DJYD-KABUM-10-THA-002: Difference between revisions
No edit summary |
m (Text replacement - "༈" to " ༈ ") |
||
| (6 intermediate revisions by the same user not shown) | |||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་མདོ་ཙམ་སྤྲོས་པ་སྐལ་བཟང་རྣ་བའི་དགའ་སྟོན། | |||
|fulltitle=dpal rdo rje phur bu bdud 'joms gnam lcags spu gri'i lo rgyus chos kyi byung tshul mdo tsam spros pa skal bzang rna ba'i dga' ston | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Dpal rdo rje phur bu bdud 'joms gnam lcags spu gri'i lo rgyus chos kyi byung tshul mdo tsam spros pa skal bzang rna ba'i dga' ston''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 10: 11-75. Kalimpong: Dupjung Lama, 1979-1985. | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|collectiontitle=bdud 'joms rin po che bka' 'bum | |collectiontitle=bdud 'joms rin po che bka' 'bum | ||
|author=Dudjom Rinpoche | |author=Dudjom Rinpoche | ||
|sourcerevealer=bdud 'joms gling pa | |sourcerevealer=bdud 'joms gling pa | ||
| | |tibgenre=History Texts - lo rgyus | ||
|terma=Yes | |terma=Yes | ||
|deity=rdo rje phur pa | |deity=rdo rje phur pa | ||
|cycle=phur | |cycle=dpal rdo rje phur bu bdud 'joms gnam lcags spu gri | ||
|cycletib= | |cycletib=དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ | ||
|parentcycle= | |parentcycle=thugs sgrub gsang ba rgya can | ||
|parentcycletib= | |parentcycletib=ཐུགས་སྒྲུབ་གསང་བ་རྒྱ་ཅན་ | ||
|language=Tibetan | |language=Tibetan | ||
|volumenumber=10 | |||
|volnumtib=༡༠ | |volnumtib=༡༠ | ||
|volyigtib=ཐ་ | |volyigtib=ཐ་ | ||
| | |totalvolumes=25 | ||
|textnuminvol=002 | |textnuminvol=002 | ||
|pagenumbers=11-75 | |||
|totalpages=65 | |||
|beginfolioline=1a1 | |||
|endfolioline=33a6 | |||
|totalfolios=33 | |||
|multivolumework=No | |||
|rectonotes=lo rgyus | |||
|versonotes=gnam lcags spu gri | |||
|colophontib=།དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་མདོ་ཙམ་སྤྲོས་པ་སྐལ་བཟང་རྣ་བའི་དགའ་སྟོན་ཅེས་བྱ་བ་འདི་ནི། རྗེས་སུ་འཇུག་པའི་སྐྱེ་བོ་རྣམས་ཡིད་ཆེས་ངེས་ཤེས་ཀྱི་སྒོ་འབྱེད་པའི་སླད་དུ་དམིགས་ཏེ། ལྷ་རིགས་ཀྱི་བནྡྷེ་རིག་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས་རང་ལོ་སུམ་ཅུ་རྩ་གཉིས་པའི་ཐོག་ཏུ་སོན་པ་ན་ཚོད་ལྡན་གྱི་ལོ་དབོ་ཉ་བའི་ཡར་ཚེས་བཅོ་ལྔ་ལ་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་གཏེར་རྡོ་རྗེ་ཕུར་བུའི་ཆོས་ཚུལ་འདི་ཉིད་ཕྱོགས་སུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་བཅོམ་ལྡན་འདས་ཤྲཱི་བཛྲ་ཀུ་མཱ་རའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག ། སརྦ་དཱ་མངྒ་ལ་ཛ་ཡནྟུ།། | |||
|colophonwylie=de ltar dpal rdo rje phur bu bdud 'joms gnam lcags spu gri'i lo rgyus chos kyi byung tshul mdo tsam spros pa skal bzang rna ba'i dga' ston ces bya ba 'di ni/___rjes su 'jug pa'i skye bo rnams yid ches nges shes kyi sgo 'byed pa'i slad du dmigs te/___lha rigs kyi ban+d+he rig sngags 'chang ba 'jigs bral ye shes rdo rje dge legs rnam par rgyal ba'i sdes rang lo sum cu rtsa gnyis pa'i thog tu son pa na tshod ldan gyi lo dbo nya ba'i yar tshes bco lnga la mkhan ljongs phun tshogs dga' tshal gyi bsti gnas su legs par sbyar ba ste/____'dis kyang zab gter rdo rje phur bu'i chos tshul 'di nyid phyogs su kun tu dar zhing rgyas la yun ring du gnas pa dang grong khyer gsum gyi yid can mtha' dag bcom ldan 'das shrI badz+ra ku mA ra'i go 'phang la myur du reg pa'i rgyur gyur cig_/____sarba dA mang+ga la dza yan+tu// | |||
|pdflink=File:DJYD-KABUM-10-THA-002.pdf | |pdflink=File:DJYD-KABUM-10-THA-002.pdf | ||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=THA | |||
|InitCategories=Dudjom Tersar Project; DJYD-KABUM-Volume-10-THA | |InitCategories=Dudjom Tersar Project; DJYD-KABUM-Volume-10-THA | ||
}} | }} | ||
| Line 29: | Line 42: | ||
{{TibP|༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་མདོ་ཙམ་སྤྲོས་པ་སྐལ་བཟང་རྣ་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ། | {{TibP|༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་མདོ་ཙམ་སྤྲོས་པ་སྐལ་བཟང་རྣ་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ། | ||
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་མདོ་ཙམ་སྤྲོས་པ་སྐལ་བཟང་རྣ་བའི་དགའ་སྟོན་ཅེས་བྱ་བ། །ཁྱབ་བདག་བླ་མ་བདུད་འདུལ་ཧེ་རུ་ཀའི་ངོ་བོར་བཞུགས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མི་བཟད་དྲག་ཤུལ་ནུས་པའི་གར་གྱིས་བདུད་སྡེའི་གཡུལ་ངོ་འཇོམས་པ་ལ། །མ་ལུས་རྒྱལ་ཀུན་ཕྲིན་ལས་སྟོབས་རྩལ་གཅིག་ཏུ་འཆང་བའི་དཔའ་བོ་ནི། །ཁྲག་འཐུང་རྡོ་རྗེ་སྲིན་པོ་ཞེས་གྲགས་དེ་ཡང་བླ་མའི་རྣམ་རོལ་ཏེ། །གྲུབ་གཉིས་འདོད་འཇོ་ནོར་བུའི་ཅོད་པན་བདག་གི་སྤྱི་བོའི་རྒྱན་དུ་ལེན། །རིག་འཛིན་བྱེ་བའི་ཐུགས་ཀྱི་བརྣག་པ་ཆེ། །རིག་མཆོག་ {{TibChung|[2a]}} འབུམ་སྡེའི་བཅུད་ཐིག་ཀཱི་ལ་ཡ། །དཔལ་ཆེན་ཕྲིན་ལས་རོལ་པའི་བྱུང་ཚུལ་གཏམ། །དཔལ་ལྡན་སྐལ་བཟང་རྣ་བའི་དགའ་སྟོན་སྤྲོ། །དེའང་དུས་ཕུན་སུམ་ཚོགས་པ་ཀ་དག་མཉམ་ཉིད་ཆེན་པོ་འཕོ་འགྱུར་དང་བྲལ་བའི་དུས་ཀྱི་ཚེ། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། སྟོན་པ་ཕུན་སུམ་ཚོགས་པ་དང་པོའི་སངས་རྒྱས་ཁྱབ་བདག་ཀུན་ཏུ་བཟང་པོས་སྐྱེ་མེད་མཐའ་བྲལ་ཆེན་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་འགགས་མེད་ཀྱི་ཆོ་འཕྲུལ་བདག་ཉིད་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བ་ལས། འཁོར་ {{TibChung|[2b]}} ཕུན་སུམ་ཚོགས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཁྲ་ཐབས་དང་ཕུར་པ་རྫས་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ་ནས། ཆོས་ཕུན་སུམ་ཚོགས་པ་བྱི་ཏྟོ་ཏ་མ་ལ་འབུམ་སྡེ་ལ་སོགས་པ་ཕྲིན་ལས་ཕུར་པའི་རྒྱུད་མཐའ་དག་གསུངས་སོ། །རྒྱུད་དེ་དག་ཀྱང་སྟོན་པ་ཉིད་དང་། རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། མཁའ་འགྲོ་མ་དང་། བྲམ་ཟེ་མིའི་ཐོད་པ་ཅན་ལ་སོགས་པས་ཡང་དག་པར་བསྡུས་སོ། །དེ་ནས་མཁའ་འགྲོ་མ་དང་མིའི་ཡུལ་དུ་རིམ་གྱིས་དར་བ་ཡིན་ཏེ། སྟོན་པ་ཀུན་ཏུ་བཟང་པོས། རྒྱལ་བ་རིགས་ལྔ་དང་། རྡོ་རྗེ་གཞོན་ནུ་དང་། ལག་ན་རྡོ་རྗེ་སོགས་དང་། དེ་དག་གིས་རྒྱལ་བ་རིགས་བཞི། དེ་དག་ལས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསན་ནོ། །ཡང་རྡོ་རྗེ་སེམས་དཔས་དགའ་རབ་རྡོ་རྗེ་ལ་བཤད། དེས་བཞད་པའི་རྡོ་རྗེ་ལ་བཤད། དེས་རྒྱལ་པོ་ཨུ་རུ་ཤ་ནེ་ལ་བཤད། དེས་ཀླུའི་བུ་མོ་རྒྱ་མཚོ་མ་ལ། དེས་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ། །དེས་སློབ་དཔོན་དྷ་ན་སཾ་ཀྲྀ་ཏ་ལ། དེས་སློབ་དཔོན་པདྨ་དང་། བི་མ་ལ་མི་ཏྲ་དང་། བལ་པོ་ཤཱི་ལ་མཉྫུ་གསུམ་ལ་བཤད་དོ། །ཡང་རྡོ་རྗེ་སེམས་དཔས་རྒྱལ་པོ་ཛཿལ་གླེགས་བམ་གྱི་ཆར་ཕབ་པ་ལས་བརྒྱུད་པ་ཡང་ཡོད་དེ། ཇི་སྐད་དུ། ད་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་ {{TibChung|[3a]}} གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག ། རྒྱལ་པོ་ཛཿཡི་ཁང་ཐོག་ཏུ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་གསུངས་པ་ལྟར། རྒྱལ་པོ་ཛཿ ལྷ་ལྕམ་གོ་མ་དེ་ཝི། རྒྱལ་བུ་ཤ་ཀྲ་པུ་རི་ནས་རིམ་པར་བརྒྱུད་དེ་རྒྱ་བལ་བོད་གསུམ་དུ་དར་རོ། །ཡང་ཀུན་ཏུ་བཟང་པོས་རྡོ་རྗེ་གཞོན་ནུ་ལ། དེས་བྲམ་ཟེ་མིའི་ཐོད་པ་ཅན་དང་། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ། དེས་ཟ་ཧོར་གྱི་མཁན་པོ་པྲ་བྷ་ཧ་སྟི་དང་། སློབ་དཔོན་པདྨ་ལ་བརྒྱུད་དོ། །གཞན་ཡང་བརྒྱུད་པའི་རྣམ་གྲངས་མང་དུ་ཡོད་མོད་ཀྱང་འདིར་དེ་ཙམ་མོ། །དེ་ལྟར་བརྒྱུད་པའི་ཆུ་བོ་མ་ལུས་གཅིག་ཏུ་རྫོགས་ཤིང་ཁྱད་པར་གྱི་བཀའ་བབས་པ་ནི་དཔལ་ཆེན་ཧེ་རུ་ཀ་ཉིད་ཚེ་དབང་རིག་པ་འཛིན་པའི་སྐུར་སྣང་བ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །ཅེས་བརྗོད་བྱ་བཤད་ཐབས་ཕྱོགས་གཅིག་གིས་ཆོས་དང་གང་ཟག་གཉིས་ཀ་ལུང་བསྟན་པ་ལྟར་དེ་ཉིད་ཀྱི་ཆེ་བའི་ {{TibChung|[3b]}} ཡོན་ཏན་ཅུང་ཟད་འཆད་པ་ལ་དྲུག་སྟེ། སྐྱེས་ཡུལ་གྱི་ཁྱད་པར་དང་། སྐྱེ་བརྒྱུད་རིགས་ཀྱི་ཁྱད་པར་དང་། སྐྱེ་གནས་རྟེན་གྱི་ཁྱད་པར་དང་། སྦྱངས་པ་ཡོན་ཏན་གྱི་ཁྱད་པར་དང་། བརྙེས་པ་དངོས་གྲུབ་ཀྱི་ཁྱད་པར་དང་། ཕྲིན་ལས་ནུས་མཐུའི་ཁྱད་པར་རོ། །དང་པོ་སྐྱེས་ཡུལ་གྱི་ཁྱད་པར་ནི། དཔལ་ཧེ་རུ་ཀའི་གནས་བཅུའི་དབུས། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གཙོ་བོ། རིག་པ་འཛིན་པའི་གསང་མཛོད། ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཤའི་གླིང་ཞེས་བྱ་བའོ། །གཉིས་པ་སྐྱེ་བརྒྱུད་རིགས་ཀྱི་ཁྱད་པར་ནི། རང་བཞིན་དང་སྤྱོད་པ་གཉིས་ཀས་མ་སྨད་པ་རྒྱལ་རིགས་ཨིན་དྲའི་བརྒྱུད་པ་ལས་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཀའ་ཁྲིམས་དང་ཆོས་ཁྲིམས་ཀྱིས་ལེགས་པར་བསྟོད་པའི་ཡབ་རྒྱལ་པོ་ཨིནདྲ་བྷུ་ཏི་ཞེས་བྱ་བའོ། །གསུམ་པ་སྐྱེ་གནས་རྟེན་གྱི་ཁྱད་པར་ནི། མངལ་གྱི་དྲི་མས་གོས་པ་མེད་པར་མེ་ཏོག་པདྨ་ལས་བརྫུས་ནས་སྐྱེས་པ་སྟེ། དེའང་མདངས་ལྡན་དྲི་མ་མེད་པའི་མཚོ་གླིང་དུ་སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བའི་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་ལྡན་ཞིང་གི་མགོན་པོའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཧྲཱིཿས་མཚན་པ་ཞིག་སྤྲོས་པ་ལས། ཁྱེའུ་ཆུང་ལོ་བརྒྱད་པའི་ན་ཚོད་ {{TibChung|[4a]}} མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རྡོ་རྗེ་དང་པདྨ་འཛིན་པ་ཞིག་ཏུ་སྤྲུལ་ཏེ་བཞུགས་ཤིང་། ལྷ་དང་མཚོ་གླིང་གི་མཁའ་འགྲོ་མ་རྣམས་ལ་ཟབ་མོའི་ཆོས་སྟོན་པར་མཛད། དེའི་ཚེ་ཡུལ་དེའི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་སྲས་མེད་པས་དཀོན་མཆོག་མཆོད་ཅིང་དཀོར་མཛོད་སྦྱིན་པ་བཏང་བས་ཟད་དེ་རྒྱ་མཚོའི་གླིང་ནས་ཡིད་བཞིན་གྱི་ནོར་བུ་ལེན་པར་བྱོན་པའི་ལམ་ནས་ཆོས་བློན་ཀྲིཥྞ་འཛིན་གྱིས་ཐོག་མར་མཇལ། དེ་ནས་རྒྱལ་པོས་མཇལ་ཏེ་སྲས་ཀྱི་སྐལ་བར་བྱས་ཏེ་ཕོ་བྲང་དུ་སྤྱན་དྲངས། པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲི་སྟེང་དུ་བཞུགས་སུ་གསོལ། ཟས་གོས་རིན་པོ་ཆེའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམས་པར་བྱས། གཞོན་ནུའི་རོལ་རྩེད་ཀྱི་གདུལ་བྱ་མཐའ་ཡས་པ་སྨིན་པར་མཛད། མཁའ་འགྲོ་འོད་འཆང་མ་ཁབ་ཏུ་བཞེས་ཏེ་ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་རྒྱལ་པོ་ཐོར་ཅོག་ཅན་དུ་གྲགས་སོ། །དེའི་ཚེ་རྒྱལ་སྲིད་བཟུང་བས་གཞན་དོན་རླབས་ཆེན་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བས། རྩེད་མོའི་གར་མཛད་པས་རྩེ་གསུམ་ཤོར་བའི་བརྫུ་བག་གིས་བདུད་བློན་གྱི་བུ་དབྱིངས་སུ་སྤར། དེ་ལ་བློན་པོ་རྣམས་ཀྱིས་བཀའ་ {{TibChung|[4b]}} ཁྲིམས་དང་མཐུན་པའི་ཆད་པ་གཅོད་དགོས་གླེང་སྟེ། རབ་གསལ་ཤིང་གི་རྩེ་ལ་བསད་པར་རིགས་ནའང་རྒྱལ་བུ་ཡིན་པས་ཆད་པ་ཐ་ཆུང་སྤྱུགས་པར་བྱས་ནས། ཡབ་རྒྱལ་པོའི་སྙན་དུ་གསོལ་བས། རྒྱལ་བུ་ལ་ཐུགས་བརྩེ་ཡང་བཀའ་ཁྲིམས་གཉན་པའི་སྟོབས་ཀྱིས་རྒྱལ་བུའི་ལག་ནས་བཟུང་སྟེ། འདི་སྐད་དུ། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས། །ཕ་དང་མ་མེད་རང་བྱུང་སྤྲུལ་པའི་སྐུ། །སྲས་ཀྱིས་ཕོངས་ནས་རྒྱལ་བུ་ཁྱོད་བཙལ་ནའང་། །བརྟུལ་ཞུགས་སྤྱོད་པས་བློན་པོའི་ཕྲུ་གུ་བཀུམ། །བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་སྦྱར་ནས། །བསྡད་པའི་དབང་མེད་ཁྱོད་རང་གང་བདེར་བཞུད། །ཅེས་གསུངས་ཏེ་སྙིང་གཏུགས་ནས་བཤུམས་པ་ན། རྒྱལ་བུས་ཀྱང་། འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང་། །ཡབ་དང་ཡུམ་གྱིས་རྒྱལ་སྲིད་ཉིད་ལ་བཀོད། །ཡུལ་ལ་ཞེན་མེད་སྤྱུགས་ཀྱང་འཇིགས་པ་མེད། །སྐྱེ་ཤི་གཉིས་མེད་བསད་ཀྱང་འཇིགས་པ་མེད། །རྒྱལ་ཁྲིམས་གཉན་པས་སྤྱུགས་པ་ཤིན་ཏུ་ལེགས། །ཡབ་ཡུམ་དག་ཀྱང་ཡུན་དུ་བདེ་བར་བཞུགས། །ལས་ཀྱི་འབྲེལ་བས་ཕྱིས་ནས་མཇལ་བར་ངེས། །ཞེས་ཞུས་ཏེ་ཡབ་ཀྱི་ཞབས་སྤྱི་བོར་བླངས་ཏེ་ཕྱག་འཚལ་བཞིན་དུ་ཕོ་བྲང་ནས་ཕྱིར་སོང་ངོ་། །དེ་ནས་དུར་ཁྲོད་ཆེན་པོ་ {{TibChung|[5a]}} བསིལ་བའི་ཚལ་དང་། དགའ་བའི་ཚལ། སོ་ས་གླིང་རྣམས་སུ་བྱོན་ཏེ། རོ་ཟས་ཟོས་ཤིང་རོ་གོས་གྱོན། དུར་ཁྲོད་ཀྱི་རོ་རྣམས་ལ་ལོངས་སྤྱད། ཕོ་བྱུང་ཐམས་ཅད་བསད། མོ་བྱུང་ཐམས་ཅད་ལ་སྦྱོར་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ན་མཁའ་འགྲོ་བདུད་འདུལ་མ་དང་ཞི་བ་འཚོས་དབང་བསྐུར་བྱིན་གྱིས་བརླབས། དུར་ཁྲོད་ཀྱི་མཁའ་འགྲོ་རྣམས་དབང་དུ་བསྡུས་པའི་ཚེ་ཤཱནྟ་རཀྵི་ཏ་ཞེས་གྲགས། དྷ་ཀོ་ཤའི་མཚོ་གླིང་དུ་བྱོན་ཏེ་གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་མཚོ་གླིང་གི་མཁའ་འགྲོ་དབང་དུ་བསྡུས། རྩུབ་འགྱུར་ཚལ་དུ་སྤྱོད་པ་མཛད་པས་རྡོ་རྗེ་ཕག་མོས་ཞལ་བསྟན་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་དམ་ལ་བཏགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བསྩལ་ཏེ་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་སོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པས། མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པ་ལ། རང་བྱུང་གི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པ་ན་ཡིད་མ་ཆེས་ཏེ་སྐུར་པ་བཏབ་པ་ལས། དགོས་པའི་དབང་མང་དུ་གཟིགས་ནས་དམ་པའི་བཤེས་གཉེན་བསྟེན་པ་ལ་འདུན་པར་གྱུར་ཏོ། །བཞི་པ་ {{TibChung|[5b]}} སྦྱངས་པ་ཡོན་ཏན་གྱི་ཁྱད་པར་ནི། དེའི་ཚེ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་བྲག་དམར་བྱ་ཁྱུང་ཚལ་ཅེས་བྱ་བ་ན་རྣལ་འབྱོར་གྱི་རྒྱུད་ལས་དངོས་གྲུབ་བརྙེས་པའི་སློབ་དཔོན་པྲ་བྷ་ཧ་སྟི་རྩལ་ཞེས་བྱ་བ་ལས་མངོན་པར་རབ་ཏུ་བྱུང་སྟེ་ཡོངས་སུ་རྫོགས་པའི་དགེ་སློང་དུ་གྱུར་པའི་མཚན་ཤཱཀྱ་སེང་གེ་ཞེས་བྱ་བར་གྲགས། དེར་མཆེད་པོ་ཤཱཀྱ་པྲ་བྷ་ཞེས་བྱ་བ་དང་ཤཱཀྱ་མི་ཏྲ་ཞེས་བྱ་བ་གཉིས་དང་ལྷན་ཅིག་ཏུ་རྣལ་འབྱོར་གྱི་རྒྱུད་ཀྱི་སྒོར་ཞུགས་ནས་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཚར་གཅིག་གསན་ཏེ་ཚིམ་མམ་ཞེས་གསུངས་པ་ན། གཉིས་པོས་ཚིམ་ཞེས་ཟེར་ནས་སོང་། ཤཱཀྱ་སེང་གེས་མ་ཚིམ་ཞེས་ཞུས་པས། སློབ་དཔོན་གྱི་ལག་མཐིལ་དུ་ཡོ་གའི་ལྷ་རྣམས་གསལ་བར་བསྟན་ནས། འདི་ལ་ཞུའམ། ང་ལ་ཞུ་གསུངས། དེར་སློབ་དཔོན་ལ་ཞུ་བྱས་པས། སློབ་དཔོན་ན་རེ། རིགས་དབང་རིག་པའི་སྲས་ཡིན་པས། །རྒྱལ་བའི་དཀྱིལ་འཁོར་ང་ལས་སྤྲུལ། །ང་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན། །ང་ལས་ཐམས་ཅད་འབྱུང་བས་ན། །ང་ཡིས་བསྟན་པ་བཞིན་དུ་ཉོན། །ཞེས་གསུངས་ནས་ཡོ་གའི་ཆོས་ཐམས་ཅད་རྫོགས་པར་བསླབ་པས་དེ་ཉིད་དུ་རྡོ་རྗེ་དབྱིངས་ཀྱི་ལྷ་སུམ་ཅུ་རྩ་བདུན་གྱི་ཞལ་གཟིགས་ཤིང་། {{TibChung|[6a]}} ལྷག་པའི་ལྷས་རྗེས་སུ་བཟུང་སྟེ་ཐུན་མོང་གི་དངོས་གྲུབ་ཀྱང་ཅི་རིགས་པ་ཐོབ་མོད་ཀྱི། ད་ནི་རྣལ་འབྱོར་ཆེན་པོ་ནང་གི་སྒོར་ཞུགས་དགོས་དགོངས་ཏེ་ཞུས་པས། ངས་ཁྱོད་ལ་དབང་བསྐུར་བའི་སྐལ་བ་དང་མི་ལྡན་པས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་སྨད་འཚོང་མ་ར་ནི་ལས་རབ་ཏུ་བྱུང་བ་དགེ་སློང་མ་ཀུན་དགའ་མོའམ་རྣལ་འབྱོར་མ་དྲི་མེད་མ་ཞེས་བྱ་བ་རྣལ་འབྱོར་ཆེན་པོ་ཕྱི་ནང་གསང་བའི་དབང་དང་གདམས་ངག་ལ་མཁས་པ་ཞིག་ཡོད་ཀྱི་དེར་ཞུས་ཤིག་གསུངས་པ་བཞིན། ཨོ་རྒྱན་གྱི་ཡུལ་དུ་སློབ་དཔོན་མ་ཀུན་དགའ་མོའི་སར་བྱོན་ཏེ། ཐོག་མར་གཡོག་མོ་ཆུ་ལེན་མ་ཞིག་དང་འཕྲད་པ་ལ་མཁན་མོའི་དྲུང་དུ་བདག་འདོངས་པའི་འཕྲོས་གྱིས་དང་གསུངས་པས། མོས་སློབ་དཔོན་མ་སངས་རྒྱས་དང་འདྲ་བ་ཞིག་ལ་མཁན་མོ་ཞེས་ངག་འཁྱལ་བ་འདི་འདྲ་སུ་ཡིན་ཀྱང་འཕྲིན་མི་བྱ་སྙམ་དུ་སེམས་ནས་འགྲོ་བར་བརྩམས་པ་ན། སློབ་དཔོན་གྱིས་མཁྱེན་ཏེ་ཏིང་ངེ་འཛིན་གྱིས་མོའི་བུམ་པ་བུམ་སྟེགས་དང་སྦྱར་བས་མོ་ལངས་མ་ཐུབ་པས། མོ་ན་རེ། ཁྱོད་ཀྱང་རྫུ་འཕྲུལ་ཅན་ཅིག་འདུག་སྟེ། ང་ལའང་འདི་ལྟ་བུ་ཡོད་ཟེར་ནས་མཆན་ཁུང་ནས་གསེར་གྱི་གྲི་གུག་ཞིག་ཕྱུངས་ཏེ་རང་གི་ཁོག་པ་ {{TibChung|[6b]}} གཤགས་པའི་ནང་ནས་ཡོ་ག་རྡོ་རྗེ་དབྱིངས་ཀྱི་ལྷ་སུམ་ཅུ་རྩ་བདུན་རོམ་མེར་བཞུགས་པ་བསྟན། དེའི་ཚེ་སློབ་དཔོན་མ་ཀུན་དགའ་མོས་མཁྱེན་ཏེ་མདུན་བསུས་ནས་སློབ་དཔོན་ཡི་གེ་ཧཱུྃ་དུ་བསྒྱུར་ཏེ་ཞལ་དུ་མིད། འཁོར་ལོའི་གནས་རིམ་པར་བརྒྱུད་མཐར་པདྨོར་ཕྱུངས་པས་ནང་དང་གསང་བའི་དབང་ཡོངས་སུ་རྫོགས་པར་མཛད་དེ། སླར་བྲང་ཁང་དུ་ཁྲིད་ནས་གཞན་རྗེས་སུ་བཟུང་བའི་ཕྱིར་ཕྱིའི་དབང་ཡང་ཡོངས་སུ་རྫོགས་པ་བསྐུར་ཏེ་སྒྲིབ་པ་གསུམ་སྦྱངས་པའི་ཚུལ་མཛད། གཞན་ཡང་རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲཱི་སེང་ཧ་ལས་མན་ངག་རྫོགས་པ་ཆེན་པོ་སོགས། འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས་མདོ་རྒྱུད་རིག་པའི་གནས་ཐམས་ཅད་གསན་ཅིང་སྦྱངས་པའི་ཚུལ་བསྟན་པས་ཆོས་ཐམས་ཅད་ཚར་རེ་རེས་མཁས་པར་མཁྱེན། མ་བསྒྲུབ་པར་ཡང་ལྷ་རྣམས་ཞལ་གཟིགས། མཚན་བློ་ལྡན་མཆོག་སྲེད་དུ་གྲགས་ཏེ་རྣམ་པར་སྨིན་པའི་རིག་འཛིན་མཐར་ཕྱིན་པའི་ཚུལ་བསྟན་པའོ། །ལྔ་པ་བརྙེས་པ་དངོས་གྲུབ་ཀྱི་ཁྱད་པར་ནི། དེ་ནས་ཚེ་ལ་དབང་བའི་རིག་འཛིན་སྒྲུབ་པར་དགོངས་ནས། ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་ {{TibChung|[7a]}} སྲས་མོ་མནྡྷ་ར་བ་ཞེས་པདྨ་ཅན་གྱི་མཚན་དང་ལྡན་པ་དེ་དབང་དུ་བསྡུས་ནས་སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་དེ། བྲག་ཕུག་མཱ་ར་ཏི་ཀ་ཞེས་བྱ་བ་སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་ཞིང་ཕུག་རིན་པོ་ཆེ་ཡུལ་བརྒྱད་པ་ལྟར་མཛེས་པར་གྱུར་པ་དུས་གསུམ་དུ་མེ་ཏོག་གི་ཆར་འབབ་ཅིང་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་དེར། ཚེའི་སྒྲུབ་པ་ཟླ་བ་གསུམ་མཛད་པས་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར་ཏེ་ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། ཚེའི་རྒྱུད་སྟོང་ཕྲག་བརྒྱ་གནང་བས་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས། སྐྱེ་ཤི་མེད་པ་རྡོ་རྗེའི་སྐུར་གྲུབ་ནས་ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་དོན་དུ་གཤེགས་པ་ལས། རྒྱལ་པོས་མཐའ་མི་ངན་པ་འདིས་ངའི་བུ་མོ་བསླད་ཅིང་ཆུན་གསན་པས་འདི་ཉིད་གསོན་བསྲེག་བྱེད་ཟེར་ནས། ཡུལ་མི་རྣམས་ལས་ཙན་དན་གྱི་ཤིང་དང་ཏིལ་མར་བསྡུས་ཏེ་ལུང་པའི་མདོར་ཤིང་ཁུར་ལྔ་བརྒྱའི་དབུས་སུ་བསྲེགས་པ་ལས། དུས་གཞན་གྱི་ཚེ་ཞག་གསུམ་ན་དུ་བ་ཆད་པ་ཡིན་པ་ལ། དུས་དེར་ཞག་དགུའི་བར་དུ་དུ་བ་མ་ཆད་པ་ལ་རྒྱལ་པོ་ཡ་མཚན་སྐྱེས་ཏེ་ {{TibChung|[7b]}} གཟིགས་སུ་བྱོན་པ་ན། སློབ་དཔོན་མེའི་གནོད་པས་བསྙེལ་བ་མེད་པར་ཏིལ་མར་མཚོར་འཁྱིལ་བའི་དབུས་ན་པདྨའི་སྡོང་པོའི་ཟེའུ་འབྲུ་ལས་སྐུ་ལྟེ་བ་ཡན་ཆད་ཐོན་ཏེ་གྲང་གྲང་བསིལ་བསིལ་ལྟར་བཞུགས་པ་མཐོང་བས་ཤིན་ཏུ་ངོ་མཚར་བར་གྱུར་ནས་འདི་སྐད་ཅེས། ཨེ་མ་ཧོཿ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ། །གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང་། །ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས། །སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད། །ཅེས་བསྟོད་དེ། །དེར་ཐམས་ཅད་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད་ནས་རྒྱལ་ཁམས་ཆོས་ལ་བཙུད། སླར་ཨོ་རྒྱན་གྱི་རྒྱལ་ཁམས་འདུལ་བའི་ཕྱིར་བསོད་སྙོམས་ལ་ཕེབས་པས་ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ་སྔོན་གྱི་བདུད་བློན་ལ་སོགས་པ་རྣམས་ཀྱིས་ཙན་དན་གྱི་མེ་ལ་བསྲེགས་པས་མཚོ་དབུས་པདྨའི་སྡོང་པོར་ཡབ་ཡུམ་གཉིས་བཞུགས་ཏེ་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་མཚོན་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་བསྟན་པས་པདྨ་ཐོད་ཕྲེང་རྩལ་དུ་གྲགས། རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད། རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་བསྩལ་ཏེ་རྒྱལ་པོ་ཡབ་ཡུམ་སོགས་ལས་ཅན་རྣམས་མཆོག་ {{TibChung|[8a]}} གི་རིག་འཛིན་གྲུབ། མཚན་པདྨ་རྒྱལ་པོར་གྲགས། སྤྱོད་ཡུལ་རྣམ་པར་འཕྲུལ་པའི་མདོ་ལས་ལུང་བསྟན་པ་བཞིན་རྒྱལ་པོ་མྱ་ངན་མེད་པ་འདུལ་བའི་སླད་དུ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བར་སྤྲུལ་ཏེ་ཕྱིར་མི་ལྡོག་པའི་དད་པ་ལ་སྦྱར་ནས་འཛམ་བུའི་གླིང་དུ་ནུབ་གཅིག་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས། མུ་སྟེགས་ཀྱི་རྒྱལ་པོ་བསྟན་པ་ལ་གནོད་པའི་སྟོབས་ལྡན་འགའ་ཞིག་གནས་སྤར་བ་དང་ཐབས་ཀྱིས་བཏུལ། རྒྱལ་པོ་གཅིག་གིས་དུག་དྲངས་པས་ཚུགས་པར་ཆུ་བོ་གངྒ་ལ་བསྐྱུར་བས་ཆུ་གྱེན་དུ་བསྐྱིལ་ཞིང་། ནམ་མཁའ་ལ་གར་མཛད་པས་ཁྱེའུ་ཆུང་མཁའ་ལྡིར་རྩལ་དུ་གྲགས། གཞན་ཡང་སྐུ་ལ་རྫོགས་པ་སོགས་དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་ཏེ་མཁའ་འགྲོ་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན། ཕྱི་ནང་གི་དྲེགས་པ་ཅན་ཐམས་ཅད་ཀྱི་སྲོག་སྙིང་བླངས་ནས་བསྟན་སྲུང་དུ་བསྐོས་པ་སོགས་མཛད་པའི་ཚེ་མཚན་ཉི་མ་འོད་ཟེར་དུ་གྲགས། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་ལ་རྒོལ་བ་རྩོམ་པའི་ཚེ་རྩོད་པ་དང་ནུས་པ་འགྲན་པས་སློབ་དཔོན་ཉིད་རྒྱལ། ཁོང་རྣམས་ཀྱིས་ངན་སྔགས་སྒྲུབ་པའི་ཚེ་མཁའ་འགྲོ་བདུད་འདུལ་མས་ {{TibChung|[8b]}} ཕུལ་བའི་དྲག་སྔགས་ཀྱིས་ཕྱིར་ཟློག་སྟེ་ཐོག་ཆེན་ཕབ་ནས་སྟོན་པ་རྣམས་བསྒྲལ། གྲོང་ཁྱེར་མེས་བསྲེགས། ལྷག་མ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་ནས་ཆོས་ཀྱི་རྒྱལ་མཚན་དགུང་དུ་བསྒྲེང་བའི་ཚེ་སེང་གེ་སྒྲ་སྒྲོག་ཏུ་གྲགས་ཏེ། འདི་ཡན་ཆད་ཟག་པ་གསུམ་ཟད་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་གྱི་ཚུལ་དུ་བཞུགས་པ་ཡིན་ནོ། །དེ་ནས་སློབ་དཔོན་གྱི་དགོངས་པ་ལ། སྐྱེ་ཤི་འཁོར་བའི་ཆོས་དང་ནི་བྲལ། མི་བརྗེད་པའི་གཟུངས་ནི་ཐོབ། རྣམ་པར་སྨིན་པ་དང་། ཚེ་ལ་དབང་བའི་རིག་འཛིན་ནི་བརྙེས། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞིག་བསྒྲུབ་དགོས་དགོངས་ཏེ། རྒྱ་བལ་གྱི་མཚམས་སུ་བྱོན་ནས་བལ་པོའི་རྒྱལ་པོ་དགེ་འཛིན་གྱི་སྲས་མོ་བལ་མོ་ཤཱཀྱ་དེ་བ་ལ་སྒྲུབ་རྟེན་མཛད་དེ། ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་དགུན་དུས་ཀྱང་མེ་ཏོག་རྣམ་པར་བཀྲ་ཞིང་བཀྲ་ཤིས་བྱིན་ཆགས་པའི་གནས་དེར་དཔལ་ཡང་དག་གི་སྒོ་ནས་མཆོག་སྒྲུབ་པར་མཛད་པ་ན། ཡུལ་དེའི་ནག་པོའི་ཕྱོགས་ལ་དགའ་བའི་ལྷ་འདྲེ་གདུག་པ་ཅན་གནོད་སྦྱིན་རྒོད་མ་ཁ་དང་། བྱི་ཁུང་གློག་མ་སྤྲིན། ཀླུ་རྒྱལ་འཁྱམས་པོ་སོགས་ཀྱིས་བར་ཆད་བརྩམས་ཏེ། གནམ་ལས་ཆར་མ་བབས་ཤིང་རྩི་ཤིང་ནགས་ཚལ་དང་ལོ་ཐོག་ཐམས་ཅད་སྐམ། ཆུ་ {{TibChung|[9a]}} བོ་དང་ཆུ་བྲན་ཀུན་ཀྱང་རྒྱུན་ཆད། མི་ནད་དང་ཕྱུགས་ནད་སྤྲིན་ཚོགས་པ་ལྟར་བྱུང་བའི་ཚེ། སློབ་དཔོན་གྱི་དགོངས་པ་ལ་འདི་ཅིས་ཀྱང་མ་ལན་ཏེ་བདག་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཞིག་གོ་དགོངས་ནས། བལ་པོ་ཇི་ལ་ཇི་ཟ་དང་། བལ་མོ་ཀུན་ཞི་ཞེས་བྱ་བའི་སློབ་མ་གཉིས་ལ་གསེར་ཕྱེ་མང་དུ་བསྐུར་ནས། རྒྱ་གར་དབུས་འགྱུར་གྱི་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱི་སར་བཏང་སྟེ། ང་བྱང་ཆུབ་སྒྲུབ་པ་ལ་བགེགས་ཀྱི་བར་ཆད་བྱུང་བས་རྡོ་རྗེ་གདན་གྱི་འོག་ན་ཕུར་པ་བྱི་ཏྟོ་ཏ་མ་ལ་འབུམ་སྡེ་སྦས་ཡོད་པའི་ནང་ནས་དགྲ་བགེགས་བསྒྲལ་བའི་ལས་མཐའ་ཞིག་བརྫངས་པར་མཛོད་ཅེས་བསྲིངས་པས། ཕུར་པའི་རྒྱུད་ཀྱི་དཔེ་མི་ཁུར་ཐེག་ཚད་གཉིས་བརྫངས་སོ། །དེ་ཡང་ལེ་ཤོད་དུ་ཕེབས་པ་ཙམ་གྱིས་དམ་སྲི་གསུམ་པོ་རང་ཤུགས་ཀྱིས་ཐུལ། ཆར་བབས་ཤིང་རྩི་ཤིང་ནགས་ཚལ་ལོ་འབྲས་རྣམས་སྔ་མ་ལྟར་སོར་ཆུད། ནད་མུག་རྒྱུན་ཆད་དེ་ལོ་ཕྱུགས་རབ་ཏུ་འཕེལ་ཞིང་རྒྱས་པར་གྱུར། སློབ་དཔོན་ཡབ་ཡུམ་གཉིས་ཀྱིས་ཀྱང་ལྷ་དགུའི་ཞལ་གཟིགས་ཤིང་མཆོག་གི་དངོས་གྲུབ་བརྙེས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུར་བཞུགས་སོ། །དེར་ཕུར་བུའི་ཆོས་འདི་བཀྲ་ཤིས་ཤིང་བྱིན་རླབས་མྱུར་བས་བྱང་ཆུབ་སྒྲུབ་པ་ {{TibChung|[9b]}} ལ་མེད་དུ་མི་རུང་བར་གཟིགས་ནས་ཆོས་སྐོར་རྣམས་དཔག་བསམ་གྱི་ཤིང་ལ་དཔེ་བླངས་ནས་ཡོངས་སུ་གྲགས་པའི་རྒྱུད་སྡེ་སུམ་ཅུ་རྩ་གཉིས་སུ་ཕྱེས་ཏེ། རྩ་བ་ལྟ་བུའི་རྒྱུད་གསུམ། སྡོང་པོ་ལྟ་བུའི་རྒྱུད་བཅུ། ཡལ་ག་ལྟ་བུའི་རྒྱུད་བཅུ། ལོ་མ་ལྟ་བུའི་རྒྱུད་བཞི། སྙིང་པོ་འབྲས་བུ་ལྟ་བུའི་རྒྱུད་ལྔ་རྣམས་ལས། རྩ་བའི་རྒྱུད་གསུམ་ནི། བྱི་ཏྟོ་ཏ་མ་ལ་འབུམ་སྡེའི་རྒྱུད། ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད། རྣལ་འབྱོར་བླ་ན་མེད་པ་གསང་ཆེན་དམ་པའི་རྒྱུད་དོ། །སྡོང་པོའི་རྒྱུད་བཅུ་ནི། གབ་པ་འཁོར་ལོ་ནག་པོ་སྟོང་སྡེའི་རྒྱུད། ཀཱི་ལ་ཡ་མེ་ལྕེ་ཕྲེང་བའི་རྒྱུད། དྲག་པོ་མདུང་རྩེའི་རྒྱུད། འཇིག་རྟེན་སྣང་བྱེད་ཀྱི་རྒྱུད། རྡོ་རྗེ་བཀོད་པའི་རྒྱུད། དཔྱང་ཐག་ཆད་པའི་རྒྱུད། དགོངས་རྒྱུད། གསང་རྒྱུད། དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད། ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་དོ། །ཡལ་གའི་རྒྱུད་བཅུ་ནི། ཧཱུཾ་ཀཱ་ར་སེར་བ་འབེབས་པའི་རྒྱུད། སྟོབས་པོ་ཆེ་སེར་བ་བཟློག་པའི་རྒྱུད། རྣམ་པར་རྒྱལ་པ་དབང་བསྐུར་བའི་རྒྱུད། དབྱུག་པ་སྔོན་པོ་སྦྱིན་སྲེག་གི་རྒྱུད། གཤིན་རྗེ་གཤེད་པོ་ལྷོག་པ་རྒྱབ་བརྟེན་གྱི་རྒྱུད། མི་གཡོ་མགོན་པོ་འཕྱང་དྲུག་ལས་ལ་གཟུད་པའི་རྒྱུད། རྟ་མགྲིན་ཀླུ་འདུལ་བའི་རྒྱུད། འདོད་པའི་རྒྱལ་པོ་ལས་ལ་འགྱེད་པའི་རྒྱུད། བདུད་རྩི་ {{TibChung|[10a]}} འཁྱིལ་བ་སྨན་སྒྲུབ་པའི་རྒྱུད། ཁམས་གསུམ་རྣམ་རྒྱལ་ལས་དྲུག་ལ་རྦད་པའི་རྒྱུད་དོ། །ལོ་མའི་རྒྱུད་བཞི་ནི། ཤྭ་ན་དཀར་ནག་ཐུན་གྱི་རྒྱུད། རེ་མ་ཏི་སྦས་པ་ནག་པོའི་རྒྱུད། བསེའི་ལྷ་མོ་ཡང་སྦས་གཏེར་གྱི་རྒྱུད། བསེའི་སྐྱེས་བུ་འགུགས་པ་རྒྱལ་པོའི་རྒྱུད་དོ། །འབྲས་བུའི་རྒྱུད་ལྔ་ནི། སྐུའི་རྒྱུད་དཔལ་ཡེ་ཤེས་འཁོར་ལོ། གསུང་གི་རྒྱུད་པདྨ་གསང་བ། ཐུགས་ཀྱི་རྒྱུད་རྡོ་རྗེ་འབར་བ། ཡོན་ཏན་གྱི་རྒྱུད་རིན་པོ་ཆེའི་གཙུག་ལག ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེའོ། །དེ་རྣམས་ལས་མན་ངག་གི་དོན་རྒྱས་པར་སྟོན་པ་རྡོ་རྗེ་ཁྲོས་པ་སོགས་སྙིང་པོའི་རྒྱུད་བདུན་གྱི་ཡང་བཅུད་སྒོམ་ཁོག་རྡོ་རྗེ་ཁྲོས་པར་བསྡུས་ཤིང་བཀོལ། གཞན་ཡང་གསེར་འགྲེལ་ལ་སོགས་པའི་འགྲེལ་པ། སྙིང་གཟེར་སོགས་སྒྲུབ་ཐབས། རྡོ་རྗེ་རིགས་ཀྱི་པྲ་ཁྲིད་སོགས་དཀྱིལ་ཆོག ། རྡོ་རྗེ་ལས་རིམ་སོགས་ཕྲིན་ལས། སྟོད་ལས་མངོན་པར་རྟོགས་པ། སྨད་ལས་དྲག་པོ་མངོན་སྤྱོད་ཀྱི་གཟེར་ཁ་མཐའ་ཡས་པ་མཛད། རྩ་བ་འཁྲུགས་བསྡེབས་ཀྱི་བསྟན་བཅོས་རྣམས་རྒྱ་གར་གྱི་པཎྜི་ཏ་རྣམས་ལ་གཟིགས་སུ་ཕུལ་བས། ཤིན་ཏུ་མཉེས་ཏེ་སྒྲ་ཚད་ཀྱིས་གཏན་ལ་ཕབས་པས་ལུང་རིག་དང་མི་འགལ་བར་ཉམས་སུ་བླང་བདེ་བས་ཀུན་གྱིས་ {{TibChung|[10b]}} བསྔགས་ཤིང་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་མཆོད་པ་བྱས་སོ། །དྲུག་པ་ཕྲིན་ལས་ནུས་མཐུའི་ཁྱད་པར་ནི། སློབ་དཔོན་དེ་ཉིད་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རྟོགས་པའི་ཏིང་ངེ་འཛིན་གྱི་རྩལ་རྫོགས་པས་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་མ་ལུས་པ་ཐམས་ཅད་དབང་དུ་འདུས་ཤིང་བྲན་དུ་ཁོལ་བར་གྱུར་ཏེ། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་རྡོ་རྗེ་ཕུར་པའི་བསྙེན་པའི་དཀྱིལ་འཁོར་རྩིབས་བརྒྱད་པ་ཞིག་བཞེངས་ཏེ་ཐུགས་དམ་མཛད་པ་ན། སྲོད་ལ་ཤྭ་ན་མ་མཆེད་བཞི་བྱུང་ནས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་ཤིང་། ཤྭ་ན་མུ་ཁའི་དུས་ལ་བབ། །ཅེས་པའི་བསྐུལ་དང་། ཀ་ཏཾ་ཀ་ཡེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད། ནམ་གྱི་གུང་ལ་རེ་མ་ཏཱི་མཆེད་བཞི་བྱུང་སྟེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་ཤིང་། བདག་ཉིད་ཆེན་མོའི་དུས་ལ་བབ། །ཅེས་པའི་བསྐུལ་དང་། ཛ་ཡ་བི་ཛ་ཡེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད། ཐོ་རངས་སྐྱེས་བུ་གིང་བཞི་བྱུང་ནས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་ཤིང་། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཅེས་པའི་བསྐུལ་དང་། མཱ་ར་སེ་ན་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་པར་མཛད། དེ་ནས་ཆུ་མིག་ {{TibChung|[11a]}} བྱང་ཆུབ་རིས་ཀྱི་འགྲམ་མེ་ཏོག་དགུན་ཡང་མི་སྐམ་པའི་ཚལ་དེར་བྱོན་ནས་སྲོད་ལ་དགོངས་པ་ཅུང་ཞིག་མཛད་པ་ན། སྐུ་ཉམས་སུ་ལྕི་ཐིབས་སེ་བ་དང་སྤྱན་སྔར་ཡང་རིབ་རིབ་པ་ཞིག་བྱུང་བ་ཕྱག་གིས་བཟུང་སྟེ་སྤར་བུར་བཅུག་ཅིང་རྡོ་རྗེ་ཕུར་པས་རྒྱས་བཏབ་ནས་བཞག ། ནངས་པར་གཟིགས་པས། བུད་མེད་འཇིགས་སུ་རུང་བ་ནམ་མཁའི་མཐོངས་སུ་སླེབ་པ་བཞི་འདུག་སྟེ། སློབ་དཔོན་གྱིས་མཁྱེན་བཞིན་དུ་ཁྱེད་ཅག་སུ་ཡིན་གསུངས་པ་ན། བདག་ཅག་ནི་བསྭེ་མོ་མཆེད་བཞི་ཞེས་ཀྱང་བྱ། ནམ་ཟླ་དུས་བཞིའི་རྒྱལ་མོ་ཞེས་ཀྱང་བྱ། སྔོན་ཡང་འཇིག་རྟེན་ཁམས་ཀྱི་མི་ཕྱུགས་ཀྱི་སྲོག་ལ་དབང་བར་བྱས། ད་དུང་ཡང་དེ་ལྟར་དབང་བསྐུར་དུ་གསོལ། ཞེས་ཟེར་ཏེ་སོ་སོའི་སྲོག་སྙིང་ཕུལ་བས། སློབ་དཔོན་གྱིས་དེ་ལྟར་དབང་མ་བསྐུར་ཏེ་རྡོ་རྗེ་ཕུར་པ་བཤད་པ་དང་། ཉན་པ་དང་། སྒོམ་སྒྲུབ་བྱེད་པ་ལ་བར་དུ་གཅོད་པའི་སྲོག་ལ་དབང་གྱིས་ཤིག་པར་དམ་བསྩལ་ནས། དར་ནག་གི་ཅོད་པན་རེ་རེ་མགོ་ལ་བཏགས། ཞིང་གི་ཕུར་པ་རེ་རེ་ལག་ཏུ་བསྐུར། དབང་གི་བསྭེ་ཁྲབ་རེ་རེ་ལུས་ལ་བཀོན། བསྐྱོད་པའི་རྟ་ཕོ་རེ་རེ་འོག་ཏུ་སྐྱོན། རྟེན་གྱི་མཚོ་བཞི་གནས་སུ་བྱིན། ཤུ་ལེན་ཏ་རིལ་སོགས་པའི་གསང་མཚན་རེ་རེའང་སོ་སོར་བཏགས་ {{TibChung|[11b]}} ཤིང་། ས་བདག་ཆེན་མོའི་དུས་ལ་བབ། །ཅེས་པའི་བསྐུལ་དང་། ཨ་ཛི་ཏི་ཨ་པ་ར་ཛི་ཏེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་པར་མཛད་དོ། གཞན་ཡང་དུས་སྐབས་ཅི་རིགས་པར། ཨོ་རྒྱན་གྱི་གླིང་ཕྲན་ཧུརྨ་ཛུ་དང་། སི་ཀོ་དྷ་ར་དང་། དྷ་ན་ཀོ་ས་དང་། རུ་སྨ་སོགས་དང་། ཏི་ར་ཧུ་ཏི་སོགས་ཐ་རུའི་རྒྱལ་ཁམས་དང་། ཀཱ་མ་རུ་ལ་སོགས་པ་རྣམས་སུ་སྐལ་བ་དང་འཚམས་པར་ཆོས་སྟོན་པ་དང་། ཐུན་མོང་གི་དངོས་གྲུབ་ཀྱིས་སེམས་ཅན་མང་པོ་ལ་ཕན་བཏགས། ཆུ་མེད་པ་རྣམས་སུ་ཆུ་བཏོན། ཆུ་ཆེན་པོ་ས་འོག་ཏུ་བཅུག ། རྒྱ་གར་ཤར་ལྷོ་དབུས་གསུམ་དུ་མུ་སྟེགས་པའི་ལྷ་རྟེན་རེ་རང་བྱུང་དུ་བྱུང་བ་རྣམས་ཀྱིས་ནང་པའི་བསྟན་པ་ལ་ཤིན་ཏུ་གནོད་པའི་ཚེ། དེ་གསུམ་ཀ་རྡོ་རྗེ་ཕུར་བུའི་ནུས་པས་ཚར་བཅད། ཀཉྩིའི་ཡུལ་དུ་ནང་པའི་སྡེ་ཤིན་ཏུ་དར་བ་ལ། དུ་རུ་ཥྐའི་རྒྱལ་པོས་དམག་དྲངས་ཏེ་ཆུ་ཀླུང་ནཱི་ལར་གྲུར་ཞུགས་པའི་ཚེ་སློབ་དཔོན་གྱིས་སྡིགས་མཛུབ་མཛད་པས་གྲུ་ལྔ་བརྒྱ་ཆུར་བྱིངས། ཕྱིན་ཆད་དུ་རུ་ཥྐའི་གནོད་པ་རྒྱུན་ཆད། འགྲོ་ལྡིང་བའི་ཡུལ་དུ་བྱོན་ཏེ་མཁའ་འགྲོ་མ་སོགས་མི་མ་ཡིན་དང་མི་རྣམས་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་བཙུད། གཞན་ཧོར་དང་རྒྱ་རྣམས་འདུལ་བ་ལ་རྒྱལ་པོ་མངོན་ཤེས་ཅན་དང་རྣལ་འབྱོར་པ་ {{TibChung|[12a]}} སྟོབས་ལྡན་དུ་སྤྲུལ་པ་དང་། ཞང་ཞུང་ཡུལ་དུ་ཏ་བི་ཧྲི་ཙ་ཞེས་རང་བྱུང་གི་ཁྱེའུར་སྤྲུལ་ནས་རྫོགས་ཆེན་སྙན་བརྒྱུད་ཀྱི་གདམས་པས་སྐལ་ལྡན་མང་པོ་འོད་ལུས་སུ་བསྐྱེལ་བས་མཚོན་ཡུལ་རིགས་དང་སྐད་རིགས་མི་གཅིག་པ་རྣམས་སུ་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པས་སྐྱེ་རྒུ་རྣམས་ཐར་ལམ་དུ་བཀོད་པའི་མཛད་ཕྲིན་ནི་ཚད་བཟུང་དུ་མེད་པའོ། །དེ་ནས་བོད་ཡུལ་འདིར་ཇི་ལྟར་བྱོན་པའི་ཚུལ་ནི། འཇམ་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་དགུང་ལོ་ཉི་ཤུ་བཞེས་པ་ན་དམ་ཆོས་རྒྱ་ཆེར་སྤེལ་བའི་ཐུགས་འདུན་སྐྱེས་ཏེ། རྒྱ་གར་ནས་མཁན་ཆེན་བོ་ངྷི་སཏྭ་སྤྱན་དྲངས། རྟེན་འབྲེལ་དང་དགེ་བ་བཅུའི་ཆོས་བཤད། ཐུགས་དམ་གྱི་གཙུག་ལག་ཁང་ཞིག་བཞེངས་པར་བཞེད་དེ་འཁོར་འབངས་རྣམས་བསགས་ནས་འདི་སྐད་ཅེས། ཁོ་བོ་ཡབ་མེས་ཀྱི་རྗེས་སུ་ཁྱད་པར་དུ་གྱུར་པའི་ཕྱག་བཞེས་ཆེན་པོ་ཞིག་ལ་འཇུག་པར་འོས་པས། ཁྱེད་རྣམས་ཀྱིས་ངས་ཇི་ལྟར་བསྒོས་པའི་བྱ་བ་ཡལ་བར་འདོར་དུ་མེད་པར་སྒྲུབ་དགོས་ཀྱི། ཡང་ན་གཙང་ཆབ་ཟངས་ཀྱི་སྦུབས་སུ་གཞུག་གམ། དགེ་རྒྱས་བྱེ་མ་གླིང་གསེར་ཕྱེས་འགེངས་སམ། ཧས་པོ་རིའི་རྩེ་ལ་ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱ་ཡུལ་ནས་མཐོང་ {{TibChung|[12b]}} བ་ཞིག་བཞེངས་སམ། ཐུགས་དམ་གྱི་གཙུག་ལག་ཁང་བྲེ་ཞབས་ཙམ་ཞིག་བཞེངས་པ་རྣམས་གང་ལ་དགའ་ཞེས་ཐབས་ཀྱིས་འདམས་ཀ་བསྐོར་ཏེ་བཀའ་བསྩལ་པ་ན། ཆོས་ལ་གནག་པའི་བདུད་བློན་ཏ་ར་ཀླུ་གོང་བྱ་བ་ན་རེ། ཀྱཻ་རྒྱལ་པོ་ཆེན་པོ། ཐུགས་ནོངས་སམ། འོན་ཏེ་གདོན་གྱིས་བརླམས་པའང་སྲིད་དེ། གཙང་ཆབ་ཟངས་ཀྱི་སྦུབས་སུ་འཇུག་པ་ལ་ཟངས་ཁལ་གཅིག་ཙམ་ཡང་དཀོན་པ་མིན་ནམ། ཧས་པོ་རི་རྩེར་ཤེལ་གྱི་མཆོད་རྟེན་བཞེངས་པ་བས་ཤེལ་ཕྲེང་བརྒྱ་རྩ་ཙམ་ཡང་རྙེད་པར་དཀའ་ལ། དགེ་རྒྱས་བྱེ་མ་གླིང་གསེར་ཕྱེས་འགེངས་པར་གསེར་ཞོ་གང་ཙམ་ཡང་ཤིན་ཏུ་དཀོན་ཏེ། རྒྱལ་པོའི་ཐུགས་དགོངས་སྒྲུབ་པར་མི་ནུས་སོ་ཟེར། དེར་ཆོས་ལ་དགའ་བའི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་ལ་སོགས་པའི་མཆིས་ནས། ཕྱག་བཞེས་སྔ་མ་གསུམ་པོ་སྒྲུབ་པར་མི་ནུས་པ་བདེན་ཡང་རྒྱལ་པོས་སྨྲ་བ་ལན་གཅིག་ཡིན་པས་བཀའ་ཐམས་ཅད་བཅག་པར་མི་འོས་ན་ཐུགས་དམ་གྱི་གཙུག་ལག་ཁང་བྲེ་ཞབས་ཙམ་ཞིག་བཞེངས་པ་འཐད་དོ་ཞེས་གླེང་སྟེ། ཆོས་རྒྱལ་དགུང་ལོ་ཉེར་གཅིག་པ་ལ་བསམ་ཡས་གཙུག་ལག་ཁང་གི་རྨངས་བཏིང་ནས་བཞེངས་པ་ན། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་བར་ཆད་བྱས་ཏེ་ཉིན་མོ་མིས་བརྩིགས་པ་ཐམས་ཅད་མཚན་མོ་ལྷ་འདྲེས་ {{TibChung|[13a]}} བཤིག་ནས་བརྩིག་ཏུ་མ་སྟེར་བ་དང་། རྒྱལ་པོ་ཉིད་ཐུགས་ཤིན་ཏུ་མུག་པར་གྱུར་ཏེ། མཁན་ཆེན་བོ་དྷི་སཏྭའི་དྲུང་དུ་བྱོན་ནས། ཀྱཻ་ལགས། བདག་ཡོན་བདག་བསམ་པ་མ་དག་པ་ཡིན་ནམ། ཁྱེད་མཁན་པོའི་བྱིན་རླབས་ཆུང་བ་ཡིན་མ་འཚལ་ཏེ། ངའི་ཐུགས་དམ་གྱི་གཙུག་ལག་ཁང་འདི་མི་འགྲུབ་པ་འདྲའོ། ཞེས་ཞུས་པས། མཁན་པོའི་ཞལ་ནས། དེ་ནི་ཁྱེད་ཡོན་བདག་བསམ་པ་མ་དག་པ་མིན་གྱི། ང་མཆོད་གནས་བྱིན་རླབས་ཆུང་བས་ལན་པ་ཡིན། ཁོ་བོ་ཕྱི་ནང་གི་སྡེ་སྣོད་ལ་མ་རྨོངས་ཀྱང་ལྷ་སྲིན་དམ་ལ་མ་ཐོགས་པས་ཉེས་སོ། །འོན་ཀྱང་རྒྱལ་པོའི་ཐུགས་དགོངས་སྒྲུབ་པའི་ཐབས་ཡོད་དེ། དེ་ནི་རྒྱ་དང་བལ་ཡུལ་གྱི་མཚམས་ན་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་ཚེ་ལ་དབང་བའི་རིག་འཛིན་ལ་གནས་ཤིང་རིག་པ་རྩལ་གྱི་དབང་བརྙེས་པ། ལྷ་མ་སྲིན་བྲན་བཞིན་དུ་ཁོལ་བ་ཞིག་ཡོད་པས། དེ་སྤྱན་དྲོངས་ན་དོན་ཐམས་ཅད་འགྲུབ་ནས་འོང་གསུངས། དེ་ནི་བདག་ལྟ་བུས་གནས་འདྲོངས་ནུས་པ་དཀའ་བར་མཆིས་སམ་ཞུས་པས། མཁན་པོའི་ཞལ་ནས། འོ་ཅག་རྣམས་སྨོན་ལམ་གྱི་འབྲེལ་པ་ཡོད་པས་གདན་འདྲོངས་པར་ངེས་ཏེ། འབྲེལ་པ་ཇི་ལྟར་ཡོད་ན། ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་ {{TibChung|[13b]}} རས་གཟིགས་ཀྱིས་སངས་རྒྱས་འོད་དཔག་མེད་ཀྱི་ཞབས་དྲུང་དུ་ཁམས་གསུམ་འཁོར་བ་མ་སྟོངས་ཀྱི་བར་དུ་བདག་འཚང་མ་རྒྱ་བར་དམ་བཅས་ཏེ། འགྲོ་བ་དཔག་ཏུ་མེད་པ་མྱ་ངན་ལས་འདས་པའི་སར་བསྒྲལ་ནས། ད་ནི་འཁོར་བའི་སེམས་ཅན་གཅིག་ཀྱང་ལུས་པ་མེད་དམ་སྙམ་ནས་གཟིགས་པ་ན། ཅུང་ཟད་བྲི་བའང་མངོན་པར་མི་འདུག་པས་ཐུགས་མུག་ནས་བཤུམས་པའི་སྤྱན་ཆབ་ཐིགས་པ་གཉིས་བར་སྣང་ལ་གཏོར་སྟེ། འདི་གཉིས་ལ་བརྟེན་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའི་མཐུས། མཆིལ་མའི་ཐིགས་པ་དེ་གཉིས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་བརྒྱ་བྱིན་གྱི་བུ་མོ་གང་ག་དང་གང་ཆུང་མར་གྱུར་ཏེ། ནུ་མོས་ཕུ་མོའི་ལྡུམ་ར་ནས་མེ་ཏོག་ཞིག་བརྐུས་པས་ལྷའི་འདུལ་ཁྲིམས་ཉམས་པས་ཚེ་འཕོས་ཏེ་མི་ཡུལ་དུ་བྱ་རྫི་མོའི་བུ་མོ་བདེ་མཆོག་གསལ་བྱ་བར་སྐྱེས། མོས་བྱ་འཚོས་པའི་གླ་དང་རྒྱགས་ལྷག་བསགས་ཏེ་མཆོད་རྟེན་བྱར་རུང་ཁ་ཤོར་བྱ་བ་ཞིག་བརྩིགས་པ་ལས། བྲེ་དང་སྲོག་ཤིང་མ་འབྱོངས་པར་མོ་ཚེའི་དུས་བྱས་ཏེ་དམ་ཚིག་ལྷ་མོ་པྲ་མོ་ཧཱ་བྱ་བར་སངས་རྒྱས་སོ། དེ་ལ་མི་ཡུལ་དུ་རིགས་ངན་བཞི་དང་བཤོས་པའི་བུ་བཞི་ཡོད་དེ། རྟ་རྫི། ཕག་རྫི། ཁྱི་རྫི། བྱ་རྫིའོ། །{{TibChung|[14a]}} དེ་ལྟར་བུ་བཞིས་མ་ཡི་དགེ་བའི་ལས་འཕྲོ་བླངས་ཏེ་མཆོད་རྟེན་གྱི་བྲེ་དང་སྲོག་ཤིང་བཙུགས་ནས་འཕྲོ་རྫོགས་པར་འབྱོངས། རབ་གནས་བྱས་ཏེ་བུ་སོ་སོས་སྨོན་ལམ་བཏབ་པ་ནི། ནང་གི་ཆེ་ཤོས་ན་རེ། དགེ་བ་འདི་ཡིས་བདག་སྐྱེ་བ་ཕྱི་མ་ལ་ཆོས་སྐྱོང་བའི་རྒྱལ་པོ་ཞིག་ཏུ་གྱུར་ཅིག །ཅེས་དང་། དེའི་འོག་མས། མཁན་པོ་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཅིག །ཅེས་དང་། དེའི་འོག་མས། བསྟན་པ་སྲུང་བའི་སྔགས་འཆང་མཐུ་སྟོབས་ཅན་དུ་གྱུར་ཅིག །ཅེས་དང་། ཐ་ཆུང་གིས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྲུང་བར་མཛད་པའི་ཕུ་བོ་གསུམ་གྱི་ཕྲིན་ལས་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཆེ་བ་རྒྱལ་པོ་ཉིད་ཡིན། དེའི་འོག་མ་བདག་ཡིན། དེའི་འོག་མ་སློབ་དཔོན་པདྨ་ཡིན། དེའི་འོག་མ་ཆོས་བློན་སྦ་མི་ཁྲི་གཞེར་ཡིན་ཏེ། དེ་ཕོ་ཉར་རྫོང་བར་གྱིས་ཤིག །ཅེས་གསུངས་སོ། །དེ་སྐད་གསུངས་པ་བཞིན་གཡོག་དང་བཅས་པ་ལ་བྱ་དགའ་ཆེར་བསྩལ་ཏེ་གསེར་གྱི་པ་ཏྲ་དང་གསེར་ཕྱེ་མང་དུ་བསྐུར་ནས་སྤྱན་འདྲེན་དུ་བརྫངས་པ་ན། སློབ་དཔོན་གྱིས་མཁྱེན་ཏེ་ཕོ་ཉ་བ་ལ་ཐུགས་བརྩེ་བར་དགོངས་པས་རྒྱ་གར་གྱི་ཡུལ་ནས་རྫུ་འཕྲུལ་གྱིས་མང་ཡུལ་ {{TibChung|[14b]}} རྫའི་རབ་གཡའི་རི་གོང་གི་བྲག་ཕུག་ཏུ་བྱོན་ནས་བཞུགས་པ་དང་ལམ་ཁར་མཇལ་ཏེ། མཁྱེན་བཞིན་དུ་གར་འགྲོ་གསུངས་པས། དེ་རྣམས་ཀྱིས་ངེད་བོད་ཀྱི་རྒྱལ་པོས་སློབ་དཔོན་ཆེན་པོ་པདྨ་གདན་འདྲེན་དུ་བཏང་བས་རྒྱ་གར་དུ་འགྲོ་ཞེས་ཞུས་པ་དང་། སློབ་དཔོན་ཞབས་ས་ལ་མ་རེག་བར་ས་ལ་བཞུགས་ཏེ། དེ་ནི་ང་ཡིན་ཏེ་ཁྱེད་རྣམས་རེ་འཕྱི་ང་ཟླ་བ་གསུམ་དུ་འདིར་བསྡད་པ་ཡིན་གསུངས་པས། ཐམས་ཅད་དད་པ་སྐྱེས་ཏེ་ཐུགས་རྗེ་རེ་ཆེ་ཟེར་ནས་ཕྱག་བཙལ་བསྐོར་བ་བྱས་ཤིང་གསེར་གྱི་པ་ཏྲ་དང་གསེར་ཕྱེ་རྣམས་ཕུལ་བས། ད་རུང་ཕུལ་ཅིག་གསུངས་པའི་ཚེ། རང་རང་གི་གོས་ལྷམ་ཡང་ཕུལ། ད་རུང་ཕུལ་ཅིག་གསུངས་པས། རང་རང་བརྐྱང་ཕྱག་བཙལ་ཏེ་ལུས་ཕུལ་བས། ཤིན་ཏུ་མཉེས་ཏེ་གསུངས་པ། བོད་ཀྱི་དད་པ་ལ་གཡོ་ཟོལ་ཨེ་འདུག་བལྟས་པ་ཡིན་གྱི། གསེར་གྱིས་ཅི་བྱེད། འདོད་ན་སྣང་སྲིད་ཐམས་ཅད་གསེར་དུ་ཡོད་གསུངས་ནས། ཕུལ་བའི་གསེར་རྣམས་གཏོར་བས། བང་ཆེན་པ་རྣམས་སེམས་ཕངས་ཅུང་ཟད་སྐྱེས་པ་ལ། ཐུ་བར་བྱེ་མ་བླུགས་ཏེ་དར་གཅིག་ན་གསེར་དུ་སོང་བས་ངོ་མཚར་སྐྱེས་སོ། །དེར་སྔོན་གྱི་སྨོན་ལམ་གྱི་འབྲེལ་བ་ཡོད་པས་ང་བོད་དུ་འདོང་ངོ་གསུངས་ནས་གནང་། {{TibChung|[15a]}} རིམ་བཞིན་བྱོན་པ་ན། བོད་ཀྱི་ལྷ་འདྲེ་རྣམས་ལས་ཆོས་ལ་དཀར་བ་དགྲ་ལྷའི་རྒྱལ་པོ་པཱུ་ཙ་མེ་གྷ་ཞེས་ཀྱང་བྱ། འོ་ཡུག་གཙང་བཙན་ཞེས་ཀྱང་བྱ། དགེ་བསྙེན་རྡོ་རྗེ་ལེགས་པ་ཞེས་ཀྱང་བྱ་བ་མཆེད་སུམ་བརྒྱ་དྲུག་ཅུ་དང་བཅས་པས་མདུན་བསུས་ཏེ་ཕྱག་བྱས་ཤིང་དམ་ལ་བཏགས། དེ་ནས་དཔལ་ཐང་ལ་བྱོན་པ་ན་བོད་ཀྱི་ལྷ་འདྲེ་མོ་རིགས་རྣམས་ལས་མཐུ་རྩལ་ཆེ་བ། བདུད་མོ་བཞི། གནོད་སྦྱིན་བཞི། སྨན་མོ་བཞི་སྟེ། བརྟན་མ་བཅུ་གཉིས་ཀྱིས་བར་ཆད་བྱས་ནས་གནམ་ལྕགས་ཀྱི་ཐོག་བཅུ་གཉིས་དུས་གཅིག་ལ་ཕབ་པ་ན། སློབ་དཔོན་གྱིས་སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་ཀླད་ལ་བསྐོར་བས་སོལ་དུམ་བཅུ་གཉིས་སུ་ནག་ཧྲུལ་གྱིས་སོང་བས། གཞན་བཅུ་གཅིག་སྐྲ་སྟེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། མཐུ་ཆེ་ཤོས་གཅིག་དེར་མ་ཐུལ་བར་བྲོས། སློབ་དཔོན་འུ་ཡུག་བཞི་སྒྲོམ་གྱི་རོང་ལ་བྱོན་པ་ན། མོས་རི་གཡས་གཡོན་གཉིས་ལག་པས་བླངས་ཏེ་ཕན་ཚུན་འཕང་བའི་བར་དུ་བཅད་པར་བརྩམས་པ་ན། སློབ་དཔོན་ཉིད་སྟེང་དུ་ཡེར་གྱིས་བྱོན་པས་མོ་བྲེད་དེ་བྱང་གི་གནམ་མཚོ་ལ་བྲོས་པས་སློབ་དཔོན་གྱིས་ཕྱག་མཚན་རྡོ་རྗེ་མཚོ་ནང་དུ་འཕངས་པས་མོའི་མིག་ཡ་གཅིག་བཅད། མཚོ་ཁོལ་ཏེ་ཚ་ {{TibChung|[15b]}} བའི་རྦལ་གྱིས་ཤ་རུས་དཀར་ཟང་གིས་ཕྱེ་ནས་བྱུང་བས་སྐྲག་སྟེ། སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་བསྩལ། །བར་ཆད་མི་བགྱི་དགོངས་པ་ཡུད་ཙམ་གློད། །ཅེས་ཟེར་ཞིང་ཞབས་སྤྱི་བོར་བླངས་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། དེ་ནས་བྱང་ལམ་གྲིམས་ནས་བྱོན་པ་ན། བྱང་སྣ་བརྒྱད་ཀྱི་ཇག་ནས་ཆིབས་མུག་རོ་འགྲམ་ནག་ཁྱེར་བ་ལ། གཟའི་གདོང་མོ་བཞི་བྲན་དུ་བཀོལ་ཏེ་སེར་བ་རྟ་མགོ་ཙམ་ཕབ། དེ་ནས་འདམ་སྙིང་གྲོང་ངོས་ལ་བྱོན་ཏེ། ཐང་ལྷའི་གངས་འདབས་སུ་དར་དཀར་གྱི་སྦྲ་ཞིག་ཕུབ་སྟེ་ཞག་འགར་བསྙེལ་གསོ་བར་བཞེད་པའི་ནུབ་མོ་གཉན་ཆེན་ཐང་ལྷས་བར་ཆད་བྱས་ཏེ། མཚན་རིང་གནམ་ལྕགས་ཀྱི་ཐོག་ཕབ་པ་ན། སློབ་དཔོན་གྱིས་སྦྲ་དཀར་རྡོ་རྗེའི་གུར་དུ་མཛད་པས་ཐོག་ཐམས་ཅད་འདྲེད་དེ་ཉེ་ལམ་ན་མཚོ་ཆུང་ཞིག་ཡོད་པའི་ནང་དུ་རིབས་རིབས་སོང་། ནངས་པར་གཟིགས་པས། ཐོག་གི་རྦལ་གྱིས་མཚོ་ནང་ཡོད་པའི་སྲོག་ཆགས་ཐམས་ཅད་ཤི་ནས་མཚོ་དམར་ཉོག་ལ་སོང་འདུག་པའི་དོན་དུ་ངན་སོང་སྦྱོང་བའི་ཆོ་ག་མཛད་དེ་སེམས་ཅན་ཤི་བ་རྣམས་བྱང་ཆུབ་ལ་བཀོད། ཐང་ལྷ་ལ་ཐུགས་ཆེར་ཁྲོས་ཏེ་མཐུ་རྩལ་ཅན་ཅིག་འདུག་གི་གསུངས་ནས་ཉིད་ཀྱི་སྡིགས་མཛུབ་ཀྱི་རྩེ་ལས་མེ་སྦར་ཏེ་གངས་རྩེ་ནས་བཞུ་བ་ན། ཐང་ལྷ་སྐྲག་སྟེ་ཁྱེའུ་ཆུང་གཡུའི་ཟུར་ {{TibChung|[16a]}} ཕུད་ཅན་གཅིག་ཏུ་བྱས་ནས། མགོ་སློབ་དཔོན་གྱི་པང་དུ་བཞག །རྐང་པ་ཁམས་ཀྱི་གཡར་མོ་ཐང་དུ་བརྐྱངས་ཏེ། སློབ་དཔོན་ཆེན་པོ་ལགས། བདག་སུ་ཡིན་མཁྱེན་ནམ་ཟེར་བ་ལ། མཁྱེན་བཞིན་དུ་ཁྱོད་སུ་ཡིན་ཆ་མ་མཆིས་སོ་གསུངས་པས། ཁོ་ན་རེ། བདག་ནི་གཉན་ཆེན་པོ་ཐང་ལྷ་ཡར་ཞུར་ཞེས་ཀྱང་བྱ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ་སྟེ། བོད་ཡུལ་འདི་ན་གནས་པའི་ཕོ་བདུད་མ་ལུས་པའི་དཔོན་ཡིན་ཏེ། ཁྲིམས་ལན་གདུགས་ཚོད་ལ་གཤེགས་པར་ཞུ་ཞེས་རང་གི་གནས་སུ་སྤྱན་དྲངས་ཏེ་བསྙེན་བཀུར་བྱས། སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། དེའི་ཚེ་ཁྱོད་ཕོ་བདུད་ཐམས་ཅད་ཀྱི་དཔོན་ཡིན་ན་ཕོ་བདུད་གང་ལ་གནས་པ་རྣམས་ངའི་མདུན་འདིར་བསྡུས་ཤིག་གསུངས་པས། ཁོས་སྤྱུགས་པ་ལན་གསུམ་གྱིས་བསྡུས་པ་ན། དང་པོ་བོད་ཡུལ་ན་མཐུ་རྩལ་ཆེ་བའི་རྒྱལ་པོ་བཞི། སྡེ་དཔོན་བཞི། དམག་དཔོན་བཞི། བདུད་པོ་བཞི། ལས་མཁན་ལྔ་སྟེ་ཉི་ཤུ་རྩ་གཅིག་སྤུངས་ཀྱིས་བྱུང་། ལན་གཉིས་པས་དེའི་འོག་ན་མཐུ་ཆེ་བའི་ཕོ་བདུད་རྣམས་འདུས། ལན་གསུམ་པས་བོད་ཀྱི་ལྷ་འདྲེ་ཕོ་བདུད་མ་ལུས་པ་རྣམས་གནམ་ས་བར་སྣང་གང་བ་ཙམ་ཞིག་འདུས་པ་ལས། ཐམས་ཅད་མ་ལུས་ {{TibChung|[16b]}} པའི་སྲོག་སྙིང་བླངས་ཏེ་དམ་ལ་བཏགས། ཁྱད་པར་དགེ་བསྙེན་ཉེར་གཅིག་པོ་དབང་དུ་བསྡུས་ནས་དམ་ཉམས་སྒྲོལ་བའི་གིང་དུ་བསྐོས། ལྷའི་དགེ་བསྙེན་དུ་མིང་བཏགས། རྡོ་རྗེ་ཕུར་པའི་བསྟན་པ་སྲུང་བར་ཁས་བླངས་སོ། །དེ་ནས་ཀླུང་ཤོད་རོང་ལ་བྱོན་ཏེ་གདོང་པོ་ཆེར་ཉི་ཚེ་བའི་སེམས་ཅན་དམྱལ་བ་མང་པོའི་དོན་མཛད། དེ་ནས་ཟུར་ཕུག་རྐྱང་བུའི་ཚལ་དུ་ཟ་འོག་གི་གུར་གཅིག་ཕུབ་ནས་ཞག་བདུན་གྱི་བར་དུ་དགོངས་པ་ལ་བཞུགས་ཏེ་བོད་ཀྱི་ལྷ་འདྲེ་མ་ལུས་པ་དམ་ལ་བཏགས་སོ། །དེར་ཕོ་ཉ་བ་རྣམས་ཀྱིས་རྒྱལ་པོའི་སྤྱན་སྔར་ཕྱིན་ཏེ། ཇི་ལྟར་བསྒོ་བའི་བཀའ་ལེགས་པར་སྒྲུབ་སྟེ་སློབ་དཔོན་ནི་ཟུར་ཕུག་རྐྱང་བུའི་ཚལ་དུ་ཕྱགས་ཕེབས་སོ་ཞེས་གསོལ་པས། རྒྱལ་པོ་དགྱེས་ཏེ། མཆོད་པའི་ཡོ་བྱད་རྣམས་དང་རོལ་མོ་སྣ་ཚོགས་ཀྱིས་མདུན་བསུས་ནས་ཕོ་བྲང་བསམ་ཡས་འོམ་བུའི་ཚལ་དུ་གདན་དྲངས་པ་ན། མངའ་བདག་རྒྱལ་པོ་དང་། སློབ་དཔོན་གཉིས་ཕྱག་ལ་མ་འཆམས་ཏེ། རྒྱལ་པོའི་དགོངས་པར། ང་འདྲེ་མགོ་ནག་གི་རྗེ། བདུད་རྔོག་ཆགས་ཀྱི་རྟེན། བྱང་ཆུབ་སེམས་དཔའི་གདུང་བརྒྱུད་ཡིན་པས་ང་ལ་ཐོག་མར་ཕྱག་འཚལ་དུ་འོང་སྙམ། སློབ་དཔོན་གྱི་དགོངས་པར། བདག་སྐྱེ་ཤི་སྤངས་པའི་རིག་འཛིན་གྲུབ་བརྙེས་ཀྱི་སྔགས་འཆང་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་བྲན་དུ་ཁོལ་བ་ཡིན་པས་ང་ལ་ཕྱག་འཚལ་དུ་འོང་སྙམ། དེར་ {{TibChung|[17a]}} སློབ་དཔོན་གྱིས་ང་ཆེ་ང་བཙན་གྱི་མགུར་གསུངས་ཤིང་ཕྱག་གིས་དེང་ཙམ་མཛད་པས་རྒྱལ་པོའི་ན་བཟའ་ཕྱེད་མེས་གཞོབ་ཏུ་ཚིག་པས། རྒྱལ་པོ་རབ་ཏུ་ནོངས་ཏེ་ཕྱག་བྱས་སོ། །དེ་ལྟར་སློབ་དཔོན་བྱོན་པ་ཙམ་གྱིས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་ཀྱི་གདུག་རྩུབ་ཞི་ཞིང་དབང་དུ་འདུས། སླར་ཡང་ཧས་པོ་རིར་བྱོན་ནས་བོད་ཁམས་ཀྱི་ལྷ་སྲིན་ནག་ཕྱོགས་གདུག་པ་ཅན་རྣམས་ལ་བཀའ་ནན་དམ་བསྒྲག་བསྩལ་ཏེ་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་མནན། ཅི་བགྱིའི་འབངས་སུ་རྩིས་ལ་ཕབ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལ་བརྟེན་ནས་ས་གཞི་ལས་སུ་རུང་བར་གནང་། ནམ་མཁའ་ལ་རྡོ་རྗེའི་གར་མཛད་པའི་གྲིབ་མ་གར་བྱུང་སར་བསམ་ཡས་ཀྱི་རྔས་བཏིང་ནས་བཞེངས་པའི་ཚེ། རྒྱལ་པོ་དང་ཀླུ་གཉིས་སློབ་དཔོན་གྱིས་གྲོགས་པོ་བྱེད་དུ་བཅུག་སྟེ་གསེར་ཕྱེ་ཁལ་དགུ་བཅུ་སྐྱེས་སུ་བྱིན། གཞན་ཡང་ལྕགས་རྣམས་རཱ་ཧུ་ལས་བྱིན། ཤིང་རྣམས་མིའམ་ཅིའི་རྒྱལ་པོ་ལྗོན་པས་བྱིན། ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱིས་ཀྱང་རང་རང་གིས་ཅི་འབྱོར་བའི་ཡོ་བྱད་དང་བཅས། དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཉིན་མོ་མིས་བརྩིགས་པ་ལས་ནུབ་མོ་ལྷ་འདྲེས་བརྩིགས་པས་མཐོ་ {{TibChung|[17b]}} བར་གྱུར་ཏེ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པ་དང་། རྒྱལ་པོའི་ཐུགས་དགོངས་རྫོགས་ཕྱིར་བཙུན་མོ་གསུམ་གྱིས་གཙུག་ལག་ཁང་གསུམ་དང་བཅས་པ་ལོ་ལྔ་ལ་གྲུབ། དེ་ནས་བསམ་ཡས་ཀྱི་རབ་གནས་མངའ་གསོལ་མཛད་པར་བཞེད་ནས། སློབ་དཔོན་གྱིས་རྒྱལ་པོ་ལ་མཆོད་པའི་ཡོ་བྱད་ཤོམས་ཤིག་གསུངས་པས་རྒྱལ་པོ་ཐུགས་མ་བདེ་བར་གྱུར་ནས། གལ་ཏེ་མཆོད་པའི་ཡོ་བྱད་རྣམས་ཕྱོགས་གཅིག་ཏུ་བཤམས་ན་ནི་གླིང་ཕྲན་ལ་སོགས་པའི་ཕྱོགས་གཞན་གྱི་ལྷ་རྣམས་ཀྱིས་མི་གཟིགས་ཤིང་། སོ་སོར་བཤམས་ན་མཆོད་པའི་ཡོ་བྱད་ཀྱི་དབང་དམའ་རུ་སོང་གིས་དོགས་པ་ལ། སློབ་དཔོན་གྱི་ཞལ་ནས། རྒྱལ་པོ་ཆེན་པོ་ཐུགས་གཡེལ་མི་འཚལ་གྱི། མཆོད་པ་ཀུན་དབུ་རྩེ་དཀར་ཞལ་གྱི་ཐང་ལ་ཤོམས་མཛོད་ཅེས་གསུངས་པ་བཞིན་བཤམས་པ་དང་། སློབ་དཔོན་གྱིས་དགོངས་པ་མཛད་པས། གཙུག་ལག་ཁང་འོག་ཁང་དང་གླིང་ཕྲན་གྱི་ལྷ་རྣམས་ལྟད་མོའི་ཁྲོམ་དུ་འཚོགས་པ་ལྟར་དཀར་ཞལ་གྱི་ཐང་ལ་བྱོན། བར་ཁང་དང་སྟེང་ཁང་གི་ལྷ་རྣམས་གཙུག་ལག་ཁང་གི་རྩེར་སྤུངས་ཀྱིས་བྱོན། གྱང་རིས་རྣམས་གོས་ལྟོ་སྦྱར་ཕྱི་ནང་ལོག་པ་བཞིན་དུ་ལྷ་ཁང་རྣམས་ {{TibChung|[18a]}} ཀྱི་ཕྱི་ལོགས་སུ་བཀྲ་ལམ་གྱིས་བྱོན་ཏེ། རབ་ཏུ་གནས་པར་མཛད་པ་ན། དབུས་ཀྱི་གཙོ་བོ་བྱང་ཆུབ་ཆེན་པོ་ཞལ་འཛུམ་པ་དང་བཅས་པའི་འོད་བྱུང་། སྒོ་སྲུང་ཁྲོ་བོའི་རྒྱབ་ཡོལ་ལས་མེ་འབར་བ་ཀུན་གྱིས་མཐོང་། ཨཱརྱ་པཱ་ལོའི་གླིང་གི་རྟ་མགྲིན་གྱིས་རྟ་སྐད་ཐེང་གསུམ་བཏོན་པ་འཛམ་གླིང་སུམ་གཉིས་ཀྱིས་ཐོས། མཆོད་རྟེན་དཀར་པོའི་སྲོག་ཤིང་མཐོན་ཀའི་འཁོར་ལོ་བཅུ་གསུམ་རྒྱལ་པོ་ཆེན་པོ་བཞིས་མངོན་སུམ་དུ་བཙུགས་སོ། །དེ་ནས་དཔལ་གྱི་བསམ་ཡས་མཆིམས་ཕུའི་ཡང་དབེན་ལ་སོགས་པར་མངའ་བདག་ཡབ་སྲས། མཁར་ཆེན་མཚོ་རྒྱལ། འབངས་རིགས་ཉེར་ལྔ་གཙོ་བོར་གྱུར་པའི་སྐལ་ལྡན་རྣམས་ལ་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་ཟབ་ཆོས་ཐུན་མོང་མ་ཡིན་པ་དཔག་ཏུ་མེད་པ་གནང་ཞིང་། ཁྱད་པར་རྡོ་རྗེ་ཕུར་པའི་རྒྱུད་སྒྲུབ་ཐབས་དང་བཅས་པ་རྒྱ་ཆེར་གསུངས། འདི་དུས་ལྷ་སྲིན་རྣམས་ཀྱིས་སློབ་དཔོན་ལ་ཐོ་འཚམས་ཕྱིར་ཀླད་ཀྱི་རྫ་མོ་བསྙིལ་བ་སློབ་དཔོན་གྱིས་ཧཱུཾ་ཞེས་གསུངས་པས་རྫ་མོ་ཉིལ་བ་ཡར་ལོག་སྟེ་ཡི་གེ་ཧཱུཾ་གི་གཟུགས་སུ་གནས་པར་དེང་སང་རྫ་མོ་ཧཱུཾ་འདྲ་མར་གྲགས། མཆིམས་སྣ་ནམ་ཤུད་བུ་གསུམ་གྱིས་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་ཕུར་པ་བསྒྲུབས་པས་དྲོད་ཚད་ {{TibChung|[18b]}} ཕུལ་དུ་བྱུང་སྟེ། མཆིམས་ཤཱཀྱ་པྲ་བྷས་འོན་ཅང་རྡོར་བྲག་ལ་ཕུར་པ་བཏབ་པས་བྲག་ཆོ་ལོ་ཙམ་དུ་གྲུམ་པར་གྱུར། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཡར་གཙང་གི་གཙང་ཆུ་འདོམས་པའི་ཆུ་ལ་བཏབ་པས་ཕུར་པ་མ་བཏོན་གྱི་བར་དུ་ཆུ་འབབ་མ་ནུས། ཤུད་བུ་དཔལ་གྱི་སེང་གེས་ལྷ་སའི་ཟང་ཡག་ལ་བཏབ་པས་སྤང་ལ་མེ་འབར། མེ་ཤི་མ་ཐག་ཏུ་རྩྭ་སྐྱེས་སོ། །དེ་ལྟར་སློབ་དཔོན་གྱི་ནུས་པ་ལ་བདུད་བློན་རྣམས་སྐྲག་ནས་གཤེགས་པར་ཞུས་པས་སླར་རྒྱ་གར་དུ་གཤེགས་པའི་སྤྲུལ་པ་བསྟན། མཆོད་ཡོན་ལྐོག་ཏུ་བཀའ་འགྲོས་ཏེ་སྐུ་དངོས་མཚོ་རྒྱལ་སོགས་ལས་ཅན་གྱི་འཁོར་དང་བཅས་བོད་ཡུལ་གྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། མངའ་རིས་སྐོར་དུ་གངས་བྲག་ཉི་ཤུ། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག །མདོ་ཁམས་སུ་གནས་ཆེན་ཉེར་ལྔ། སྟོད་སྨད་བར་གསུམ་གྱི་སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག །དེ་རེ་རེ་ལའང་རྩ་བ་དང་ཡན་ལག་མེ་ཏོག་འབྲས་བུའི་ཚུལ་དུ་ཡོད་པ་ལ་སོགས་པ་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཕྱིས་སུ་དབོན་སྲས་བདུད་སྤྲུལ་པས་བསྟན་པ་བསྣུབ་པར་མཁྱེན་ནས་ {{TibChung|[19a]}} རྒྱལ་པོ་ལ་མ་འོངས་པའི་ལུང་བསྟན་མང་པོ་བསྩལ། གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། རྟོག་གེ་བས་བསླད་ཅིང་བཅོས་སུ་མེད་པས་བྱིན་རླབས་མི་ཡལ་བ་དང་། གདུལ་བྱ་རིམ་པར་འབྱུང་བ་སོགས་ལ་དགོངས་ནས། རྒྱལ་པོའི་བླ་གཏེར་བརྒྱ་དང་། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པར་སྦས། འདོན་པའི་དུས། འདོན་པ་པོའི་གང་ཟག །ལས་ཅན་ཆོས་བདག་སོགས་ལུང་བསྟན་ལུང་བསྟན་རེ་རེ་བཞིན་བསྩལ། མོན་ཁ་ནེ་རིང་སེང་གེ་རྫོང་སོགས་སྟག་ཚང་མིང་ཅན་བཅུ་གསུམ་དུ་ཁྲོ་བོ་འཆོལ་བ་འཇིགས་སུ་རུང་བའི་སྐུར་བཞེངས་ནས་བོད་ཀྱི་ལྷ་སྲིན་དྲེགས་པ་ཅན་ཆེ་ཕྲ་ཐམས་ཅད་དམ་ལ་བཏགས་ཤིང་གཏེར་གྱི་སྲུང་མར་གཉེར་དུ་གཏད་པའི་ཚེ་རྡོ་རྗེ་གྲོ་བོ་ལོད་དུ་གྲགས། ཕྱི་རབས་ཡིད་ཆེས་པའི་ཕྱིར་དུ་བུམ་ཐང་རྡོ་རྗེ་བརྩེགས་པ་ལ་སོགས་པར་སྐུ་རྗེས། གནམ་མཚོ་ཕྱུག་མོ་སོགས་ཀྱི་ཕྱག་རྗེས། སྤ་གྲོའི་བྲག་དཀར་སོགས་ལ་ཞབས་རྗེས། གཞན་ཡང་སྒྲུབ་གནས་ཐམས་ཅད་གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་ཅན་གྱི་བཀོད་པ་གྲངས་ལས་འདས་པར་བཞག །ལྷ་སྲས་མུ་རུབ་བཙད་པོ་བཏང་ནས་བྷ་ཏ་ {{TibChung|[19b]}} ཧོར་གྱི་སྒོམ་གྲྭ་བཅོམ། ཀ་ཅ་རྣམས་ཁྱེར་བའི་རྗེས་སུ་རྒྱལ་པོ་ཤིང་བྱ་ཅན་འབྲངས་ནས་འོང་བ་གུ་རུ་དྲག་པོའི་སྐུར་བཞེངས་ཏེ་དམ་ལ་བཏགས་ནས་གཙུག་ལག་ཁང་གི་དཀོར་སྲུང་ལ་བསྐོས། ཁྲི་སྲོང་གཤེགས་པའི་རྗེས་སུ་མུ་ཏིག་བཙན་པོ་རྒྱལ་སར་བཀོད། ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་ནས་རྒྱལ་སྲས་ལྷ་རྗེ་ལ་ཟབ་ཆོས་ཀྱི་གཉེར་གཏད། དེ་ནས་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་པར་ཉེ་བ་ན་བོད་ཀྱི་རྒྱལ་བློན་འབངས་དང་བཅས་པ་རྣམས་ཀྱིས་བཤོལ་བཏབ་ཀྱང་མ་ཐེབས། རེ་རེ་བཞིན་དུ་གཞལ་གདམས་དང་ཐུགས་བརྩེའི་བསླབ་བྱ་རྒྱས་པར་བསྩལ། ཇོ་མོ་གསུམ་གྱིས་གུང་ཐང་གི་ལ་ཐོག་བར་སྐྱེལ་ཆུང་བྱས་ཏེ་སྐུ་རྗེས་སུ་འབྲང་བར་ཞུས་པས། ཁྱེད་རྣམས་ཀྱིས་མི་མ་ཡིན་གྱི་གཟི་མི་བཟོད་དེ་སྲོག་གི་བར་ཆད་དུ་འགྲོ་བ་ཡིན་པས་འདི་ནས་ལོག་ཅིག་གསུངས་ནས་ཡུན་རིང་དུ་མཉེས་པར་བྱས་པའི་སྐྱེས་ལན་དུ་ཟབ་མོའི་མན་ངག་གནང་བར་བཞེད་ནས། དེ་མ་ཐག་ཧཱུཾ་ཧཱུཾ་ཧཱུཾ་གསུངས་པ་དང་། རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཐུགས་ཀ་ནས་སྤྲོས་ཏེ་མངོན་སུམ་དུ་སྣང་བར་མཛད་ནས། ཁྱེད་རྣམས་ཡི་དམ་གྱི་ལྷ་ལ་དབང་ཞུའམ། ངལ་དབང་ཞུ་ཞེས་གསུངས་པ་ན། ཅོག་རོ་བཟའ་ན་རེ། སློབ་དཔོན་ལས་ངོ་མཚར་དང་སྐུ་ {{TibChung|[20a]}} དྲིན་ཆེ་བ་མ་མཆིས་ཀྱང་ཡེ་ཤེས་ཀྱི་ལྷ་དངོས་སུ་མཇལ་བ་འདི་ལ་བདག་ནི་ཡི་དམ་གྱི་ལྷ་ལ་དབང་ཞུ་ཟེར། མཁར་ཆེན་བཟའ་ན་རེ། ཡི་དམ་གྱི་ལྷ་ལས་ཁྱད་པར་ཆེ་བ་མ་མཆིས་ཀྱང་དེའང་གུ་རུའི་ཐུགས་ཀྱི་ཆོ་འཕྲུལ་ལགས་པས་བདག་ནི་སློབ་དཔོན་ཉིད་ལ་དབང་ཞུ་ཟེར། ཨ་ཙ་ར་གསལ་ལེ་ན་རེ། གང་ལེགས་ཆ་མེད་པས་གང་ལེགས་པ་ཞིག་ལ་ཞུ་ཟེར་རོ། །དེར་སློབ་དཔོན་གྱིས་སཾ་ཧ་ར་ཎ་ཧཱུཾ་གསུངས་ནས་ལྷ་ཚོགས་རྣམས་ཐུགས་ཀར་བསྡུས་པས་ཅོག་རོ་བཟའ་ལ་དབང་བསྐུར་མཁན་མ་བྱུང་སྟེ། ཕྱི་བོན་ཚུལ་དུ་གྱེར་དང་བཅོལ་བསྐུལ་ཙམ་ལ་བརྟེན་ཏེ་བཤད། མཁར་ཆེན་བཟའ་ལ་ཟབ་མོའི་དབང་དང་གདམས་པ་མ་ལུས་པ་རྫོགས་པར་གནང་ནས། ཁྱོད་ཀྱིས་གསལ་ལེ་སྨིན་པར་གྱིས་ཤིག་གསུངས་ནས་གསལ་ལེ་མཁར་ཆེན་བཟའ་ལ་གཏད་དོ། །དེའི་དུས་སུ་སློབ་དཔོན་ལ་མཁར་ཆེན་བཟས་ཞུ་དོན་བཞི་ཕུལ་ཏེ། བདག་ཅག་བུད་མེད་འདྲ་བ་ཉོན་མོངས་པ་ཆེ་བས་ཉོན་མོངས་ཐུལ་བའི་ཆོས་ཞིག་ཞུ། བདག་ཅག་བུད་མེད་འདྲ་བ་དགྲ་མང་བས་མཐུ་ཆེ་བའི་ཆོས་ཞིག་ཞུ། བདག་ཅག་བུད་མེད་འདྲ་བ་ཤེས་རབ་ཆུང་བས་ཚིག་ཉུང་ལ་དོན་འདྲིལ་བའི་ཆོས་ཞིག་ཞུ། བདག་ཅག་བུད་མེད་འདྲ་བ་ངང་ཐུང་བས་འགྲུབ་ཐག་ཉེ་བའི་ཆོས་ཞིག་ཞུ། །ཞེས་ཞུས་པས། {{TibChung|[20b]}} ཐུགས་ཟིན་གྱི་ཤེས་རབ་མ་ལ་བརྩེ་བས་དགོངས་ཏེ་སློབ་དཔོན་ཉིད་ཀྱི་ཞལ་གཟིགས་ཟབ་མོ་ཐུགས་ཀྱི་སྒྲུབ་པ་རྩ་གསུམ་མན་ངག་ཁྱད་པར་ཅན་གནད་ཀྱི་ཞལ་གདམས་དང་བཅས་པ་གསུངས་ཏེ། ལྷ་རྣམས་ཀྱིས་ཕུལ་བའི་རྟ་མཆོག་ལ་ཆིབས། དཔའ་བོ་མཁའ་འགྲོས་མཆོད་པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་རྔ་ཡབ་གླིང་དུ་བྱོན། དེར་ཟངས་མདོག་དཔལ་རིའི་རྩེ་མོར་སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་གནས་སྤར་ཏེ་དེའི་གསོབ་ཏུ་ཞུགས། ཕོ་བྲང་པདྨ་འོད་ཀྱི་བཀོད་པ་བསམ་ལས་འདས་པར་སྤྲུལ་ཅིང་། སྲིན་པོའི་གླིང་བརྒྱུད་དུའང་སྤྲུལ་པ་རེ་རེ་རྒྱལ་པོའི་ཚུལ་བཞུགས་ནས་ཆོས་སྟོན། འཛམ་བུའི་གླིང་གི་མི་རྣམས་སྲོག་གི་འཇིགས་པ་ལས་བསྐྱབས་ཏེ། ད་ལྟ་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་དྲུག་པའི་རྒྱལ་ཚབ་ཀྱི་ཚུལ་དུ་འཇིག་རྟེན་འདི་མ་སྟོངས་ཀྱི་བར་དུ་གཡོ་བ་མི་མངའ་བར་བཞུགས་སོ། །སྤྱིར་སློབ་དཔོན་ཆེན་པོ་འདིའི་ཆེ་བའི་ཡོན་ཏན་དང་ཕྲིན་ལས་ཀྱིས་གདུལ་བྱ་འདུལ་ཚུལ་རྣམས་ནི་འཕགས་པ་ས་བཅུ་པ་གནས་པ་རྣམས་ཀྱིས་ཀྱང་བསམ་པར་མི་ནུས་ཤིང་། སངས་རྒྱས་རྣམས་ཀྱིས་བསྐལ་བརྒྱའི་བར་དུ་གསུངས་ཀྱང་རྫོགས་མཐའ་མངོན་པ་མ་ཡིན་ལ། བྱེ་བྲག་སྐུ་དངོས་ཀྱིས་འགྲོ་དོན་བསྐྱངས་ཚུལ་ནི་རྒྱ་གར་དུ་ལོ་སུམ་སྟོང་དྲུག་བརྒྱ་བཞུགས་པར་གསུངས་མོད། མཁས་པ་རྣམས་ཀྱིས་ཕྱེད་ལོའི་དབང་དུ་བཞེད་པར་སྣང་ཞིང་། བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་པ་ཕྱེད་ལོའི་ {{TibChung|[21a]}} དབང་དུ་བྱས་ན། ཁྲི་སྲོང་དགུང་ལོ་ཉེར་གཅིག་པ་ལ་གུ་རུ་བོད་དུ་ཕེབས། དྲུག་ཅུ་རྩ་དགུ་པ་ལ་རྒྱལ་པོ་འདས། དེ་རྗེས་ལོ་བདུན་དང་ཟླ་བ་དྲུག་བཞུགས་པར་གསལ་བས་ལོ་ཧྲིལ་པོ་ལྔ་བཅུ་རྩ་ལྔ་དང་ཟླ་བ་དྲུག་བཞུགས་པ་ཡིན་ནོ། །སློབ་དཔོན་དེ་ལ་ཕུར་པའི་སློབ་མ་མང་ཡང་མཆོག་ཏུ་བཀའ་བབས་པ་ནི་ཇོ་མོ་མཚོ་རྒྱལ་ཡིན་ཏེ། དེས་མོན་ཁ་ནེ་རིང་སེང་གེ་རྫོང་གི་བྲག་ཕུག་ཏུ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྒྲུབས་པས་ཞག་ཉེར་གཅིག་ནས་ཕུར་པ་ཐམས་ཅད་བཞད་ཅིང་འོད་འཕྲོ་བ་དང་བྲོ་འཁྲབ་པ་བྱུང་། དེར་ཇོ་མོའི་དགོངས་པ་ལ། མ་མོ་འགྲུབ་ན་ཁྲག་ཟོར་འཕང་། གཤིན་རྗེ་འགྲུབ་ན་འཁོར་ལོ་བསྐོར། །གིོང་པོ་འགྲུབ་ན་ལས་ལ་རྦད། ཕུར་པ་འགྲུབ་ན་གདབ་ལས་བྱ། །ཞེས་པ་ལས། བདག་ལ་བདོ་བའི་དགྲ་ནི་མེད། སུ་ལ་བརྡེག་གམ་སྙམ་སྟེ་བསྙེན་ཕུར་བསྒྲིལ་བ་ལས། བདག་ལ་དགྲ་མེད་ཀྱང་ཕ་མེས་ཀྱི་སྲོག་གཅོད་པའི་ཟ་འདྲེ་ལ་གདབ་སྙམ་དུ་དགོངས་པ་དང་། བསྙེན་ཕུར་ཕྱག་ནས་ཤོར་ཏེ་ནམ་མཁའ་ལ་འཕུར་བས། ཕ་ཡུལ་གྱི་ཁང་པའི་ལྟག་ན་འདྲེ་དེ་གནས་པའི་སྐྱེར་ཕུང་གཅིག་ཡོད་པ་ལ་བབས་ཏེ་སྐྱེར་ཕུང་རྩ་བ་ནས་བསྲེགས་ཤིང་ཟ་འདྲེ་དེ་ཉིད་དུ་བསྒྲལ། ཕུར་པ་དེ་དབོན་བརྒྱུད་རྣམས་ཀྱིས་བཅངས་ཏེ་གདེངས་པ་ཙམ་ {{TibChung|[21b]}} གྱིས་ལྷ་འདྲེ་མང་པོ་བཏུལ་བས་མཁར་ཆེན་བཟའ་འདྲེ་འདུལ་གྱི་བརྒྱུད་པ་ཞེས་ཟམ་མ་ཆད་པར་བྱུང་། ཇོ་མོ་འདིས་ནི་སྒྲོལ་བ་ཚད་དུ་ཕྱིན་པས་མཚོན་གྱིས་བསད་པའི་མི་རོ་ཡང་གསོན་པོར་སློང་ནུས་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་ཕུར་པའི་ཆོས་འདིའི་བྱིན་རླབས་ཀྱི་རྟགས་ཚན་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། དེའང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཙན་དན་ནགས་ཚལ་ལ་ཐེབས་ཏེ། རྒྱ་གར་དུ་ཙན་དན་གྱི་ནགས་ཚལ་ལ་མེ་ཤོར་ནས་ཞག་མང་པོར་མེ་མ་ཤི་བར་ནགས་ཚལ་ཀུན་ཟད་དུ་ཉེ། སེམས་ཅན་མང་པོ་ཤི་ཞིང་ལ་ལ་ཤི་ལ་ཁད་དུ་གྱུར་པ་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་གཅིག་བཏབ་པས། མེ་ཤི་སྟེ་ནགས་ཚལ་སྔར་ལས་ཕུན་སུམ་ཚོགས་པ་སྐྱེས། སེམས་ཅན་ཤི་བ་དང་ཤི་ལ་ཁད་པ་རྣམས་གསོས། ཙན་དན་ནགས་ལ་ཐེབས་ཟེར་ཡང་འབྱུང་བ་མེ་ལ་ཐེབས་པ་ཡིན་ནོ། །པཎ་ཆེན་བི་མ་ལ་མི་ཏྲས་ཆུ་བོ་གངྒཱ་ལ་ཐེབས་ཏེ། སློབ་དཔོན་གྱིས་ཆུ་བོ་གངྒཱའི་འགྲམ་དུ་སྒྲུབ་པ་མཛད་པས་དེའི་སྔགས་ཀྱི་ཟེར་ཕྱོགས་དེའི་ཀླུ་ཆེན་པོ་གཅིག་གིས་མ་བཟོད་ནས་ཕྱིའི་རྒྱ་མཚོ་གནམ་དུ་བཅོལ། སྐྱིན་ཐང་དྲག་པོ་ཕབ། ཆུ་བོ་གངྒཱའི་ལུད་དེ་ལུང་པར་མི་ཤོང་བར་བྱས་བྱུང་བ་ལ། སློབ་དཔོན་གྱིས་ཕུར་པ་སོར་བརྒྱད་པ་ {{TibChung|[22a]}} གཅིག་བཏབ་པས། གངྒཱ་ཡར་མར་དུ་ཆད་དེ་བར་དུ་ལམ་དོད་ནས་ཕྱིན་ཆོག་པ་བྱུང་། གངྒཱའི་ཆུ་ལ་ཐེབས་ཟེར་ཡང་ཀླུ་ལ་ཐེབས་པའོ། །བལ་པོ་ཤཱི་ལ་མཉྫུས་མཎྜ་ལའི་མཁརགོང་ལ་ཐེབས་ཏེ། རྒྱ་གར་དུ་ཕྱི་ནང་གཉིས་མ་འཆམ་པ་ན། ཡུལ་གྱི་རྒྱལ་པོ་ན་རེ། ཞག་གསུམ་རྩོད་ན་རྩོད་པ་གྱིས་ཤིག ། སུ་རྒྱལ་བ་དང་རྫུ་འཕྲུལ་སུ་ཆེ་བ་དེའི་ཞབས་ནས་འདེགས་སོ་ཟེར། དེར་རྩོད་པའི་དུས་དུ་སློབ་དཔོན་གྱིས། བརྗོད་རྒྱུ་ཐམས་ཅད་ཐ་སྙད་མཐའ་ལ་གནས། །དོན་མ་མཐོང་བར་གྲོལ་བར་ག་ལ་འགྱུར། །མུ་སྟེགས་འཆལ་པའི་གཏམ་གྱིས་ཅི་ཞིག་བྱ། །ཆོས་ཀྱི་རྒྱལ་མཚན་ཆེན་པོ་འཛུགས་པར་བྱ། །ཞེས་གསུངས་ནས་ཕུར་པ་བསྒྲིལ་བས། མཎྜལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་གཅིག་གི་རྒྱབ་ན་མཁར་གོང་གི་བྲག་ཆེན་པོ་ཞིག་ཡོད་པ་ལས། བྲག་དེ་ཉིལ་ནས་མུ་སྟེགས་ཀྱི་གྲོང་ཁྱེར་ཐམས་ཅད་བཅོམ། མུ་སྟེགས་རྣམས་ལ་ལ་ཁྲག་སྐྱུགས་ཏེ་ཤི། ལ་ལ་ལྕེ་གས། ལ་ལ་མིག་འབྲས་བྲུལ་ནས་ཐམས་ཅད་ཚེ་བཅད་དེ། ནང་པ་སངས་རྒྱས་པའི་བསྟན་པ་དར་བར་བྱས་སོ། །བྲག་མཁར་གོང་ལ་ལ་ཐེབས་ཟེར་ཡང་མུ་སྟེགས་པའི་དཔུང་ཚོགས་ལ་ཐེབས་པའོ། །ཇོ་མོ་མཁར་ཆེན་ {{TibChung|[22b]}} བཟའ་མཚོ་རྒྱལ་གྱིས་དགུང་གི་ཕོ་རོག་ལ་ཐེབས་ཏེ། སྐབས་ཤིག་ན་ཕྲེང་བ་ན་བཟའི་ཁར་བཞག་སྟེ་དབུ་སྐར་བསིལ་བ་ལས། བྱ་རོག་གིས་ཕྲེང་བ་ཁྱེར་བ་ལ་བརྟག་པས་བྱ་རོག་བདུད་ནག་པོ་བཀྲག་མེད་ཀྱི་སྤྲུལ་པས་བར་ཆོད་བྱེད་པར་མཁྱེན་ནས། བྱ་རོག་གི་གྲིབ་མ་ལ་ཕུར་པ་བཏབ་པས། བྱ་རོག་ས་ལ་ལྷུང་ནས་ཤིའོ། །བྱ་རོག་ལ་ཐེབས་ཟེར་ཡང་བདུད་ལ་ཐེབས་པའོ། །མིང་པོ་དཔལ་གྱི་དབང་ཕྱུག་གིས་རྩིབས་ཀྱི་སྤྱང་ཀི་སྔོན་པོ་ལ་ཐེབས་ཏེ། འོ་ཡུག་མཁར་སྣ་རུ་བཞུགས་པའི་སྐབས་ཤིག །བྱང་ཕྱོགས་ནས་ཚོང་པ་མང་པོ་འོང་བ་ལ་ཚོང་ལྷ་རྒྱལ་པོ་ཤེལ་གིང་གིས་བྱེད་པ་ལས། ལན་གཅིག་རྒྱལ་པོ་ཁྲོས་ཏེ་བྱང་སྤྱང་བཅུ་བཞིས་རྟ་བོང་རྣམས་བསད་ནས་མཐར་མི་ལ་ཟ་རུ་བྱུང་བས། ཚོང་པས་ལྷ་འདྲེའི་ཆོ་འཕྲུལ་ཡིན་པར་ཤེས་ནས། ཡུལ་ན་བྱིན་རླབས་ཆེ་བ་སུ་ཡོད་དྲིས་པས། མཁར་ཆེན་དཔལ་གྱི་དབང་ཕྱུག་བཞུགས་ཟེར། དེའི་དྲུང་དུ་ཕྱིན་ནས་ཞུས་པས། དེར་སྤྱང་ཀིའི་རྗེས་ས་ལ་ཕུར་བཏབ་པས། སྤྱང་ཀི་བཅུ་བཞི་པོ་དངོས་སུ་མཁར་བའི་སྣ་ནས་མར་ལ་ཧྲི་ལི་ལི་འདྲིལ་ཏེ་སྙིང་ཤུན་ཁུད་དུ་བྱུང་། སྤྱང་ཀི་ལ་ཐེབས་ཟེར་ཡང་རྒྱལ་པོ་ཤེད་གིང་ལ་ཐེབས་པའོ། །དེ་ལ་སོགས་པ་ཕུར་པ་སྒྲུབ་པའི་རིག་འཛིན་ {{TibChung|[23a]}} རྣམས་ཀྱིས་བརྣག་པའི་ཡུལ་ལ་མ་ཐེབས་པ་མེད་ཅིང་བར་ཆད་ཀྱི་དཔུང་ལས་རྣམ་པར་རྒྱལ་ཏེ་དངོས་གྲུབ་ཆེན་པོ་བརྙེས་པར་གྱུར། གཤིན་རྗེ་གཤེད་ཀྱི་རིགས་སྔགས་འཆང་བའི་བརྟུལ་ཞུགས་གྲུབ་པ་ཡང་རྡོ་རྗེ་ཕུར་པའི་ནུས་མཐུས་དཔའ་བཀོང་བར་བྱས་པ་ཡིན་ཏེ། ངམ་འབྲེ་གསལ་ལེའི་སློབ་མ་ལང་ལབ་བྱང་ཆུབ་རྡོ་རྗེས་ཕུར་པ་བསྒྲུབ་པས་དགྲ་ཕ་སྤུན་བཅོ་བརྒྱད་པོ་ཐམས་ཅད་ཚར་བཅད། སྙན་གྲགས་ཀྱིས་ཕྱོགས་ཀུན་ཏུ་ཁྱབ་ཀྱང་སྦྱིན་འབྲས་ཆུང་བས་ཕོངས་ཏེ་སྐབས་རེར་ལུག་རྫི་བྱེད་ཅིང་ཡོད་ཙ་ན། དེ་དུས་ར་ལོ་ཙཱ་བ་རྡོ་རྗེ་གྲགས་སྐུ་བསོད་དང་མཐུ་ཆེ་བས་བོད་ཀྱི་མི་ཆེན་དགེ་བཤེས་རྣམས་ཀྱིས་ཕྱག་དང་བཀུར་སྟི་མ་བྱས་ན་སྐད་ཅིག་ལ་སྒྲོལ་བ་ཡིན་ཏེ། ཁོང་ལ་ཞེ་ས་མ་བྱས་པས་སྲས་དར་མ་མདོ་སྡེ་སོགས་ས་ཐོབ་ཀྱི་སེམས་དཔའ་བཅུ་གསུམ་དང་། གཉན་ལོ་ཙཱ་བ་དར་མ་གྲགས་སོགས་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་སོགས་མང་པོ་བསྒྲལ་བ་ཡིན་ཅིང་། དེ་དུས་ལོ་ཙཱ་བ་ལ་ལང་ལབ་ཀྱིས་ཕྱག་མ་བཙལ་བ་ལ། མི་བླུན་པོ་གཅིག་ཡིན་འོང་དགོངས་པ་ལས། སླར་མི་རྣམས་ཀྱིས་ཁོང་ཕུར་པ་ལ་མཁས་ཤིང་མཐུ་ནུས་ཆེ་བ་ཡིན་ཀྱང་སྐུ་བསོད་ཆུང་བས་ད་ལྟ་གཞན་གྱི་ལུག་རྫི་བྱེད་དགོས་པ་ལགས་བྱས་པས། འོ་ན་ཁོ་ང་རྒྱལ་གྱིས་ཁོངས་སྦོས་ནས་ང་ལ་ཕྱག་མི་བྱེད་པ་ཡིན་འོང་སྟེ་ཁོ་ལ་དོ་ནུབ་ཀྱི་ཚེ་ལས་མེད་ཀྱི་སྒུར་ནད་སྡོད་ཅིག་གསུངས། ཆོས་ཐུན་གྲོལ་བ་དང་རྡོ་རྗེ་འཇིགས་བྱེད་ཀྱི་གསོད་པའི་སྦྱོར་བ་བཞིའི་བཅའ་གཞི་ {{TibChung|[23b]}} མཛད་དེ། ཁྱད་པར་སྦྱིན་སྲེག་གི་སྐབས་སུ་ར་ལོ་ཙཱ་བ་ཉིད་རྡོ་རྗེ་འཇིགས་བྱེད་དངོས་ཀྱི་སྐུར་གྱུར་ནས། ལིངྒ་ལ་ལང་ལབ་དགུག་གཞུག་གི་བདེན་བརྡར་ལན་གསུམ་བྱས་པར། དུས་དེར་ལང་ལབ་ནི་ལུག་འཚོ་བ་ཉིད་ལས་གཞན་ཅིའང་མི་བྱེད་མོད་ཀྱི། དགུག་འདྲེན་དང་པོའི་དུས་སུ་དཀྱིལ་འཁོར་གྱི་མཐའ་བསྐོར་ནས་རྩང་ཕུར་རྣམས་ཕྱུངས་ཏེ་ཆར་དུ་བབས་ནས་ཐོ་ཕྱིའི་གྲྭ་པ་རྣམས་རྨས། བར་པ་ལ་ཟ་གསོད་དང་ཁྲོ་བོ་བཅུའི་ལྕགས་ཕུར་གྱི་ཆར་བབས་ནས་འཁོར་རྣམས་ཁྱིམ་གྱི་ཕུག་ཏུ་བྲོས་དགོས་པ་བྱུང་། ཐ་མའི་ཚེ་ནམ་མཁའི་ཁམས་མེ་དཔུང་དང་ཟུར་སྒྲས་གང་སྟེ། དེར་སྟེང་དུ་བལྟས་པ་ན། རྡོ་རྗེ་གཞོན་ནུའི་སྐུ་རི་དིལ་ཆད་པ་ཙམ་ལྕགས་སྲེག་ལས་གྲུབ་པ་སྟོད་ཁྲོ་བོ་སྨད་ཕུར་བུ་ཐུགས་ཀ་ན་ཕུར་པ་དྲུག་ཏུ་འདྲིལ་ཞིང་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་ཞིག་ར་ལོ་ཙཱ་བའི་ཐོག་ཏུ་འབབ་ལ་ཁད་ཟ་ཟ་རྔམ་རྔམ་དུ་འདུག་པ་རབ་ཏུ་སྐྲག་སྟེ། དེ་ཉིད་དུ་བཟོད་པར་གསོལ། ལང་ལབ་ལ་གུས་འདུད་བྱེད་པར་དམ་བཅས་པས་ཚེ་འཕྲུལ་རྣམས་ཡཞལ་ནས་སོང་། དེ་ནུབ་ལང་ལབ་སྤྱན་དྲངས་ཏེ་ཕྱག་དང་བསྙེན་བཀུར་རྒྱ་ཆེན་པོ་བྱས་སོ། དུས་དེར་མི་རྣམས་ཀྱིས། ཕུར་པ་མཁན་པོ་གཤིན་རྗེའི་མཐུ་རྡུགས། ཞེས་པའི་གཏམ་ {{TibChung|[24a]}} ཡང་རྒྱ་ཆེར་གྲགས་སོ། །དེ་ལྟར་རྡོ་རྗེ་ཕུར་པའི་ལམ་སྲོལ་འདི་ལ་སློབ་དཔོན་ཆེན་པོ་ནས་བཀའ་ནས་བཀའ་རུ་བརྒྱུད་པའི་བཀའ་མ་རྒྱལ་པོ་ལུགས། ཇོ་མོ་ལུགས། འཁོན་ལུགས་གསུམ་ལས་གཙོ་བོར་གྱེས་པའི་སྣ་ནམ་ལུགས། ལྕམ་ལུགས། རྒྱ་ལུགས། རོང་ལུགས། སྐྱི་ལུགས། འོ་བྲན་ལུགས། དཔྱལ་ལུགས། གཞན་ཡང་སོ་ཟུར་གནུབས་གསུམ་དང་། རམ་འགོས་ཁྱུང་གསུམ། རྒྱུས་ལུགས་གུར་ལུགས་སོགས་བཀའ་སྲོལ་མཐའ་ཡས་པ་ཞིག་བྱུང་ན་གངས་ཆེན་གྱི་ལྗོངས་ཕལ་ཆེར་ཕུར་པ་གྲུབ་པའི་རིག་འཛིན་གྱིས་ཁྱབ་པར་གྱུར་པ་ལས། དེང་སང་ཡང་འཁོན་ལུགས། རོང་ལུགས། རོག་ལུགས་རྣམས་ཀྱི་དབང་མན་ངག་ཕྱག་བཞེས་ཀྱིས་བརྒྱན་པ་དང་། རྒྱུད་སྡེ་རབ་འབྱམས་ཀྱི་ལུང་རྒྱུན་བཅས་མ་ཉམས་པར་བཞུགས་པ་བཞིན་ཁོ་བོས་ཀྱང་ལེགས་པར་ཐོབ་པ་ཡིན་ནོ། ། ༈ ། ད་ནི་ཟབ་མོ་གཏེར་གྱི་གསང་མཛོད་ལས་བྱོན་པའི་རྡོ་རྗེ་ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཆོས་སྐོར་འདི་ཉིད་སྒོས་ཀྱི་བབས་ཚུལ་མདོ་ཙམ་གླེང་བར་བྱ་སྟེ། དེའང་ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངེས་ཆེ་བ་དང་༔ {{TibChung|[24b]}} སྙིགས་མའི་འགྲོ་ལ་ལྷག་པར་སྙི་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ ཞེས་དང་། ང་ཡིས་བོད་ཁམས་གཏེར་གྱིས་བཀང་ནས་ཡོད༔ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངས༔ ཞེས་སོགས་གསུངས་པ་ལྟར། སྤྱིར་དེང་སང་བཀའ་མ་རྣམས་དུས་དབང་གིས་རིམ་པ་ནུབ་ཅིང་ཚོང་དུས་ཀྱི་འོ་མ་ལྟར་འཆལ་བའི་ཚེ། ལས་འཕྲོ་སད་པའི་སྐལ་ལྡན་རྣམས་གཏེར་ཆོས་ཀྱི་སྒོ་ནས་རང་དང་གཞན་གྱི་དོན་རླབས་པོ་ཆེ་དཀའ་བ་མེད་པར་འགྲུབ་པར་འགྱུར་བ་དང་། སྙིགས་མའི་སྐྱེ་རྒུ་རྣམས་ཀྱི་ཕན་བདེའི་རྩ་ལག་དུས་བབས་ཀྱི་ཟབ་གཏེར་ལ་རག་ལས་པར་དགོངས་ནས། སྔར་བཤད་པ་ལྟར་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་འདིའི་རི་བྲག་མཚོ་གསུམ་གཙུག་ལག་ཁང་སོགས་སུ་ཆོས་ནོར་དམ་རྫས་ལ་སོགས་པའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས། {{TibChung|[25a]}} ཁྱད་པར་གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་མཁའ་འགྲོ་བརྡའི་ཡི་གེས་བཅིངས་པར་མཛད་པ་སྟེ། གསང་རྒྱུད་ལས། མཁའ་འགྲོ་བརྡ་ལ་བརྟེན་པ་སྟེ། །བརྡ་དང་བརྡ་ཡི་ལེན་ལ་མཁས། །དོན་གྱི་ངོ་བོ་བརྡ་ལ་སྦྱོར། །མཁའ་འགྲོ་བརྡ་ཡི་སྲོག་ཅན་ནོ། །ཞེས་དང་། གཞན་ཡང་། གཏེར་ཡིག་སྤྲུལ་པའི་སྐུ་ཡིན་ཏེ། །སྒྲ་ཚིག་གོ་བ་གསུང་ཡང་ཡིན། །ཞེས་གསུངས་པ་ལྟར། བརྡ་ལ་བརྟེན་པའི་མཁའ་འགྲོའི་ཡི་གེ་ནི་དེ་དང་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས། གཏེར་ཡིག་སྤྲུལ་པའི་སྐུ་རྡོ་རྗེའི་གཟུགས་རྣམ་པ་ཐམས་ཅད་པ་དེ་ཉིད་ལས་འཕྲོ་དང་སྐལ་བར་ལྡན་པའི་གང་ཟག་གིས་གནས་དུས་སྨོན་ལམ་ཟབ་མོའི་རྟེན་འབྲེལ་གྱིས་བརྡའི་དོན་ཁྲོལ་ནས་ཇི་བཞིན་གཏན་ལ་ཕེབས་པ་མཚོན་པའི་ཕྱིར། ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་རྟགས་ཕྱག་རྒྱའི་རི་མོ་དངོས་ལ་ཐུག་པས་གང་ཟག་ཕལ་པའི་བརྒྱུད་པས་བར་དུ་མ་ཆོད་ཅིང་ཁུངས་བཙུན་པ་དང་། བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བ་དང་། སྐལ་བ་དང་མི་ལྡན་པའི་གང་ཟག་བློ་ཇི་ལྟར་སྒྲིན་ཀྱང་དམུས་ལོང་གིས་གླང་ཆེན་དཔྱད་པ་ལྟར་ཕྱོགས་ {{TibChung|[25b]}} ཙམ་ཡང་བརྟག་མི་བཟོད་པས་གཏེར་སྟོན་སྐྱེས་བུ་ཉིད་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་པ་ཡིན་ནོ། །དེ་ལྟར་ངོ་མཚར་རྨད་དུ་བྱུང་བ་ཟབ་མོ་གཏེར་གྱི་ཕྱོགས་ལའང་སྤྱིར་རྩ་གསུམ་ཆོས་སྐྱོང་ལས་རབ་འབྱམས་དང་བཅས་པའི་གདམས་སྐོར་བསམ་གྱིས་མི་ཁྱབ་ཅིང་། བྱེ་བྲག་སྤུ་གྲི་རྣམ་གསུམ་གཙོ་བོར་གྱུར་པའི་རྡོ་རྗེ་ཕུར་པའི་བཀའ་སྲོལ་མཐའ་ཡས་པ་ཞིག་བྱོན་པ་ལས། འདིར་ནི་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་གདམས་སྐལ་དུ་གནང་བ་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྐོར་ཏེ། དེའང་ལོ་ཙཱ་བ་འདི་ཉིད་སྔོན་གྱི་དུས་ན་རིག་འཛིན་ནུས་ལྡན་རྡོ་རྗེའི་སྐུར་བཞེངས་ནས་བསྐལ་བཟང་གི་སངས་རྒྱས་སྟོང་རྩར་དབང་བསྐུར་ཞིང་བྱིན་རླབས་མཛད། དེ་ནས་རིམ་བཞིན་འཕགས་ཡུལ་དུ་དགྲ་བཅོམ་ཤཱ་རིའི་བུ། ཆོས་བློན་ཀྲྀཥྞ་འཛིན། སློབ་དཔོན་ཧཱུྃ་ཀཱ་ར་སོགས་གང་འདུལ་གྱི་བཀོད་པ་ངོམས་ཤིང་། བོད་ལྗོངས་མུན་པའི་གླིང་འདིར་སྤྲུལ་པའི་མཁན་སློབ་ཆོས་རྒྱལ་རྣམས་ཀྱིས་བསྟན་པའི་ཉིན་བྱེད་གསར་དུ་འདྲེན་པར་མཛད་པའི་ཚེ་འབངས་རིགས་ཉེར་ལྔའི་ནང་ཚན་ལས་ལོ་ཙཱ་བའི་ཚུལ་དུ་བསྟན་ཏེ། གདུང་རུས་འབྲོག་མ་ཡིན་ཅིང་སྐུ་གཞོན་ནུའི་དུས་ནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ {{TibChung|[26a]}} ལྟར་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབ་ས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་གྱི་ཚུལ་དུ་བཞུགས། བླ་རྫོགས་ཐུགས་གསུམ་སོགས་སྤྱི་དང་ཁྱད་པར་གྱི་གདམས་སྐོར་ཐུན་མོང་མ་ཡིན་པ་རྣམས་རྫོགས་པར་གསན། ཕྲིན་ལས་ཕུར་པའི་བཀའ་བབས་ཏེ་མོན་ཁ་ནེ་རིང་སེང་གེ་རྫོང་དུ་བསྒྲུབ་པས་གྲུབ་པའི་མཚན་མ་མངོན་དུ་བརྙེས། རྫུ་འཕྲུལ་གྱིས་ནམ་མཁའི་བྱ་རྣམས་ཀྱང་ལྟ་སྟངས་དང་སྡིག་མཛུབ་ཙམ་གྱིས་འགུགས་པར་ནུས། གུ་རུའི་ཐུགས་ཀྱི་སྲས་སུ་གྱུར་ཏེ་དགོངས་པ་གུ་རུ་ཉིད་དང་མཉམ་པར་བསྔགས། སྤྲུལ་པའི་རྣམ་རོལ་དུ་མས་སྙིགས་དུས་ཀྱི་གདུལ་བྱ་དཔག་ཏུ་མེད་པའི་དོན་འབྱུང་བར་ལུང་བསྟན་ཅིང་ངོ་མཚར་གནས་དང་ཆོས་ནོར་དམ་རྫས་བགྲངས་ཀྱིས་མི་ལང་བའི་གཉེར་གཏད། མཁའ་འགྲོ་མཚོ་རྒྱལ་དང་ལྷན་ཅིག་གདམས་སྐོར་རྣམས་དྷཱ་ཀི་གསང་བའི་བརྡ་རིས་སུ་བཏབ་ནས་ཁྱད་པར་འཕགས་པའི་དམ་རྫས་རྣམས་དང་བཅས་བོད་དང་བོད་ཆེན་པོའི་ལྗོངས་ཀྱི་མཐའ་དབུས་གཏེར་གནས་ཀུན་རྒྱས་བཏབ་པར་མཛད་པ་བཞིན། དུས་ལ་བབས་པའི་ཚེ་ན་འགྲོ་འདུལ་སྤྲུལ་པའི་ {{TibChung|[26b]}} སྒྱུ་འཕྲུལ་རིམ་པར་བྱོན་པས་ཟབ་མོའི་གསང་མཛོད་བརྟོལ་ཏེ་བསྟན་འགྲོའི་ཕན་བདེ་མཆོག་ཏུ་སྤེལ་བར་མཛད་ཅིང་། ཁྱད་པར་དེང་སང་སྙིགས་མའི་སྟོབས་ཤུགས་ཤིན་ཏུ་བདོ་ཞིང་བོད་ཁམས་ཀྱི་སྐྱེ་འགྲོར་མཐའ་མིའི་དཔུང་གིས་ལྷག་པར་འཚེ་བའི་སྐབས་འདིར་སློབ་དཔོན་ཆེན་པོའི་ཕྲིན་ལས་ཀྱི་ཕོ་ཉ་བར་ཁྱེའུ་ཆུང་ལོ་ཙཱ་བ་ཉིད་བསམ་བཞིན་དུ་མིའི་སྲིད་པ་ཉེ་བར་བཟུང་བ་ནི་གཏེར་ཆེན་བདུད་འཇོམས་གླིང་པ་བསྩལ་ཏེ། དེ་ལ་རིག་འཛིན་ཆེན་པོ་འདི་ནི་སངས་རྒྱས་བླ་མ་དང་ཨོ་རྒྱན་གླིང་པ་སོགས་སྔོན་གྱི་གཏེར་རྙིང་བཅུ་ཕྲག་ཙམ་ནས་ཤིན་ཏུ་གསལ་བར་ལུང་བསྟན་པ་ལྟར། སྨད་མདོ་ཁམས་སྒང་དྲུག་ལས་ཤར་མི་ཉག་ར་བ་སྒང་གི་སའི་ཐིག་ལེ་ཝ་ཞབས་སེང་གེ་བྲག་དཀར་རམ་འདྲ་ལྕགས་ཁུང་ཞེས་པའི་གནས་སུ། ཡབ་གནུབས་ཀྱི་རུས་བརྒྱུད་ཨ་བརྟན་ཞེས་པ་དང་། ཡུམ་དམུ་ཚ་བོ་རྫོགས་ཞེས་པའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་མོ་ལུག་གི་ལོ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་ལ་སྐུ་འཁྲུངས། བལྟམས་པའི་ཚེ་ཁ་བ་མེ་ཏོག་གི་དབྱངས་ཅན་བབས་པ་དང་སྦྲ་ཁང་ལ་འཇའ་ཚོན་གྱི་ལྡིང་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། དེ་ནས་དགུང་ལོ་གསུམ་གྱི་བར་དུ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་སྲུང་སྐྱོབ་མེལ་ཚེ་བྱེད་པ་དང་། སྐབས་འགར་ {{TibChung|[27a]}} རྒྱལ་བསེན་དམ་སྲིས་བར་ཆད་རྩོམ་པ་སོགས་གཟིགས་སྣང་སྣ་ཚོགས་པ་ཤར། སྐབས་ཤིག་མཁའ་འགྲོ་མ་བསྐྱེད་ཡུམ་མའི་ཚུལ་ཅན་ཞིག་གིས་བྱང་ཕྱོགས་བཻ་ཌཱུརྱ་སྣང་བའི་ཞིང་ཁམས་སུ་ཁྲིད་པར་མཛད་པ་ན། དེར་བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་དང་མཇལ་ཏེ་དབང་དང་བྱིན་རླབས་བསྩལ་ནས་རྒྱལ་ཚབ་ཏུ་མངའ་གསོལ་བའི་སྣང་ཉམས་བྱུང་བ་ལ་བརྟེན་ནས་སྔོན་གནས་ཀྱི་བག་ཆགས་སད་ཅིང་ལྷ་སྔགས་ཏིང་ངེ་འཛིན་མང་པོ་རྗེས་སུ་དྲན་པའི་མཐུས་བར་ཆད་ཀྱི་དཔུང་ལས་རྒྱལ་བར་གྱུར། སྐུ་རྩེད་ཀྱི་དུས་སུ་ཆུ་ཀླུང་ཆེན་པོ་རྦ་རླབས་རབ་ཏུ་འཁྲུགས་པའང་ཐོགས་མེད་དུ་བརྒལ་བ་དང་། རི་ཆེན་པོ་ཁོང་གསེང་ཐལ་མ་འབིགས་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་དུ་བསྟན་ཅིང་། མནལ་ལམ་གང་བྱུང་ཐོག་ཏུ་ཁེལ་བའི་ལུང་བསྟན་ཤ་སྟག་བསྩལ་བ་ལ་བརྟེན་ཡབ་ཡུམ་གཉིས་ཀྱིས་མཆོག་ཏུ་གཅེས་པར་འཛིན་ཅིང་ཧ་ཅང་རྒོད་བག་ཆེ་བས་རྟག་པར་བསྲུང་དགོས་པ་བྱུང་། དགུང་ལོ་བཅུ་པའི་ཐོག་ཞང་པོས་བུ་ཟླར་ཁྲིད་ནས་དེའི་ཁྱིམ་དུ་རེ་ཞིག་བཞུགས་དགོས་པ་བྱུང་བའི་ཚེ་ཕྱུགས་འཚོ་བ་སོགས་ལས་ཀ་སྣ་ཚོགས་བཀོལ་བ་ན། སྐྱེར་མདས་ཁྲོ་ཟངས་ལྕགས་ཡོབ་མཁར་གཞོང་ཐམས་ཅད་ {{TibChung|[27b]}} ཁྲོལ་མར་ཕུག་ཅིང་བཅག་གྲུམ་ཤ་སྟག་བྱས་པས། ཞང་པོ་དང་སྲུ་མོ་རྣམས་ཀྱིས་ན་རེ། བུ་འདི་ཐེའུ་རང་གིས་རྒྱུད་བརླམ་པ་ཡིན་འདུག་པ་ཡི་གེ་ཞིག་བསླབ་ན་བནྡྷེ་རེ་ཨེ་འོང་། དེ་མིན་མི་སྐྱ་བྱས་ན་མི་ཕུང་རང་བརླག་བྱེད་མཁན་ཞིག་འོང་ངེས་རེད་ཟེར་ནས་ཆོས་སློབ་པར་གཏོང་རྩིས་བྱས། དེར་མཁའ་འགྲོ་མས་ལུང་བསྟན་པ་བཞིན་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་བྱང་སེམས་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པར་གྲགས་པ་མཉྫུའི་མཚན་ཅན་གྱི་ཞབས་ལ་བཏུད་དེ་ཆོས་སྒོར་བཞུགས། འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན། རིམ་པར་སྔོན་འགྲོའི་ཁྲིད་བཀའ་དང་། གོང་མ་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཆོས་སྐོར་གྱི་དབང་ལུང་རྣམས་གསན་ཏེ་གྲོ་ལོད་ལ་ཉམས་བཞེས་མཛད་པས་དངོས་གྲུབ་ཀྱི་མཚན་མ་ཐོབ། གུ་རུ་རིན་པོ་ཆེའི་ཞལ་དངོས་སུ་བསྟན་ནས་རྫོགས་པ་ཆེན་པོའི་ལྟ་བ་ངོ་སྤྲོད་ཅིང་འབྱུང་འགྱུར་གྱི་ལུང་བསྟན་དང་བསླབ་བྱ་མང་པོ་བསྩལ། གཞན་སྐུ་ཚེ་དེ་ཉིད་ལ་སྦྱངས་བརྩོན་གྱི་ངལ་བ་ལ་གཏན་ནས་མ་ལྟོས་པར་སྔོན་གོམས་ཀྱི་ལས་འཕྲོ་རིམ་པར་སད་ཅིང་། དུས་སྐབས་ཅི་རིགས་པར་ཡུམ་ཆེན་ཁྲོས་མ། ས་ར་ཧ། རིག་འཛིན་བརྒྱད། རྗེ་འབངས་ལོ་པཎ། ཀློང་ཆེན་རབ་འབྱམས་སོགས་ཀྱི་ཡེ་ཤེས་སྒྱུ་མའི་སྐུས་ཡང་ཡང་རྗེས་ {{TibChung|[28a]}} སུ་བཟུང་བས་ཟབ་རྒྱས་ཀྱི་ཆོས་ཚུལ་རྣམས་ལ་མཁྱེན་རབ་ཀྱི་རྩལ་ཁ་ཕྱོགས་མེད་དུ་འབར། ཀ་དག་ལྷུན་གྲུབ་ཀྱི་ལམ་ལ་སྒོམ་མེད་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་རྣལ་འབྱོར་དུ་མཛད་པས་རྟོགས་པ་ཀློང་དུ་གྱུར་ནས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་གཟིགས་ཏེ་རིག་པ་ཚད་ལ་ཕེབས་པའི་སྟོབས་ཀྱིས་དག་པའི་སྣང་བ་འབྱམས་སུ་ཀླས་པས་སྐད་ཅིག་རེའི་ཚེ་ནའང་གྲངས་མེད་པའི་ཞིང་ཁམས་སུ་རྒྱལ་བའི་རྫུ་འཕྲུལ་གྱི་བཀོད་པ་དཔག་ཏུ་མེད་པ་གཟིགས། རིགས་གསུམ་མགོན་པོས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་ཞིང་དོན་བརྒྱུད་ཀྱི་བྱིན་རླབས་འཕོས་པའི་རྟེན་འབྲེལ་ལས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་བརྡ་རང་ཤུགས་སུ་གྲོལ་ཏེ་དགོངས་པའི་གཏེར་ཁ་ཀློང་ནས་རྡོལ། གུ་རུ་ཡབ་ཡུམ་དང་མཁའ་འགྲོ་མ་རྣམས་ཀྱིས་ལུང་གིས་སྐབས་ཕྱེས་ཏེ་ཡང་ཡང་རྗེས་སུ་བསྐུལ་བ་ལྟར། དགུང་ལོ་ཉེར་ལྔ་བཞེས་པ་ས་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུའི་ཉིན་སྨར་གྱི་རྦ་གཏེར་བྲག་ནས་བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྒྲོལ་མའི་སྐུ་དང་། ས་ར་ཧའི་ཕྱག་ཕྲེང་། གཏེར་གྱི་ཁ་བྱང་རྣམས་དང་། སླར་ཡང་དངུལ་རྒོད་ཅེས་པའི་བྲག་ནས་གཏེར་གྱི་ཡང་བྱང་བཅས་བཏོན་པར་མཛད། དེར་གསལ་བ་ལྟར་མགོ་ཟླ་བའི་ཤེས་རབ་ཕྱོགས་ཀྱི་ཚེས་ {{TibChung|[28b]}} བཅུའི་སྔ་དྲོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས། ཤྭ་བྲག་རྡོ་རྗེ་ཅན་ནས་ཟབ་གཏེར་བཞེས་པའི་སྐབས་སུ། གཏེར་སྲུང་མཁའ་འགྲོ་མས་དངོས་སུ་གླུ་བླངས་པ་གཏེར་གྲོགས་སོགས་ཀྱིས་ཀྱང་ཐོས་ཤིང་། བྲག་གཡང་ཤིན་ཏུ་གཟར་བ་མེ་ལོང་གི་ངོས་ལྟར་འཇམ་པའི་ངོས་འཇའ་འོད་ཀྱི་ཐེམ་སྐས་གསལ་བ་ལས་ཐོགས་མེད་དུ་བྱོན་ནས་མཐོ་དམན་གཞུ་འདོམས་ལྔ་ཙམ་གྱི་སར་གཏེར་སྒོ་བྲག་སྲུབ་ཟླ་གམ་དབྱིབས་སུ་ཡོད་པ་ཉིད་ཕྱེས་པའི་ནང་ནས། ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཐུགས་སྒྲུབ་གསང་རྒྱ་ཅན་གྱིས་གཙོས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་གདམས་སྐོར་གཏེར་སྒྲོམ་བདུན་ཕྲག་ཙམ་བཞེས་ཏེ་ཤུལ་དུ་གཏེར་ཚབ་བཅུག་ནས་གཏེར་སྒོ་སླར་རྒྱས་བཏབ་པར་མཛད། དེའི་ཚེ་ཁ་བྱང་དུ། འཇའ་འོད་འབར་བ་བརྒྱུད་འཛིན་གྲོལ་བའི་ལྟས༔ མེ་ཏོག་འབབས་པ་བསོད་ནམས་རྒྱས་པའི་མཚན༔ དྲི་བཟང་འཐུལ་བ་བྱིན་རླབས་མ་ཡལ་ལྟས༔ ཉི་འོད་འབར་ན་འཛམ་གླིང་ཁྱབ་པའི་རྟགས༔ སྲོག་སྐྱོབ་ཐུབ་ན་འགྲོ་བའི་སྡུག་བསྔལ་སེལ༔ དགོས་ལྔ་འཛོམ་ན་ལེགས་པའི་ཡོན་ཏན་ལྡན༔ རྟེན་འབྲེལ་ཀུན་འཛོམ་ཕྱོགས་ལས་རྣམ་པར་རྒྱལ༔ ཅེས་གསུངས་པའི་ལྟས་མཚན་རྣམས་ཀུན་གྱི་མཐུན་སྣང་དུ་ {{TibChung|[29a]}} གྲུབ་པ་བྱུང་། དེ་སྐབས་ཡུལ་གྱི་མི་དྲག་སྐྱ་སེར་འགའ་ཞིག་ན་རེ། བྱང་ཐང་དགུན་ཟླའི་ནང་དུ་རི་ཀླུང་མེད་པར་འཇའ་ཚོན་གྱིས་གང་ལུགས་ལ་བལྟས་ན། ངེད་ཀྱི་གཞིས་བདག་ལ་མ་རུངས་པ་ཞིག་བྱས་པ་འདྲ་བས་ཁྱོད་ཀྱིས་གཏེར་ནས་གང་བཏོན་ཐམས་ཅད་ངེད་ལ་མ་སྤྲད་ན་དམག་གི་ལས་ཀ་ཞིག་མི་བྱེད་རེ་ཟེར་བ་བྱུང་ཚེ། ཨོ་རྒྱན་ཆེན་པོས། ལས་འཕྲོ་ང་ཡི་གཏེར་དང་འཕྲད་པའི་ཚེ༔ རྒྱ་བོད་ལྷ་འདྲེ་མ་རུང་ཐམས་ཅད་འཚོགས༔ ལེགས་པ་ལྟར་བསྟན་ཉེས་པ་སྣ་ཚོགས་གཏོང་༔ ཀི་སྒྲ་དི་རིར་ཧབ་ཤ་བྱེད་པ་འབྱུང་༔ ཞེས་གསུངས་པ་ལྟར་ལོས་ཡིན། ཁྱོད་ཚོས་དམག་དྲོངས་ལ་ཤོག་དང་བཟོ་ཐབས་ལེགས་པ་ཡོད་གསུངས་ནས་རྟོག་མེད་དུ་བཞུགས་པས་མཐར་དགྲ་གྱོད་རང་ཡལ་དུ་སོང་། བར་སྐབས་རྒིས་ལི་ཚང་ཞེས་པ་ཞིག་གིས་སྦྱིན་བདག་ཞུས་ཏེ་རེ་ཞིག་དེར་བཞུགས་པས་བླ་དྭགས་སུ་རྒིས་ལི་གཏེར་སྟོན་ཞེས་གྲགས། སྐུ་གཞོན་པའི་སྐབས་འདིར་སྦས་པའི་རྣལ་འབྱོར་ཞིག་པོའི་ཚུལ་དུ་བཞུགས་ཤིང་ཡབ་ཡུམ་མཁོས་སྟབས་ཞན་པ་སོགས་ཀྱིས་བརྙས་བཅོས་བྱེད་པའང་འགའ་ཞིག་བྱུང་ཞིང་། ཁྱད་པར་བྱང་འབྲོག་ཨར་ཇག་མང་པོས་ཉིད་དང་གྲྭ་སློབ་ {{TibChung|[29b]}} སྦྱིན་བདག་རྣམས་ལ་གནོད་འཚེ་སྐྱེལ་བར། གཉོམ་ཆུང་ངང་དུ་བཞུགས་པས་ས་མི་ཟིན་པར་དགོངས་ནས་དགོངས་ནས་བཀའ་སྲུང་ཤན་རྒོད་ཆེན་པོ་དང་གཟའ་བདུད་དུག་གི་སྤུ་གྲི་བསྐུལ་བས་གནོད་བྱེད་མཁན་རྣམས་འགའ་ཞིག་གི་མིག་ལོང་། ལ་ལ་སྨྱོས། ཕལ་ཆེར་སྙིང་ཁྲག་ཁ་ནས་སྐྱུགས་ཏེ་ཤི། ཁྱིམ་འཁོར་མི་ཕྱུགས་རྣམས་ཁ་ཕུང་རྗེས་མེད་དུ་སོང་བས། དེ་ནས་བཟུང་རྒིས་ལི་གཏེར་སྟོན་ཚང་ལ་དགྲ་མ་བྱེད་མིན་པ་མཐུ་རྒྱག་འོང་ཞེས་གླེང་སྟེ་མཐུའི་གྲགས་པས་ཡུལ་ཕྱོགས་དེ་དག་ཁྱབ། རིམ་བཞིན་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དང་། འབྲོས་ཕུག་མཁའ་འགྲོའི་འདུ་གླིང་དུ་བྱོན་ནས་དེར་གདན་མཛད་ནས་བཞུགས། སྐབས་ཤིག་མཁའ་འགྲོ་མ་རྣམས་ཀྱིས་ཟངས་མདོག་དཔལ་རིར་གདན་དྲངས་ནས་ལོ་བཅུ་གཉིས་སུ་བཞུགས་ཏེ་གུ་རུ་རིན་པོ་ཆེ་ལས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གསན་ཅིང་རྒྱལ་ཚབ་ཏུ་མངའ་གསོལ་བའི་ཐུགས་ཉམས་ཤར། གཞན་ཡང་ཨོ་རྒྱན་རང་བྱུང་། བསིལ་བ་ཚལ། རི་བོ་རྩེ་ལྔ། སིནྡྷུའི་གྲོང་ཁྱེར། གྲུ་འཛིན། ལྕང་ལོ་ཅན། གཡུ་ལོ་བཀོད་སོགས་ས་སྤྱོད་དང་མཁའ་སྤྱོད་ཀྱི་ཞིང་ཁམས་མང་པོར་བྱོན་ཏེ་རིག་འཛིན་དྷཱ་ཀི་རྣམས་ལས་ཆོས་གསན་པ་དང་། དཔའ་བོ་མཁའ་འགྲོ་ཚོགས་དང་ {{TibChung|[30a]}} ལྷན་དུ་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་ལོངས་སྤྱོད་པ་སོགས་གཟིགས་སྣང་མཐའ་ཡས། དེ་ནས་ལུང་བྱང་ལྟར་ས་མོ་གླང་གི་ལོར་ཟབ་གཏེར་གྱི་བཀའ་རྒྱ་ཁྲོལ་ཞིང་ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བསྐུལ་མ་བྱུང་བ་བཞིན། ཐོག་མར་ཕུར་པའི་ཤོག་སེར་ཞལ་ཕྱེས་ཏེ་གཏན་ལ་ཕབ་པ་ན། ས་ཕྱོགས་ཐམས་ཅད་འུར་སྒྲ་དང་བཅས་ཏེ་རབ་ཏུ་གཡོས་ཤིང་འབྲུག་སྒྲ་དྲག་པོ་ལྡིར། ཁ་བ་མེ་ཏོག་གི་དབྱིབས་ཅན་བབས། བཞུགས་གནས་ཐམསཅད་འཇའ་ཚོན་གྱི་དྲྭ་བས་སྦྲེལ་ཞིང་། རླུང་འཚུབས་ཤིསག་གཡོས་པས་ཤོག་སེར་གཏན་ལ་ཕབ་ཟིན་གྱི་དཔེ་ལྡེབ་ཁ་ཤས་ཡོད་པ་རྣམས་ཕྱོགས་ཀུན་ཏུ་ཁྱེར་བ་སོགས། ནག་ཕྱོགས་ཐུལ་བ་དང་། བརྒྱུད་འཛིན་བཀྲ་ཤིས་ཤིང་གྲོལ་བ་ཐོབ་པ་དང་། ཟབ་ཆོས་ཕྱོགས་ཀུན་ཏུ་ཁྱབ་ཅིང་དར་བའི་རྟེན་འབྲེལ་གྱི་མཚན་མ་མཆོག་ཏུ་གྱུར། གཏེར་གནས་དེ་ཉིད་ནས་ལྷན་ཅིག་ཏུ་བཞེས་པའི་རྩ་གསུམ་ཆོས་སྐྱོང་གི་གདམས་སྐོར་གཞན་རྣམས་ཀྱང་རིམ་བཞིན་གཏན་ལ་ཕབ་པར་མཛད། དེ་ཙ་ན་ཕྱོགས་ཀྱི་སྐྱེས་ཆེན་དུ་མས་ཀྱང་ཆོས་དང་གང་ཟག་རྩོད་བྲལ་དུ་ཡོངས་སུ་བསྔགས་ཤིང་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཆུ་འཛིན་གྱི་སྒྲིབ་གཡོགས་ལས་གྲོལ་བ་བཞིན་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ། {{TibChung|[30b]}} བཀའ་བབས་ལུང་ཟིན་གྱི་ཆོས་བདག་རྣམས་ཀྱིས་གཙོས་སློབ་མའི་འདུ་བ་ཡང་དྲི་ལྡན་གྱི་པདྨོའི་བུང་བའི་ཚོགས་བཞིན་རྒྱུན་ཆད་མེད་པར་འདུས་པ་ལ་སྨིན་གྲོལ་གྱི་བདུད་རྩི་འཆང་སྤེལ་ཁོ་ནས་དུས་འདས། མཆོག་དམན་སུ་ལའང་ངོ་སྲུང་ཚུལ་འཆོས་ཀྱི་ཕྱོགས་ཙམ་མི་གནང་བར་གང་ཤར་ཐུག་ཕྲད་བྱུང་རྒྱལ་གྱི་སྤྱོད་པ་བསྐྱངས་པས་ཀུན་གྱིས་བག་ཚ་བའི་གནས་སུ་བྱེད། ལུང་ཟིན་གྱི་ལས་རྒྱ་མ་དག་ལས་བྱང་ཆུབ་སེམས་དཔའི་སྤྲུལ་པའི་མྱུ་གུ་འགའ་ཞིག་བྱོན་པ་ཡང་བསྟན་འགྲོའི་གསོས་སུ་སྨན་ངེས་པ་ཅན་ཤ་སྟག་བྱུང་། ཁ་བྱང་ལྟར་ན། མདོ་སྨད་གཡུང་དྲུང་ལྕགས་རྩེ། ལྕགས་རི་ཅན། ཨ་མྱེ་དྲིལ་དཀར། རྨ་ཡུལ་ཨོ་རྒྱན་པད་ཞྭ། བྲག་དཀར་སྤྲེལ་རྫོང་། སྤུ་བོ་དྭགས་རི་གསང་བ་གཉན་པོ། སྤུ་རི་དྭགས་རྫོང་ཕུག །ཀོང་སྨད་རྒྱལ་སེང་འདམ། ལྷ་རི་ཐོད་དཀར། བསམ་ཡས་མཆོད་རྟེན་དཀར་པོ། གཙང་གི་ཆུ་ལུང་བྲག་དམར་ཏེ། དེ་རྣམས་སུ་རང་སྐལ་གྱི་ཟབ་གཏེར་ཇི་སྙེད་པ་ཞིག་མཆིས་པར་སྣང་ཡང་ཉམས་སུ་ལེན་པའི་གང་ཟག་གིས་ནུས་ན་རྩ་བའི་ཟབ་ཆོས་གདམས་སྐོར་འདི་ཙམ་གྱིས་དོན་འགྲུབ་པར་དགོངས་ནས་འབྱིན་པའི་ཐུགས་རྩོལ་མ་གནང་། ཁྱད་པར་སྦས་ཡུལ་པདྨ་བཀོད་ཀྱི་འཆི་མེད་ཡང་གསང་གི་གནས་སྒོ་འབྱེད་པ་ {{TibChung|[31a]}} པོར་གུ་རུ་ཡབ་ཡུམ་གྱིས་ཡང་ནས་ཡང་དུ་བསྔགས་ཤིང་རྗེས་སུ་བསྐུལ་བ་ལྟར་གནས་དེར་ཆིབས་ཞལ་བསྒྱུར་བར་བཞེད་ནའང་། སྐབས་དེའི་སྐྱེ་འགྲོ་སྤྱི་མཐུན་གྱི་བསོད་ནམས་དང་སྐལ་བའི་ཉེར་ལེན་གྱིས་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། ཐུགས་སྲས་ཞལ་སློབ་ཀྱི་རིགས་ཀྱང་བརྒྱུད་འཛིན་གཞན་དོན་ལ་དབང་བའི་གཏེར་སྟོན་བཅུ་ཕྲག །ཚེ་གཅིག་ལ་ཟུང་འཇུག་འཇའ་ལུས་འགྲུབ་པའི་སྐྱེས་བུ་བཅུ་གསུམ། གྲུབ་པ་བརྙེས་པའི་རིག་འཛིན་བརྒྱ། ཐུན་མོང་གི་དངོས་གྲུབ་ཐོབ་པ་སྟོང་། ཐར་པའི་ལམ་སྣེ་ཟིན་པ་ཁྲི། འབྲེལ་བ་ཐོབ་པ་འབུམ་ཕྲག་མང་པོ་འབྱུང་བར་གསུངས་ཤིང་། ཟབ་ཆོས་ཀྱི་ཕྲིན་ལས་ཀྱང་མཐའ་ནས་མཐའ་རུ་རྒྱས་པར་འགྱུར་བའི་ལུང་དོན་རྣམས་མངོན་དུ་གྱུར། དེར་སྐུ་དངོས་ཀྱི་གདུལ་བྱ་དེ་ཙམ་དུ་དགོངས་ཏེ་ཐུགས་སྲས་བུ་སློབ་ཀྱི་ཚོགས་ལ་ད་ནི་མཐའ་དམག་ཀླ་ཀློའི་སྡེ་དཔུང་རིམ་བཞིན་དབུས་སུ་ལུད་དེ་བདེ་བའི་གོ་སྐབས་ཉུང་བས་ན། གུ་རུའི་སྦས་པའི་ཡུལ་ལྗོངས་སུ་བསྐྱོད་རན་པ་ཡིན་པས་ཁྱེད་རྣམས་གནས་དེར་གསོལ་བ་ཐོབ་ལ་སོང་། ང་ཡང་དེར་འགྲོ་བ་ཡིན་པས་ཁྱེད་ཅག་གི་སྔོན་དུ་ང་རྒན་པོ་སླེབས་པ་ཞིག་བྱེད་ནས་འོང་གསུངས་ཏེ་དགུང་ལོ་དྲུག་ཅུ་རྩ་དགུ་པ་ཆུ་ཡོས་ཟླ་༡༡ཚེས་༨ལ་བསྙུན་གྱི་རྣམ་པ་སོགས་མི་ {{TibChung|[31b]}} མངའ་བར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང་། ཁྱད་པར་སྐུ་གདུང་ཡང་འོད་དུ་ཡལ་བའི་ལྷག་མ་བྱིས་པ་ལོ་བརྒྱད་ཀྱི་ཚོད་ཙམ་ལུས་པ་ཉིད་ཞུགས་སུ་ཕུལ་བས་གདུང་ཆེན་ལྔ་དང་རིང་བསྲེལ་དུ་མའི་ཕུང་པོར་གྱུར་ཏོ། །དེ་ལྟར་གཏེར་འབྱིན་གྲུབ་པའི་སྤྱི་རྗེ་མཆོག་ལས་ཉིད་ཀྱི་ཟབ་གཏེར་ཡོངས་སུ་རྫོགས་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གདམས་ངག་བུམ་པ་གང་བྱོས་སུ་བདག་གི་བླ་མ་འགྱུར་མེད་ངེས་དོན་དབང་པོས་གསན་པ་ཡིན་ཏེ། འཁོར་ལོའི་མགོན་པོ་འདི་ནི་སངས་རྒྱས་སྨན་གྱི་བླ་མའི་རྣམ་འཕྲུལ་དུ་ཡོངས་སུ་གྲགས་པ་ལྟར་བྱང་ཆུབ་སེམས་དཔའི་ངང་ཚུལ་མ་སྦས་ལྷུག་པར་སྟོན་ཅིང་སུམ་ལྡན་རྡོ་རྗེ་འཛིན་པ་མཁས་གྲུབ་ཆེན་པོའི་གོ་སར་བཞུགས། གཏེར་ཆེན་བླ་མའི་ནང་ཐུགས་ཀྱི་སྲས་ཐུན་མོང་མ་ཡིན་པར་གྱུར་ཅིང་ཁྱད་པར་གྱི་བརྒྱུད་གཏད་པ་བཞིན་ཕྱིས་སུ་ཁོ་བོ་ཅག་ལ་གདམས་སྐོར་རྣམས་ཀྱི་སྨིན་གྲོལ་བསྩལ་བའི་ཆེ། ཉིད་རིགས་བདག་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐྱེ་སྲིད་འཁྲུལ་པའི་དྲི་མ་དང་བྲལ་བ་ལགས་ན་སྐུ་ལུས་ཀྱི་བཀོད་པ་ན་བསྒྲེས་གཞོན་གོ་བརྗེས་པ་ཙམ་ལས་དོན་བརྒྱུད་ཀྱི་དགོངས་པ་ལ་འཕོ་འགྱུར་བྲི་གང་མི་མངའ་བ་ནི་ཞུ་མ་དགོས། ཚིག་བརྒྱུད་ཀྱི་བྱིན་རླབས་ཉམས་མེད་པར་མཆོད་པའི་ཚུལ་དུ་ཕུལ་ཟིན་པ་ལགས་པས་ཐུགས་ཀྱི་བཞེད་པ་སྐོང་བར་མཛོད་ཅེས་གསུངས། ཨ་ཏི་ཀ་དག་ལྷུན་ {{TibChung|[32a]}} གྲུབ་ཀྱི་ལམ་ལས་ཉམས་སྣང་གོང་འཕེལ་རིག་འཛིན་གཉིས་པའི་ས་ལ་གཤེགས་ཤིང་། རྡོ་རྗེ་ཕུར་པའི་རྣལ་འབྱོར་ལ་བརྟེན་ནས་སྐུ་ཚེ་དང་མཛད་ཕྲིན་བར་ཆད་མེད་པར་མཐར་ཕྱིན་པ་ཡིན་ནོ། །དེ་ལྟ་ན་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཞེས་སྲིད་ཞིའི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ་འདི་ཉིད། མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་སྩོལ་བ་དང་། སྙིགས་མའི་དུས་འདིར་བྱང་ཆུབ་སྒྲུབ་པ་ལ་ཉེ་བར་འཚེ་བའི་བདུད་བགེགས་དམ་སྲི་རྒྱ་འདྲེ་འགོང་པོ་མཐའ་དམག་གི་གཡུལ་ངོ་ལ་སོགས་པ་འཇོམས་པ་ལ་ཡི་དམ་གཞན་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་གྱིས། རྒྱ་བོད་མཁས་གྲུབ་ཕལ་མོ་ཆེས་ཐུགས་དམ་ལྷག་པའི་ལྷ་ཐུན་མོང་མ་ཡིན་པར་བསྙེན་ཅིང་ཡོངས་སུ་གྲགས་པ་སྟེ། སློབ་དཔོན་ཆེན་པོའི་ཞལ་གདམས་སུ། སྤྱིར་ཡི་དམ་གྱི་གཙོ་བོ་རྡོ་རྗེ་ཕུར་བ་ལ་བྱ༔ ཡི་དམ་གཞན་བསྒྲུབ་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་བསྒྲུབ༔ ཅེས་དང་། འདི་ཉིད་ཀྱི་ཁ་བྱང་ལས། སྤྱིར་ནི་ལྔ་བདོ་དུས་ཀྱི་ཐ་མའི་ཚེ༔ ཕྲིན་ལས་ལས་ཀྱི་གདུལ་བྱ་དུས་བབས་པས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་མ་གཏོགས་པ༔ ལྷ་གཞན་བསྒྲུབ་ཀྱང་ལམ་དུ་འགྲོ་དཀའ་ཞིང་༔ {{TibChung|[32b]}} གྲུབ་འབྲས་མངོན་དུ་འགྱུར་བ་ཤིན་ཏུ་དཀོན༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ གངས་ཅན་བོད་ཀྱི་ས་གནས་ཐམས་ཅད་དུ༔ ཕུར་རྒྱུད་འདྲ་མིན་བརྒྱ་ཙམ་གཏེར་དུ་སྦས༔ སྙིང་པོའི་ཡང་ཞུན་བཅུད་དུ་དྲིལ་བ་ཡི༔ གདམས་པའི་མཆོག་གྱུར་འདི་ལས་ཡོད་རེ་ཀན༔ ཉམས་སུ་ལེན་པའི་ལས་ཅན་སྐལ་ལྡན་རྣམས༔ འབྲེལ་བ་ཙམ་གྱིས་རིག་འཛིན་གྲལ་དུ་འཁོད༔ འདི་ཉིད་སྒྲུབ་རྒྱུན་འཛིན་པའི་ཡུལ་དེ་རུ༔ བདེ་ལེགས་ཀུན་འབྱུང་ཕྱོགས་ལས་རྣམ་རྒྱལ་འགྱུར༔ ཞེས་གསུངས་པ་ལྟར། ཁྱད་པར་གཏེར་ཁ་འདི་ལ་རྡོ་རྗེ་ཕུར་པའི་གདམས་སྐོར་གྱི་བཀའ་བབས་པའི་གནད་ཀྱིས་ཐལ་འབྱིན་རྣམ་བཞིའི་ལམ་གྱི་རིམ་པ་མཐའ་དག་ཁ་ཚང་ཞིང་དོན་འདྲིལ་བ་དང་། མན་ངག་ལས་ཚོགས་དང་བཅས་པ་གཏེར་ཁ་གཞན་ལ་མ་གྲགས་པའི་ངོ་མཚར་ཁྱད་ཆོས་ཀྱི་ཆེ་བ་དུ་མ་དང་ལྡན་པའི་ཕྱིར། ཟབ་ཆོས་འདི་ལྟ་བུ་དང་མཇལ་བ་ནི་དབུལ་པོའི་ལག་ཏུ་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལས་ཀྱང་འཚེང་ཆེ་བ་ཡིན་པས་བརྒྱུད་འཛིན་ལས་ཅན་གྱི་གང་ཟག་རྣམས་ནས་རབ་ཏུ་གཅེས་པའི་ནོར་གྱི་དབྱིག་ཏུ་བཟུང་བར་རིགས་པ་ཡིན་ནོ། །ཕྲིན་ལས་རོལ་པའི་གདམས་སྲོལ་དབང་གི་རྒྱལ། །རྒྱ་བོད་གྲུབ་རིག་གཙུག་གིས་ཡོངས་བསྙེན་ནས། །བསྟན་པའི་རྒྱལ་མཚན་བརྟན་པར་བསྒྲེངས་པའི་གཏམ། །དུས་ཀྱི་མཐར་ཡང་ {{TibChung|[33a]}} རྣ་བའི་བདུད་རྩིར་བྱས། །ཁུངས་ལྡན་ཆོས་འབྱུང་ཀུན་གསལ་སྒེག་མོའི་མཁར། །ཡོངས་བརྟེན་ལོ་རྒྱུས་ངག་ཚིག་རྟ་ལྗང་ཅན། །དོན་བཟང་ངོ་མཚར་འཛུམ་ཕྲེང་སྤྲོས་པ་ན། །བློ་གསལ་ཡིད་ཀྱི་པད་ཚལ་འབྱེད་མིན་ནམ། །རྣམ་དཔྱོད་གོ་སྐབས་ཡངས་པའི་དོ་ར་རུ། །ལེགས་བཤད་གསར་པའི་ཟློས་གར་ཅི་བསྒྱུར་བ། །དེ་ཀུན་བསྟན་འགྲོར་སྨན་པའི་ས་བོན་ཏེ། །ཡ་མཚན་འདོད་པ་འཇོ་བའི་དཔལ་དུ་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་མདོ་ཙམ་སྤྲོས་པ་སྐལ་བཟང་རྣ་བའི་དགའ་སྟོན་ཅེས་བྱ་བ་འདི་ནི། རྗེས་སུ་འཇུག་པའི་སྐྱེ་བོ་རྣམས་ཡིད་ཆེས་ངེས་ཤེས་ཀྱི་སྒོ་འབྱེད་པའི་སླད་དུ་དམིགས་ཏེ། ལྷ་རིགས་ཀྱི་བནྡྷེ་རིག་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས་རང་ལོ་སུམ་ཅུ་རྩ་གཉིས་པའི་ཐོག་ཏུ་སོན་པ་ན་ཚོད་ལྡན་གྱི་ལོ་དབོ་ཉ་བའི་ཡར་ཚེས་བཅོ་ལྔ་ལ་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་གཏེར་རྡོ་རྗེ་ཕུར་བུའི་ཆོས་ཚུལ་འདི་ཉིད་ཕྱོགས་སུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་བཅོམ་ལྡན་འདས་ཤྲཱི་བཛྲ་ཀུ་མཱ་རའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལ་ཛ་ཡནྟུ།། །། }} | |||
༈ ། ད་ནི་ཟབ་མོ་གཏེར་གྱི་གསང་མཛོད་ལས་བྱོན་པའི་རྡོ་རྗེ་ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཆོས་སྐོར་འདི་ཉིད་སྒོས་ཀྱི་བབས་ཚུལ་མདོ་ཙམ་གླེང་བར་བྱ་སྟེ། དེའང་ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངེས་ཆེ་བ་དང་༔ | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 16:41, 23 December 2025
| Wylie title | dpal rdo rje phur bu bdud 'joms gnam lcags spu gri'i lo rgyus chos kyi byung tshul mdo tsam spros pa skal bzang rna ba'i dga' ston | |
|---|---|---|
| Location | bdud 'joms rin po che bka' 'bum Volume 10, Text 2, Pages 11-75 (Folios 1a1 to 33a6) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu bdud 'joms gnam lcags spu gri'i lo rgyus chos kyi byung tshul mdo tsam spros pa skal bzang rna ba'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 10: 11-75. Kalimpong: Dupjung Lama, 1979-1985. | |
| Side notes | Recto: lo rgyus Verso: gnam lcags spu gri | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | History Texts - lo rgyus | |
| Cycle | དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri) | |
| Parent Cycle | ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can) | |
| Deity | rdo rje phur pa | |
| Colophon |
།དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་མདོ་ཙམ་སྤྲོས་པ་སྐལ་བཟང་རྣ་བའི་དགའ་སྟོན་ཅེས་བྱ་བ་འདི་ནི། རྗེས་སུ་འཇུག་པའི་སྐྱེ་བོ་རྣམས་ཡིད་ཆེས་ངེས་ཤེས་ཀྱི་སྒོ་འབྱེད་པའི་སླད་དུ་དམིགས་ཏེ། ལྷ་རིགས་ཀྱི་བནྡྷེ་རིག་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས་རང་ལོ་སུམ་ཅུ་རྩ་གཉིས་པའི་ཐོག་ཏུ་སོན་པ་ན་ཚོད་ལྡན་གྱི་ལོ་དབོ་ཉ་བའི་ཡར་ཚེས་བཅོ་ལྔ་ལ་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་གཏེར་རྡོ་རྗེ་ཕུར་བུའི་ཆོས་ཚུལ་འདི་ཉིད་ཕྱོགས་སུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་བཅོམ་ལྡན་འདས་ཤྲཱི་བཛྲ་ཀུ་མཱ་རའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག ། སརྦ་དཱ་མངྒ་ལ་ཛ་ཡནྟུ།། | |
|
de ltar dpal rdo rje phur bu bdud 'joms gnam lcags spu gri'i lo rgyus chos kyi byung tshul mdo tsam spros pa skal bzang rna ba'i dga' ston ces bya ba 'di ni/___rjes su 'jug pa'i skye bo rnams yid ches nges shes kyi sgo 'byed pa'i slad du dmigs te/___lha rigs kyi ban+d+he rig sngags 'chang ba 'jigs bral ye shes rdo rje dge legs rnam par rgyal ba'i sdes rang lo sum cu rtsa gnyis pa'i thog tu son pa na tshod ldan gyi lo dbo nya ba'i yar tshes bco lnga la mkhan ljongs phun tshogs dga' tshal gyi bsti gnas su legs par sbyar ba ste/____'dis kyang zab gter rdo rje phur bu'i chos tshul 'di nyid phyogs su kun tu dar zhing rgyas la yun ring du gnas pa dang grong khyer gsum gyi yid can mtha' dag bcom ldan 'das shrI badz+ra ku mA ra'i go 'phang la myur du reg pa'i rgyur gyur cig_/____sarba dA mang+ga la dza yan+tu// | ||