླངས་པ་འཕྱོ་བ་དྲོད་ཆེན་པོ་འབར་བར་འགྱུར་བ་དང་༔ འགྲིབ་ན་ལུས་གྲང་སྤུ་འཁྲུགས་པ་དང་༔ མདངས་ཉམས་པ་དང་༔ འདར་ཤུམ་བྱེད་པར་འགྱུར་བ་ཡིན༔ མཐར་རླུང་ཐམས་ཅད་འདྲེས་ཏེ་ལུས་ཀྱི་རྩ་ཁམས་སུ་ཞུགས་པས་རྩ་ཐམས་ཅད་ལ་ན་ཚ་ཟུག་རྔུ་འབྱུང་བ་དང་༔ ལུས་ཕྱི་ནང་ཐམས་ཅད་རླུང་གི་གཡོ་བ་འཇུག་པས་ཚ་གྲང་འདུ་བ་ལ་སོགས་པའི་ནད་མ་ངེས་པར་འབྱུང་བ་དང་༔ ལུས་སྐྲང་བ་དང་༔ ལྦ་བ་བརྡོལ་བ་དང་༔ རྨ་བརྡོལ་བ་དང་༔ ནད་ཚབ་ཆེན་པོ་ལྡང་བ་དང་༔ སྨན་དཔྱད་མོ་རྩིས་འཁྲུགས་པ་དང་༔ ཐན་དང་ལྟས་ངན་སྣང་བ་དང་༔ རྩ་སོ་སོར་ན་བ་དང་༔ ཚིགས་རྣམས་ན་བ་དང་༔ དྲེག་དང་གྲུམ་བུ་འབམ་དང་ཆུ་སེར་གྱི་ནད་རྣམས་དང་༔ ཞ་བ་དང་ལོང་བ་དང་འོན་པ་དང་ལྐུག་པ་དང་བརྒྱལ་བ་རྣམས་འབྱུང་བ་དང་༔ ལུས་འདི་ལ་མི་བདེ་བའི་ཟུག་རྔུ་རྣམ་པ་སྣ་ཚོགས་ངེས་པ་མེད་པར་འབྱུང་བ་ཡིན་པས་ཤེས་པར་བྱའོ༔ ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུར་མ་ངེས་པའི་སྤྱོད་པ་སྣ་ཚོགས་བྱེད་པ་ཡིན་ནོ༔ མདོར་ན་ལུས་ཀྱི་ན་ཚ་ཟུག་རྔུ་རྩ་དང་རླུང་དང་ཁམས་ཀྱི་བྱེད་ལས་ཀྱིས་མཐའ་གཅིག་ཏུ་མ་ངེས་པས་ཚད་གཅིག་ཏུ་མི་འཛིན་པའི་གནད་ལ་ཤིན་ཏུ་མཁས་པར་གྱིས་ཤིག༔ ངག་ཀྱང་གླུ་དང་མགུར་མ་དང་འཁྱལ་ཚིག་ཅ་ཅོ་སྣ་ཚོགས་པ་དང་༔ གཞན་གྱི་ཡིད་དགའ་བར་བྱེད་པའི་གཏམ་དང་༔ ཚིག་གི་རྗེས་སུ་སྤྱོད་པ་མི་འགྲོ་བ་དང་༔ ཚིག་བཤད་པའི་ཐོག་ཏུ་མི་འདུག་པ་དང་༔ འགྱུར་ལྡོག་བྱེད་པ་དང་༔ སྨྱོན་པ་རང་ཚིག་བརྡོལ་བ་ལྟར་དགག་སྒྲུབ་མེད་པར་སྨྲ་བ་སོགས་ཆལ་མ་ཆོལ་དུ་ངེས་པ་མེད་པར་སྨྲ་བ་ཡིན་པས་ཤེས་པར་གྱིས་ཤིག༔ སེམས་སྨྱོན་པ་འུར་ལངས་པ་ལྟར་གཏད་མེད་བྱུང་རྒྱལ་དུ་ཡན་ཏེ་གང་གིས་ཀྱང་བཟོ་བཅོས་དགག་སྒྲུབ་བསྒྱུར་དུ་མི་བཏུབ་པའོ༔ རེས་འགའ་ནི་སྙིང་དང་སྲོག་རྩ་ན་བའི་དབང་གིས་ངུ་བ་དང་༔ འཁུན་པ་དང་༔ ཤུ་འདོན་པ་དང་༔ ཕུ་འདེབས་པ་དང་༔ སྡོད་སར་མི་ཚུགས་པར་འགྲོ་སྙིང་རྒྱུན་མི་ཆད་པར་འདོད་པ་དང་༔ གནས་སྡུག་བསྔལ་དུ་མངོན་ནས་འདུག་སྙིང་མི་འདོད་པ་དང་༔ དགའ་སྡུག་ཟ་ཟི་སྣ་ཚོགས་པ་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས་ཤེས་པར་བྱའོ༔ ལྷར་སྣང་དང་འདྲེར་སྣང་སྣ་ཚོགས་པ་འཆར་བ་དང་༔ བཀྲེས་སྐོམ་ཚ་གྲང་ལ་སོགས་པ་འབྱུང་བ་མ་ངེས་པའོ༔ ཕྱི་རྟགས་འོད་གསལ་གྱི་སྣང་བ་ནི་དང་པོའི་གནས་སྐབས་སུ་གདོང་རབ་ཏུ་ཁེབས་པ་ཙམ་འདར་འཕྲིག་མེད་པར་གནས་པ་དང་༔ ཐིག་ལེ་ཡང་ཤྭ་མིག་ཙམ་ནས་མཐེབ་ཀོར་ཙམ་གྱི་བར་དུ་རྣམ་པར་སྣང་བ་དང་༔ རེས་འགའ་དབྱིངས་སྣང་ཐིག་ལེ་དང་བཅས་པ་མི་གསལ་བར་རིག་གདངས་རྡོ་རྗེའི་ལུ་གུ་རྒྱུད་ཅེས་བྱ་བ་ཁྲ་ཁྲིག་ཁྲིག་གི་རྣམ་པར་སྣང་བ་ལས་དབྱིངས་ཐིག་མི་སྣང་བ་དང་༔ དབྱིངས་ཐིག་ཆེར་འཕེལ་ནས་རྒྱ་ཆེར་སྣང་བ་དང་༔ འགྲིབ་སྟེ་ཇི་ལྟར་འབད་རྩོལ་བྱས་ཀྱང་མི་གསལ་བ་དང་༔ རེས་འགའ་དབྱིངས་སྣང་འོད་དུ་གསལ་བའི་ཀློང་དུ་འོད་ལྔའི་མདངས་ཀྱི་གྲུ་ཆད་ལྟ་བུའི་རྣམ་པར་ཡང་ཡང་སྣང་བར་འགྱུར་བ་ནི་གོམས་པའི་ཚད་ཡིན་ཏེ༔ འདིའི་དུས་སུ་ཚེའི་དུས་བྱས་ཀྱང་བར་དོ་མེད་པར་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བར་འགྱུར་བ་ཡིན་ནོ༔ ཡང་བར་དུ་གོམས་པའི་ཤུགས་ཀྱིས་དབྱིངས་སྣང་རེ་ལྡེ་ལྟ་བུར་ཁྲ་ཆེམ་ཆེམ་དུ་སྣང་བ་དང་༔ ནམ་མཁའ་ལ་དྲྭ་བ་དང་དྲྭ་ཕྱེད་འཕྱང་བའི་རྣམ་པར་སྣང་བ་དང་༔ དབྱིངས་ཀྱི་སྣང་བའི་ཀློང་དུ་མཆོད་རྟེན་དང་༔ པདྨ་དང་༔ དུང་དཀར་དང་༔ འཁོར་ལོ་དང་༔ རྡོ་རྗེ་དང་༔ ནོར་བུ་དང་༔ རྒྱ་གྲམ་དང་༔ རལ་གྲི་དང་༔ མདུང་རྩེ་ལྟ་བུ་དང་༔ གླེགས་བམ་བརྩེགས་པ་ལྟ་བུ་དང་༔ ཡི་གེའི་གཟུགས་སྣ་ཚོགས་པ་དང་༔ སྲོག་ཆགས་ཀྱི་གཟུགས་ལ་སོགས་པ་ངེས་པ་མེད་པར་སྣང་བར་འགྱུར་བ་ཡིན་ནོ༔ དེ་དག་གང་སྣང་ཡང་དབྱིངས་སྣང་ཡིན་པས་ཐིག་ལེ་དང་མ་ནོར་བ་གནད་དུ་ཤེས་པར་བྱའོ༔ ཐིག་ལེ་མཐེབ་ཀོར་ཙམ་ནས་ཁམ་ཕོར་ཙམ་དང་ཕུབ་ཀྱི་སྦ་འཁོར་ཙམ་མུ་ཁྱུད་རིམ་པ་ཅན་གྱི་རྣམ་པར་འཆར་རོ༔ རིག་གདངས་རྡོ་རྗེའི་ལུ་གུ་རྒྱུད་ཅེས་བྱ་བ་ཡང་དང་པོའི་གནས་སྐབས་སུ་སྤུ་ཤད་ཀྱི་ཚད་ཙམ་གསེར་གྱི་མདངས་ལྟར་འོད་དང་ལྡན་པ་སྤུ་ཤད་རླུང་གིས་གཡེངས་པ་ལྟ་བུར་འགྲོ་འོང་གི་རྣམ་པར་སྣང་བ་ལས་བརྟན་གནས་མེད་པ་དང་༔ དེ་ནས་ཅུང་ཟད་བརྟན་པས་གསལ་ལ་འཚེར་བ་ཕྲ་ལ་འཁྱོགས་པ་ཅུང་ཟད་དལ་བ་རི་དྭགས་རྩིབས་ལ་རྒྱུག་པ་ཙམ་དུ་ཤར་གྱིས་འགྲོ་བ་དང་༔ དེ་ནས་ཅུང་ཟད་གོམས་པས་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་འཆར་ཏེ༔ དབྱིངས་ཐིག་གི་ར་བར་བུང་བ་མེ་ཏོག་ལ་འཁོར་བ་ལྟར་དལ་གྱིས་འཁོར་བ་ནི་རིག་པ་མངོན་དུ་གྱུར་པའི་ལྟས་སུ་གསལ་འཚེར་དུ་སྣང་བ་དང་༔ རྩ་གནད་ཀྱིས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོགས་པ་དང་༔ རླུང་གནད་ཀྱིས་གྲོལ་བའི་རྟགས་སུ་འགྲོ་འོང་དུ་སྣང་བ་དང་༔ ཐིག་ལེ་སྦྱངས་པའི་ཡོན་ཏན་ལ་བརྟེན་ནས་གྲོལ་བར་འགྱུར་བའི་རྟགས་སུ་འཁྱོགས་མཚམས་སུ་ཐིག་ལེ་ཡོད་དོ༔ གོམས་པའི་སྟོབས་ཀྱིས་ཤེལ་ལྟར་དྭངས་ཤིང་གསེར་ལྟར་འོད་འབར་བ་ཤེལ་ཕྲེང་འབྲིང་པོ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་སྣང་བ་དང་༔ རབ་ཏུ་གོམས་པའི་ཚད་ནི་མ་ངེས་པར་སྣང་ཡང་མི་འགྲོ་ཞིང་མི་འགུལ་བར་བརྟན་པོར་གནས་པ་ཡིན༔ འདི་ནི་རྒྱུ་མིང་འབྲས་བུར་ཆགས་པའི་མིང་ལའང་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་སྟེ་རིག་པའི་གདངས་ཡིན་པས་ནང་གི་རིག་པ་ཇི་ལྟར་བརྟན་པ་དེ་བཞིན་དུ་རིམ་གྱིས་བརྟན་པར་འགྱུར་བ་ཡིན་ནོ༔ རིག་པ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་དངོས་ནི་མ་ཡིན་ནོ༔ དེ་ལ་ལས་དང་པོ་པའི་གནས་སྐབས་ཞིག་ནས་དབྱིངས་སྣང་མཛེས་པ་དང་༔ གསལ་བ་དང་༔ བརྟན་པ་དང་༔ ལྷ་སྐུའི་གཟུགས་རྣམ་པ་སྣ་ཚོགས་པར་སྣང་བ་དང་༔ འཕེལ་བ་དང་ཟད་པའི་རྣམ་པར་བྱུང་ཡང་ནང་རྟགས་གཅིག་ཀྱང་མ་བྱུང་བར་ཕྱི་རྟགས་དེ་ལྟར་སྣང་བ་རྣམས་ནི་ས་རྫི་ཀ་ལྟར་དུས་མ་ཡིན་པར་མཐོང་སྔ་བས་ཉམས་རྟོགས་ལ་ཡར་སྐྱེད་མི་འབྱུང་བ་དང་༔ ནང་རྟགས་འབྱུང་དུས་ཀྱང་ཕྱིའི་དབྱིངས་ཐིག་མི་གསལ་བ་ཡིན་ནོ༔ དེ་ནི་ཆུ་ཁམས་པ་འགའ་ལ་འབྱུང་བར་འགྱུར་བ་ཡིན་ཏེ་ཉམས་རྟོགས་ནར་སོན་པ་ལ་བང་བུལ་བར་འགྱུར་བའི་རྩ་ཁམས་ཡིན་ནོ༔ དེ་ཉམས་གོང་འཕེལ་དང་རིག་པ་ཚད་ཕེབས་ལ་ནོར་ནས་ངོ་སྤྲད་ན་ཆོས་ཉིད་ཟད་པའི་སྣང་ལྟས་བྱུང་ཡང་ཤེས་རྒྱུད་ཐ་མལ་པ་ལས་སྤུ་ཙམ་ཡང་མ་འཕགས་པར་ཡོད་པ་ནི་རྒྱུད་དང་མི་མཐུན་པར་ཡ་འགལ་དུ་སོང་བས་མཚང་ཤིན་ཏུ་ཆེ་བ་ཡིན་ཏེ་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ཡིན་ནོ༔ ཕྱི་རྟགས་རབ་རིབ་ལ་གསལ་སྣང་ཡོད་ཀྱང་ནང་རྟགས་རྣམས་འབྱུང་བ་གནད་དུ་ཤེས་པ་ཡིན་ནོ༔ ནང་གི་ཤེས་རྒྱུད་ལ་ཉམས་ཀྱི་སྣང་བ་ཐོན་ཡང་ཕྱི་རྟགས་མི་གསལ་བ་ནི་འོད་གསལ་ལ་བལྟ་བའི་གནད་ཡུན་བསྲིང་མ་ཐུབ་པ་དང་བར་ཆད་པའི་རྟགས་སུ་ཤེས་པར་བྱའོ༔ ནང་དུ་ཉམས་སྣང་ཆལ་མ་ཆོལ་མར་ཤར་ཚེ་ཁྲེགས་ཆོད་ཀྱི་སྣང་བ་སློང་བས་ཐོད་རྒལ་གྱི་ཉམས་དཀྲུག་ཀྱང་སྣང་བ་འོད་གསལ་དུ་མ་སྨིན་པ་དེ་ནི་འོད་གསལ་གྱི་རྩལ་མ་རྫོགས་པ་དང་༔ མཚམས་ཆད་པས་འོད་སྣང་ནར་མ་སོན་པ་དང་༔ ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་མ་ཚུད་པའི་རྟགས་ཡིན་པས་བར་མ་ཆད་པར་སྦྱང་བ་ལ་འབད་པར་བྱའོ༔ གནས་སྐབས་དེ་ལ་བབས་ཚེ་ལ་ལས་ནི་བློ་ཡིད་ཉམས་ཀྱིས་བསླད་ནས་ཡུལ་མང་པོར་བགྲོད་མཐར་རྐྱེན་ངན་གྱི་དབང་དུ་ཤོར་བས་དེའི་ཐོག་ཏུ་ལུས་པས་གྲོལ་བ་མི་ཐོབ་པ་དང་༔ འགའ་ཞིག་གི་རྒྱུད་བདུད་དང་ལྷ་འདྲེའི་ཆོ་འཕྲུལ་ལས་སྐུ་གསུང་ཐུགས་རྟེན་རེ་རྙེད་པ་དང་༔ རྩལ་སྣང་གིས་ཆོས་ཚིག་ཡི་གེར་ཤར་བ་འབྲི་སྙིང་འདོད་པའི་དབང་དུ་སོང་ཞིང་ཞེན་ནས་བུད་མེད་ལ་སྤྱོད་པས་གཏེར་སྟོན་དུ་ཁས་ལེན་ཅིང་རང་གཞན་གཉིས་ཀ་ཕུང་གཞི་བྱེད་པའང་ཤིན་ཏུ་མང་བ་དང་༔ ལ་ལས་ནི་མངོན་ཤེས་དང་རྨི་ལམ་གྱི་སྣང་བས་རང་གཞན་གྱི་ལེགས་ཉེས་འགའ་རེ་མཐོང་བ་དང་༔ ས་རྡོ་དང་དངོས་པོ་འགའ་ལ་ལག་རྗེས་སྣང་བ་སོགས་ལྷ་འདྲེའི་ཆོ་འཕྲུལ་གྱིས་ལྟས་མངོན་པ་གྲུབ་ཐོབ་ཏུ་ཁས་ལེན་ཅིང་ཁྱིམ་ཐབས་འཛིན་ནས་འཁོར་བའི་ཁ་དཔོན་བྱེད་པ་དང་༔ མངའ་ཐང་དང་ལས་ཀ་ཆེན་པོའི་གཞི་གཏིང་ནས་དལ་མེད་ཁོར་ཡུག་ཏུ་འབད་རྩོལ་ཆེན་པོས་མི་ཚེ་ཟད་པ་དང་༔ ཚེ་གཅིག་གཏོ་ཡས་ལ་མགོ་འཁོར་ཞིང་སློང་མོ་དང་རྙེད་འཚོལ་ལ་ཆོག་ཤེས་མེད་པར་འཁྱམས་པ་ནི་བདུད་དང་འདྲེས་བརླམ་སྟེ༔ བྱ་བཏང་བ་དང་བླ་སྒར་ཆེན་པོའི་གོ་སར་ཕེབས་པའང་ཆོས་བརྒྱད་བདུད་ཡུལ་ནག་པོར་མགོ་འཁོར་བ་ཡིན༔ ལ་ལས་ནི་ཉམས་ནད་དུ་བཟུང་༔ རྒྱབ་བརྟེན་འདྲེ་རུ་འཛིན་ཅིང་༔ སྨན་དཔྱད་དང་རིམ་གྲོ་བྱེད་ཚེ་མོ་རྩིས་དཔྱད་བརྟག་གི་རིགས་ཐམས་ཅད་འཁྲུགས་ནས་རྣམ་པར་རྟོག་པ་སློང་༔ རྨི་ངན་ཐན་ལྟས་མཐོང་ནས་རྣམ་རྟོག་བཙན་ཐབས་སུ་སློང་བ་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཡིན༔ ལུས་ལ་ནད་རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ་འདུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་གང་ཡང་རུང་བའི་རྣམ་པར་ལྡང་བ་ནི་ནང་སློང་ལུས་ཀྱི་ན་ཚ་སྟེ་དེ་བདེན་པར་བལྟས་ན་གོལ་སར་ཤོར་བ་ཡིན་ཏེ་འཆི་བ་སྲོག་ལ་འབབ་པའམ་ཡུལ་རྐྱེན་ངན་པའི་དབང་དུ་འཁྲུལ་པར་འགྱུར་བ་ཡིན་ནོ༔ ལ་ལར་སེམས་ལ་མི་བཟོད་པའི་ཟུག་རྔུ་རྣམ་པ་སྣ་ཚོགས་དང་༔ དགའ་བ་དང་མགུ་བའི་སྣང་བ་སྣ་ཚོགས་ཤར་བ་ཐམས་ཅད་གསང་སློང་སེམས་ཀྱི་དགའ་སྡུག་ཅེས་བྱ་སྟེ༔ མངོན་ཞེན་དང་བདེན་པར་བཟུང་ན་གོལ་སར་འཕྱན་ནས་གྲོལ་བ་ཐོབ་པར་མི་འགྱུར་རོ༔ སེམས་ལ་སྡུག་བསྔལ་བ་དང་༔ སྙིང་སྲོག་ན་བ་དང་གཟེར་བའི་དབང་གིས་ཤུ་འདེབས་པ་ངུ་སྙིང་འདོད་པ་མཐོང་ཚོར་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་མངོན་ནས་མི་ཡི་རྒྱུ་འགྲུལ་མེད་པའི་སར་འབྲོས་སྙིང་འདོད་པ་དང་༔ སྡོད་སར་མི་ཚུགས་པར་གནས་དབེན་པར་སླེབས་ཚེ་གྲོགས་དང་སྲོག་ཆགས་རྒྱུ་འགྲུལ་ལ་དགའ་བ་དང་༔ འདོད་པ་དང་བསྐམ་པ་བྱུང་ནས་དེར་ཡང་སྡོད་མི་ཚུགས་པ་འབྱུང་སྟེ༔ དེ་ལ་ཞེན་ཅིང་ཆགས་པའི་དབང་དུ་སོང་ནས་བདེ་བ་འཚོལ་བའི་ཐབས་ལ་འབད་པ་ནི་གོལ་སར་ཤོར་བ་ཡིན་པས་ཤེས་པར་བྱའོ༔ སྡུག་བསྔལ་གྱིས་སྐྲག་པའི་དབང་གིས་ལུས་ངག་ཡིད་གསུམ་རྣམ་པར་གཡེངས་ནས་ལས་བྱེད་པ་ལ་ཁ་འཁྱོལ་བ་ནི་ཤིན་ཏུ་འཁྲུལ་པར་ཤོར་བ་ཡིན༔ ལ་ལས་ནི་སྙིང་སྲོག་མི་བདེ་བའི་སྡུག་བསྔལ་ལ་སྐྱོ་ཞིང་སུན་པས་གྲོང་ཡུལ་མང་པོ་འགྲིམ་ཚེ་ཕན་པར་སྣང་བ་དང་༔ སླར་ཡང་རང་ཡུལ་ལ་སོགས་པར་འཁོད་ནས་ཞག་གྲངས་མི་མང་བ་ལས་སྔར་བཞིན་མི་བདེ་བའི་ཟུག་རྔུ་ལྡང་ནས་ཡང་འགྲོ་སྙིང་འདོད་དེ་འགྲོ་བ་ནི་མི་ཚེ་སྟོང་ཟད་དུ་གཏོང་བའི་སྐྱེས་བུ་ཡིན༔ ལ་ལས་ནི་སེམས་ཐེ་ཚོམ་ཡིད་གཉིས་ཀྱིས་གང་ནས་ཐག་ཆོད་པ་ཞིག་འབྱུང་རྒྱུ་ཨི་ཡོད་སྙམ་དུ་ཡུལ་མང་པོར་ཡང་ཡང་འགྲོ་སྟེ་མི་ཚེ་སྟོང་ཟད་དུ་འཆོར་བ་ཡིན༔ ལ་ལས་ནི་སློབ་དཔོན་གྱིས་བསླབ་ཉེས་སུ་གོ་ཞིང་ཁྱེར་ནས་ལོག་པར་ལྟ་བ་དང་༔ ལ་ལས་ནི་རང་གི་སྒོམ་ཉེས་པར་འཛིན་ཞིང་འགྱོད་སེམས་དང་ཅི་བྱེད་སེམས་པའི་བསམ་མནོ་རྒྱུན་ཆད་མེད་པར་གཏོང་བ་དང་༔ ད་དགེ་བའི་བཤེས་གཉེན་གཞན་གྲགས་པ་ཅན་ཞིག་གི་ཚལ་དུ་སོང་ན་ཕན་ནམ་སྙམ་ནས་ཕྱིན་པས༔ དགེ་བའི་བཤེས་གཉེན་གང་ལའང་དེང་སང་གི་དུས་འདིར་ལམ་འདིའི་ཡིན་ལུགས་དང་ཉམས་ཀྱི་འབྱུང་ཚུལ་ལ་སོགས་པའི་རྒྱུས་ཤེས་པ་གཅིག་ཀྱང་མེད་པས་ཁོང་རྣམས་ཀྱི་ཆེ་བ་བྲི་བར་དོགས་ནས་མི་ཤེས་དང་རྒྱུས་མེད་ཅེས་པ་གསུང་མི་ནུས་པར་ལ་ལས་ནི་བློ་ཡིད་ཀྱི་བཅས་བཅོས་ཤིག་བསླབ་ནས་ཁྱོད་ཀྱི་སྒོམ་པ་སྒོམ་ལོག་ཏུ་སོང་བ་ཡིན་པར་སྐད་པ་དང་༔ ལ་ལས་ནི་ཁྱོད་ཀྱི་བླ་མས་ཁྲིད་མི་ཤེས་པས་ལོག་ལམ་ཏུ་སོང་བ་ཡིན་ཅེས་ཟེར་ཞིང་འདི་ལྟར་གྱིས་ཟེར་ནས་ཁོང་གི་ཤེས་ཚོད་ཀྱི་གདམས་པ་གོ་མ་ཆོད་པ་རེ་བསླབ་ནས་དེ་ལ་བསྟོད་པ་བརྗོད་པར་བྱེད་པ་དང་༔ ལ་ལས་ནི་ཁོང་གི་དགོངས་པ་འཕོ་ནུས་པར་སྐད་པའི་མཐོ་སྐད་ཀྱི་ཚིག་གྱེར་ནས་ངས་ཐུགས་གཏད་བྱེད་ཁྱོད་ཀྱིས་ཐུགས་ཡིད་བསྲེས་དང་ས་ལམ་ཐམས་ཅད་དུས་གཅིག་ལ་རྫོགས་འོང་བར་སྐད་པ་ནི་ཤིན་ཏུ་མང་སྟེ༔ དེ་ལྟར་ཡིན་ན་སངས་རྒྱས་ཀྱི་ཐུགས་རྒྱུད་སེམས་ཅན་ལ་འཕོས་ནས་འཁོར་བ་སྟོང་ཟིན་དགོས་པ་དང་༔ ཁྱད་པར་སངས་རྒྱས་ཀྱི་འཁོར་ཉན་རང་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ལ་ཐུགས་ཡིད་བསྲེས་པས་སངས་རྒྱས་ཀྱི་དགོངས་པ་འཕོ་ན་ཐེག་པ་དམན་པ་ལས་ཆེར་བསྐྱེད་ནས་གོང་ནས་གོང་དུ་ཅིས་མི་འདྲོང་༔ དགོངས་རྒྱུད་འཕོ་ཞེས་པའི་ཁ་ཕོ་མཐོ་བ་ལ་བདེན་པར་མ་ཞེན་ཅིག༔ འགའ་ཞིག་གིས་བདག་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་ཞེན་མེད་པར་སེམས་པ་དང་༔ འགའ་ཞིག་རང་རྒྱུད་སྔར་ལས་སྤུ་ཙམ་མ་འཕགས་ཏེ་སྣང་བ་སྣ་ཚོགས་མཆེད་པ་ལ་སྣང་ཐོག་ཏུ་ཞེན་ནས་འཁྲུལ་པར་འབྱམས་པའི་ངང་ཚུལ་ལ་བརྟག་དཔྱད་མི་བྱེད་པའི་དམུས་ལོང་རྣམས་ཀྱིས་ང་ནི་ཆོས་ཉིད་ཟད་པའི་སར་སླེབ་ཟིན་ཟེར་བ་དང་༔ ངའི་འཁྲུལ་པ་ཞིག་པ་ཡིན་སྙམ་དུ་སེམས་པ་དག་འབྱུང་བ་ལ༔ མཁས་པ་ཡོན་ཏན་ཅན་རྣམས་ཀྱིས་ཤིན་ཏུ་ཁྲེལ་ཞིང་ལུང་རིག་གི་མཚོན་ཆས་བསྣུན་པར་བྱེད་ངེས་པས༔ ལམ་འདིར་ཞུགས་པའི་སྐྱེས་བུ་རྣམས་ཀྱིས་གཟབ་དགོས་པའི་གནས་ཡིན་ནོ༔ ཆོས་གཞན་བསྒྲུབ་ཀྱང་ཚེ་འདི་ཉིད་ལ་རྣམ་པར་གྲོལ་བའི་ས་མཆོག་ཐོབ་པར་མི་འགྱུར་བའི་ཕྱིར་བདུད་རྣམས་ཀྱིས་དེ་ལ་ཕྲག་དོག་དང་ཞེ་སྡང་བར་མི་འགྱུར་བས་བར་ཆད་ཡང་མི་བྱེད༔ ལམ་འདི་ཉིད་མཐའ་རུ་ཕྱིན་པར་གྱུར་ན་ཚེ་གཅིག་ལུས་གཅིག་འདི་ལ་བདུད་ཀྱི་སྡེ་དཔོན་དྲག་ཤུལ་ཅན་གྱི་མངའ་འོག་ནས་ཐོན་ཏེ་སངས་རྒྱས་ཀྱི་སར་གཤེགས་པ་ལ་བདུད་ཕྲག་པ་དོག་ཅིང་ཞེ་སྡང་སྟེ་བར་ཆད་རྩོམ་པ་ལ་ཆས་ནས་གེགས་བྱེད་ཅིང་སྣང་བའི་ཡུལ་དུ་བསླུ་བའི་རྫུ་འཕྲུལ་རྣམ་པར་སྟོན་པར་བྱེད་པ་ཡིན༔ དེ་ལྟར་བར་ཆད་ཀྱི་དབང་དུ་མ་སོང་བར་རྩེ་གཅིག་ཉམས་སུ་བླངས་པས་འོད་སྣང་ཆེར་འཕེལ་ནས་མཉམ་པར་བཞག་པ་ཙམ་ནས་སྣང་བ་ཐམས་ཅད་བར་དང་གོ་མཚམས་མེད་པར་འོད་དང་ཐིག་ལེས་ཁྱབ་པའོ༔ མ་དག་པའི་སྣང་བ་ལ་མིག་གིས་བལྟས་པས་ཐ་མལ་གྱི་སྣང་བ་བཞིན་སྣང་བ་ནི་ཆུ་བུར་མིག་གིས་མཐོང་བ་ཡིན༔ འོད་སྣང་དྲན་པ་ཙམ་གྱིས་དབྱིངས་ཐིག་གམ་ལུ་གུ་རྒྱུད་དུ་སྣང་བ་ནི་ཤེས་པ་མངོན་དུ་གྱུར་པའི་བྱེད་ལས་ཡིན་པས་ཤེས་རབ་ཀྱི་མིག་གིས་མཐོང་བ་ཞེས་བྱའོ༔ མཉམ་པར་བཞག་པའི་ཚེ་ན་དབྱིངས་དང་ཐིག་ལེའི་རོལ་པར་མཆེད་དེ་ངང་བརྟན་ཅིང་རྒྱུན་ཆགས་པ་ནི་ཡེ་ཤེས་ཀྱི་མིག་གིས་གསལ་བ་ཞེས་བྱ་བ་ཡིན༔ དང་པོའི་གནས་སྐབས་སུ་འོད་གསལ་གྱི་སྣང་བ་མངོན་དུ་བྱེད་པའི་ཤེས་པ་ནི་ཤེས་རབ་ཀྱི་མིག་ཅེས་བྱ་བ་ཡིན༔ དེ་ལ་ཡེ་ཤེས་ཀྱི་སྤྱན་རྡུལ་དང་བྲལ་བ་ཇི་ལྟར་ཚུད་པ་བཞིན་དུ་དབྱིངས་ཐིག་འོད་གསལ་ལྷ་སྐུའི་སྣང་བ་མ་མཐོང་གི་བར་དུ་དེ་ལྟར་གསལ་བར་བྱེད་པ་ཡིན༔ སླར་ཡང་ཤེས་རབ་ཀྱི་མིག་གསལ་འགྲིབ་དང་བྲལ་བའི་རྣོ་ཡེ་ཤེས་རྩེ་མོས་མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་ཀུན་ཏུ་སྣང་བ་ཐམས་ཅད་འོད་དང་འཇའ་ཐིག་གི་རོལ་པར་ཇེ་འཕོ་ཇེ་གསལ་དུ་སོང་ནས་མཐར་ས་རྡོའི་སྣང་བ་མི་མངོན་པར་འོད་སྣང་གི་རོལ་པ་བར་མཚམས་མེད་པར་ཁོར་ཡུག་ཏུ་འདྲེས་པ་ནི་ཐ་མ་གོམས་པའི་ཚད་དང་སྙིགས་མ་དྭངས་མར་འཕོས་དྭངས་མ་འོད་ལྔར་འཕོས་ཏེ་མངོན་ཏུ་གྱུར་པ་ཡིན༔ ཉམས་གོང་འཕེལ་གྱི་རྩལ་རྫོགས་པའི་ཚད་དང་ས་མཚམས་འདིར་ཐིག་ལེ་ཆེ་བ་གནམ་ས་ཁེབས་པ་ཙམ་དང་ཆུང་བ་ཡུངས་འབྲུ་ཙམ་གྱི་བར་དུ་མ་ངེས་པར་འཆར་ཏེ་ལྔ་ཚོམ་དུ་སྣང་༔ དབྱིངས་སྣང་དུ་མཁར་ཐབས་ཀྱི་སྒོ་དང་ཡ་ཕུབ་ཆོས་འཁོར་གདུགས་ཏོག་དྲིལ་གདང་དར་དཔྱངས་དང་བཅས་པའི་རྣམ་པར་སྣང་བར་འགྱུར༔ དེ་ལྟར་མྱུར་ལམ་ཟབ་མོ་ཉམས་སུ་ལེན་པའི་སྐྱེས་བུ་ལས་དང་སྨོན་ལམ་དུས་འཛོམ་པའི་སྐལ་བར་ལྡན་པ་རྣམས་འཆི་བའི་དུས་ནའང་དང་པོའི་གནས་སྐབས་གྲུ་ཆད་ཀྱི་རྣམ་པར་སྣང་ཚེ་རང་བཞིན་སྤྲུལ་པའི་སྐུར་དབུགས་འབྱིན་པ་དང་༔ མཐར་རྩལ་རྫོགས་ནས་ཐིག་ལེ་ལྔ་ཚོམ་ལས་མི་སྣང་བའི་དུས་བར་དོ་མེད་པར་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་འགྱུར་རོ༔ ས་ལམ་གྱི་དོད་དུ་བསྟན་ན་ཐོད་རྒལ་རང་ལམ་ནས་ཉམས་སྣང་གོང་འཕེལ་ཞེས་བྱ་བའི་ཐོག་ཏུ་ཕེབས་ཚེ་མདོ་ལམ་དུ་ས་ལྔ་པ་སྦྱངས་དཀའ་བ་ཞེས་པར་ངེས་པ་ཡིན་ཏེ༔ ཉམས་ཀྱི་ཟུག་རྔུ་མི་བཟོད་པ་དང་༔ ཉམས་ཀྱི་དབང་དུ་ཞེན་ཅིང་འཆོལ་བས་གནས་སྐབས་འདིར་བབས་ཚེ་ལམ་མཐར་ཕྱིན་པར་སྦྱང་ནུས་པ་ཤིན་ཏུ་དཀའ་བའི་ཕྱིར་སྦྱངས་དཀའ་བ་ཞེས་བྱ་བ་དང་༔ སྔགས་ལམ་དུ་འཁོར་བར་སྐྱེ་འཆིའི་སྣང་བ་ཐམས་ཅད་ཆོད་ནས་མི་འཆི་ཚེ་ལ་དབང་བའི་རིག་འཛིན་གྱི་ས་ཐོབ་པ་ཡིན་ནོ༔ དེ་ནས་རིག་པ་བཅུད་དུ་སྨིན་པ་ཚད་ཕེབས་ཞེས་བྱ་བའི་སྣང་བ་འདི་ལྟར་འབྱུང་བ་ཡིན་ཏེ༔ ཐིག་ལེ་ལྔ་ཚོམ་ཐམས་ཅད་ཀྱི་ཀློང་དུ་སྐུ་ཡར་ཕྱེད་སྐུ་སྨད་སྤྲིན་གྱི་རྣམ་པའི་འོད་ཀྱི་རྣམ་པར་སྣང་བ་དང་༔ སྐུ་གདོང་ཕྱེད་བཀས་པ་ལྟར་དུ་སྣང་བ་རྣམས་དེའི་དུས་སུ་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་རིམ་པ་བཞིན་ལྷ་སྐུ་ཆ་ཚང་དུ་སྣང་ནས་སྐུ་རྐྱང་པ་ལོངས་སྤྱོད་རྫོགས་པའི་རྒྱན་རྫོགས་པ་དཀར་པོ་རྣམ་པར་སྣང་མཛད༔ སྔོན་པོ་རྡོ་རྗེ་སེམས་དཔའ༔ སེར་པོ་རིན་ཆེན་འབྱུང་ལྡན༔ དམར་པོ་སྣང་བ་མཐའ་ཡས༔ ལྗང་གུ་དོན་ཡོད་གྲུབ་པ་རྣམས་སྣང་བ་དང་༔ དེ་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་སྐུ་ཡབ་ཡུམ་ཟུང་འབྲེལ་གྱི་རྣམ་པར་རིམ་པ་བཞིན་དུ་སྣང་བ་དང་༔ ཡང་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མ་བཞི་དང་བཅས་པ་འཆར་བ་ཡིན་ནོ༔ དེར་ཡང་བར་མ་ཆད་པར་ཉམས་སུ་བླངས་པས་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིགས་ལྔའི་ཚོམ་བུ་རྣམས་སྐུ་རྒྱན་རྫོགས་པར་མཛེས་ཤིང་ཡིད་དུ་འོང་བ་དར་སྣ་ཚོགས་པས་ཀླུབ་པ་འོད་ཟེར་འབར་ཞིང་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པར་སྣང་ངོ་༔ དེ་ཡང་ཆེས་ཆེར་གོམས་པའི་སྟོབས་ཀྱིས་ཕྱི་གཞལ་ཡས་ཁང་ནང་ཐོད་པ་ར་རི་གསུམ་གྱིས་བརྩིག་པའི་གཞལ་ཡས་ཁང་མེ་རི་འབར་བའི་ཀློང་དུ་ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཡབ་ཡུམ་འཁྲིལ་སྦྱོར་དང་ཡབ་རྐྱང་རྣམས་གླང་ཆེན་གྱི་ཀོ་རློན་དང་༔ མི་ལྤགས་ཀྱི་སྐེད་དཀྲིས་དང་༔ སྟག་ལྤགས་ཀྱི་ཤམ་ཐབས་ཀྱིས་ཀླུབ་པ༔ མཚོན་ཆ་ཐོགས་པ༔ ཆེ་བ་གནམ་ས་ཙམ་ནས་ཆུང་བ་སྲན་མ་ཙམ་གྱི་བར་དུ་ཚད་མ་ངེས་པར་སྣང་བ་ཡིན་ནོ༔ སྣང་སྲིད་ཐམས་ཅད་འཇའ་འོད་མེ་དཔུང་གི་རྣམ་པས་གང་ཞིང་ཡོངས་སུ་ཁེབས་པའི་རྣམ་པར་སྣང་བ་དང་༔ ཡུལ་ཁབ་མིག་ཙམ་གྱི་ནང་དུ་ལྷ་སྐུ་རྒྱན་རྫོགས་པས་གང་ཞིང་གསལ་བར་སྣང་བ་ནི་ཚད་ཕེབས་ཀྱི་རྩལ་རྫོགས་པའི་ཚད་དུ་འཆར་བའོ༔ ངག་གི་ཚད་ནི་གྲུལ་བུམ་གྱི་ཕྲུ་གུས་གླུ་ལེན་པ་ལྟར་གཞན་གྱི་རྣ་ལམ་དུ་སྙན་ཅིང་བློ་ཁ་བསྒྱུར་ནུས་པ་དང་༔ གཞན་ཡང་ཆོས་ཀྱི་ཚིག་སྣ་ཚོགས་དང་༔ གཏམ་རྒྱུད་རྣམ་པ་སྣ་ཚོགས་པ་དང་༔ སྒྲ་དང་སྙན་ངག་སྡེབ་སྦྱོར་སྣ་ཚོགས་པ་རང་བརྡོལ་བ་དང་༔ སྣང་བ་བརྡ་དང་དཔེ་ཆར་ཤར་ནས་རྒྱུད་ལུང་མན་ངག་གི་ཚིག་དོན་ཐམས་ཅད་ཆུའི་གཞུང་བཞིན་དུ་བརྡོལ་བ་དང་༔ གླུ་དབྱངས་མགུར་མ་ལ་སོགས་པའི་ཚིག་གིས་གཞན་སྣང་དབང་དུ་བསྒྱུར་ཞིང་གཞན་རྒྱུད་ལ་ཕན་གདགས་པ་ཡིན་ནོ༔ ལུས་ཀྱི་རྟགས་ནི་ལུས་མེ་ལོང་གི་བྱད་ལྟར་དྭངས་ཤིང་གསལ་བའི་ཀློང་དུ་གཟུགས་བརྙན་སྣང་བ་བཞིན་དུ་རིགས་ལྔའི་ཕྱག་རྒྱ་གསལ་བ་དང་༔ གཟུགས་བརྙན་སྣ་ཚོགས་པ་སྣང་བ་དང་༔ ལུས་ཤིང་བལ་ལྟར་ཡངས་ཤིང་གདོས་པའི་སྣང་བ་མེད་པ་དང་༔ ལུས་ཀྱི་སྲིན་བུ་འོད་གསལ་དུ་གྲོལ་བའི་ལྟས་སུ་ལུས་ལ་ཤིག་སྲོ་མི་བྱུང་བ་དང་༔ སྐྲ་དཀར་ནག་པོར་འགྱུར་བ་དང་༔ དུང་སོ་དཀར་པོ་ཤིན་ཏུ་གསལ་བར་སྐྱེ་བ་དང་༔ གཞོན་ཤ་རྒྱས་ཏེ་གཉེར་མ་རྣམས་དྭངས་པ་དང་༔ ཕ་རོལ་པོའི་མིག་གིས་མཐོང་བ་ཙམ་ནས་སྣང་བ་བསྒྱུར་ཏེ་དད་གུས་སྐྱེ་བ་དང་༔ ཡེ་ཤེས་ཀྱི་མེ་དྲོད་འབར་བས་གོས་ཀྱི་འདུ་ཤེས་བོར་ནས་གྲང་བའི་སྣང་བ་ཡུལ་མེད་དུ་སངས་ཏེ་བདེ་དྲོད་རྒྱུན་མི་ཆད་པ་དང་༔ ཟས་ཀྱི་འདུ་ཤེས་བོར་ནས་ཏིང་ངེ་འཛིན་གྱི་ཟས་བདེ་སྟོང་གི་ནུས་པས་ལོ་ཟླར་འཚོ་བ་དང་༔ བ་སྤུ་རེ་རེའི་ཁུང་བུར་སེམས་ཅན་གྱི་གནས་རིས་བསམ་གྱིས་མི་ཁྱབ་པའི་སྣང་བ་བཀོད་པ་དང་༔ སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་བཀོད་པ་ནི་རྫུ་འཕྲུལ་ལ་རང་དབང་ཐོབ་པ་ཡིན༔ འཇུག་པ་དང་སྤྲུལ་པ་ལ་རང་དབང་བསྒྱུར་ཏེ་སེམས་ཅན་གྱི་གནས་རིས་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲུལ་ནས་སྐད་ཅིག་དེ་ཉིད་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པ་འདྲེན་པ་དང་༔ སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲུལ་ནས་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་ཅིང་དབང་ནོད་དེ་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་འབྱེད་པ་དང་༔ དེ་གཞན་དུ་བསྒྱུར་ནས་ཡང་རང་དང་གཞན་གྱི་སྣང་བ་བཀོད་པ་དང་༔ སྤྲུལ་པ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་འཕྲུལ་ཅིང་འགྱེད་པར་བྱེད་པའོ༔ སྣང་བ་རྣམ་པར་དག་པས་སྣང་བ་ཞིང་ཁམས་ཀྱི་རོལ་པར་འཆར་བ་དང་༔ སེམས་ཉིད་རྣམ་པར་དག་པས་སྲིད་པ་ལྷ་སྐུའི་རོལ་པར་འཆར་བ་དང་༔ སྒྲ་རྣམ་པར་དག་པས་སྒྲ་གྲགས་ཆོས་ཀྱི་འཁོར་ལོར་སྣང་བ་ཡིན་ཏེ༔ དེ་ལྟར་རྣམ་པར་དག་པ་གསུམ་གྱི་རོལ་པར་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བ་ལས་མ་དག་པའི་སྣང་བ་རྡུལ་ཙམ་ཡང་མི་འབྱུང་བ་ཡིན༔ སྦྱོར་བ་ལ་རང་དབང་འབྱོར་ནས་མ་དག་པ་འཁོར་བའི་སྒོ་དུ་མ་དག་དབྱིངས་བདེ་བ་ཆེན་པོར་སྦྱོར་ནུས་པ་དང་༔ སྒྲོལ་བ་ལ་རང་དབང་ཐོབ་ནས་མཚམས་མེད་པ་ལྔ་ལ་སྤྱོད་པའི་སྐྱེས་བུ་ལའང་རིག་པ་གཏད་པ་ཙམ་གྱིས་རྣམ་པར་གྲོལ་བའི་ས་ལ་སྒྲོལ་བར་བྱེད་པ་དང་༔ འབྱུང་བ་ལ་རང་དབང་འབྱོར་ནས་དངོས་པོ་ཐམས་ཅད་གསེར་དང་དངུལ་ལ་སོགས་པར་བསྒྱུར་བ་དང་༔ ཆུ་མེ་ལ་བསྒྱུར་བ་དང་༔ མེ་ཆུ་ལ་བསྒྱུར་བ་ལ་སོགས་པའི་སྣང་བ་དབང་དུ་བྱེད་པ་ཡིན་ནོ༔ ཟད་པ་ལྔའི་སྐྱེ་མཆེད་ལ་དབང་འབྱོར་བས་ལུས་འབྱུང་བ་ལྔར་སྤྲུལ་ནུས་པ་དང་༔ སྲོག་ཆགས་གཞན་ལ་བརྫུ་བར་ནུས་པ་དང་༔ སྤྲུལ་པའི་གཟུགས་སྣང་སྣ་ཚོགས་པ་འཕྲུལ་བར་བྱེད་ནུས་པ་ཡིན་ནོ༔ སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་ལ་མངའ་དབང་བསྒྱུར་ནས་འཇིག་རྟེན་གསུམ་ལས་འདའ་བར་འདོད་ཚེ་ཆོས་སྐུ་ཀུན་ཏུ་བཟང་པོའི་དབྱིངས་སུ་སངས་རྒྱས་པར་འགྱུར་རོ༔ འདི་དུས་ནི་ཚེ་རབས་ཐམས་ཅད་ཀྱི་དགེ་སྡིག་རྒྱུ་འབྲས་ལ་མ་ལྟོས་པར་ཡར་གྱི་ཟང་ཐལ་ཆེན་པོར་སངས་རྒྱས་པ་ཞེས་བྱ་སྟེ་ལས་ལ་བཟང་ངན་དང་བར་མ་དོའི་སྣང་བ་ལ་མ་ལྟོས་པར་སེམས་སྣང་ཐམས་ཅད་མུན་རུབ་པའི་ནམ་མཁའ་ལྟ་བུའི་སྟེང་དུ་ནམ་ལངས་པ་ལྟར་རང་ཐོག་ཏུ་རང་སད་པ་ཙམ་ལས་འཆི་བ་མེད་པའོ༔ རྫོགས་ཆེན་རང་ལམ་དུ་ཚད་ཕེབས་དང་༔ མདོ་ལམ་དུ་ས་བརྒྱད་པ་ཞེས་བྱ་བ་འདིར་དོན་གྱིས་ཐོབ་པ་དང་༔ བསྐྱེད་པའི་ལམ་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ་ཡང་འདིར་དོན་གྱིས་ཐོབ་པ་ཡིན་ནོ༔ གཞན་ཡང་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས་ཉམས་ཀྱི་འཆར་སྒོ་ཡང་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡོད་པས་མཐའ་གཅིག་ཏུ་མི་འཛིན༔ ཚད་བཟུང་ཡང་མེད་དེ་བཤད་ཟིན་པ་འདི་དག་དཔེ་དང་བརྡ་ཙམ་ཡིན་ཏེ༔ རིག་པས་དཔྱད་ཅིང་གང་ཤར་གང་སྣང་ཐམས་ཅད་ཉམས་ཀྱི་རང་བཞིན་ཡིན་པར་ཐག་ཆོད་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཀྱཻ་རིག་པའི་རྡོ་རྗེ་དེ་ལྟར་ཉམས་སུ་བླངས་པས་སྐྱེས་བུ་བརྩོན་འགྲུས་སྙིང་སྟོབས་ཆེན་པོ་དང་ལྡན་པ་ལམ་གཞན་ལྟར་དབང་པོ་རྣོ་རྟུལ་དང་ལས་ལ་བཟང་ངན་དང་ན་སོ་རྒས་གཞོན་སོགས་ལ་ལྟོས་པ་མ་ཡིན་ཏེ༔ བརྩོན་འགྲུས་དང་སྙིང་སྟོབས་ཁོ་ནའི་བྱེད་ལས་ཀྱི་ཕྱིར་དབང་པོ་ཡང་རབ་ཏུ་བརྗོད་པ་ཡིན༔ དེས་ན་སྒོམ་པ་ཉམས་ལེན་ལ་སྣ་མི་སུན་པར་མི་ཚེ་ཆོས་ལ་དྲིལ་བ་དག་གིས་བཤད་པའི་རིག་པ་ཚད་ཕེབས་ཀྱི་སྣང་བ་ཕྱི་ནང་མ་འཛོལ་བ་རྒྱུད་ལ་འབྱུང་བའི་ཚེ་ན་སྣང་བ་ཐམས་ཅད་འོད་གདངས་ཉིད་ལས་ཐ་མལ་གྱི་སྣང་བ་མི་འབྱུང་ཞིང་སྣང་བར་མི་འགྱུར་རོ༔ མཐར་བཅོ་ལྔའི་ཟླ་བ་ལྟ་བུ་སྐུ་དང་ཐིག་ལེའི་སྣང་བ་ཐམས་ཅད་རིམ་བཞིན་ཇེ་ཉུང་དུ་འགྲོ་སྟེ༔ དུང་ཁང་ནས་འོད་ཕུང་དཀར་པོ་སྤྲིན་ཕུང་ལྟ་བུ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ༔ ཐིག་ལེ་ལྔ་ཚོམ་དུ་ཤར་བའི་དབུས་སུ་རྣམ་པར་སྣང་མཛད་ཡབ་ཡུམ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས་པ་དེ་ལ་དེ་འདྲ་བ་བཞི་ཡིས་བསྐོར་བར་སྣང་སྟེ༔ སྐུ་དེ་དག་གི་ཐོ་ཕྱི་དང་ཁོར་ཡུག་ཐམས་ཅད་རྡོ་རྗེ་ལུ་གུ་རྒྱུད་དཀར་པོ་ཤེལ་དཀར་གྱི་ཕྲེང་བ་བསྟར་ལ་རྒྱུས་པ་ལྟ་བུར་དྲྭ་བ་དྲྭ་ཕྱེད་འཕྱང་བའི་རྣམ་པར་འཆར་རོ༔ དེ་ནས་ཡར་མཆེད་པ་དང་མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་ཟླ་ལྟར་དཀར་བ་རང་གི་སྨིན་མཚམས་སུ་ཟུག་པ༔ འོད་ཀྱི་སྣམ་བུ་དེ་ལ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་ཞག་བདུན་ནམ་ལྔར་འཆར་ཏེ༔ མཐར་རང་གི་སྨིན་མཚམས་སུ་ཐིམ་པས་ལུས་འོད་ཕུང་དུ་སྨིན༔ མི་འགྱུར་བ་སྐུ་རྡོ་རྗེའི་དབང་ནོད་པ་ཡིན་ཏེ༔ འདིའི་དུས་སུ་ཚེའི་དུས་བྱས་ནའང་དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ༔ ས་གཞི་ཐམས་ཅད་རིན་པོ་ཆེ་ཤེལ་ལས་གྲུབ་པ་རྒྱ་ཆེ་ཞིང་ཁྱོན་ཡངས་པ་ཁྱབ་བརྡལ་ནམ་མཁའི་ཁྱོན་ལ་བསྙེགས་པ༔ ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་བྱད་ལྟ་བུ༔ མནན་ན་མར་ལ་ནེམ་ཞིང་བཏེགས་ན་ཡར་ལ་སྤར་བ༔ སའི་བཞིན་ལ་རྐང་པའི་མཐིལ་གྱིས་རེག་པས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་འབར་བ༔ སྨན་གྱི་སྤང་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་པདྨོས་ས་གཞི་ཐམས་ཅད་ཡོངས་སུ་ཁེབས་པ༔ ནམ་མཁའ་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ གཞན་ཡང་འཇའི་བླ་བྲེ་དང་༔ གདུགས་དང་རྒྱལ་མཚན་དང་འཕན་ལ་སོགས་པའི་རྣམ་པར་སྣང་བ༔ ཁོར་ཡུག་ཐམས་ཅད་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཆེན་པོས་བསྐོར་བའི་འགྲམ་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་པ་དང་༔ གཡུའི་ནེའུ་སིང་དང་༔ གསེར་གྱི་བྱེ་མ་བརྡལ་བ༔ དེའི་ནང་གི་ཁོར་ཡུག་ཏུ་དཔག་བསམ་གྱི་ཤིང་གི་ནགས་ཚལ་ལྷུན་ཧ་ཅང་མི་འཐུག་ཅིང་རྒྱ་ཡོངས་སུ་མ་ཆད་པ༔ རྫིང་བུ་དེའི་ཚལ་ན་སངས་རྒྱས་སྤྲུལ་པའི་བྱ་ཚོགས༔ དུང་གི་མདོག་ལྟར་དཀར་བ༔ གསེར་གྱི་མདོག་ལྟར་སེར་བ༔ བྱེ་རུའི་མདོག་ལྟར་དམར་བ༔ ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ༔ བཻ་ཌཱུཪྻའི་ཁ་མདོག་ལྟར་སྔོ་བ༔ གཞན་ཡང་ཁྲ་བོ་དང་ནག་པོ་དང་༔ མོག་པོ་ལ་སོགས་པས་མཛེས་པའི་གཟུགས་ངོམས་ཤིང་སྙན་པའི་དབྱངས་ཀྱིས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པ༔ རྒྱ་མཚོར་འཁོར་ཞིང་དཔག་བསམ་གྱི་ཤིང་ལ་འབབ་པ༔ ཆུ་བོ་དེའི་ནང་ན་ལྷ་ཡི་བུ་མོ་དང་༔ ཀླུའི་བུ་མོ་དང་༔ དྲི་ཟའི་བུ་མོ་དང་༔ མིའམ་ཅིའི་བུ་མོ་རྣམས་ཀྱིས་རྣམ་པར་འཕྲུལ་པའི་ལྷ་མོ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་དཔག་ཏུ་མེད་པས་མཆོད་པའི་སྤྲིན་རྒྱ་མཚོས་རྒྱུན་མི་ཆད་པར་མཆོད་ཅིང་བཀུར་སྟི་བྱེད་པའོ༔ ཞིང་ཁམས་དེའི་དབུས་སུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་དང་ལྡན་པ༔ ཤར་ཤེལ་ལས་གྲུབ་པ༔ ལྷོ་གསེར་ལས་གྲུབ་པ༔ ནུབ་པདྨ་རཱ་ག་ལས་གྲུབ་པ༔ བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ༔ ཡ་ཕུབ་བཻ་ཌཱུཪྻ་ལས་གྲུབ་པ༔ ཕྱི་ནང་ཟང་ཐལ་དུ་གསལ་བ༔ ནང་གི་ས་གཞི་ཐམས་ཅད་རིན་པོ་ཆེའི་འཇའ་ཤེལ་ལས་གྲུབ་པ༔ ཉི་ཟླའི་སྐར་ཁུང་གི་འོད་ཕོག་པས་འཇའ་འོད་དང་ཐིག་ལེར་འཁྲིག་པ༔ རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ༔ གདུགས་དང་༔ རྒྱལ་མཚན་དང་༔ བ་དན་དང་༔ དར་གྱི་ལྷབ་ལྷུབ་རླུང་གིས་བསྐྱོད་པ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་ལ་སྤུ་སྡུག་ཡིད་དུ་འོང་བའི་རི་དྭགས་ཆོས་ཉན་པ་མང་པོ་ཡོད་པ༔ རྟ་བབ་བང་རིམ་ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུའི་ཏོག་གིས་མཛེས་པར་བརྒྱན་པའི་གཞལ་ཡས་ཁང་རྒྱ་ཆེ་ཞིང་ཁྱོན་ཡངས་པ༔ བཀོད་ལེགས་ཤིང་རྒྱན་རྫོགས་པ༔ འཇའ་དང་འོད་ཕུང་གིས་བརྒྱན་པའི་དབུས་སུ་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ༔ གཟུགས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ༔ རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར་བར་དོ་མེད་པར་སྣང་བ་འཕོས་ཏེ་བརྟན་པ་ཐོབ་པར་འགྱུར་བ་ཡིན༔ ལམ་གྱི་གནས་སྐབས་སུའང་སྐབས་སྐབས་སུ་ཞིང་ཁམས་དེ་ཡིད་ལ་བྱེད་པ་གནད་དུ་ཤེས་པར་བྱའོ༔ ཀྱཻ་རིག་པའི་རྡོ་རྗེ་ལམ་སྦྱངས་པའི་སྐྱེས་བུ་དེ་ཉིད་ས་མཚམས་དེ་ལས་འདས་མཐར༔ རང་གི་མགྲིན་པ་ནས་འོད་གདངས་དམར་པོ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ་ཐིག་ལེ་ལྔ་ཚོམས་སུ་ཤར་བའི་དབུས་སུ༔ སྣང་བ་མཐའ་ཡས་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་དམར་པོ་པདྨ་རཱ་གའི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་མགྲིན་པར་ཟུག་པའི་རྒྱུད་དུ་ཐིག་ལེ་དམར་པོ་པདྨ་རཱ་གའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་ཡང་ཞག་ཉེར་གཅིག་གམ་བདུན་ནམ་ལྔ་ནས་རང་གི་མགྲིན་པར་ཐིམ་པའི་སྣང་བ་འཆར་རོ༔ མི་འགག་པ་གསུང་གསང་བ་རྡོ་རྗེའི་དབང་ནོད་ཅིང་གདིང་ཐོབ་པར་འགྱུར་རོ༔ འདིའི་དུས་སུ་མཚམས་ཆད་དེ་འཕོ་བའི་དབང་དུ་གྱུར་ནའང་སྐད་ཅིག་གིས་ས་གཞི་ཐམས་ཅད་པདྨ་རཱ་ག་ལས་གྲུབ་པ་རྒྱ་ཆེ་ལ་ཁྱོན་ཡངས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤངས་རི་ལས་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་པདྨོ་བཞད་པས་ཡོངས་སུ་ཁེབས་པ༔ ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པས་རྒྱ་ཡོངས་སུ་མ་ཆད་པར་བསྐོར་བ༔ བདུད་རྩིའི་རྫིང་བུ་དང་༔ རིན་པོ་ཆེའི་གྲམ་པ་དང་༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ དཔག་བསམ་གྱི་ཤིང་དང་༔ བདུད་རྩིའི་ཆུ་མིག་དང་༔ འཇའི་བླ་བྲེ་དང་༔ གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་རྣམས་རང་ཤར་བ་དང་༔ མཆོད་པའི་ལྷ་མོ་བསམ་ཡས་པས་མཆོད་ཅིང་བཀུར་སྟི་རྒྱུན་མི་ཆད་པར་བྱེད་པའི་དབུས་སུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་༔ ནང་གི་ལོགས་ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་༔ ཡ་ཕུབ་མཐིང་གའི་ཁ་དོག་འབར་བ༔ རྒྱན་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ༔ རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དྲུང་དུ་སྣང་བ་འཕོས་ཏེ་ངང་བརྟན་ཅིང་གདིང་ཐོབ་པར་འགྱུར་རོ༔ ཡང་ས་མཚམས་དེ་ལས་འདས་པའི་དུས་སུ་རང་གི་སྙིང་ག་ནས་འོད་གདངས་མཐིང་ག་སྤྲིན་ཕུང་ལྟ་བུ་མདུན་གྱི་ནམ་མཁར་མཆེད་པའི་ཀློང་དུ༔ ཐིག་ལེ་མཐིང་ག་རྒྱ་ཆེ་ལ་ཁྱོན་ཡངས་པ་ལྔ་ཚོམས་སུ་ཤར་བའི་དབུས་སུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་རྒྱན་རྫོགས་པར་འཆར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་མཐིང་ག་མུ་མེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་མཐིང་ག་རང་གི་སྙིང་གར་ཟུག་པའི་རྒྱུད་དུ་བཻ་ཌཱུཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་ཏེ༔ དེ་ཡང་ཞག་བཅུ་ཕྲག་སོགས་ནས་རང་གི་སྙིང་གར་ཐིམ་པར་སྣང་ངོ་༔ མི་འཁྲུལ་པ་ཐུགས་ཤེས་རབ་ཡེ་ཤེས་རྡོ་རྗེའི་དབང་ནོད་ཅིང་གདིང་ཐོབ་པར་འགྱུར་རོ༔ དེའི་དུས་སུ་མཚམས་ཆད་ནའང་བར་དོ་མེད་པར་སྣང་བ་གནས་སུ་འགྱུར་ཏེ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ༔ མེ་ལོང་གི་བྱད་ལྟར་ངོས་འཇམ་ཤིང་དྭངས་པ༔ ཁ་དོག་མཐིང་ག་བཻ་ཌཱུཪྻ་ལྟ་བུ༔ འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ སྨན་གྱི་སྤངས་རི་ལ་རབ་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་པས་བརྒྱན་པ༔ དཔག་བསམ་གྱི་ཤིང་དང་༔ ཡན་ལག་བརྒྱད་ལྡན་གྱི་ཆུ་མཚོ༔ གསེར་གྱི་བྱེ་མ་དང་༔ གཡུའི་ནེའུ་སེང་དང་༔ རིན་པོ་ཆེའི་གྲམ་པ་དང་༔ མཆོད་པའི་ལྷ་མོ་བསམ་ཡས་པས་མཆོད་བསྟོད་བཀུར་སྟི་བྱེད་པ༔ ནམ་མཁའ་དང་བར་སྣང་མཛེས་པའི་རྒྱན་ཐམས་ཅད་རྫོགས་པའི་དབུས་སུ༔ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ༔ ཕྱི་བཻ་ཌཱུཪྻའི་ཁ་དོག་ལྟ་བུ་མཐིང་ལ་འོད་འབར་བ༔ ནང་ཡེ་ཤེས་ལྔའི་ཁ་དོག་བཀྲ་ཞིང་གསལ་བའི་དབུས་སུ་གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་སྐུ་མདོག་མཐིང་ནག་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་རྫོགས་ཤིང་ཕྱག་གཉིས་ས་གནོན་དང་མཉམ་བཞག་མཛད་པ༔ འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་འདུས་ཤིང་སྟོན་པ་ལས་ཆོས་ཉན་ཅིང་འདུད་པ་དེར་སྣང་བ་འཕོས་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ས་མཚམས་དེ་ལས་འདས་ཚེ་རང་གི་ལྟེ་བ་ནས་འོད་ཕུང་སེར་པོ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུ་ཞིག་མདུན་གྱི་ནམ་མཁར་འཕྲོས་ཏེ༔ འཕྲོས་མ་ཐག་ཏུ་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟ་བུ་འོད་གདངས་སེར་པོ་དང་༔ གཞན་ཡང་སྣང་བ་ཐམས་ཅད་འོད་གདངས་སེར་པོའི་རོལ་པར་འཆར་རོ༔ འོད་ཕུང་དེའི་ཀློང་དུ་ཐིག་ལེ་ཆེན་པོ་ཕུབ་ཀྱི་སྦ་འཁོར་ལྟ་བུ་ལྔ་ཚོམས་སུ་ཤར་བའི་དབུས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་སེར་པོ་རིན་པོ་ཆེ་སྦུར་ལེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་འཕྱང་བའི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མས་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་སེར་པོ་རང་གི་ལྟེ་བར་ཟུག་པར་སྣང་ངོ་༔ འོད་ཀྱི་སྣམ་བུ་དེའི་རྒྱུད་དུ་གསེར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་ཞག་ལྔའམ་བདུན་དུ་འཆར་ཏེ༔ མཐར་རང་ལ་ཐིམ་པར་འགྱུར་རོ༔ ཡོན་ཏན་ཡོངས་སུ་རྫོགས་པ་མཚན་མ་ཚིག་དང་བྲལ་བ་ཡེ་ཤེས་རྡོ་རྗེའི་དབང་ནོད༔ འདིའི་དུས་སུ་མཚམས་ཆད་ནའང་བར་དོ་མེད་པར་སྣང་བ་གནས་སུ་འགྱུར་ནས༔ དཔལ་ལྡན་རིན་པོ་ཆེའི་ཞིང་ཁམས་ས་གཞི་ཐམས་ཅད་བཙོ་མ་གསེར་གྱི་ཁ་དོག་ལྟ་བུ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ༔ ངོས་འཇམ་ཞིང་ཁོད་སྙོམས་པ༔ སྨན་གྱི་སྤངས་རི་ལ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ༔ བདུད་རྩིའི་རྫིང་བུ་དང་༔ དག་བྱེད་ཀྱི་ཆུ་མིག༔ དཔག་བསམ་གྱི་ལྗོན་ཤིང་ལ་སོགས་པ་མཆོད་པའི་སྤྲིན་རྒྱ་མཚོས་ཡོངས་སུ་གང་བའི་དབུས་སུ་ཡེ་ཤེས་འཕྲུལ་གྱི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་གསེར་གྱི་ཁ་དོག་ལྟ་བུ༔ ནང་ཡེ་ཤེས་ལྔའི་རང་མདངས་ལས་ལས་བཞིའི་ཁ་དོག་དང་ལྡན་པའི་དབུས་སུ་རྟ་མཆོག་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་ཚོར་བའི་ཕུང་པོ་གནས་སུ་དག་པའི་ངོ་བོ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་ལ་རྟག་ཏུ་ཆོས་སྟོན་པ་དེར་སྣང་བ་མཆེད་དེ་གྲོལ་བ་ཐོབ་པར་འགྱུར་རོ༔ ས་མཚམས་དེ་ལས་འདས་ཚེ་རང་ལུས་འོད་ལྔར་སྣང་ཏེ་དེ་ལས་འོད་ཕུང་ལྗང་ནག་མདུན་གྱི་ནམ་མཁར་འཕྲོས་པའི་ཀློང་དུ་འོད་ལྔའི་ཁ་དོག་ལྔ་ལྡན་བསེ་ཕུབ་ཙམ་ལྔ་ཚོམས་ཀྱི་ནང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་སྐུ་སྐྱེ་མཆེད་དྭངས་ཤིང་རྒྱན་རྫོགས་པ་འོད་དང་འོད་ཕུང་བལྟར་མི་བཟོད་པར་འབར་བ༔ དེ་དག་ཐོ་ཕྱི་ཐམས་ཅད་དུ་རྡོ་རྗེ་ལུ་གུ་རྒྱུད་གཡུའི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ དེ་ནི་ཡར་མཆེད་པ་དང་༔ མར་འཇུག་པ་ནི་སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་ལྗང་གུ་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུ་རང་གི་གསང་གནས་སུ་ཟུག་པའི་རྒྱུད་དུ་གཡུའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པ་འཆར་ཏེ༔ དེ་ཡང་ཞག་བཅུ་ཕྲག་སོགས་ཚད་རྫོགས་པའི་རྗེས་སུ་རང་ལ་ཐིམ་པར་སྣང་ངོ་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ལ་མངའ་དབང་བསྒྱུར་བའི་དབང་ནོད༔ འདིའི་དུས་སུ་སྣང་བ་གནས་སུ་འགྱུར་ནའང་ལས་རབ་རྫོགས་པའི་ཞིང་ཁམས་ས་གཞི་ཐམས་ཅད་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་ལྟར་འབར་བ༔ ཁོར་ཡུག་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཕྱི་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་ལྟར་ལྗང་བ༔ ནང་ཡེ་ཤེས་ལྔའི་རང་མདངས་ལས་བཞིའི་ཁ་དོག་གསལ་ཞིང་བཀྲ་བ༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཤང་ཤང་ཏེའུ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ༔ པདྨ་དང་ཉི་ཟླའི་གདན་ལ་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་བྱ་གྲུབ་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར་སྣང་བ་འཕོས་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ལྷུན་རྫོགས་ཀ་དག་རྡོ་རྗེའི་དབང་ནོད་དེ་ཉམས་སྣང་དག་པའི་མཐར་ཐུག་དེ་ལས་འདས་ཚེ་དུང་ཁང་དུ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་སྣང་སྟེ༔ སྟེང་གི་ནམ་མཁའ་ལ་འཕགས་ནས་འཇིགས་པའི་གད་རྒྱངས་དང་གར་གྱི་རྣམ་འགྱུར་སྣ་ཚོགས་བསྒྱུར་བས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་འགུལ་ཞིང་ས་ཆེན་གཡོ་བ་དང་༔ སྒྲ་ཆེན་པོ་འུར་བ་ལ་སོགས་པའི་རྐྱེན་ལས་སྣོད་བཅུད་ཐམས་ཅད་འོད་ཀྱི་ངང་དུ་ཡལ་ཏེ་རང་ལུས་ཀྱང་འོད་ཀྱི་ཀློང་དུ་ལག་པའི་སོར་མོ་བཀྲམ་པ་ཙམ་ལས་མི་སྣང་ངོ་༔ འདིའི་དུས་སུ་མི་འཇིགས་པའི་གདིང་ཆེན་པོ་བཞི་ཐོབ་པར་འགྱུར་ཏེ༔ བཞི་གང་ཞེ་ན༔ རང་གཞི་ཆོས་སྐུ་གདོད་མའི་མགོན་པོ་ཡེ་སངས་རྒྱས་པའི་དོན་གཤིས་ཐོག་ཏུ་ཕེབས་པས་སངས་རྒྱས་ནམ་མཁའ་གང་བ་ཙམ་གྱི་ཞལ་མཐོང་ཡང་དད་པ་དང་མོས་གུས་ཅུང་ཟད་ཙམ་ཡང་མེད་པའི་གདིང་ཆེན་པོ་དང་༔ རང་ངོར་སངས་རྒྱས་པ་ལས་རྒྱུ་འབྲས་གཞན་གྱིས་ཕན་གནོད་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་ཆེན་པོ་དང་༔ རང་གཞི་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་གཤིས་ཐོག་ཏུ་ཕེབས་པས་སྲོག་གཅོད་ཀྱི་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་བ་ཅུང་ཟད་ཙམ་མེད་པའི་གདིང་ཆེན་པོ་དང་༔ ཀ་དག་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་གྱུར་ཏེ་གདོད་ནས་འཁྲུལ་མི་ཤེས་པའི་དོན་གཤིས་ཐོག་ཏུ་ཕེབས་པས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་ཆེན་པོ་དང་བཞི་ཐོབ་པ་ཡིན་ནོ༔ དེ་ནས་དབྱིངས་དང་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཐམས་ཅད་རིམ་གྱིས་ནུབ་པ་ནི་ཟླ་བ་ཉ་གང་བ་ནས་གནམ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་བཞིན་དུ་ཡལ་བའོ༔ མཐར་མ་རིག་པ་གཞི་ལ་སངས་ནས་ཆོས་ཉིད་ཀྱི་དོན་གཤིས་ཐོག་ཏུ་ཕེབས༔ བདག་འཛིན་གྱི་གཞི་རྩ་ཞིག་ནས་འཛིན་པའི་སེམས་ཟད༔ གཟུང་འཛིན་གྱི་ཟེར་ཐག་ཆད་པས་གཟུང་བའི་ཡུལ་ཟད༔ གཉིས་སྣང་གི་རྟོག་པ་ཟད་པས་འཁོར་འདས་དག་མཉམ་དུ་ཕྱམ་བརྡལ་བའི་ངང་དུ་འབྱམས་ཀླས་པ་ཡིན༔ ལུས་དུར་ཁྲོད་ཀྱི་མི་རོ་ལྟ་བུར་སྲོག་གཅོད་ཀྱི་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་བ་མི་སྐྱེ་བ་དང་༔ ངག་བྲག་ཅ་ལྟ་བུར་སོང་ནས་ཕ་རོལ་པོའི་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཟློ་བ་དང་༔ སེམས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཆོས་ཉིད་སྤྲོས་མཐའ་དང་བྲལ་བ་ཁྱབ་བརྡལ་ཕྱོགས་ཡན་ཆེན་པོའི་ངང་དུ་འབྱམས་ཀླས་པའོ༔ ཀྱཻ་རིག་པའི་རྡོ་རྗེ་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་པའི་སྐྱེས་བུ་དེ་ལ་མདོ་ལམ་གྱི་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བ་ལས་ཆེས་ཆེར་འཕགས་པ་དང་༔ སྔགས་ལམ་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་མཆོག་དོན་གྱིས་ཐོབ་པ་ཡིན་ནོ༔ ད་དུང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་བག་ལ་ཉལ་བ་ལངས་ཏེ་མཁའ་ལ་གློག་འཁྱུག་པས་སྣང་བ་སྟོན་པ་བཞིན་དུ་སྐབས་རེ་ལ་རང་ལུས་འོད་ཀྱི་ཀློང་དུ་འོད་ལག་སོར་བཀྲམ་པ་ཙམ་སྣང་སྟེ༔ སྣང་སེམས་སྐབས་འབྱེད་ཅིང་གཏམ་དང་ཆོས་ཚིག་སྔར་བཞིན་སྨྲ་བའི་སྐབས་འགའ་མཆིས་པས་ཤེས་པར་གྱིས་ཤིག༔ དེ་ལྟར་ཞག་བཅུའམ་ཟླ་བ་བཅུའི་ཚད་རྫོགས་པའི་ཚེ་ཤེས་སྒྲིབ་ཕྲ་བའི་ཕྲ་བ་དབྱིངས་སུ་དེངས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་རྫོགས་ཏེ་གཞི་ཀ་དག་གདོད་མའི་ཆོས་སྐུ་ལ་མངའ་དབང་བསྒྱུར༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་མངའ་དབང་བསྒྱུར་ཏེ་ཀ་དག་གཞོན་ནུ་བུམ་སྐུར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཕོས་ཏེ་འབྱམས་ཀླས་པར་འགྱུར་བ་ཡིན་ནོ༔ དབང་པོ་ཡང་རབ་ཏུ་གྱུར་པ་དག་ཆུ་ལ་ཆུ་ཐིམ་པའམ་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་བརྡལ་ཁྱབ་ཆོས་ཀྱི་སྐུར་འབྱམས་ཀླས་པ་འཕོ་བ་ཆེན་པོའི་སྐུར་གྲོལ་བ་དང་༔ དབང་པོ་འབྲིང་རྣམས་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འཇའ་ལུས་ཆེན་པོར་སངས་རྒྱས་པར་འགྱུར༔ དབང་པོ་ཐ་མ་གཞིའི་འོད་གསལ་ཤར་བའི་དུས་སུ་དབྱིངས་ལས་འཇའ་ཚོན་འཁྲིགས་ཏེ་ལུས་ཀྱི་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་ཕུང་པོ་ལྷག་མ་མེད་པར་འཇའ་ལུས་སུ་དེངས་པ་འཇའ་ལུས་ཆུང་ངུ་ཞེས་བྱ་བ་ཡིན་ནོ༔ འགའ་ཞིག་གཞིའི་འོད་གསལ་ཤར་བའི་གནས་སྐབས་སུ་ཞག་གྲངས་བདུན་ཕྲག་ཚུན་ཆད་དུ་ལུས་ཀྱི་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་སྐྲ་དང་སེན་མོ་ཙམ་སྙིགས་མར་ལུས་ཏེ་ལུས་རྡུལ་ཕྲན་དུ་དེངས་པ་འཕོ་བ་ཆུང་ངུ་ཞེས་བྱའོ༔ དབང་པོ་ཡང་རབ་ལ་ཁྲེགས་ཆོད་དུའང་ལུས་རྡུལ་ཕྲན་དུ་དེངས་པ་འདི་འབྱུང་བ་ཡིན་ནོ༔ ཀྱཻ༔ རིག་པའི་རྡོ་རྗེ་ལ་སོགས་པའི༔ འདུས་པའི་འཁོར་རྣམས་གསན་ཅིང་དགོངས༔ ལྷུན་གྲུབ་གཞོན་ནུ་བུམ་སྐུ་ལ༔ ཁྱད་དུ་འཕགས་པའི་ཡོན་ཏན་ནི༔ མ་རིག་སྒྲིབ་པ་དབྱིངས་སངས་ཏེ༔ ཀུན་གཞི་ལས་ནི་ཆོས་སྐུར་འཕགས༔ གདངས་ཀྱི་ཡེ་ཤེས་མངོན་གྱུར་ཏེ༔ གདངས་གསལ་ལས་ནི་ཁྱད་དུ་འཕགས༔ བདག་མེད་ཆེན་པོ་མངོན་གྱུར་ཏེ༔ བདག་སྣང་ལས་ནི་ཁྱད་དུ་འཕགས༔ སྐུ་དང་ཡེ་ཤེས་མངོན་གྱུར་ཏེ༔ སྣང་བ་ལས་ནི་ཁྱད་དུ་འཕགས༔ ཇི་སྙེད་གཟིགས་པ་མངོན་གྱུར་ཏེ༔ སེམས་ལས་ཡེ་ཤེས་ཁྱད་དུ་འཕགས༔ རང་ཐོག་རང་སངས་རྒྱས་པ་ལ༔ ཞིང་ཁམས་བགྲོད་ལས་ཁྱད་དུ་འཕགས༔ སྤྲོས་མཐའ་ཀུན་དང་བྲལ་བ་སྟེ༔ རྟེན་འབྲེལ་རྒྱུ་ལས་ཁྱད་དུ་འཕགས༔ རྣམ་ཐར་བརྒྱད་དང་ལྡན་པ་ལ༔ ལམ་འབྲས་ཀུན་ལས་ཁྱད་པར་འཕགས༔ དབྱིངས་དང་ཡེ་ཤེས་མཉམ་བརྡལ་ཏེ༔ སྲིད་པ་ལས་ནི་ཁྱད་དུ་འཕགས༔ ཁྱད་འཕགས་ཆེ་བ་དགུ་ལྡན་པའི༔ ཡང་དག་རྫོགས་པའི་སངས་རྒྱས་ལ༔ རྒྱལ་བ་ཀུན་གྱིས་མངོན་པར་བསྟོད༔ ཅེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེ་ལ་སོགས་པའི་འཁོར་ཚོགས་ཐམས་ཅད་ཀྱིས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས༔ དེང་སྙིགས་མ་ལྔ་བདོ་བའི་དུས་འདིར་སེམས་ཅན་དམུ་རྒོད་པའི་དབང་གིས༔ ལ་ལ་ནི་ཟས་དང་ནོར་གྱིས་ཕོངས་པའི་དབང་གིས་དེ་དོན་དུ་གཉེར་ནས་མི་ཚེ་སྟོང་ཟད་དུ་འགྲོ་བ་དང་༔ ལ་ལ་ནི་རྣམ་གཡེངས་དང་ལེ་ལོའི་དབང་དུ་ཤོར་ནས་མི་ཚེ་དེར་འདའ་བ་དང་༔ ལ་ལ་ནི་དགྲ་འདུལ་གཉེན་སྐྱོང་གི་ཕྱིར་འབྲངས་ཏེ་ཁེ་འདོད་དང་གྲགས་འདོད་ཀྱི་བསམ་པ་རྒྱུན་མི་ཆད་པས་མི་ཚེ་དེར་འདའ་བ་དང་༔ ལ་ལ་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལ་ཁ་འཆོལ་ཏེ་སྲིད་པའི་ཕུན་ཚོགས་ཀྱི་དབང་དུ་ཤོར་བ་དང་༔ ལ་ལ་ནི་བདུད་དང་བར་ཆད་ཀྱི་དབང་དུ་སོང་ནས་སྒོམ་ཐ་མལ་དུ་འཆོལ་བ་ལ་སོགས་པའི་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བའི་དབང་གིས་ཇི་ལྟར་གྲོལ་བའི་ས་ལ་ཕེབས་པ་ནི་ཤིན་ཏུ་ཉུང་སྟེ༔ དེར་མ་གྲོལ་ན་བར་མ་དོའི་གནས་སུ་འགྲོ་དགོས་པས་ན་དེར་ཉམས་ལེན་གྱི་གནད་ཇི་ལྟ་བ་བཞིན་དུ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་ལ་སོགས་པ་འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག༔ བར་དོ་ཞེས་བྱ་བའི་ངོ་བོ་ནི༔ ད་ལྟའི་ཐ་མལ་གྱི་ཤེས་པ་དྭངས་ཤིང་གསལ་ལ་བཟོ་མ་བཅོས་པ་བསླད་མ་ཞུགས་པའི་ཟང་ཀ་མ་འདི་ཀ་ཡིན་ནོ༔ དེ་ཅིའི་ཕྱིར་ཞེ་ན༔ འདི་མ་རྟོགས་པའི་དབང་གིས་འཁོར་བ་མཐའ་མེད་དུ་འཁྱམས་པར་བྱེད་པ་དང་༔ རྟོགས་པའི་དབང་གིས་མྱ་ངན་ལས་འདའ་བར་བྱེད་པ་ཡིན༔ ཤེས་པ་འདི་ཉིད་ནི་དུས་གསུམ་དུ་གྲོལ་བས་སངས་རྒྱས་སུ་མ་སོང་༔ མ་གྲོལ་བས་འཁོར་བར་མ་འཁྱམས་པར་བར་དོར་ལུང་མ་བསྟན་པར་གནས་པ་ནི་སེམས་ཅན་གྱི་མཚན་ཉིད་དོ༔ གཞི་མ་རིག་པ་ལས་སེམས་ཅན་མཆེད་པ་ནི་ཉི་མ་ལྟ་བུའོ༔ སེམས་ལས་སེམས་བྱུང་གི་རྟོག་པ་མཆེད་པ་ནི་ཉི་ཟེར་ལྟ་བུ༔ སེམས་བྱུང་ལས་སྣང་བ་མཆེད་པ་ནི་ཉི་འོད་ལྟ་བུ་ཡིན་ཏེ༔ སེམས་ཀྱི་ངོ་བོ་དྭངས་ཤིང་གསལ་བའི་ཆ་མངོན་དུ་བྱེད་པ་ནི་མིག་ལྟ་བུ་དེ་ཀ་ཡིན་ནོ༔ སེམས་ཀྱི་ངེས་ཚིག་ནི་སྣང་བའི་ཕྱིར་སེམས་པ་ལ་བྱའོ༔ དེ་ལྟར་སེམས་ཀྱི་གཞི་བར་དོའི་ངོ་བོར་རང་བྱུང་བ་ཡིན་ནོ༔ བར་དོའི་ངེས་ཚིག་ནི་སྲིད་པ་སྔ་མ་ལས་ནི་འདས་ཕྱི་མའི་སྲིད་པ་མ་བྱུང་གི་བར་དུ་འཁྲུལ་སྣང་རྟེན་གནས་མེད་པའི་རྨི་ལམ་ལྟ་བུ་ཞིག་ཤར་བ་ལ་བྱའོ༔ དེ་ལ་དབྱེ་ན༔ སྐྱེ་སྲིད་འཛིན་པའི་བར་དོ་དང་གཅིག༔ བསྒོམ་པ་བསམ་གཏན་གྱི་བར་དོ་དང་གཉིས༔ རྨི་ལམ་འཁྲུལ་པའི་བར་དོ་དང་གསུམ༔ འཆི་ཁ་ཐིམ་རིམ་གྱི་བར་དོ་དང་བཞི༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བར་དོ་དང་ལྔ༔ སྲིད་པ་ལས་ཀྱི་བར་དོ་དང་དྲུག་ཏུ་ཡོད་པ་ལས༔ དང་པོ་སྐྱེ་གནས་བར་དོའི་དཔེ་ནི༔ ཤིང་ཁའི་བྱེའུ་དང་འདྲ་སྟེ་ཡུན་རིང་དུ་མི་སྡོད་པར་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ཆོས་ཅན་ཡིན་ཏེ༔ འདིའི་རང་བཞིན་ལ་བསམ་ནས་ཡུན་རིང་དུ་སྡོད་གྲབ་བྱེད་པའི་བློ་སྣ་བསྟུངས་ཏེ་དང་པོ་བུང་བ་བཅུད་ལ་རྒྱུ་བ་བཞིན་དུ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ཅིང་ཉམས་ལེན་གྱི་དུས་སུ་ཐེ་ཚོམ་དང་ཡིད་གཉིས་ཆོད་པ་ཐི་བྱ་ཚང་ལ་འཇུག་པ་ལྟ་བུ་ཞིག་དགོས་པ་ཡིན༔ ཐི་བྱ་འདབ་ཆགས་ནང་ནས་དཔྱོད་པ་ལ་མཁས་པས་དང་པོ་ཚང་བཅའ་བའི་དུས་སུ་གནས་ལ་སྲོག་ཆགས་གཞན་གྱི་རྒྱུ་འགྲུལ་དང་འཚེ་བ་ཡོད་མེད་ཡུན་རིང་པོར་ཞིབ་ཏུ་བརྟག་ནས་ཐག་ཆོད་པའི་རྗེས་སུ་ཚང་བཅའ་བ་ཡིན་ལ༔ ཚང་བཅས་ཟིན་ཕན་ཆད་ཐེ་ཚོམ་དང་ཡིད་གཉིས་མེད་པར་མདའ་ལྟར་ཤར་གྱིས་ཡོང་ནས་ཚང་དུ་འཇུག་པ་ལྟར༔ དང་པོ་སློབ་དཔོན་མཚན་ཉིད་དང་ལྡན་པ་བསྟེན་ཏེ་ཐོས་པ་རྒྱ་ཆེ་ཞིང་གཏིང་དཔོག་པས་ལམ་གྱི་གནད་ལ་གོལ་འཕྱུག་མེད་པར་རང་སྟོབས་ཀྱིས་བགྲོད་ནུས་པ་ཞིག་དགོས་པ་ཡིན༔ དེ་ལ་དང་པོ་ལྟ་སྒོམ་ཉམས་རྟོགས་དང་ས་ལམ་གྱི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཉམས་འོག་ཏུ་ཆུད་པར་བྱས༔ དེའི་མཐར་ཚེ་འདིའི་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པའི་ངང་དང་མི་འབྲལ་བར་ཚོང་འདུས་ཀྱི་མགྲོན་པོས་རང་དོན་གཉེར་བ་བཞིན་དུ་བརྩོན་འགྲུས་དང་སྙིང་སྟོབས་དྲག་པོས་ཆོས་ལ་ཆོག་ཤེས་མེད་པར་ཉམས་སུ་ལེན་པ་དང་༔ ཐག་རིང་མགྲོན་པོས་དོན་གཉེར་ཆེན་པོ་ཐོབ་ནས་ལམ་དུ་ཞུགས་ཚེ་དགྲ་རྐུན་ལ་ཤོར་བ་ལྟ་བུའི་གེགས་ཆེན་འདུ་འཛི་རྣམ་གཡེངས་དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བའི་དབང་དུ་མ་ཤོར་བ་གནད་ཀྱི་ཡང་གཅེས་དམ་པར་བཟུང་བ་ནི་ཆོས་པ་ཀུན་གྱི་སྙིང་རྡོ་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ དེ་ལྟར་ཉམས་སུ་བླངས་པས་དབང་པོ་རབ་ཏུ་གྱུར་པ་རྣམས་འཆི་བ་ཚེ་ཚད་ལ་མི་ལྟོས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་འཚང་རྒྱ་བ་དང་༔ འབྲིང་རྣམས་འཆི་ཁ་བར་དོ་མེད་པར་ཆོས་ཉིད་རང་ཐོག་ཏུ་གྲོལ་བར་འགྱུར་བ་དང་༔ ཐ་མ་བར་དོར་འོད་གསལ་མ་བུ་འདྲེས་ཏེ་གྲོལ་བ་ཐོབ་པ་ཡིན་ནོ༔ བར་སྐབས་འདི་ལྟར་འཕོ་བའི་ལམ་ལ་སྦྱང་བ་ཐོབ་པར་བྱ་བ་གཅེས་ཏེ༔ ཨཿརང་གི་སྤྱི་བོར་ཨ་ཡིག་དཀར་པོ་བསྒོམ༔ དེ་ལས་འོད་ཕུང་དཔག་མེད་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ཆེན་པོའི་ཞིང་༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ལ༔ བཀོད་ལེགས་རྒྱན་མཛེས་གཞལ་ཡས་ཡངས་པའི་དབུས༔ ཨ་ལས་གདོད་མ་གཞི་ཡི་ཆོས་སྐུ་ནི༔ མཐིང་ནག་བཻ་ཌཱུཪྻ་ཡི་ལྷུན་པོ་ལྟར༔ རྒྱན་མེད་གཅེར་བུ་པད་ཟླར་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་མཚན་དཔེའི་འོད་ཕུང་འབར༔ ཞིང་ཁམས་རྒྱ་མཚོའི་བཀོད་པ་སྐུ་ལ་རྫོགས༔ སྐད་ཅིག་རྨི་ལམ་དབྱིངས་སུ་སད་པ་ལྟར༔ རང་གི་སྣང་སེམས་དབྱེར་མེད་རོ་གཅིག་ཏུ༔ འོག་མིན་བདེ་བ་ཆེན་པོའི་དབྱིངས་སུ་འཕོས༔ ཨ་ཞེས་ཁམས་གསུམ་གྱི་སྣོད་བཅུད་ཞིང་ཁམས་དེར་ཐིམ་པས་དབྱེར་མེད་དུ་གྱུར༔ ཨ་ཞེས་པས་ངོ་ཤེས་པར་ཡིད་ལ་བྱ༔ ཨ་ཞེས་གདིང་ཆེན་པོ་ཐོབ་པར་བསམ༔ ཤར་ཕྱོགས་སུ་ཞིང་ཁམས་མངོན་པར་དགའ་བ་ནམ་མཁའ་བར་སྣང་ཐམས་ཅད་བཅོ་ལྔའི་དུང་ཟླ་ལྟར་དཀར་ཞིང་གསལ་ལ་རྒྱ་ཆེ་བ་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ ལྷོ་ཕྱོགས་སུ་དཔལ་དང་ལྡན་པའི་ཞིང་ཁམས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟར་འབར་ཞིང་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ ནུབ་ཕྱོགས་སུ་བདེ་བ་ཅན་གྱི་ཞིང་ཁམས་པདྨ་རཱ་གའི་ཁ་དོག་ལྟ་བུ་རྒྱ་ཆེ་ཞིང་ཁྱོན་ཡངས་པ་ཞིག་ཡིད་ལ་བྱ༔ བྱང་ཕྱོགས་སུ་ལས་རབ་རྫོགས་པའི་ཞིང་ཁམས་མརྒད་ཀྱི་ཁ་དོག་ལྟ་བུ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཞིག་ཡིད་ལ་བྱ༔ རང་ཉིད་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་རྩལ་ཤུགས་དང་ལྡན་པ་ཞིག་ཡིད་ལ་བྱས་ཏེ༔ ཤར་ཕྱོགས་ནས་རིམ་པར་ཞིང་དེ་དག་ཏུ་དཔག་ཆེན་གྱིས་མདའ་འཕང་བ་ལྟར་སོང་ནས་རིགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་རྣམས་ལ་བསྐོར་བ་ལན་གསུམ་རེ་བྱས༔ ཕྱག་འཚལ་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་དབང་ཞུས་གདམས་པ་ཉན་ལུང་ནོད་ཅིང་བྱིན་གྱིས་བརླབས་ཏེ་སླར་ཡང་དབུས་ཕྱོགས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དེར་སླེབས་ཤིང་གདོད་མ་གཞིའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཉིད་རང་གི་མདུན་གྱི་ནམ་མཁར་བཞུགས་པར་བསམ་པ་ནི་རང་སྣང་ཞིང་ཁམས་སུ་འཕོ་བ་དང་འཇུག་པ་ཞེས་བྱ་བའི་གདམས་པ་ཡིན་ཏེ༔ བར་དོའི་སྐབས་སུ་ཤི་བ་ཡིན་པར་ངོ་ཤེས་ཏེ་འདི་ལྟར་ཡིད་ལ་བྱས་པ་ཙམ་གྱིས་བར་དོའི་སྣང་བ་ཞིང་ཁམས་སུ་འཕོས་ཏེ་གྲོལ་བ་ཐོབ་པའི་གནད་ཡོད་དོ༔ གཉིས་པ་བསམ་གཏན་གྱི་བར་དོ་ནི༔ མི་ཐང་ཆད་པ་ངལ་གསོ་བའི་གནས་སྐབས་ལྟ་བུ་ཡིན་ཏེ༔ ཅིའི་ཕྱིར་ན༔ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཁམས་གསུམ་གྱི་གནས་རིགས་ཐམས་ཅད་དུ་གར་འགྲོ་གཟའ་གཏད་མེད་པ་སྲང་ཁའི་ཁྱི་གླེན་ལྟ་བུར་འཁྱམས་ཏེ་དལ་བའི་སྐབས་སྐད་ཅིག་ཙམ་ཡང་མི་བྱེད་པའི་ངང་ཚུལ་ཤེས་ཏེ་སྐྱོ་བ་དང་སུན་པ་སྐྱེད་པའི་ཚུལ་ནི༔ སྔོན་ཆད་བདག་ཇི་ལྟར་འཁྲུལ་པའི་རྒྱུ་རྐྱེན་ལ་བརྟག་པས་མ་རིག་པའི་གཞི་བྱས་ཏེ་གཟུང་འཛིན་གྱི་གདོན་ཆེན་པོས་བཏབ་པས་སྨྱོས་ཤིང་རང་དབང་བརྟན་པ་དང་བྲལ་བར་གྱུར་པའི་ངང་ཚུལ་ཤེས་ཏེ་རླུང་སེམས་དབང་དུ་སྡུད་ཅིང་དྲན་ཤེས་བརྟན་པོའི་སྟེང་དུ་གདིང་འཆའ་བ་དང་༔ རིག་པ་རང་ཐོག་ཏུ་རང་ས་བཟུང་སྟེ་བསྒོམ་པ་ཉམས་ལེན་ལ་བརྩོན་པ་ནི་འཁྲུལ་པ་བསམ་གཏན་གྱི་ཐོག་ཏུ་ངལ་གསོ་བ་དེ་ཀ་ཡིན་པས་སོ༔ འདིའི་དུས་སུ་བཀྲེས་སྐོམ་གྱིས་གདུང་བའི་མི་བཟའ་བཏུང་དང་འཕྲད་ཚེ་མ་འགྲང་བར་དུ་ཆོག་ཤེས་མེད་པར་བཟའ་བ་ལྟར་སྐྱེ་བུ་རབ་འབྲིང་ཐ་མ་གསུམ་གྱི་དཔེ་བེའུ་ལྟ་བུས་མཚོན་ཏེ༔ དང་པོ་འོ་མས་འཚོ་བ་དང་༔ ཅུང་ཟད་ནར་སོན་ཚེ་རྩྭ་དང་འོ་མ་གཉིས་ཀས་འཚོ་བ་དང་༔ མཐར་འོ་མ་སྤངས་ཏེ་རྩྭ་ཤ་སྟག་གིས་འཚོ་བ་གོ་རིམ་བཞིན་དུ༔ དང་པོ་རླུང་སེམས་རྣམ་པར་རྟོག་པ་དགག་པ་དང་གཅུན་པ་དང་ལྷོད་དེ་རྣམ་རྟོག་མངོན་དུ་བྱེད་པ་དང་༔ བསྒྲིམ་ལྷོད་རེས་མོས་སུ་བྱེད་པ་དང་བཅས་པ་རྣམས་ནི་བེའུ་འོ་མས་འཚོ་བའི་གནས་སྐབས་ལྟ་བུ་སྟེ༔ དེའི་ཐོག་ཏུ་ལུས་ཚེ་རྩྭ་དང་མ་འཕྲད་ན་མུ་གེས་འཆི་བ་ལས་འོས་མེད་པ་བཞིན་དུ་རྣམ་པ་མངོན་གྱུར་གྱི་ལམ་དང་མ་འཕྲད་ན་སྲིད་པ་འོག་མ་ལས་འཕགས་པར་མི་འགྱུར་ཏེ་དེར་འཕྲད་པར་འགྱུར་བ་ཡིན༔ ཤེས་པ་མངོན་དུ་བྱས་ཏེ་རྩེ་གཅིག་ཏུ་ཉམས་སུ་བླངས་མཐར་ཁྱབ་བརྡལ་གྱི་རིག་པ་མཐའ་གྲོལ་རྫོགས་པ་ཆེན་པོ་ཀ་དག་གཞིའི་རིག་པ་ཉིད་དང་མ་འཕྲད་པར་དེའི་ཐོག་ཏུ་ལུས་ན་རྩྭ་དང་འོ་མ་འཛོམ་དགོས་པའི་དུས་སྐབས་སུ་རྩྭའམ་འོ་མ་གང་རུང་གཅིག་མ་འཛོམ་ན་མུ་གེས་འཆི་བ་ལྟར༔ སྲིད་པ་གསུམ་ལས་མི་འཕགས་པར་སྔར་བཞིན་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཁ་འཁྱོལ་བ་ཡིན་ནོ༔ འཁོར་འདས་སྟོང་ཉིད་ཆེན་པོར་ཐག་བཅད་དེ་ཆོས་སྐུའི་རིག་པ་ངོ་འཕྲོད་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་བྱ་བ་དགུ་ཕྲུགས་སུ་བཏང་སྟེ་བྱར་མེད་རང་བབས་ཀྱི་སྤྱོད་པས་ཉམས་སུ་བླང་བ་ནི་འོ་མ་ལ་མི་ལྟོས་པར་རྩྭ་ཤ་སྟག་གིས་འཚོ་བའི་གནས་སྐབས་ལྟ་བུ་སྟེ༔ ངོ་འཕྲོད་ཙམ་གྱི་ཐོག་ཏུ་ལུས་པར་གྱུར་ན་ཟས་རང་ལ་ཡོད་ཀྱང་མ་ཟོས་ན་བཀྲེས་སྐོམ་མི་སེལ་བར་འཆི་བ་ལས་འོས་མེད་པ་ལྟར་ཉམས་ལེན་ཤི་བའི་མཐའ་ལ་མ་གཏུག་ན་ད་ལྟའི་བདེ་སྡུག་བཟང་ངན་ཐམས་ཅད་ལ་རེ་དོགས་ཉེར་ལེན་གྱི་སེམས་ཡིད་འདི་མཆིས་ན་མ་འོངས་པ་ནའང་བདག་གཞན་གཉིས་སུ་སྣང་བ་དང་༔ རེ་དོགས་བཟང་ངན་ཉེ་བར་ལེན་པའི་རྣམ་རྟོག་འདིས་འཁོར་བ་མཐའ་མེད་དུ་འཁྲུལ་པར་འགྱུར་བ་ཡིན་པས་ཤེས་པར་གྱིས་ཤིག༔ དེའི་ཕྱིར་ན་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་མངོན་དུ་མ་གྱུར་གྱི་བར་དུ་བརྩོན་འགྲུས་དང་སྙིང་སྟོབས་དྲག་པོའི་སྒོ་ནས་ཉམས་སུ་བླང་བར་བྱ་བ་གནད་ཀྱི་དམ་པར་བཟུང་དགོས་པ་ཡིན་ནོ༔ སྐྱེ་སྲིད་དང་བསམ་གཏན་གཉིས་ཀ་ཤེས་པ་བར་མ་དོར་གཞི་བྱས་པས་ན་བར་དོ་ཞེས་བརྗོད་པ་ཡིན་ནོ༔ གསུམ་པ་རྨི་ལམ་འཁྲུལ་པའི་བར་དོའི་སྣང་ཚུལ་ནི༔ འགའ་ཞིག་ན་རེ་ཉིན་གྱི་སྣང་བ་རྨི་སྣང་དུ་ཤར་བ་ཡིན་ཟེར་བ་སྲིད་ཀྱང་༔ ཡེ་ཐོག་མའི་དུས་ནས་གཞི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་དེ་ཉིད་ཀྱི་རང་ཞལ་མ་རིག་པས་བསྒྲིབས་ནས༔ ཁམས་གསུམ་འཁོར་བའི་སྨྱོ་འདྲེ་ལས་རླུང་གི་གདོན་ཆེན་པོས་བཏབ་ནས་ནང་འཛིན་པ་སེམས་ཀྱིས་རྒྱུ་བྱས༔ ཕྱི་གཟུང་བ་ཡུལ་གྱིས་རྐྱེན་བྱས༔ འདོད་ཡོན་ལྔའི་སྣང་བ་ལ་བདེན་ཞེན་གྱི་དབང་གིས་ཉིན་སྣང་མཆེད་པ་དང་༔ དེ་དབྱིངས་སུ་ཞིག་ནས་རྨི་ལམ་གྱི་སྣང་བ་མཆེད་པ་ལས༔ ཉིན་སྣང་བདེན་པ་དང་རྨི་སྣང་རྫུན་པ་མ་ཡིན་པའི་ཚུལ་འདི་དང་ཕྱི་མའི་སྣང་བས་སྟོན་ཏེ༔ ཉིན་སྣང་དང་རྨི་སྣང་གཉིས་ཀ་མཆེད་པའི་རྒྱུ་རྐྱེན་འབྲེལ་བདག་མེད་པ་ལ་ཡོད་པར་སྣང་བའི་ཤེས་པ་བག་ལ་ཉལ་བ་དེ་ལ་རྒྱུ་བྱས༔ ཡུལ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྐྱེན་བྱས༔ རྒྱུ་རྐྱེན་དུས་འཛོམ་པ་ལས་གཉིས་མེད་ལུ་གུ་རྒྱུད་ཀྱི་ཚུལ་དུ་འབྲེལ་བས་འཁྲུལ་པའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན༔ དེའི་ངང་ཚུལ་ཤེས་པ་གཞིར་བཞག་སྟེ༔ སྣང་བ་ཐམས་ཅད་རྨི་ལམ་དུ་སྦྱངས་ནས་རྨི་ལམ་གྱི་སྣང་བ་ངོས་ཟིན་པས་རིག་པའི་རང་ས་བཟུང་བ་ལ་གོམས་འདྲིས་ཀྱིས་གདིང་ཐོབ་ན་བར་དོའི་སྣང་བ་ཆོད་ཅིང་ཆོས་ཉིད་ཀྱི་ཡོ་ལངས་ཆེན་པོར་དབང་འབྱོར་བར་འགྱུར་རོ༔ བཞི་པ་འཆི་ཁ་བར་དོ་ཞེས་བྱ་བ་ནི༔ ཉེས་ཅན་གཤེད་མའི་ལག་ཏུ་འཕྲད་པ་ལྟ་བུ་ཡིན་ཏེ༔ འཆི་རྐྱེན་ནད་ཀྱིས་བཏབ་པ་ནས་ནང་དབུགས་ཁྲོག་གིས་ཆད་པའི་བར་ཚུན་ལ་བྱའོ༔ དེ་ཡང་དང་པོ་ནད་ཀྱིས་ཐེབས་པའི་དུས་སུ་དགེ་སྦྱོང་དུ་བ་ཆད་དམ་མ་ཆད༔ གནམ་ས་འབྲེལ་ཐག་ཆད་དམ་མ་ཆད༔ ནམ་མཁའི་ཚེ་གཟུགས་ཡལ་ལམ་མ་ཡལ༔ རི་རྩེའི་ཉི་མ་ནུབ་བམ་མ་ནུབ༔ རྣ་བའི་རང་སྒྲ་ཡལ་ལམ་མ་ཡལ༔ དེ་རྣམས་ཞིབ་ཏུ་དཔྱད་དེ་རིམ་གྲོ་ཚོགས་བསགས་སོགས་ལ་བརྩོན༔ དེས་ཀྱང་མ་ཕན་ན་རབ་མི་མེད་ལུང་སྟོང་རྐྱེན་དང་བྲལ་བའི་གནས་སུ་གྲོགས་བཟང་པོ་དམ་ཚིག་ལ་སེལ་མེད་པ་ཞིག་ཁྲིད་ཅིང་སོང་ནས༔ རང་གི་སྙིང་གར་ཡི་གེ་ཨ་དཀར་པོ་ཆེ་བ་ཞིག་བསམ་སྟེ་དེའི་སྟེང་དུ་ཨ་དཀར་པོ་ཉི་ཤུ་རྩ་གཅིག་བརྩེགས་མར་གནས་པ་དེ་རིམ་གྱིས་ཨ་ཉི་ཤུ་རྩ་གཅིག་བརྗོད་པ་དང་ཆབ་གཅིག་ཏུ་ཡར་བསྡུས་ཏེ་ཨ་དཀར་ཐོག་མ་འོག་མིན་བདེ་བ་ཆེན་པོ་གདོད་མ་གཞིའི་སངས་རྒྱས་ཀུན་ཏུ་བཟང་པོའི་མཁའ་ཀློང་དུ་ཕཊ་ཀྱིས་བསྲེས་ཏེ་ཁྱབ་བརྡལ་དུ་བཞག་པས་འཕོ་བ་ནམ་མཁའ་གོ་འབྱེད་དུ་གྲོལ་བ་ཐོབ་པའི་རྟགས་ཚངས་བུག་ཏུ་རླངས་པ་ཕྱུ་རུ་རུ་འབྱུང་སྟེ་དབུགས་ཆད་པ་ཡང་ཡོད༔ དེས་ཀྱང་འཕོ་མ་ཐུབ་ན་སེང་གེ་ཉལ་སྟབས་ཀྱིས་འདུག་སྟེ་ཤེས་པ་མིག་ལ་གཏད་མིག་བར་སྣང་ལ་ཧ་རེ་གཏད་ནས་ལུས་སེམས་སྣང་བ་ཐམས་ཅད་ཆབ་གཅིག་ཏུ་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་མེར་གྱིས་ཞིག་པར་བསམ་ལ་འོད་སྣང་ལམ་དུ་བྱས་ཏེ་མཉམ་པར་བཞག་པས་དབུགས་ཆད་དེ་བར་དོ་མེད་པར་གྲོལ་བའང་ཡོད༔ ཡང་ན་གྲོགས་དེས་སྐད་ཆེར་གཏོན་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཀྱི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་བཅོམ་ལྡན་འདས་གདོད་མ་གཞིའི་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་སྲིད་ཞིའི་མཐའ་ལ་མི་གནས་པའི་སངས་རྒྱས་སྐུ་གཅེར་བུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་བཞུགས་ནས་ཡོད་པས་ཁྱོད་ཀྱི་རྣམ་པར་ཤེས་པ་དེའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བསྲེས་ཤིག༔ ཅེས་ལན་གསུམ་བརྗོད་ཅིང་ཧིཀ་སྒྲ་ཡང་ལན་གསུམ་རེ་བྱས་པས་མིག་སྐྱ་ལོག་གིས་འགྲོ་ན་ཐེབས་པའི་ཚད་ཡིན་ནོ༔ དེས་མ་ཤི་ན་དབུགས་ཕྱིར་ལ་འཕེན་ཅིང་ཕྱི་རོལ་གྱི་ཡུལ་སྣང་ནུབ་པའི་དུས་སུ་རྣ་གོང་དུ་སྨྱུག་སྦུག་གམ་ཤོག་སྦུག་བཙུགས་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ལ་ཐིམ་རིམ་གྱི་སྐབས་དཀར་ལམ་དམར་ལམ་འཆར་ན་དེ་ཀ་འཁོར་བ་ལུགས་སུ་ལྡོག་པ་ཡིན་ཏེ་གཞི་དབྱིངས་སྤྲོས་པ་དང་བྲལ་བ་ཀ་དག་གདོད་མའི་གཞི་རུ་བསྲེས་ཤིག་འཕོས་ཤིག༔ ཅེས་ལན་གསུམ་བརྗོད་དེ་ཕཊ་སྒྲ་ཡང་ལན་གསུམ་བྱ༔ ཡང་དེས་ཀྱང་དབུགས་མ་ཆད་ན༔ རིགས་ཀྱི་བུ་ཁྱོད་རང་གི་རྣམ་པར་ཤེས་པ་ཡི་གེ་ཨ་དཀར་པོ་ཞིག་ཏུ་གསལ་ལ་དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་ཚངས་བུག་ནས་སོང་ལ་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འཕོས་ཤིག༔ ཅེས་གདམས་པ་ནི་འཆི་ཁ་མི་གསལ་བ་གསལ་བར་བྱེད་པ་རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུ་ཡིན་ནོ༔ དེ་ལྟར་རང་སྟོབས་ཀྱིས་འཕོ་བ་དང་གཞན་གྱིས་གསལ་བཏབ་པ་གང་གིས་ཀྱང་ཕན་པ་མ་བྱུང་ན༔ ཁྱབ་བྱེད་ཀྱི་རླུང་བྲོས་པའི་རྟགས་སུ་ལུས་ཀྱི་བཀྲག་མདངས་ཉམས་པ་དང་༔ མེ་མཉམ་གྱི་རླུང་བྲོས་པའི་རྟགས་སུ་རྐང་ལག་ལ་སོགས་ལུས་ཀྱི་དྲོད་ཐམས་ཅད་ཤོར་ཏེ་རྡོ་ལྟར་གྲང་བ་དང་༔ ཐུར་སེལ་གྱི་རླུང་བྲོས་པའི་རྟགས་སུ་ལུས་ཀྱི་བཅུད་ཐམས་ཅད་ཕྱི་རུ་ཤོར་བ་དང་༔ གྱེན་རྒྱུའི་རླུང་བྲོས་པའི་རྟགས་སུ་དབུགས་རྣམས་ཕྱི་རུ་འཕེན་པ་དང་༔ ཟས་སྐོམ་ཁ་ནས་བཏུང་བ་སྣ་ནས་འབྱུང་བ་དང་༔ ཁ་ཆུ་དང་སྣ་ཆུ་འཛག་པར་བྱེད་དོ༔ རྩ་ཁམས་ཀྱི་རླུང་དང་ཁྲག་རྣམས་འཐབ་པས་འཁྲུལ་པའི་སྣང་བ་སྣ་ཚོགས་འབྱུང་སྟེ་མཐར་ཁྲག་རྣམས་སྲོག་རྩར་འདུས་ཤིང་རླུང་རྣམས་ཕྱིར་ཐོན་ཏེ་རིག་པ་སྙིང་གི་དཀྱིལ་དུ་བརྒྱལ་བ་ནི་རླུང་སེམས་རྒྱབ་གྱེས་པ་ཞེས་བྱ་བའི་ཐོག་ཏུ་ཕེབས་པ་ཡིན༔ དེར་མ་ཐུག་གི་བར་དུ་རིམ་པ་བཞིན་དུ་རྣམ་ཤེས་སྣང་བ་ཐིམ་པས་དམར་ལམ་གློག་འཁྱུག་པ་ལྟ་བུ་ཞིག་བྱུང་བ་དང་༔ སྣང་བ་མཆེད་པ་ལ་ཐིམ་པའི་རྟགས་སུ་དཀར་ལམ་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་མཐར༔ མཆེད་པ་ཉེར་ཐོབ་ལ་ཐིམ་པའི་རྟགས་ནག་ལམ་སྲོད་མུན་འཁྲིགས་པ་ལྟ་བུ་ཞིག་འབྱུང་སྟེ་དེའི་ངང་དུ་བརྒྱལ་བ་ནི་ཤི་བ་ཡིན་ཏེ༔ འདི་དག་གི་དུས་སུ་ཐིམ་རིམ་ངོ་ཤེས་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གནད་མཆོག་ཏུ་གཅེས་ཏེ༔ རབ་ཀྱིས་འོད་གསལ་སྦུབས་འཇུག་གི་གདམས་པ་དང་༔ འབྲིང་གིས་མ་དག་པ་འཁོར་བའི་སྣང་སེམས་འོད་གསལ་ཆོས་ཉིད་ཀྱི་རོལ་པར་ལུགས་སུ་ལྡོག་པར་བྱ་བ་དང་༔ ཐ་མས་ཀྱང་ཐིམ་རིམ་ངོས་བཟུང་ནས་ཐོག་ཕེབས་ཀྱི་འོད་གསལ་གདིང་ཚུགས་པར་བྱ་བ་གནད་ཀྱི་དམ་པ་ཡིན་ནོ༔ དབང་པོའི་བྱེད་ལས་ཀྱིས་འགའ་ཞིག་ནི་ཉིན་ཕྱེད་དང་༔ འགའ་ཞིག་ཞག་གཅིག་གམ༔ འགའ་ཞིག་ཞག་གཉིས་སམ༔ འགའ་ཞིག་ཞག་གསུམ་དུ་དེར་བརྒྱལ་བའང་ཡོད༔ དེ་དག་གང་ཡང་ཐོག་ཕེབས་ཀྱི་ཀུན་གཞི་མཚན་ཉིད་པར་ཐིམ་པའི་གནས་སྐབས་ཡིན་ནོ༔ དེ་མཐར་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ་དཔེར་ན་བུམ་ནང་གི་ནམ་མཁའ་ཕྱིའི་དབྱིངས་དང་འདྲེས་པ་བཞིན་དུ་བདག་ཏུ་སྣང་བ་རྡུལ་ཙམ་མེད་པར་བརྡལ་ཁྱབ་ནམ་མཁའ་ལྟ་བུའི་དབྱིངས་དྭངས་གསལ་རྙོག་མ་དང་བྲལ་བ་མཁའ་ལ་ནམ་ལངས་པ་ལྟ་བུ་ཞིག་འཆར་ཏེ༔ འདིའི་གནས་སྐབས་སུ་སྔོན་ཁྲེགས་ཆོད་གཞིའི་རིག་པ་ལ་གོམས་ཤུགས་ཆེ་བ་དང་གདིང་ཐོབ་པ་རྣམས་ཀྱིས་སྔོན་གྱི་སྦྱངས་པའི་རིག་པ་སྔར་འདྲིས་ཀྱི་མི་ལྟ་བུ་དེ་ཉིད་ཕྱིས་ཐོག་ཕེབས་ཀྱི་འོད་གསལ་དང་འཕྲད་པའི་དུས་སུ་ངོ་ཤེས་པ་དང་༔ དེའི་ཐོག་ཏུ་རང་ས་འཛིན་པ་རྒྱལ་པོ་ཁྲི་ཁར་འཁོད་པ་ལྟ་བུ་ཞིག་དགོས་སོ༔ ཐོད་རྒལ་ལ་རྒྱུས་མེད་པ་དང་སྦྱངས་པ་མ་ཐོན་པར་ཁྲེགས་ཆོད་ལ་ལམ་བྱེད་པ་རྣམས་ཀྱིས་གནས་སྐབས་འདི་ཉིད་དུ་བབས་ཚེ་སྙིང་ལ་གསེར་ཐུར་འདྲེན་པ་ལྟ་བུའི་དུས་ཚིགས་ཡིན་ཏེ༔ ངོ་ཤེས་ཐོག་ཏུ་གདིང་ཚུགས་ན་འཆི་སྲིད་ཆོས་སྐུའི་འོད་གསལ་དུ་གྲོལ་བ་ཞེས་བྱ་བ་ཡིན་ཏེ་སྙིང་ཆུ་འདྲེན་ནས་འཚོ་བ་ལྟ་བུའོ༔ ངོ་མ་ཤེས་ཤིང་གདིང་མ་ཚུགས་ན་འཁྲུལ་པའི་འཁོར་ལོར་ཁ་འཁྱོལ་ཏེ་མཐའ་མེད་དུ་འཁྲུལ་པ་ནི་གསེར་ཐུར་སྙིང་ལ་ཕོག་ན་འཆི་བ་ལས་འོས་མེད་པ་ལྟ་བུ་ཡིན་ནོ༔ འཆི་སྲིད་ཀྱི་འོད་གསལ་འདིར་བསམ་གཏན་གྱི་ཞག་ནི་ད་ལྟའི་ཉམས་ལེན་ལ་ཇི་ཙམ་བརྟན་པ་དང་གནས་པ་དེའི་ཡུན་ཙམ་མོ༔ ཉིན་མཚན་ཁོར་ཡུག་ཏུ་བརྟན་པ་ཐོབ་པ་རྣམས་ལ་མིའི་ཞག་བདུན་དུ་བརྟན་པ་ཐོབ་པ་ཡིན་ཏེ་ལམ་དུ་མ་ཞུགས་པ་རྣམས་ལ་ཟན་ཕོར་པ་གང་བཟའ་བའི་ཡུན་ཙམ་དུ་འཆར་བ་ལས་མི་གནས་སོ༔ ལྔ་པ་ཆོས་ཉིད་ཀྱི་བར་དོ་ནི༔ འོད་གསལ་ཐོད་རྒལ་ཆེན་པོའི་སྒོ་མཐོང་ནས་ཉམས་ལེན་ལ་སྐབས་སྐབས་སུ་བརྩོན་པ་དག་ལ་འོད་གསལ་ལྷུན་གྲུབ་ལ་ཐིམ་པ་ཞེས་བྱ་བའི་བདག་སྣང་ཙམ་གྱིས་ཤེས་པ་ཞིག་ལངས་ཏེ༔ ཕྱོགས་གང་དུ་བལྟས་པའི་ཡུལ་སྣང་ཐམས་ཅད་འཇའ་རིས་ཀྱིས་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ་འོད་ཀྱི་གདངས་ཆེན་པོས་ཡོངས་སུ་གང་ཞིང་ཁྱབ་པར་འཆར་རོ༔ དེ་འབྲས་ཀྱི་ལྗང་པ་ལྟ་བུ་སྟེ་དེའི་ཐོག་ཏུ་སྙེ་མ་འབྱུང་བ་ལྟར་ཐིག་ལེ་ཆེ་བ་གནམ་ས་ཁེབས་པ་ཙམ་དང་ཆུང་བ་ཉ་མིག་ཙམ་གྱི་བར་དུ་གྲངས་མང་བ་སྣང་བས་གར་ཁྱབ་ཐམས་ཅད་གང་བར་འཆར་རོ༔ སྙེ་མ་ལ་འབྲས་བུ་སྨིན་པ་བཞིན་དུ་དང་པོ་ཐིག་ལེ་ཆེན་པོ་གཅིག་གི་ཀློང་དུ་རྣམ་པར་སྣང་མཛད་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་འཆར་ཏེ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་བལྟར་མི་བཟོད་པ་རང་གི་སྤྱི་བོར་ཟུག་པའི་སྟེང་དུ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་ནི་རྣམ་པར་སྣང་མཛད་ཁོང་གསེང་གི་ལམ་ཞེས་བྱ་བ་ཡིན་ནོ༔ དེ་དང་མཉམ་དུ་དུད་འགྲོའི་རྒྱུ་ལམ་སྔོ་ལ་བཀྲག་མདངས་ཆུང་བ་ཞིག་གཤིབ་སྟེ་འཆར་རོ༔ གནས་སྐབས་འདིར་བབས་ཚེ་སྔར་གྱི་སྦྱངས་པའི་འོད་གསལ་བུ་ལྟ་བུ་དང་སླད་ནས་ཤར་བའི་སྣང་བ་མ་ལྟ་བུ་གཉིས་དུས་འཛོམ་པས་ཐེ་ཚོམ་མེད་པར་མ་པང་དུ་བུ་འཇུག་པ་ལྟ་བུར་ཤེས་པ་འོད་གསལ་ལ་འཇུག་པའི་གནད་དང་ལྡན་ན་ཟུང་འཇུག་བདེ་བ་ཆེན་པོར་གྲོལ་བ་ཐོབ་པར་འགྱུར་རོ༔ དེར་ངོ་མ་ཤེས་པའི་དབང་གིས་མ་གྲོལ་ན་སྣང་བ་ཐམས་ཅད་འོད་དམར་གྱི་རོལ་པར་འཕོས་པའི་ཀློང་དུ་ཐིག་ལེ་གནམ་ས་འབྲེལ་བ་ཙམ་གྱི་ནང་དུ་སྣང་བ་མཐའ་ཡས་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པར་འཆར་རོ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་མགྲིན་པར་ཟུག་པའི་སྟེང་དུ་པདྨ་རཱ་གའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་ཡི་དྭགས་ཀྱི་རྒྱུ་ལམ་དམར་སྐྱ་བཀྲག་མདངས་མེད་པ་ཞིག་འཆར་སྟེ༔ འདི་དུས་རང་སྣང་རང་ངོ་ཤེས་པ་སྐུ་དང་འོད་གདངས་ཆེན་པོར་བསྲེ་འཕོ་བྱས་ཏེ་གཞན་དུ་མ་ཡེངས་པར་གདིང་ཚུགས་ན་གྲོལ་བ་ཐོབ་པ་ཡིན་ནོ༔ དེར་ངོ་མ་ཤེས་པའི་དབང་གིས་མ་གྲོལ་ན་སྣང་བ་ཐམས་ཅད་འོད་གདངས་མཐིང་ནག་གིས་ཡོངས་སུ་ཁེབས་ཤིང་ཁྱབ་པའི་ཀློང་དུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པའི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་མཐིང་ནག་བལྟར་མི་བཟོད་པ་རང་གི་སྙིང་གར་ཟུག་པའི་སྟེང་དུ་བཻ་ཌཱུཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་དེའི་འོག་ན་དམྱལ་བའི་རྒྱུ་ལམ་འོད་ནག་པོ་བཀྲག་མེད་པ་ཞིག་འཆར་ཏེ༔ འདི་དུས་ཀྱང་ཤེས་པ་སྐུའི་དབྱིངས་སུ་བསྲེས་ཏེ་གདིང་རང་སར་བཟུང་བས་མངོན་པར་དགའ་བའི་ཞིང་ཁམས་སུ་གྲོལ་བ་ཐོབ་པར་འགྱུར་བ་ཡིན༔ དེར་མ་གྲོལ་ན་སྣང་བ་ཐམས་ཅད་འོད་གདངས་སེར་པོའི་རོལ་པར་འཕོས་ཤིང་མཆེད་པའི་ཀློང་དུ་ཐིག་ལེ་སེར་པོ་བསེ་ཕུབ་ལྟ་བུ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་ཟླའི་སྟེང་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་ཏེ་ཡུམ་དང་འཁྲིལ་བ་གཟི་བརྗིད་འོད་ཕུང་བལྟར་མི་བཟོད་པར་འབར་བའི་གཡས་སུ་སེམས་དཔའ་ཀུན་ཏུ་བཟང་པོ་དང་གཡོན་དུ་སེམས་དཔའ་ནམ་མཁའི་སྙིང་པོ༔ མདུན་དུ་སེམས་མ་མཱ་ལེ་མ་དང་རྒྱབ་ཏུ་དྷུཥྤེ་མ་རྣམས་གསེར་བཙོ་མ་ལ་ཉི་འོད་ཕོག་པ་ལྟ་བུ་འོད་ཕུང་རབ་ཏུ་འབར་བ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་སེར་པོ་རང་གི་ལྟེ་བར་ཟུག་པའི་སྟེང་དུ་ཐིག་ལེ་སེར་པོ་སྦུར་ལེན་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པར་འཆར་རོ༔ དེ་དང་མཉམ་དུ་དེའི་འོག་ན་ལྷ་ཡི་རྒྱུ་ལམ་དཀར་པོ་འོད་དང་བཀྲག་མདངས་མེད་པ་ཞིག་གཤིབ་སྟེ་འཆར་རོ༔ རིན་ཆེན་འབྱུང་ལྡན་ཁོང་གསེང་གི་ལམ་དུ་ངོ་ཤེས་ཤིང་བསྲེ་འཕོ་བྱེད་པའི་གནད་དང་ལྡན་ན་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ལ་དབང་བསྒྱུར་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ དེ་དག་ནི་ཡེ་ཤེས་བཞི་སྦྱོར་གྱི་ལམ་ཞེས་བྱ་བ་ཡིན་ཏེ་གསང་ཆེན་བླ་ན་མེད་པའི་མྱུར་ལམ་སྐད་ཅིག་མ་དང་པོར་ངོ་ཤེས་གཉིས་པར་གདིང་ཐོབ་གསུམ་པར་གྲོལ་བར་འགྱུར་རོ༔ དག་པའི་ལམ་སྣང་བལྟར་མི་བཟོད་ཅིང་གཏད་མི་ཚུགས་ཏེ་མ་དག་པའི་ལམ་བཞི་རུ་བསྲེ་ཞིང་གཏད་པས་གནས་རིས་དེ་དག་ཏུ་སྐྱེ་སྲིད་འཛིན་པར་འགྱུར་རོ༔ ཉམས་སྣང་གོང་འཕེལ་གྱི་རྩལ་མ་རྫོགས་ཀྱི་བར་དུ་དོན་ཡོད་གྲུབ་པ་ཁོང་གསེང་གི་ལམ་ནི་སྣང་བར་མི་འགྱུར་ཏེ་རྩལ་རྫོགས་ཕན་ཆད་ནས་རིག་པ་ཚད་ཕེབས་ཀྱི་སྐབས་ཚུན་ཆད་དུ་བར་དོ་མེད་པར་སངས་རྒྱས་ཏེ་སྣང་བར་མི་འགྱུར་རོ༔ དེ་ནས་སྐུ་དང་ཐིག་ལེའི་སྣང་བ་ཇེ་ཉུང་དུ་སོང་སྟེ༔ དུང་ཁང་ནས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ་སྟེང་ཕྱོགས་ཀྱི་ནམ་མཁར་འཕྲོས་ཤིང་ཁྱབ་པས་རེ་རེ་ལས་ཀྱང་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཁྱབ་ཅིང་གང་ནས་སྤྱན་མིག་ནས་ཉི་ཟླ་འབུམ་གྱི་འོད་ཟེར་ལྟ་བུ་མཆེད་པ༔ ཞལ་གདངས་ཤིང་མཆེ་བ་ཟླ་ལྟར་གཙིགས་པ་སྨ་ར་ལས་མེ་འབར་ཞིང་སྨིན་མ་ནས་གློག་འཁྱུགས་པ་དུར་ཁྲོད་ཀྱི་ཆས་རྫོགས་པ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་ནས་མཚོན་ཆ་སྣ་ཚོགས་གདེངས་ཤིང་ཧཱུྃ་ཕཊ་དང་རྒྱོབ་སོད་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་སྒྲོགས་པ་དང་༔ མགོ་བརྙན་ཅན་རྣམ་པ་སྣ་ཚོགས་ཀྱིས་མཚོན་ཆ་གདེངས་ཤིང་གར་བྱེད་པ་སྐུ་འཇིགས་པའི་ཆ་ལུགས་མཐོང་ཞིང་གསུང་དྲག་པོའི་ང་རོ་ཐོས་པའི་ཚེ་ན་འཆི་བདག་གཤིན་རྗེའི་ཚོགས་རྣམས་དཔའ་བཀོང་ཞིང་ཉམ་ཐག་པར་བྱེད་པའི་སྣང་བ་མཆེད་དོ༔ དེ་དག་ཐམས་ཅད་རང་གི་རྡོ་རྗེའི་ཕུང་པོའི་གྲོང་ཁྱེར་གྱི་ཞི་ཁྲོ་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་སྣང་བ་ཡིན་པར་ངོ་ཤེས་ནས་གཉིས་མེད་མཉམ་པ་ཉིད་དུ་འཇོག་པའི་དབང་སྐལ་དང་ལྡན་ན་འོག་མིན་དུར་ཁྲོད་མེ་རི་འབར་བར་གྲོལ་བ་ཐོབ་པར་འགྱུར་རོ༔ འོད་དང་ཐིག་ལེ་ཞི་བ་དང་ཁྲོ་བོའི་སྣང་བ་དེ་དག་ཐམས་ཅད་འོད་གསལ་ཐོད་རྒལ་ཆེན་པོའི་ལམ་ལ་རབ་ཏུ་གོམས་པ་དང་སྦྱངས་པ་ཐོན་པ་རྣམས་ལ་བསམ་གཏན་གྱི་ཞག་གྲངས་བདུན་ཕྲག་བདུན་དུ་འཆར་ཏེ་ཡུན་རིང་བའི་སྟོབས་ཀྱིས་ངོ་ཤེས་པ་དང་གྲོལ་ལོང་ཡོད་དེ༔ འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་སྒོ་མ་མཐོང་བ་དང་༔ སྒོ་མཐོང་ཡང་དད་པའི་ངེས་ཤེས་མ་སྐྱེས་པ་དང་ལེ་ལོ་དང་རྣམ་གཡེངས་འདུ་འཛིའི་དབང་དུ་གྱུར་ནས་ཉམས་སུ་མ་ལོན་ཅིང་སྦྱངས་པ་མ་ཐོན་པ་རྣམས་ལ་ནམ་མཁའ་ལ་སྒྲ་གཅན་དལ་གྱིས་འགྲོ་བ་ཙམ་གྱི་ཡུན་ལས་མི་སྣང་བས་ངོ་ཤེས་ལོང་དང་གྲོལ་ལོང་ཡོད་པ་སྨོས་ཅི་དགོས༔ དེ་ལྟར་ཤར་བའི་ཞི་ཁྲོའི་སྣང་བ་ཐམས་ཅད་དབྱིངས་སུ་ཡལ་ཚེ་སྔར་གྱི་ཐོས་པའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་དྲན་ཅིང་དྲན་མ་ཐག་ཏུ་བརྗེད་ནས་འགྲོ་བ་དང་༔ ཐོས་མ་མྱོང་ཞིང་རྒྱུས་མེད་པའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པར་འཆར་ཞིང་ཤར་བ་དང་བརྗེད་པ་དུས་མཉམ་དུ་འབྱུང་བའི་གནས་སྐབས་ལ་ཐུག་སྟེ༔ གང་ཟག་སྤྱི་མཐུན་ལ་འོད་གསལ་གྱི་སྣང་བ་ཡུན་ཐུང་ཞིང་གནས་སྐབས་འདིའི་ངང་དུ་ཅུང་ཟད་གནས་ཏེ་བླ་མ་ལ་དད་གུས་དང་གདུང་བ་ཆེན་པོ་ཡོད་པ་རྣམས་ཀྱིས་བླ་མ་དྲན་པའི་མོད་ལ་གདུལ་བྱ་རང་སྣང་གི་སྟོན་པ་བླ་མར་ཤར་ནས་གྲོལ་ལམ་སྟོན་ཅིང་གྲོལ་བ་ཐོབ་པའང་ཡོད༔ རྡོ་རྗེའི་བླ་མ་ལ་དམ་ཚིག་ཉམས་པ་དང་མཚམས་མེད་ཀྱི་ལས་སྤྱོད་པ་རྣམས་ནི་མར་གྱི་ཟང་ཐལ་དུ་འགྲོ་སྟེ༔ ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཀྱི་མཚམས་ཤི་དང་མ་ཤིའི་མཚམས་མི་ཕྱེད་པར་བར་དོ་མེད་པར་རྡོ་རྗེའི་དམྱལ་བར་ལྟུང་བ་དང་༔ བླ་མ་དང་རྡོ་རྗེའི་མཆེད་ལྕམ་ལ་དམ་ཚིག་མ་ཉམས་ཤིང་ཁྲེགས་ཆོད་དང་ཐོད་རྒལ་ལ་སྦྱངས་པ་ཤིན་ཏུ་ཐོབ་པ་རྣམས་ནི་ཡར་གྱི་ཟང་ཐལ་དུ་འགྲོ་བ་སྟེ་ཕྱི་དབུགས་ཆད་དེ་ནང་དབུགས་མ་ཆད་ཀྱི་མཚམས་ནས་ཤི་དང་མ་ཤིའི་མཚམས་མི་ཕྱེད་པར་བར་དོ་མེད་པར་རང་ཐོག་ཏུ་རང་གྲོལ་བ་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་གདོད་མ་གཞིའི་ཆོས་སྐུར་སངས་རྒྱས་པ་ཡིན་ནོ༔ དེ་མ་གཏོགས་པ་ཐམས་ཅད་ལ་བར་དོའི་སྣང་བ་འདི་དག་འབྱུང་ངེས་པ་ཡིན་ཏེ༔ དེང་སང་གི་དུས་སྐབས་ནས་རྒྱུད་ལུང་མན་ངག་གི་ནང་ནས་བར་དོའི་འཆར་ཚུལ་བསྟན་པ་རྣམས་ལ་བལྟས་ཤིང་དཔྱད་ནས་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཉམས་འོག་ཏུ་ཆུད་པ་ཞིག་ཤིན་ཏུ་གལ་ཆེ་བ་ཡིན་པས་ཤེས་པར་བྱའོ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བར་དོ་རྫོགས་ནས༔ དྲུག་པ་སྲིད་པ་ལས་ཀྱི་བར་དོར་ཁ་འཆོལ་བའི་ཚུལ་ནི༔ རྣམ་པར་ཤེས་པ་ལས་རླུང་གིས་བསྐྱོད་པའི་དབང་གིས་ཆོས་དབྱིངས་རྡོ་རྗེའི་གདན་དང་༔ མའི་མངལ་གཉིས་ཀ་ལ་ཐོགས་པ་ཡིན་ཏེ༔ དེ་མ་གཏོགས་པའི་ས་རྡོ་རི་བྲག་ཤིང་གི་ཁོངས་ལ་སོགས་པ་དངོས་པོ་ཐོག་རེག་གི་གནས་ཐམས་ཅད་ལ་ཐོགས་པ་མེད་པར་ཟང་ཐལ་དུ་རྒྱུ་བ་རང་སྣང་སྟོང་པའི་གཟུགས་བརྙན་སྔོན་གྱི་ཤ་གཟུགས་ཇི་ལྟ་བ་བཞིན་དུ་ཚང་བ་དང་༔ དབང་པོའི་སྒོ་ཐམས་ཅད་ཚང་བའི་ཡུལ་ལྔ་ཇི་ལྟ་བ་བཞིན་དུ་སྣང་ཞིང་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་བ་དང་༔ རང་དང་རིགས་མཐུན་པ་སྣ་ཚོགས་མཐོང་བའི་ལྷའི་མིག་དང་ལྡན་ཏེ་ཕ་རོལ་རྣམས་ཀྱི་ཤེས་རྒྱུད་དེར་ཆགས་སྡང་གི་བསམ་པ་ཇི་ལྟར་སྐྱེས་པ་རྣམས་ཤེས་པ་ཡིན༔ རེས་འགའ་མི་གྲལ་ན་འདུག་སྟེ་མི་རྣམས་ཀྱིས་གཏམ་སྨྲ་བ་གོ་ཞིང་ཕར་སྨྲ་བ་མི་གོ་བར་ལན་མི་སྟེར་བ་ལ་ཐམས་ཅད་ང་ལ་ཁྲོས་འདུག་སྙམ་དུ་ཞེ་སྡང་སྐྱེ་བ་དང་༔ བཟའ་མིའི་གྲལ་དུ་ཡོད་ཀྱང་རང་ལ་བཟའ་བཏུང་མི་སྟེར་བ་དང་༔ ཉི་མ་དང་མེ་འོད་དུ་གྲིབ་མ་མི་འབྱུང་བ་དང་༔ བྱེ་མ་ས་འབོལ་ཁ་བ་རྣམས་ཀྱི་ནང་དུ་རྐང་རྗེས་མི་འབྱུང་བ་ལ་སོགས་པ་ལ་ཐེ་ཚོམ་ནས་ཤི་བ་ཡིན་པར་ཤེས་ཏེ་འཇིགས་སྐྲག་དང་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་སྟེ༔ བླ་མཆོད་ཀྱི་ཚལ་དུ་སྐྱབས་འཚོལ་ལ་ཕྱིན་ཚེ་དེ་དག་གིས་ཆོ་ག་མ་དག་པ་དང་༔ བསྐྱེད་རྫོགས་མེད་པ་དང་༔ དམ་སྡོམ་ཉམས་པ་ལ་སོགས་པའི་སྐྱོན་ཐམས་ཅད་མཐོང་སྟེ༔ འདི་དག་གིས་ང་བསླུས་ཏེ་ངན་སོང་དུ་འཕེན་པར་འདུག་སྙམ་དུ་ལོག་ལྟ་སྐྱེས་ནས་མྱུར་དུ་ལུས་ཞིག་ལེན་པར་གདུང་བས་ཕྱོགས་ཐམས་ཅད་དུ་རྒྱུག་ནས་མངལ་སྒོ་འཚོལ་མོད་ཀྱི༔ བར་སྲིད་ཀྱི་ཚེ་ཚད་མ་རྫོགས་ཀྱི་བར་དུ་མངལ་སྒོ་མི་མཐོང་ཞིང་མི་རྙེད་དེ་ཞག་བདུན་རེའི་མཚམས་སུ་སྔར་འཆི་རྐྱེན་གྱི་སྣང་བ་རེ་འཆར་བས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་དང་༔ རི་བོ་སྟོང་ཉིལ་གྱི་སྒྲ་དང་༔ རྒྱ་མཚོ་འཁྲུགས་པའི་སྒྲ་དང་༔ མེ་ཆེན་འབར་བའི་སྒྲ་དང་༔ རླུང་ཆེན་འུར་བའི་སྒྲ་སྟེ་འཇིགས་པའི་སྒྲ་བཞི་དང་༔ གཡང་ས་དཀར་པོ་དང་དམར་པོ་དང་ནག་པོ་དུག་གསུམ་རང་གཟུགས་ཀྱི་གཡང་ས་ཤར་ཏེ་དེར་ལྷུང་བའི་འཇིགས་སྐྲག་བཟོད་གླག་མེད་པར་འཆར་བ་དང་༔ དམག་དང་གཤེད་མས་བདས་པ་དང་༔ རི་ཆེན་པོ་ཉིལ་བས་དེད་དེ་བྱུང་བ་དང་༔ ཐོག་སེར་དྲག་པོ་སྟེང་དུ་འབབ་པ་ལ་སོགས་པའི་འཁྲུལ་པའི་སྣང་བ་བཟོད་མེད་དུ་འཆར་བ་ཡིན་ནོ༔ རེས་འགའ་ནི་ཡར་ཕྱེད་སྔ་མའི་ལུས་ཏེ་མར་ཕྱེད་ཕྱི་མའི་ལུས་སུ་སྣང་བ་དང་༔ ལྷ་དང་མིའི་གནས་གཉིས་སུ་སྐྱེ་བའི་ལྟས་ནི་མགོ་བོ་སྟེང་དུ་ལྟ་བ༔ ལྷ་མ་ཡིན་དང་བྱོལ་སོང་དུ་སྐྱེ་བའི་ལྟས་སུ་འཕྲེད་དུ་ལྟ་བ་དང་༔ དམྱལ་བ་དང་ཡི་དྭགས་ཀྱི་ལྟས་སུ་མཐུར་དུ་ལྟ་བ་ཡིན་ནོ༔ དམྱལ་བར་སྐྱེ་བའི་ལྟས་སུ་འོད་ནག་སྡོང་དུམ་ལྟ་བུ་དང་༔ ཡི་དྭགས་ལ་བལ་ནག་གཡེངས་པ་ལྟ་བུ་དང་༔ བྱོལ་སོང་ལ་ཁྲག་མཚོ་ལྟ་བུ་དང་༔ མི་ལ་འོད་དཀར་པོ་དང་༔ ལྷ་མ་ཡིན་ལ་འོད་ལྗང་གུ་དང་༔ ལྷ་ལ་འོད་དཀར་འདོམ་གང་དུ་སྣང་བ་ཡིན་ཏེ༔ ཤེས་རྒྱུད་གཟུགས་མེད་པའི་ཁམས་སུ་སྟོང་པ་ལ་དགའ་གདུང་ཆེ་བ་དང་༔ གཟུགས་ཁམས་གསལ་བ་ལ་གདུང་བ་དང་༔ འདོད་ལྷ་བདེ་བ་ལ་གདུང་བ༔ མི་རྣམས་ཡུལ་ལ་གདུང་བ༔ ལྷ་མིན་ཁ་ཆར་ལ་གདུང་བ༔ དུད་འགྲོ་འོད་ནག་ལ་གདུང་བ༔ ཡི་དྭགས་འོད་དམར་སྐྱ་ལ་གདུང་བ༔ དམྱལ་བ་མེ་ལྕེ་ལ་གདུང་བ༔ ཡུལ་དེ་དག་ཐམས་ཅད་མཛེས་ཤིང་ཡིད་དུ་འོང་བར་སྣང་ནས་དེ་ལ་དགའ་གདུང་དྲག་པོ་བློ་ཡིད་འགོག་མི་ནུས་པ་ཙམ་འཆར་ཏེ༔ འདི་དག་གི་ངང་ཚུལ་དེང་སང་གི་གནས་སྐབས་ནས་ཤེས་པར་བྱས་ཏེ་ཉམས་འོག་ཏུ་ཚུད་ན་ད་གཟོད་སྐྱེ་བའི་ལྟས་འདི་དག་ངོ་ཤེས་ཏེ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་བྱས་ཤིང་དེར་གདིང་ཚུགས་གཞིའི་འོད་གསལ་ཀ་དག་གི་ཆོས་སྐུ་སླར་ཡང་འཆར་བ་ནི་ཡུར་བ་རྐང་ཆད་པ་ལ་ཝ་འཛུག་པ་ལྟ་བུ་ཡིན་ཏེ་གྲོལ་བ་ཐོབ་པར་འགྱུར་རོ༔ ཡང་རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་ཁམས་མངོན་དུ་བྱས་ཏེ་བག་ཆགས་ཡིད་ལ་བཞག་པ་ཡོད་ན་དེ་དྲན་ནས་ཚུལ་བཞིན་ཡིད་ལ་བྱས་པས་སྣང་བ་དེར་འཕོས་ཏེ་བརྟན་པ་ཐོབ་པར་འགྱུར་རོ༔ དེ་ལྟར་སྦྱངས་པའི་བག་ཆགས་མེད་པ་དག་གིས་མེ་དཔུང་མཛེས་པ་མཐོང་ནས་ཁྲོད་དུ་སླེབས་མ་ཐག་ཏུ་དམྱལ་བའི་སྣང་བ་མཆེད་དེ་སྡུག་བསྔལ་དང་༔ ཕུག་སྡུག་གི་ནང་དུ་ཕྱིན་པས་ཡི་དྭགས་ཀྱི་སྣང་བ་དང་༔ ཆུ་བོ་དང་འདམ་རྫབ་ཏུ་ཕྱིན་པས་དུད་འགྲོའི་སྣང་བ་མཆེད་པ་དང་༔ སྦྲང་ཆར་དང་ཁ་བ་བུ་ཡུག་འཚུབ་པའི་ནང་དུ་ཕྱིན་པས་ལྷ་མ་ཡིན་གྱི་སྣང་བ་མཆེད་པ་དང་༔ སྐྱེད་མོས་ཚལ་དང་གཞལ་ཡས་ཁང་ལ་སོགས་པ་སྣང་བས་ལྷའི་མངལ་སྒོར་ཞུགས་པ་དང་༔ མི་ཡུལ་འཛིན་པ་ལའང་ཤར་ལུས་འཕགས་པོ་ཉ་གཟུགས༔ བ་ལང་སྤྱོད་ངང་པ༔ སྒྲ་མི་སྙན་ཁྲུང་ཁྲུང་༔ འཛམ་བུའི་གླིང་པ་མི་ཕོ་མོ་ཆགས་སྦྱོར་བྱེད་པར་སྣང་སྟེ༔ དེའི་དུས་སུ་མངལ་སྒོ་བཀག་ནས་གོང་གི་གནད་ཡིད་ལ་བྱས་པས་གྲོལ་བ་ཐོབ་པ་ཡང་ཡོད༔ ཡང་ན་ནི་མངལ་གྱི་སྒོ་འདམ་སྟེ་གླིང་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་དུ་ཆོས་དར་བ་དང་དགེ་བའི་བཤེས་གཉེན་བཟང་པོའི་ཉེ་འདབས་སུ་རིགས་རུས་ཕུན་སུམ་ཚོགས་པའི་མི་ཕོ་མོ་སྦྱོར་བ་བྱས་པའི་ཚལ་དུ་མ་ལ་ཆགས་ཤིང་ཕ་ལ་སྡང་བའི་སེམས་ཀྱིས་མའི་བཤང་ལམ་ནས་ཐེ་ཚོམ་མེད་པར་འཇུག་པའི་ཚེ་རང་བླ་མའམ་ཡི་དམ་གྱི་སྐུར་གསལ་ཏེ་འགྲོ་དོན་རྒྱ་ཆེན་པོ་འབྱུང་བར་ཡིད་སྨོན་བྱེད་ནུས་ན་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པར་ངེས་སོ༔ ཕ་ལ་ཆགས་ནས་མ་ལ་སྡང་བའི་སེམས་ཀྱིས་ཞུགས་ན་བུ་མོར་སྐྱེ་བ་ཡིན་པས་ཤེས་པར་བྱ་བ་གནད་དུ་ཆེའོ༔ དེང་སང་གི་གནས་སྐབས་འདིར་བར་དོ་སྦྱོང་བའི་གདམས་པ་ཉམས་སུ་ལེན་པ་ལ༔ ཨེ་ཨེ་ང་ཤི་བ་རེད་སྣང་བ་འདི་ནི་བར་དོའི་སྣང་བའོ༔ ཞེས་ཞེ་ཐག་པ་ནས་ཡིད་ལ་འཆར་བར་བྱས་ཏེ༔ འཁོར་འདས་སྟོང་ཉིད་ཆེན་པོ་ངོ་ཤེས་པའི་ངང་དུ་ཡུན་ཅིག་བཞག༔ སླར་ཡང་ང་ནི་ཤི་བ་དངོས་རེད་སྣང་བ་འདི་ནི་སྲིད་པ་བར་དོའོ༔ དེ་ནི་འཁོར་བ་སྡུག་བསྔལ་གྱི་བཙོན་དོང་༔ འདི་ལས་ཐར་བའི་ཐབས་ཤིག་བྱ་དགོས་སྙམ་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཡིད་ལ་བྱས་ཏེ་འོད་དཀར་པོ་སྤྲིན་ཕུང་ལྟ་བུ་ཞིག་ཤར་ཕྱོགས་ཀྱི་དཔག་ཚད་གྲངས་མེད་པའི་ཕ་མཐར་སྟེང་གི་ནམ་མཁའ་ལ་མཐོང་སྣང་བྱས་ཏེ༔ ཞིང་ཁམས་དེ་ནི་རྒྱ་ཆེ་ཞིང་ཁྱོན་ཡངས་པ་བློ་དང་ཡིད་ཀྱིས་དཔག་ཏུ་མེད་པ་ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་ངོས་ལྟར་དྭངས་ཤིང་གསལ་བ༔ ཁ་དོག་སྣ་ཚོགས་པའི་མེ་ཏོག་པདྨོས་ཡོངས་སུ་གང་ཞིང་ཁེབས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ་ཕྱོགས་བཞི་མཚམས་བརྒྱད་དུ་དཔག་བསམ་གྱི་ལྗོན་ཤིང་རྒྱས་པ༔ དག་བྱེད་བདུད་རྩིའི་ཆུ་མིག་འབབ་པ༔ ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་མཚོ་དང་རྫིང་བུ་འཁྱིལ་བ་ལ་རིན་པོ་ཆེའི་གྲམ་དང་གཡུའི་ནེའུ་སིང་དང་གསེར་གྱི་བྱེ་མ་བརྡལ་བ༔ ཕྱོགས་དང་ཁོར་ཡུག་ཐམས་ཅད་འཇའ་ཚོན་གྱི་དྲྭ་བ་མིག་མང་རིས་སུ་བྲེས་པ་ལས་འདོད་ཡོན་གྱི་མཆོད་སྤྲིན་སྤེལ་བའི་ལྷ་མོ་མང་པོ་དང་༔ སྤྲུལ་པའི་བྱ་ཚོགས་མཛེས་སྡུག་ཡིད་དུ་འོང་བ་སྐད་སྙན་པ་མང་པོས་ཆོས་ཀྱི་སྒྲ་དབྱངས་གླུ་རུ་ལེན་པ༔ ནམ་མཁའ་ལ་འཇའ་ཚོན་ལས་གྲུབ་པའི་བླ་བྲེ་དང་དར་གདུགས་འཕན་ལ་སོགས་པའི་གཟུགས་སྣང་འཆར་བ༔ ཞིང་ཁམས་དེའི་དབུས་སུ་ཡེ་ཤེས་འོད་གདངས་ལས་གྲུབ་པའི་གཞལ་ཡས་ཁང་དཀར་སེར་དམར་ལྗང་མཐིང་གའི་ཁ་དོག་རྣམ་པར་བཀྲ་ཞིང་རྒྱ་ཆེ་ལ་ཁྱོན་ཡངས་པ༔ བཀོད་ལེགས་ཤིང་ཡིད་དུ་འོང་བའི་རྒྱན་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ༔ གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་སྤྲས་པ༔ ཡེ་ཤེས་སྒྱུ་མའི་སྐུ་མཆོག་ཉིད་ལ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ་ཡིད་ལ་བྱས་ཏེ༔ ཞིང་ཁམས་དེར་དཔག་ཆེན་གྱི་མདའ་འཕངས་པ་བཞིན་དུ་སོང་ནས་གཞལ་ཡས་ཁང་དེ་ལ་བསྐོར་བ་ལན་གསུམ་བྱས༔ སྡིག་པ་མི་དགེ་བ་བཤགས༔ སྒོ་བ་ལ་གསོལ་བ་བཏབ་པས་སྒོ་ཕྱེས་ཏེ་ནང་དུ་ཞུགས་ནས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ༔ མཆོད་པ་འབུལ༔ སྡིག་པ་བཤགས༔ གསོལ་བ་བཏབ༔ དེ་བཞིན་གཤེགས་པ་དེའི་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་བྱིན་གྱིས་བརླབས༔ ལུང་བསྟན་དབང་བསྐུར་ཆོས་གསུངས་པའི་ཆོས་གྲལ་དུ་འཁོད་པ་དང་བཅས་པ་རྣམས་ཡིད་ལ་བྱས་ཏེ༔ སྣང་བ་གནས་འགྱུར་སྦྱངས་པ་ཐོན་ན་སྲིད་པ་བར་དོའི་སྐབས་སུ་རང་ཤི་བ་ངོ་ཤེས་མ་ཐག་ཏུ་སྔོན་སྦྱངས་ཀྱི་བག་ཆགས་དེའི་སྟོབས་ཀྱིས་འཁོར་བ་ལས་ཐར་འདོད་ཀྱི་བསམ་པས་ཞིང་ཁམས་རྗེས་སུ་དྲན་ཅིང་ཚུལ་བཞིན་ཡིད་ལ་བྱེད་པའི་ཤེས་པ་ལངས་ཏེ་དེར་གྲོལ་བའི་འདུན་པ་གཏད་པས་དཔག་ཆེན་གྱི་མདའ་བཞིན་བགྲོད་པ་དང་སླེབས་པའི་སྐལ་བ་ཐོབ་ནས་ཞིང་ཁམས་དེར་བརྟན་པ་ཐོབ་པར་འགྱུར་རོ༔ རེས་འགའ་ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་ནམ་མཁའ་དང་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟར་འབར་བའི་དབུས་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་ལྟ་བུ་རིན་ཆེན་རིགས་ཀྱི་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བའི་དྲུང་དུ་གོང་ལྟར་བགྲོད་སླེབས་ཡིད་ལ་བྱ་བ་དང་༔ རེས་འགའ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་པདྨ་རཱ་ག་ལྟ་བུའི་དབུས་ན་སྣང་བ་མཐའ་ཡས་དམར་པོ་པདྨ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་དྲུང་དུ་བགྲོད་སླེབས་ཡིད་ལ་བྱ་བ་དང་༔ རེས་འགའ་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུའི་དབུས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པ་ལ་འཁོར་ཀརྨ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་བསྐོར་བ་ཞིང་ཁམས་ཀྱི་བཀོད་པ་མངོན་སུམ་མིག་གིས་མཐོང་བ་ལྟ་བུར་ཡིད་ལས་བྱས་ཏེ་དེར་དཔག་ཆེན་གྱི་མདའ་བཞིན་དུ་བགྲོད་པ་དང་༔ ཉེས་ཅན་བཙོན་ནས་ཐར་ཏེ་རང་ཡུལ་ལ་སླེབས་པ་བཞིན་དུ་འཁོད་དེ་དེ་བཞིན་གཤེགས་པ་ལ་ཕྱག་མཆོད་གསོལ་བ་འདེབས་པ་ལ་སོགས་གོང་བཞིན་ཡིད་ལ་བྱ་བ་དང་༔ སྐབས་འགར་སྣང་བ་ཐམས་ཅད་ཡི་དམ་ལྷའི་ཞིང་ཁམས་སུ་གསལ་ཏེ་དཔེར་ན་ཡུལ་ཡངས་པའི་དབུས་ནས་ཤར་ལྷོ་ནུབ་བྱང་གི་ས་ཆ་མིག་གིས་མཐོང་བ་བཞིན་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་མེ་ཏོག་དཀར་པོས་བརྒྱན་པར་འོད་དཀར་པོ་ནམ་མཁའ་ལ་འཕགས་པ་དང་༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་མེ་ཏོག་སེར་པོས་བརྒྱན་པར་འོད་སེར་པོ་ནམ་མཁའ་ལ་འཕགས་པ་དང་༔ ནུབ་བདེ་བ་ཅན་གྱི་ཞིང་ཁམས་མེ་ཏོག་དམར་པོས་བརྒྱན་པར་འོད་དམར་པོ་ནམ་མཁའ་ལ་འཕགས་པ་དང་༔ བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་མེ་ཏོག་ལྗང་གུས་བརྒྱན་པར་འོད་ལྗང་ནག་ནམ་མཁའ་ལ་འཕགས་པ་རྣམས་མངོན་སུམ་མིག་གིས་མཐོང་བ་བཞིན་དུ་ཡིད་ལ་བྱས་ཏེ་དེའི་ངང་དུ་གདིང་བསྐྱེད་དེ་འདུག་ཅིང་༔ རེས་འགའ་དཔག་ཆེན་གྱི་མདའ་འཕང་བ་བཞིན་དུ་ཞིང་ཁམས་དེ་དག་ཏུ་བགྲོད་པ་དང་སླེབས་པའི་སྣང་བ་སྦྱོང་བ་ནི་བར་དོར་དབུགས་ཆེན་པོ་འབྱིན་པའི་སྟོབས་ནུས་རྒྱུད་ལ་འཇོག་པ་ཡིན་པས༔ གདམས་པ་འདི་ལ་སྦྱངས་པ་ཐོན་ཅིང་རྒྱུད་ལ་བརྟན་པ་ཐོབ་པ་ཞིག་གནད་མཆོག་ཏུ་བཟུང་བར་བྱའོ༔ ཆོས་ཉིད་བར་དོའི་དུས་སུ་བླ་མའམ་མཆེད་གྲོགས་དམ་ཚིག་ལ་སེལ་མེད་པ་ཞིག་གིས་འདི་སྐད་བརྗོད༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཞེས་མིང་ནས་ལན་གསུམ་བོས་ཏེ༔ མ་དག་པ་འཁོར་བའི་སྒོ་དག་པ་ཆོས་ཉིད་དུ་ཐིམ་པས་སྟོན་གནམ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་གནས་སྐབས་ལྟ་བུ་ཁྱབ་བརྡལ་ཕྱོགས་མཐའ་དང་བྲལ་བ་དྭངས་གསལ་རྙོགས་པ་མེད་པ་ཞིག་འཆར་བ་དེ་ནི་ཁྱེད་རང་གི་གདོད་མའི་ཡེ་གཞི་ཀ་དག་གི་ངོ་བོ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཤེས་ཐོག་ཏུ་གདིང་བསྐྱེད་ཅིག༔ གདིང་ཐོག་ཏུ་ས་ཟུངས་ཤིག་དང་༔ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཕྱིན་ཅི་མ་ལོག་པའི་དབྱིངས་སུ་འཚང་རྒྱ་བར་འགྱུར་རོ༔ ཞེས་ལན་གསུམ་གདབ༔ དེ་ཞག་གསུམ་རེ་ལ་ལན་གྲངས་གསུམ་རེ་བརྗོད༔ གསུམ་པ་ནས་བདུན་པ་ཚུན་ཆད་དུ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱེད་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་༔ འོད་དང་ཟེར་དང་ཐིག་ལེ་དང་སྐུ་ཞི་བ་དང་ཁྲོ་བོའི་སྣང་བ་འཆར་བ་དེ་རྣམས་ནི་ཀ་དག་ལྷུན་གྲུབ་ཏུ་ཐིམ་པ་ཞེས་བྱ་བ་ཡིན་ཏེ༔ འབྱུང་བའི་སྙིགས་མ་དྭངས་མར་མཆེད་པས་འོད་ལྔའི་དྭངས་མ་བཅུད་དུ་སྨིན་པའི་ཐིག་ལེའི་བཅུད་འབྲས་བུར་སྨིན་པ་སྐུ་རུ་སྣང་བ་ཡིན་ཏེ༔ ཤེས་པ་གཞན་དུ་མ་ཡེངས་པར་མ་པང་དུ་བུ་འཇུག་པ་ལྟ་བུར་སྣང་བ་འོད་དང་བསྲེས་ཤིག༔ སེམས་སྐུ་དང་ཐིག་ལེ་རུ་བསྲེས་ཤིག༔ རང་སྣང་འོད་གསལ་བདེ་བ་ཆེན་པོའི་རང་བཞིན་མངོན་དུ་གྱུར་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དེར་བསྲེས་ཤིང་འཕོས་ཏེ་གདིང་ཚུགས་པར་གྱིས་ཤིག༔ གདིང་ཐོག་ཏུ་ས་ཟུང་ལ་གཞན་དུ་མ་ཡེངས་མ་འཁྲུལ་པར་ས་ཟིན་ན་ཁྱོད་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་འགྱུར་རོ༔ རང་སྣང་ཁྲོ་བོའི་དཀྱིལ་འཁོར་ལ་མ་སྐྲག༔ རང་སྒྲ་རང་ལ་སྣང་བ་ལ་མ་འཇིགས༔ སྣ་ཚོགས་སྣང་བའི་ཟེར་ལ་མ་དངངས་པར་གཞིའི་རིག་པ་འཁོར་འདས་འུབ་ཆུབ་ཀྱི་རོལ་པར་ངང་བརྟན་ཅིང་འབྱམས་ཀླས་པར་གྱིས་ཤིག༔ ཅེས་གདབ་བོ༔ བདུན་ཞག་དྲུག་ལའང་རང་གི་མདུན་དུ་རྟེན་བཙུགས་པ་ལ་འགུག་གཞུག་ལན་དགུར་བསྐྱར་ནས་འོད་ཀྱི་གྭའུར་ཚུད་པར་བསམ་སྟེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ཉོན་ཅིག༔ ཁྱོད་ངེས་པར་ཤི་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཁྱོད་ལ་སྲིད་པ་བར་དོའི་སྣང་བ་གར་བསམ་པ་དེར་སྐད་ཅིག་གིས་སླེབས་པ་དང་༔ འཁྲུལ་སྣང་འཇིགས་སྐྲག་གི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་འདུག་པ་དེ་སྲིད་པ་ལས་ཀྱི་བར་དོ་ཞེས་བྱ་བ་ཡིན་གྱི༔ འཁོར་འདས་ཀྱི་ས་མཚམས་ལ་ཐུག་པ་རེད་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་བདེ་བའི་གནས་སྐབས་ཏིལ་འབྲུ་ཙམ་ཡང་མེད་པ་འདི་ལ་སྐྱོ་ཞིང་སུན་པར་གྱིས་ལ༔ ལྷ་དང་མི་སོགས་གནས་རིས་དྲུག་གི་འཇིག་རྟེན་འདི་དག་འཁྲུལ་སྣང་སྒྱུ་མ་དང་རྨི་ལམ་གྱི་གནས་ཡུལ་ལྟ་བུ་ཡིན་པས༔ ཞེན་པ་དང་ཆགས་པ་བཙན་ཐབས་སུ་ཆོད་ལ་འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་མངོན་པར་དགའ་བ་ཞེས་བྱ་བ་དགའ་བདེ་དང་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པའི་ཞིང་ཁམས་ཞིག་ཡོད་ཀྱི༔ དེ་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་འཁོར་ཚོགས་དཔག་ཏུ་མེད་པ་ལ་ཆོས་སྟོན་ཅིང་བྱིན་གྱིས་རློབས་པ་ཡོད་དེ༔ དེ་ཡིད་ལ་གྱིས་ཤིག༔ ཁྱོད་ལ་གདོས་བཅས་ཤ་ཁྲག་གི་ཕུང་པོ་ནི་མེད་དེ༔ སྟོང་གཟུགས་ཡིད་ཀྱི་ལུས་དེ་ཤར་ཕྱོགས་ཀྱི་ཞིང་ཁམས་དེར་དཔག་ཆེན་གྱི་མདའ་བཞིན་དུ་སོང་ཞིག༔ ཅེས་ཕཊ་བརྗོད་པས་སྐར་མདའ་བཞིན་དུ་སོང་བར་བསམ༔ ཡང་ཕཊ་བརྗོད་པས་ཞིང་དེར་སླེབས་པར་བསམ༔ ཡང་ཕཊ་བརྗོད་པས་ཞིང་ཁམས་ཀྱི་སྣང་བ་མཆེད་ངོ་ཤེས་གདིང་ཐོབ་རྩལ་རྫོགས་བརྟན་པ་ཐོབ་པར་བསམ༔ ཡང་གོང་བཞིན་ཁ་བསྒྱུར་ཏེ་འདི་ནས་ལྷོ་ཕྱོགས་སུ་དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ་བདེ་སྐྱིད་ཡོན་ཏན་གྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པ་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞེས་བྱ་བས་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ལ་སོགས་དང་༔ ཡང་འདི་ནས་ནུབ་ཕྱོགས་ཀྱི་དཔག་ཚད་གྲངས་མེད་པའི་ཕ་མཐའ་ན་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་བདེ་སྐྱིད་དཔག་ཏུ་མེད་པའི་ཞིང་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པ་ཞེས་བྱ་བས་འཁོར་སོགས་དང་༔ ཡང་འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྲངས་མེད་པའི་ཕ་མཐར་ན་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་རབ་ཏུ་རྫོགས་པའི་ཞིང་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཞེས་བྱ་བས་འཁོར་སོགས་དང་༔ ཞེས་བསྐྱེད་རྫོགས་ལ་གོམས་འདྲིས་ཅུང་ཟད་ཡོད་པ་མ་གཏོགས་ངོ་སྤྲོད་ཀྱིས་ཕན་ཐོགས་པ་ཤིན་ཏུ་དཀའ་སྟེ༔ བསྐྱེད་རྫོགས་ལ་གོམས་འདྲིས་ཅུང་ཟད་ཡོད་པའི་སྐྱེས་བུ་ལ་ངོ་སྤྲོད་འདི་དག་ཐེབས་ན་མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པར་འགྱུར་བ་ཡིན་ནོ༔ འདྲེན་པ་པོ་ལྟ་དགོངས་དང་ལྡན་ན་མཆེད་པ་ཉེར་ཐོབ་ཐིམ་པའི་གནས་སྐབས་སུ་ཁོའི་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་དྲི་མ་མེད་པ་གསལ་ལ་འཚེར་བ་ཞིག་ཏུ་སྒོམ་ལ་མིང་ནས་ལན་གསུམ་བོས་ཏེ༔ ཀྱཻ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཀྱི་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་དྲི་མ་མེད་པ་ཞིག་ཏུ་བསྒོམ་ཞིག་ཅེས་ལན་གསུམ་གདབ༔ ཀྱཻ་རིགས་ཀྱི་བུ་ཁྱོད་རང་གི་སྤྱི་བོ་ཚངས་པའི་བུ་ག་རྒྱ་སྐར་ལྟ་བུ་དེ་ཉིད་ཡར་གྱི་ཟང་ཐལ་དུ་འགྲོ་བའི་ལམ་ཡིན་ཏེ་དེར་སྐར་མདའ་རྒྱུག་པ་བཞིན་དུ་འཕོས་ཤིག༔ ཅེས་བརྗོད་དོ༔ འདྲེན་པ་པོ་རང་གི་རིག་པ་དང་ཕ་རོལ་པོའི་རྣམ་པར་ཤེས་པ་གཉིས་མེད་དུ་བསྲེས་ནས་ཡུན་ཅིག་མཉམ་པར་བཞག་སྟེ་སྐར་མདའ་རྒྱུག་པ་བཞིན་དུ་ཚངས་པའི་བུ་ག་ནས་ཐོན་སྟེང་ཕྱོགས་འོག་མིན་གྱི་གནས་སུ་ཐིམ་པར་བསམ་ལ་ཨ་ལྔ་ཚར་བརྗོད་པ་དང་ཆབ་གཅིག་ཕཊ་སྒྲ་གསུམ་གྱིས་སྤར༔ འདྲེན་པོ་ཡེ་ཤེས་ཡོན་ཏན་གྱི་དཔལ་དང་ལྡན་པས་ཕ་རོལ་པོའི་ཚངས་བུག་ཏུ་རླངས་པ་ཕྱུ་རུ་རུ་སོང་ན་ཐེབས་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་ན་རང་གི་སྙིང་ག་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་མེར་གྱིས་ཞུ་ནས་ཐིབས་ཀྱིས་འདུས་ཏེ་ཚེ་འདས་དེའི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་སངས་རྒྱས་འོད་དཔག་ཏུ་མེད་པ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་གསལ་ཞིང་དེ་བཞིན་གཤེགས་པའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་ཆེ་ཆུང་མཐོ་གང་བ་གཅེར་བུ་གོས་རྒྱན་མེད་པ་ཞིག་གི་ཐུགས་ཀར་ཨ་ཡིག་དཀར་པོ་ཟླ་བ་ལྟར་གསལ་བ་བསྒོམ༔ དེ་དག་གི་སྐུ་ལས་འོད་ཕུང་ཁ་དོག་ལྔ་ལྡན་སྤྲིན་ཕུང་གཏིབ་པ་བཞིན་དུ་ཚེ་འདས་དེའི་ལུས་ངག་ཡིད་གསུམ་ལ་ཞུགས་པས་སེམས་དང་སྣང་བ་ཐམས་ཅད་འོད་དུ་ཞིག་ནས་ལུས་འོད་ལུས་སྟོང་རའི་གུར་ཁྱིམ་དུ་གྱུར་པའི་དབུས་སུ་འོད་ཕུང་དེ་དག་གིས་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་དང་བཅས་པ་བསྡུས་ཏེ་བྱིན་རླབས་འོད་ཀྱི་སྦུ་གུ་ཁང་སྟོང་དུ་ཀྭ་བ་བཙུག་པ་ལྟ་བུར༔ ཡར་སྣ་ཀུན་ཏུ་བཟང་པོའི་ཐུགས་ཀའི་ཨ་ལ་ཟུག་པ་མར་སྣ་སྙིང་གར་ཟུག་ཅིང་འགག་པ༔ དེའི་ནང་དུ་སྤྱི་བོ་མན་ཆད་སྙིང་ག་ཡན་ཆད་ཀྱི་བར་དུ་ཨ་དཀར་པོ་ཉི་ཤུ་རྩ་གཅིག་བརྩེགས་མར་གནས་པ་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་གྱི་ངོ་བོར་བསམ་སྟེ༔ ཨ་ཕཊ་ཉི་ཤུ་རྩ་གཅིག་བརྗོད་པས་རིམ་པ་བཞིན་དུ་ལུགས་སུ་ལྡོག་ནས་ཨ་ཐོག་མ་ནམ་མཁའི་སྐར་མདའ་ཆད་པ་བཞིན་དུ་ཀུན་ཏུ་བཟང་པོའི་ཐུགས་ཀའི་ཨ་ལ་བསྟིམ་སྟེ་ཕཊ་གཅིག་བརྗོད་པས་བདེ་བ་ཅན་གྱི་ཞིང་ཁམས་ཇི་ལྟ་བ་བཞིན་དུ་མཆེད་པར་བསམ༔ གཉིས་བརྗོད་པས་ངོ་ཤེས་པར་བྱས༔ གསུམ་བརྗོད་པས་རྩལ་རྫོགས་བརྟན་པ་ཐོབ་པར་བསམ་ལ་ཞིང་ཁམས་དེ་ཡིད་ལ་བྱས་ནས་ཅི་གནས་སུ་བཞག་པ་འདི་མཆོག་དམན་ཀུན་ལ་སྦྱར་ཀྱང་གནད་ཟབ་ལ་ཆོད་ཆེ་བ་ཡིན་ནོ༔ འདྲེན་པ་པོ་བསྐྱེད་རིམ་གྱི་གནད་མི་ཤེས་ཤིང་གོམས་འདྲིས་མེད་ན་ཇི་ལྟར་བྱས་ཀྱང་ཐ་མལ་གྱི་སྨོན་ལམ་བཏབ་པ་ཙམ་ལས་ཕན་སྐྱོབས་ཀྱི་ནུས་པ་ཟད་དེ༔ དེའི་ཕྱིར་གཤིན་པོའི་འདྲེན་སྟོན་བྱེད་པ་རྣམས་ཀྱིས་ལྟ་སྒོམ་གྱི་གདིང་དང་ལྡན་པར་བྱ་བ་དང་གཞན་དོན་བསྒྲུབ་པ་ལ་བསྐྱེད་རིམ་དང་འཕོ་བའི་གནད་ལ་བསླབ་ནས་སྦྱངས་པ་ཐོན་པ་རེ་མ་བྱས་ན༔ རྔོན་ཇག་དོན་གཉེར་ལ་ཆས་ཏེ་དོན་ཐོབ་པ་ཙམ་དུ་གྱུར་ནས་གཞན་མགོ་བསྐོར་བས་རང་འཆིང་བ་ནི་སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བ་ལྟ་བུར་འགྱུར་ཏེ༔ རང་ངན་སོང་གི་སྡུག་བསྔལ་མྱོང་བར་བྱེད་པའི་རྒྱུ་རིན་གྱིས་ཉོ་བ་ཡིན་པས་དེའི་ངང་ཚུལ་ཤེས་དགོས་སོ༔ རྒྱུད་ཀྱི་ཡང་སྙིང་གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཀློང་མཛོད་ཀ་དག་གཞོན་ནུ་བུམ་སྐུའི་ཡེ་ཤེས་ཀྱི་སྒོ་དུ་མར་སྣང་ཚུལ་དང་ཆོས་ཉིད་རང་གི་ངང་དུ་རང་གྲོལ་བར་བྱེད་པའི་ཐབས་ཀྱི་སྒོ་འདི་ལྟར་གདོད་མ་གཞིའི་སྟོན་པ་མཚོ་སྐྱེས་རྡོ་རྗེ་བདག་ལས་མི་གཞན་པར་རོལ་པའི་འཁོར་ཚོགས་རྣམས་ལ་བསྟན་པའི་དགོས་ཆེད་ནི༔ སྔོན་བྱུང་གི་དུས་སུ་རྫོགས་པ་ཆེན་པོའི་བསྟན་པ་ཉི་མ་ལྟར་ཤར་ཏེ་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ལ་སྟོན་མཆོག་དམ་པ་རྣམས་ཀྱིས་འཆད་པའི་ཚེ་ན༔ དང་པོ་ལྟ་བས་ཐག་བཅད༔ བར་དུ་སྒོམ་པས་ངོ་སྤྲོད་ཅིང་སྐྱོན་བསལ༔ ཐ་མ་སྤྱོད་པ་བྱར་མེད་དུ་གནས་ཤིང་ཉམས་སུ་བླངས་པས་གྲུབ་ཐོབ་ཤ་སྟག་བྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་ནི་ཟབ་ལམ་རྡོ་རྗེ་སྙིང་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ༔ དེང་སང་གི་དུས་ན་ལྟ་བ་ལ་ཉམས་རྒྱུས་མེད་པར་ཤེས་པ་རང་གསལ་ཙམ་ངོ་སྤྲད་དེ་ཇི་ལྟར་བསྒོམས་ཀྱང་ཐ་མལ་པ་ལས་མི་འཕགས་ཤིང་རྣམ་མཁྱེན་སངས་རྒྱས་ཀྱི་འབྲས་བུ་ལ་ཐོབ་དུས་མེད་པ་དང་༔ སློབ་དཔོན་འགའ་ཞིག་ཁ་བཤད་ལ་མཁས་ཀྱང་རྣམ་པར་གྲོལ་བའི་ལམ་སྟོན་མི་ནུས་པས་གཞན་རྒྱུད་ལ་ཕན་ཐོགས་པ་ཡང་དེ་ཙམ་ལས་མི་སྲིད་དོ༔ དེ་ལྟར་རིམ་པ་ཇི་བཞིན་དུ་འཆད་པའི་སློབ་དཔོན་དཀོན་པ་དང་ཉམས་སུ་ལེན་པའི་སྐྱེས་བུ་མེད་པའི་དབང་གིས་རྫོགས་པ་ཆེན་པོའི་བསྟན་པ་རི་མོའི་མར་མེ་ལྟར་སོང་བ་ལ་ཕངས་ནས་དུས་སྐབས་འདི་ཀ་ཙམ་དུ་སྣོད་བཅུད་ཀྱི་རྟེན་འབྲེལ་འགྲིགས་པའི་ཕྱིར་བསྟན་པ་ཡིན་ཏེ༔ འདི་ཡང་སྤྲིན་བར་གྱི་ཉི་ཞུར་ཙམ་ལས་ཡུན་དུ་གནས་པར་འགྱུར་བ་ནི་མ་ཡིན༔ དེ་ཅིའི་ཕྱིར་ཞེ་ན༔ འཆད་མཁན་གྱི་སློབ་དཔོན་མེད་པ་དང་༔ ལས་སྨོན་སྐལ་བར་ལྡན་པའི་སྐྱེས་བུ་དཀོན་པའི་ཕྱིར་དབྱིངས་ལས་བྱུང་ཞིང་དབྱིངས་སུ་སྡུད་པ་ཡིན་ནོ༔ ཞེས་གསུངས་པ་ལ་རིག་པའི་རྡོ་རྗེ་ལ་སོགས་པའི་འཁོར་འདུས་པ་ཐམས་ཅད་ཡི་རང་སྟེ་མངོན་པར་བསྟོད་དོ༔ དེ་མ་ཐག་ཏུ་སྟོན་པ་མཚོ་སྐྱེས་རྡོ་རྗེ་འོད་ཕུང་དུ་དེངས་ཤིང་འཁོར་རྣམས་ཀྱང་འོད་དེར་དེངས་ནས་འོད་ཆེར་མཆེད་པས་སྣང་བ་ཐམས་ཅད་ཁྱབ་བོ༔ སྣང་བ་ཐམས་ཅད་འོད་དུ་དེངས་ནས་འོད་ནམ་མཁའ་དང་འདྲེས༔ ནམ་མཁའ་ཁྱབ་བརྡལ་དུ་འབྱམས་ཀླས་སོ༔ སླར་ཡང་ཡུལ་མེད་སྟོང་པའི་དབྱིངས་ནས་སྒྲ་འདི་སྐད་བྱུང་སྣང་༔ ཀྱཻ་འོད་གསལ་རྡོ་རྗེ་སྙིང་པོ་བསྒོམ་པའི་སྐྱེས་བུ་རྣམས་ཉོན་ཅིག༔ རྟོགས་པས་བདག་གྲོལ་ཐུགས་རྗེས་གཞན་གྲོལ་གཉིས་མེད་དག་མཉམ་གྱི་རོལ་པར་སངས་རྒྱས་པའི་ཚུལ་ནི་དེ་ལྟ་བུ་ཞིག་ཡིན་ནོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁམས་གསུམ་གྱི་དབང་ཕྱུག་མ་ཧཱ་དཱེ་ཝ༔ དེའི་སྲས་མཆོག་མགོན་པོ་ཡོངས་ཀྱི་སྤྲུལ་གཞི་ཚོགས་ཀྱི་བདག་པོ༔ འཁོར་འདས་སྟོང་ཆེན་དུ་རོལ་པ་དབྱིངས་ཀྱི་རྗེ་མོ༔ ཁམས་གསུམ་དབང་སྡུད་ཀྱི་རྒྱལ་པོ་གནོད་སྦྱིན་བཤན་པ་དམར་ནག༔ སྣང་སྲིད་ཡོངས་ཁྱབ་ཀྱི་བདག་པོ་གཟའ་བདུད་དུག་གི་སྤུ་གྲི༔ འབྱུང་བ་ལྔའི་བྱེད་པོ་རྒྱལ་བཙན་དྲག་ཤུལ་དཔལ་འབར་དང་བཅས་པ་རྣམས་ལ༔ དུས་གསུམ་རྒྱལ་བ་ཡོངས་ཀྱི་སྲོག་གི་ཏི་ཀ་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་བཅུད་དུ་དྲིལ་བ་རྒྱུད་ཀྱི་རྒྱལ་པོ་གནས་ལུགས་རང་བྱུང་གི་རྒྱུད་ཆེན་པོ་འདི་ཉིད་བཀས་གཏད་དོ༔ དམ་ཚིག་གིས་གཉེར་རོ༔ སྣོད་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ལ་སྤྲོད་ལ་ཐར་པ་དང་རྣམ་མཁྱེན་གྱི་ས་ལ་སྦྱོར་བའི་བྱེད་པོ་གྱིས་ཤིག༔ སྣོད་མེད་ལོག་པར་ལྟ་བའི་རིགས་རྣམས་ལ་གསང་རྒྱས་ཐོབས་ཤིག༔ སྒྲོ་འདོགས་སྐུར་འདེབས་བྱེད་པའི་བསྟན་དགྲ་རྣམས་ཀྱི་དབང་པོ་བསྣུབ་ལ་དུས་མཐའ་བསྟུངས་ཤིག༔ འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྲིང་ལ་མཐུན་རྐྱེན་སྒྲུབས་ཤིག༔ གདུལ་བྱ་དང་བསྟན་པ་ཆབ་སྲིད་སྟོབས་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་བསྐྱེད་ཅིང་སྤེལ་བའི་ཕྲིན་ལས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་པའི་ཚེ་སློབ་བུ་ཚེས་བཅུ་དང་། ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས། ལྷ་རྗེ་རིག་འཛིན་བཟང་པོ་རྣམས་ཀྱིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་དང་། མགོ་ལོག་ཕྱོགས་ཀྱི་ལྷ་རྗེ་རིག་འཛིན་བཟང་པོ་གཉིས་ཀྱིས་བགྱིས་པའོ། །། །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །གསང་སྔགས་རྡོ་རྗེ་ཐེག་པའི་མཐུ་བྱིན་གྱིས། །འདི་མཐོང་ཚུལ་བཞིན་ཉམས་སུ་ལེན་པ་ཡི། །བརྒྱུད་འཛིན་སྐལ་ལྡན་ཕོ་མོ་མ་ལུས་པ། །ཆོས་སྐུ་གདོད་མའི་མགོན་པོའི་འོད་ཀློང་དུ། །གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག། །། ༈ ཨོཾ་སྭསྟི་སིདྡྷཾ། ཀུན་ཁྱབ་གདོད་ནས་ཀ་དག་གཉུག་མའི་གཤིས། །མ་འགགས་ཟུང་འཇུག་བདེ་ཆེན་རྡོ་རྗེའི་སྤྲིན། །གང་གདུལ་ཐུགས་རྗེ་རང་སྣང་སྟོན་པ་རུ། །ཡོངས་ཤར་ཁྲག་འཐུང་བདུད་འཇོམས་དཔའ་བོ་རྒྱལ། ༡། ཁྱོད་ཐུགས་འོད་གསལ་ཀློང་ཆེན་ནམ་མཁའི་བབས། །བློས་བྱས་སྒོམ་ལས་རབ་འདས་རྫོགས་པ་ཆེ། །བརྗོད་བྲལ་བདེ་བ་ཆེན་པོའི་ལྷུམས་ཞུགས་པས། །ཀུན་བཟང་བླ་མའི་དགོངས་པར་རོ་གཅིག་འདྲེས། ༢། གང་ཚེ་ལྷུན་གྲུབ་སྒྱུ་འཕྲུལ་དྲྭ་བའི་གར། །ཞིང་དང་སྟོན་འཁོར་མི་ཟད་རྒྱན་འཁོར་ལོར། །ཡོངས་སྣང་སྐད་ཅིག་བསྐལ་པར་བསྒྱུར་བའི་སྟོབས། །ངོ་མཚར་དག་པའི་གཟིགས་མོ་འབྱམས་སུ་ཀླས། ༣། དེ་ཚེ་ཆོས་ཉིད་མི་ཤིགས་ནཱ་དའི་དབྱངས། །གནས་ལུགས་རང་བྱུང་རྡོ་རྗེ་གསང་བའི་རྒྱུད། །ཟབ་ལས་ཆེས་ཟབ་ཀུན་བཟང་དགོངས་པའི་བཅུད། །འབུམ་ཕྲག་རྒྱུད་སྡེའི་སྙིང་པོའི་ཆོས་ཆར་ཕབ། ༤ །ལུང་རིག་བཤད་ཡམ་ཚིག་གིས་མ་རྙོགས་པའི། །ཀློང་བརྡོལ་གཏམ་གྱི་བདུད་རྩིའི་ཉིང་ཁུ་ནི། །གདམས་ངག་ཚེ་གཅིག་སངས་རྒྱས་ལག་བཅངས་སུ། །ལེགས་གཏོད་སྐལ་བཟང་སྙིང་གི་ཟུངས་སུ་སྨིན། ༥ །མཁས་པའི་གཞུང་ལུགས་ཕལ་དང་འདི་མི་འདྲ། །གྲུབ་པའི་དོ་ཧ་ཕལ་དང་འདི་མི་འདྲ། །ཟབ་ཟབ་གདམས་པ་ཕལ་དང་འདི་མི་འདྲ། །ཡིན་ཡིན་ཉམས་ལེན་ཕལ་དང་འདི་མི་འདྲ། ༦།རྗོད་བྱེད་ཚིག་ཉུང་བརྗོད་བྱ་དོན་ཟབ་པ། །དུས་གསུམ་རྙེད་དཀའ་ཨུ་དུམ་ཝ་ར་བཞིན། །ལེགས་བྱོན་ཀུན་ཏུ་བཟང་པོ་དངོས་མཇལ་ཡང་། །འདི་ལས་གཞན་དུ་ཚིག་གཅིག་ཡོད་རེ་ཀན། ༧ །ཤིན་ཏུ་ལྔ་བདོ་ཐ་མའི་དུས་འདིར་ཡང་། །ཀུན་བཟང་ཐུགས་ཀྱི་བསྟན་པ་འབྱུང་ངོ་ཞེས། །རྡོ་རྗེའི་ལུང་གིས་དྲིལ་ཆེན་བསྒྲགས་པའི་དོན། །བསླུ་མེད་མངོན་སུམ་མཐོང་བའི་དགེ་མཚན་ཤར། ༨ །སྙིང་ནས་ཐར་འདོད་སྐལ་བཟང་གྲོགས་རྣམས་ཀྱཻ། །ཟབ་ཟབ་མང་པོས་འགྲམ་ཆུ་མ་ལྡང་བར། །གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདིར་གཟིགས་ལ། །སྣ་ཚོགས་གདམས་པའི་སྤྲོས་པ་འདི་རུ་ཆོད། ༩ །ཐ་སྙད་རྟོག་གེ་རིག་པའི་བསྟན་བཅོས་བཞིན། །ཚིག་དོན་འཚོལ་ལ་དཀའ་ངལ་མི་འཚལ་གྱི། །མོས་གུས་བསྐྱེད་ལ་མ་ཡེངས་རང་བབ་ངང་། །མཇལ་ན་བྱིན་བརྒྱུད་ཡེ་ཤེས་འཐོབ་པར་ངེས། ༡༠། མི་བསླུ་ཉག་གཅིག་གདམས་པ་རིན་པོ་ཆེ། །འདི་འདྲ་ཚིག་གཅིག་ཐོས་དང་མཇལ་བས་ཀྱང་། །ཆོས་སྐུའི་ཡེ་ཤེས་རྗེན་པར་རྟོགས་གྱུར་ན། །ཚུལ་བཞིན་འཛིན་རྣམས་རྒྱལ་བ་དངོས་མིན་ནམ། ༡༡ །དེ་ལས་སྲིད་པ་རིན་ཐང་མེད་བགྱིད་པའི། །ཆོས་སྐུའི་འདྲ་འབག་ཆོས་ཀྱི་རིང་བསྲེལ་མཆོག། སྙིང་པོ་མེད་པ་སྒྱུ་མའི་ནོར་རྫས་ལས། །སྙིང་པོའི་དབྱིག་ཏུ་བསམ་ཕོ་ཐའི་ཇིས་བསྐྲུན། ༡༢ །རིང་ནས་གོམས་པའི་རྣམ་དཔྱོད་གྲུང་པོ་ནི། །ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པ་ལ། །རིམ་གྲོར་བགྱི་བའི་གཡར་དམ་རྡོ་རྗེ་བཞིན། །དུས་སུ་ངོམས་འདི་སངས་རྒྱས་ཉིད་ཀྱི་མཐུ། ༡༣ །འདུས་བྱས་རྣམ་དཀར་ཕྲ་མོའི་དགེ་ཚོགས་ཀྱང་། །དཔག་པར་དཀའ་ན་ཟག་མེད་འདུས་མ་བྱས། །ཁམས་གསུམ་ཆོས་དབྱིངས་ཀློང་དུ་བཟླུམ་པ་ཡི། །བསོད་ནམས་ཕ་མཐའ་སུ་ཞིག་གཞལ་བར་ནུས། ༡༤ །བློ་ཡི་ཡུལ་མིན་བརྗོད་བྲལ་གཉུག་མའི་དོན། །རྗོད་བྱེད་གླེགས་བམ་འཕྲུལ་གྱིས་གསལ་བྱེད་གང་། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པའི་གནས། །གདུལ་བྱའི་ཁམས་ལ་འཇུག་པའི་ཚུལ་ཁོ་ན། ༡༥ །ལེགས་བྱས་དྲི་མ་མེད་ལས་འགྲོ་ཀུན་གྱི། །མེད་སྣང་གློ་བུར་འཁྲུལ་པ་རང་སངས་ཏེ། །གནས་ལུགས་མ་བཅོས་རང་བྱུང་གདོད་མའི་གཞི། །སྤངས་ཐོབ་བྲལ་བའི་དེ་ཉིད་མངོན་གྱུར་ཤོག༡༦། ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ནམ་མཁའ་ཇི་སྲིད་རྟག་ཅིང་ཡོངས་སུ་ཁྱབ། །ཐེག་མཆོག་སེང་གེའི་ང་རོ་ཆེར་སྒྲོགས་པས། །ལོག་རྟོགས་ཝ་སྐྱེས་ཀླད་པ་འགེམས་བྱེད་ཤོག༡༧། ཀུན་ཁྱབ་གན྄༷ས་ལུག྄༷ས་ཀ་དག་རྫོགས་པ་ཆེ། །མ་བཙལ་རང྄༷་བྱུང྄༷་ལྷུན་གྲུབ་རིག་པའི་གཤིས། །འཕོ་བྲལ་རྟག་པ་དམ་པའི་བདེན་པ་ཡིས། །བཀྲ་ཤིས་ཀུན་ཏུ་བཟང་པོ་གྲུབ་གྱུར་ཅིག ༡༨ །ཅེས་པའང་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཐུགས་བསྐྱེད་ཕྲིན་ལས་ཀྱི་ཆ་ལས་ཆོས་སྐུའི་རིང་བསྲེལ་ཆོས་སྦྱིན་མི་ཟད་པའི་གཏེར་དུ་བསྐྲུན་ཏེ་ངོ་མཚར་བསམ་རྒུ་འགྲུབ་པའི་གནྡྷོ་ལ་འོག་མིན་ཀུན་ཏུ་བཟང་པོའི་ཕོ་བྲང་གི་ཆོས་སྡོང་ཆེན་པོར་བཞུགས་སུ་གསོལ་བའི་སྐབས། ཕྱི་མོའི་ཡིག་སྡེབས་ཡུལ་སྐད་དུ་ཤོར་བ་སོགས་མ་དག་ནོར་བ་རྒྱུན་འབྱམས་ཀྱི་སྐྱོན་རྣམས་བསལ་ཏེ་ལེགས་པར་དཔྱད་པའི་སྒོ་ནས་གཙང་དག་ཏུ་གཏན་ལ་ཕབ་པ་དང་འབྲེལ་སྤར་བྱང་སྨོན་པའི་ཚིག་ཕྲེང་ཅུང་ཟད་བསྟར་བ་པོ་ནི་གཏེར་འབྱིན་རིག་འཛིན་ཆེན་པོ་གང་གི་སྐྱེ་བའི་སྒྱུ་གར་དུ་རློམ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། འདིས་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་ལ་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེར་སྤྱོད་པས་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་ནང་དབྱིངས་གདོད་མའི་གཞི་ཐོག་ཏུ་གྲོལ་བའི་རྒྱུར་གྱུར་ཅིག། །། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།