TTDL-ZABTER-08-NYA-040: Difference between revisions

From Dudjom Wiki
TTDL-ZABTER-08-NYA-040
No edit summary
No edit summary
Line 26: Line 26:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་དབང་འདོད་པའི་རྒྱལ་པོའི་སྒྲུབ་པ་ཁམས་གསུམ་དབང་བསྒྱུར་བཞུགས་སོ༔
{{TibP|བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དབང་ཕྱུག་དྲེགས་པའི་སྲོག་རྒྱུད་ལས༔ འཇིག་རྟེན་དབང་སྡུད་ལྕགས་ཀྱུ་དམར་པོའི་བདུད་རྩི་ཕུད་ཀྱི་བསྐང་གསོལ་རཏྣ་དབང་གི་རྒྱལ་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ༔
བརྡ་ཡིག་༠༠༠༠༠༠༔ ན་མོ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ན་མ་ཧོཿབརྡ་ཡིག་༠༠༠༠༠༠༣༣༠༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ང་ཡི་བརྒྱུད་འཛིན་སྐྱེས་བུ་རྣམས༔ དབུ་འཕང་དམའ་ཞིང་ཉམ་ཐག་དུས༔ ཡི་དམ་གཞན་གྱིས་སྐྱོབ་དཀའ་བས༔ ཕུར་པ་ཕྲིན་ལས་གདུལ་བྱར་ལེགས༔ བཀའ་སྲོང་གཞན་གྱིས་སྐྱོབ་པར་དཀའ༔ དེ་ལས་གསུང་གི་གསང་བ་ཉིད༔ དབང་ཕྱུག་འདོད་པའི་རྒྱལ་པོ་སྟེ༔ གཏོར་མ་ནོར་བུའི་དབྱིབས་འདྲ་ལ༔ ལྕགས་ཀྱུས་མཚན་པ་རྒྱན་དུ་བྱ༔ འཇའ་ཚོན་འོད་ཀྱི་གུར་ཁང་ཕུབ༔ ཕྱོགས་བཞིར་དུས་བཞིའི་ལྷ་མོ་ནི༔ ལྷ་བཤོས་བཀས་པ་ལྟ་བུ་བཞི༔ ཕྱག་རྒྱ་བཞི་པོ་རྒྱན་དུ་བཏགས༔ བཀྲ་ཤིས་རྫས་བརྒྱད་བསགས་པ་དང་༔ རྟགས་བརྒྱད་རིས་སུ་བྲིས་ནས་སུ༔ བསྒྲུབ་པའི་རྟེན་དུ་བཙུགས་ནས་སུ༔ མཆོད་རྫས་འབྱོར་ཚོགས་ཅི་རིགས་བཤམས༔ སྭ་བྷཱ་ཝས་སྟོང་པར་སྦྱང་༔ སྟོང་པའི་ངང་ལས་རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་དང་འོད་ཕུང་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་འོད་དམར་པད་མ་རཱ་གའི་ཁ་དོག་ལྟ་བུ་ལས་གྲུབ་པའི་འོད་ཕུང་བསྐལ་པའི་མེ་ལྟ་བུ་འབར་བའི་དབུས་སུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་དབྱིབས་ཟླ་གམ་སྒོ་གཅིག་པ༔ རྒྱ་ཆེ་ཞིང་ཁྱོན་ཡངས་པ་དབྱིབས་མཛེས་ཤིང་བཀོད་ལེགས་པའི་དབུས་སུ་པདྨ་རཱ་གའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ཟླ་གམ་པའི་སྟེང་དུ༔ པདྨ་དང་ཉི་མ་ཟླ་ཕྱེད་ཀྱི་གདན་ལ༔ བདག་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་ཨཱཾཿདམར་པོ་འོད་འབར་བ་གཅིག་འཕྲོས་ཏེ་བབས་པ་ལས༔ རྒྱལ་བ་སྲས་དང་སྲུང་མར་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཚུར་འདུས་ཨཱཾཿལ་ཐིམ༔ མར་འཕྲོས་སྐྱེ་འགྲོ་གཟུགས་ཡོད་དང་གཟུགས་མེད་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་རྩལ་ཤུགས་དང་བཅས་པ་རྣམས་དང་༔ ཉི་ཟླ་ནོར་བུ་འབྱུང་བ་བཞིའི་བཅུད་དང་གཟི་བྱིན་ནུས་པ་ཐམས་ཅད་བསྡུས་ཏེ་ཨཱཾཿལ་ཐིམ༔ ཨཱཾཿཡོངས་སུ་གྱུར་པ་ལས༔ བརྡལ་ཁྱབ་སྟོང་ཉིད་ཀྱི་ངོ་བོ༔ ཀུན་སྣང་གསལ་ཁྱབ་ཀྱི་བདག་ཉིད༔ འདོད་པ་ཁམས་ཀྱི་བྱེད་པོ༔ སྲིད་དང་སྲིད་མིན་གྱི་བཀྱེ་བསྡུ་དབང་ཆེན་འདོད་པའི་རྒྱལ་པོ༔ ཁམས་གསུམ་དབང་དུ་སྡུད་པའི་མཚོན་བྱེད་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་༔ སྲིད་གསུམ་དབྱིངས་སུ་གཞིག་ནུས་པའི་མཚོན་བྱེད་ནག་པོའི་མདངས་ཆགས་པ༔ འཁོར་འདས་དུ་མ་རོ་གཅིག་ཏུ་གཟིགས་པའི་མཚོན་བྱེད་སྤྱན་གཅིག་པུས་བར་སྣང་ཁམས་སུ་གཟིགས་པ༔ ཁྲོ་གཉེར་སྡུད་ཅིང་ཞལ་འཛུམ་ཞིང་བཞད་པ༔ སྙན་རྒྱན་ནོར་བུ་ཀེ་ཀེ་རུ་ལས་བྱས་པ༔ ནག་ལ་སྣུམ་པའི་དབུ་སྐྲ་རྟིང་རྩེར་སླེབས་པ༔ ཕྱག་གཡས་གྲི་གུག་འབར་བས་ཁམས་གསུམ་གྱི་བློ་ཡིད་ཐམས་ཅད་འགུག་ཅིང་༔ གཡོན་པས་དབང་གི་ཞགས་པ་དམར་པོས་སྣང་སྲིད་ཐམས་ཅད་བྲན་དུ་འཆིངས་ཤིང་སྡོམ་པ༔ ཞབས་གཉིས་འདོར་སྟབས་སུ་བཞེངས་ནས་གསང་བའི་རྡོ་རྗེ་བསྒྲེང་བ༔ གཅེར་བུ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་བྱས་ཤིང་པདྨ་དམར་པོའི་ཐོད་གདེངས་དང་ཨུཏྤལ་དམར་པོའི་སེ་རལ་ཁར་ཐོགས་པ༔ འོད་ཕུང་དམར་པོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དུ་སྲིད་གསུམ་སྣང་བར་བྱེད་པ༔ གཡོན་དུ་ཨེ་ལས་སྐྱེས་པའི་ཡུམ་གནམ་སྨན་མ་སྐུ་མདོག་དམར་མོ་གཅེར་བུ་གོས་རྒྱན་མེད་པ༔ ཕྱག་གཡས་པས་ཁམས་གསུམ་འཁོར་ལོས་སྒྱུར་བ༔ གཡོན་པས་རོ་བརྒྱའི་དཔལ་གྱིས་བརྗིད་པའི་ཞལ་ཟས་ཡབ་ལ་སྟོབ་པའི་ཚུལ་གྱིས་བཏེགས་པ༔ ཞབས་གཉིས་ཡབ་ཀྱི་སྐེད་པར་འཁྲིལ་ལ་ཁད་པ༔ པདྨ་དམར་པོའི་ཕྲེང་བའི་དོ་ཤལ་དང་ཆུན་འཕྱངས་རབ་ཏུ་མཛེས་པ༔ མཐོང་བས་ཡིད་འཕྲོག་ཅིང་དྲན་པ་ཙམ་གྱིས་དགའ་བདེའི་ཉམས་བསྐྱེད་ནུས་པའི་བདག་ཉིད་ཅན་དུ་བསྐྱེད་དོ༔ ཤར་དུ་འབྱུང་བ་དཔྱིད་ཀྱི་རྒྱལ་མོ་སྐུ་མདོག་ཐལ་སྐྱ་གཡས་པས་རླུང་གི་བ་དན་དང་༔ གཡོན་པས་ལྕགས་ཀྱུ་འཛིན་པ༔ ལྷོ་རུ་འབྱུང་བ་དབྱར་གྱི་རྒྱལ་མོ་སྐུ་མདོག་ལྗང་མོ་གཡས་པས་ཁ་དོག་སྣ་ཚོགས་པའི་མེ་ཏོག་དང་༔ གཡོན་པས་ཉི་ཟེར་གྱི་ཞགས་པ་འཛིན་པ༔ ནུབ་ཏུ་སྲིད་པ་སྟོན་གྱི་རྒྱལ་མོ་སྐུ་མདོག་སེར་མོ་གཡས་འབྲས་ཀྱི་སྙེ་མ་དང་༔ གཡོན་ལྕགས་སྒྲོགས་བསྣམས་པ༔ བྱང་དུ་སྲིད་པ་དགུན་གྱི་རྒྱལ་མོ་སྐུ་མདོག་ཆར་སྤྲིན་ལྟ་བུ༔ ཕྱག་གཉིས་རྩྭ་ཕྱག་དང་དྲིལ་བུ་བསྣམས་པའོ༔ ཀུན་ཀྱང་དར་སྣ་ལྔ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་འཆང་ཞིང་མཚན་དཔེ་རྫོགས་ཤིང་མཛེས་སྡུག་ལྟ་བའི་ཆོག་མི་ཤེས་པར་བསྐྱེད་དོ༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའི་དབྱིངས་རུམ་ནས༔ བཻ་ཌཱུར་སྔོན་པོའི་གཞལ་ཡས་སུ༔ རིན་ཆེན་བཻ་ཌཱུར་ཁྲི་ཡི་ཁར༔ མ་ཧཱ་དཱེ་ཝ་ནམ་མཁའི་མདོག༔ ཕྱག་གཡས་འཁོར་ལོ་གཡོན་མེ་ལོང་༔ ཁམས་གསུམ་ལྷ་ལ་མངའ་དབང་བྱེད༔ ཤར་ཕྱོགས་དུང་གི་གཞལ་ཡས་ནས༔ རིན་ཆེན་དུང་གི་ཁྲི་སྟེང་དུ༔ མ་ཧཱ་དཱེ་ཝ་དཀར་གསལ་མཛེས༔ ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས༔ སྲིད་པ་ཤར་ཕྱོགས་མངའ་དབང་བྱེད༔ ལྷོ་ཕྱོགས་གསེར་གྱི་གཞལ་ཡས་དབུས༔ རིན་ཆེན་གསེར་གྱི་ཁྲི་སྟེང་དུ༔ མ་ཧཱ་དཱེ་ཝ་གསེར་གྱི་མདོག༔ ཕྱག་གཡས་ནོར་བུ་གཡོན་ཞགས་པ༔ སྲིད་པ་ལྷོ་ཕྱོགས་མངའ་དབང་བྱེད༔ ནུབ་ཕྱོགས་རཱ་གའི་གཞལ་ཡས་དབུས༔ པདྨ་རཱ་གའི་ཁྲི་སྟེང་དུ༔ མ་ཧཱ་དཱེ་ཝ་དམར་གསལ་མཛེས༔ ཕྱག་གཡས་པདྨ་དམར་པོ་དང་༔ གཡོན་པས་ནོར་བུ་དབང་རྒྱལ་བསྣམས༔ སྲིད་པ་ནུབ་ཕྱོགས་མངའ་དབང་བྱེད༔ བྱང་དུ་གཡུ་ཡི་ཁང་བཟང་དབུས༔ ཨིནྡྲ་ནཱི་ལའི་ཁྲི་སྟེང་དུ༔ མ་ཧཱ་དཱེ་ཝ་ལྗང་གསལ་མཛེས༔ གཡས་ན་སྣ་ཚོགས་རྡོ་རྗེ་དང་༔ གཡོན་པས་ཡིད་བཞིན་ནོར་བུ་ནི༔ ཕ་རོལ་དཔུང་འཇོམས་ལྗང་སྔོན་བསྣམས༔ བྱང་ཕྱོགས་སྲིད་པར་མངའ་དབང་བསྒྱུར༔ ཀུན་ཀྱང་བག་དྲོ་ལྷུན་ཆགས་པ༔ ཞི་མ་ཁྲོ་འཛུམ་འོད་ཕུང་འབར༔ རང་རང་རིགས་ཀྱི་ཡུམ་རྣམས་ནི༔ ཁ་དོག་ཡབ་དང་མཚུངས་པ་ལ༔ འགུགས་འཆིངས་རྨོངས་མྱོས་ཕྱག་རྒྱ་དང་༔ གཡོན་རྣམས་རོ་བརྒྱའི་ཞལ་ཟས་ཐོགས༔ མཚམས་བཞིར་སྤྲུལ་པའི་དབང་ཕྱུག་ནི༔ སྨུག་འཛིན་དཀར་པོ་འབྲུག་ལ་ཞོན༔ ཕྱག་གཡས་བེ་ཅོན་གཡོན་ནེའུ་ལེ༔ ཛམ་ལྷ་སེར་པོ་ནོར་བུ་ཐོགས༔ གཡོན་པས་ནོར་སྐྱུག་ནེའུ་ལེ་འཛིན༔ ཛམ་དམར་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དཀར་ལ་གཡོན་ཞལ་སྔོ༔ གཡས་གཉིས་ལྕགས་ཀྱུ་གྲི་གུག་དང་༔ གཡོན་གཉིས་ཞགས་པ་ལྕགས་སྒྲོག་འཛིན༔ མཐའ་གཉིས་ནོར་གཞོང་ནེའུ་ལེ་བསྣམས༔ ཛམ་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཐོད་ཁྲག་གཡོན་ནེའུ་ལེ༔ ཀུན་ཀྱང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ གཟུགས་ཐུང་གཟི་བརྗིད་རབ་ཏུ་འབར༔ ཞི་མ་ཁྲོ་འཛུམ་སྤྱན་གསུམ་པ༔ སྒོ་བཞིར་ཆོས་སྐྱོང་རྒྱལ་ཆེན་བཞི༔ གོ་ཁྲབ་རྨོག་གསོལ་བསེ་ཕུབ་འཆང་༔ དཀར་སྔོ་དམར་དང་སེར་བའི་མདོག༔ རང་རྟགས་ཕྱག་མཚན་སྣ་ཚོགས་བསྣམས༔ སྣང་སྲིད་ཟིལ་གྱིས་གནོན་པར་བསྐྱེད༔ དེ་ལྟར་གསལ་བའི་ལྷ་རྣམས་ཀྱི༔ སྤྱི་བོར་ཨོཾ་ང་མགྲིན་པར་ཨཱཿཐུགས་སྲོག་ཧཱུྃ་གི་ཁོང་གསེང་དུ༔ རང་རང་རིགས་ཀྱི་སྲོག་ཡིག་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ གར་བཞུགས་དག་པའི་ཕོ་བྲང་ནས༔ ལྷ་དབང་འདོད་རྒྱལ་གཙོ་འཁོར་བཅས༔ ཁ་བ་བུ་ཡུག་འཚུབས་པ་བཞིན༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ དེ་ནས་སྤྱན་འདྲེན་བྱ་བ་ནི༔ ཧཱུྃ་ཧྲཱིཿཀུན་ཁྱབ་བརྡལ་བ་དག་པའི་ཞིང་༔ ལྷུན་གྲུབ་རང་གསལ་ཕོ་བྲང་དབུས༔ པདྨ་རཱ་གའི་ཁྲི་སྟེང་ནས༔ ལྷ་དབང་འདོད་པའི་རྒྱལ་པོ་དང་༔ དགྱེས་བསྐྱེད་ཨུ་མ་གནམ་སྨན་ཡུམ༔ སྒྲུབ་པ་པོ་ཡིས་འབོད་ལགས་ཀྱི༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ བླ་རྡོ་དག་ལ་བརྟེན་བཅས་ནས༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་ཧྲཱིཿལྷུན་གྲུབ་འགྱུར་བ་མེད་པའི་གནས༔ རང་བྱུང་རཏྣའི་གཞལ་ཡས་ཁང་༔ མཛེས་པ་ལྷ་ཡི་ད་ལ་ནས༔ སྲིད་པ་དུས་བཞིའི་རྒྱལ་མོ་བཞི༔ རང་རང་རིགས་ཀྱི་འཁོར་དང་བཅས༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་རྟེན་ལ་བརྟེན་བཅས་ནས༔ དངོས་གྲུབ་བསྒྲུབ་པའི་ཕོ་ཉ་མཛོད༔ ཧཱུྃ་ཧྲཱིཿའདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ འདུད་ཅིང་དབང་བསྒྱུར་ཕོ་བྲང་ནས༔ མ་ཧཱ་དཱེ་ཝ་མཆེད་ལྔ་དང་༔ འདོད་འབྱུང་གཏེར་གྱི་གཞལ་ཡས་ནས༔ ནོར་གཏེར་ཛམ་ལྷ་རིགས་བཞི་དང་༔ རང་རང་རིགས་ཀྱི་གཡོག་འཁོར་བཅས༔ སྒྲུབ་པ་པོ་ཡིས་འབོད་ལགས་ན༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སྒྲུབ་རྫས་རྟེན་ལ་བརྟེན་བཅས་ཏེ༔ འདོད་རྒུའི་ཆར་ཆེན་དབབ་ཏུ་གསོལ༔ ཧཱུྃ་ཧྲཱིཿསུམ་ཅུ་རྩ་གསུམ་ལྷ་ཡུལ་ན༔ སྨོན་ལམ་སྟོབས་ཀྱིས་བསྟན་སྲུང་བ༔ རྒྱལ་ཆེན་སྡེ་བཞི་གཡོག་འཁོར་བཅས༔ སྒྲུབ་པ་པོ་ཡིས་འབོད་ལགས་ན༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ དམ་ཚིག་རྟེན་ལ་བརྟན་བཞུགས་ནས༔ མཐའ་དམག་དུས་འཁྲུག་བཟློག་པ་དང་༔ ཕྲིན་ལས་བསྒྲུབ་པའི་ཕོ་ཉ་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿདགོས་འདོད་ཀུན་འབྱུང་རཏྣའི་གཏེར༔ བླ་རྡོ་སྲོག་འཁོར་བརྟེན་རྫས་ལ༔ ལྷ་དབང་འདོད་པའི་རྒྱལ་པོ་ནི༔ འཁོར་དང་བཅས་པ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿའཇིག་རྟེན་ཁམས་ལ་དབང་བསྒྱུར་བའི༔ ལྷ་དབང་འདོད་རྒྱལ་གཙོ་འཁོར་བཅས༔ བསྟན་པ་བསྲུང་བའི་ཕོ་ཉ་ལ༔ ལྷ་ཕྱག་འཚལ་ལོ་བརྩེ་བས་སྐྱོངས༔ ན་མོ་ན་མ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿལྷ་ཡི་དབང་ཕྱུག་ལྷའི་བླ་མ༔ དྲང་སྲོང་འདོད་པའི་རྒྱལ་པོ་དང་༔ དགྱེས་བསྐྱེད་ཨུ་མ་ཡུམ་འཁོར་བཅས༔ ཐུགས་དམ་བསྐང་ཕྱིར་མཆོད་སྤྲིན་ནི༔ ལྷ་རྫས་ཀུན་ཚང་ཨརྒྷཾ་དང་༔ མཛེས་པའི་ཀུ་མུད་འདབ་འབྲས་ལྡན༔ དྲི་ཞིམ་ངད་ལྡན་བདུག་པ་སྤོས༔ གསལ་བྱེད་དབང་གི་སྒྲོན་མེ་དང་༔ བདེ་བའི་དྲི་ཆབ་ཟིལ་མངར་ལྡན༔ རོ་ལྡན་ཞལ་ཟས་རི་ལྟར་སྤུངས༔ རྐང་གླིང་ཐོད་རྔ་སྙན་པའི་སྒྲས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ མཛེས་པའི་གཟུགས་འཛིན་ཨ་དཪྴ༔ སྙན་པའི་གྲགས་སྟོང་ཏམྦུ་ར༔ ཞིམ་མངར་དྲི་ཆབ་གནྡྷེ་གན༔ རོ་ལྡན་དགྱེས་བསྐང་ར་ས་ཡན༔ ལྷ་རྫས་རེག་བྱ་པཉྩ་ལི༔ མཁའ་དབྱིངས་རྣམ་པར་དག་པ་ཡིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཆགས་པ་བསྒྲལ་བའི་རཀྟ་དང་༔ འདོད་འབྱུང་དཔལ་གྱི་གཏོར་ཆེན་པོ༔ དཔའ་བོ་ཡབ་ཡུམ་སྦྱོར་བའི་སྐྱེམས༔ དུག་ལྔ་དུག་གསུམ་རཱུ་ཏྲ་ཀུན༔ བསྒྲལ་བའི་ཤ་ཁྲག་སྐྱེམས་ཕུད་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཛ་གད་ཇ་ཆང་སྐྱེམས་ཕུད་དང་༔ རིན་ཆེན་སྣ་ལྔའི་ཕྱེ་མར་དང་༔ དར་ཟབ་གོས་ཀྱི་རིགས་བྱེད་དང་༔ འབྲུ་སྨན་རྣམ་པ་སྣ་ཚོགས་སོགས༔ མཆོད་པའི་ཡོ་བྱད་བསམ་ཡས་པས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཤ་རྐྱང་མ་ཧེ་འདོད་འཇོའི་བ༔ སྟག་སེང་དོམ་དྲེད་གཟིག་སྤྱང་འཕར༔ བསེ་རུ་རྣ་རྒོ་རུ་རུ་ཎ༔ ཁྱུང་ཆེན་རྨ་བྱ་དེ་ཕོ་དང་༔ འབྲུག་སྦྲུལ་ཆུ་གནས་རིགས་བྱེད་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བཙན་པའི་གོ་དང་སྲ་བའི་གོས༔ རྣོ་ངར་མཚོན་ཆ་སྣ་ཚོགས་དང་༔ གསེར་དངུལ་རིན་པོ་ཆེ་ཡི་རིགས༔ འདོད་ཡོན་ནམ་མཁའི་མཛོད་ཆེན་པོས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དགྱེས་པར་བསྐང་བའི་བྱིན་རླབས་ཀྱིས༔ འདོད་རྒུའི་ཆར་ཆེན་དབབ་ཏུ་གསོལ༔ ཨོཾ་མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་སརྦ་ས་པ་རི་ཝཱ་ར་མ་ཧཱ་ཨརྒྷཾ་པཱདྱཾ་སོགས་ཤཔྟ་རཱུ་པ་སོགས་སྤཪྴེ་དྷརྨ་པཉྩ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་མ་ཧཱ་པཉྩ་པཱུ་ཛ་ཨེ་དཾ་རཏྣ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿཁམས་གསུམ་ཀུན་ལ་དབང་བསྒྱུར་ཞིང་༔ ལྷ་དབང་དྲང་སྲོང་ལྷའི་བླ་མ༔ འདོད་པའི་རྒྱལ་པོ་ཡེ་ཤེས་སྐུའི༔ ཡོན་ཏན་རྨད་བྱུང་དྲན་པས་བསྟོད༔ དགྱེས་བསྐྱེད་ནམ་མཁའ་དབང་ཕྱུག་མ༔ ལྷ་ཀླུ་དྲང་སྲོང་འཁོར་གྱིས་འདུད༔ དགྱེས་ཆགས་དགའ་བདེའི་ཉམས་འགྱུར་ཅན༔ ཨུ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ འབྱུང་བ་བཞི་ལ་དབང་བསྒྱུར་ཞིང་༔ ཕན་དང་བདེ་བའི་དཔལ་སྤེལ་མ༔ སྲིད་པ་དུས་བཞིའི་དབང་མོ་ཆེ༔ འགུགས་འཆིང་སྡོམ་མྱོས་མ་བཞིར་བསྟོད༔ ཁམས་གསུམ་སྲིད་པའི་སྲོག་བདག་པོ༔ མ་ཧཱ་དཱེ་ཝ་མཆེད་ལྔ་དང་༔ དགྱེས་བསྐྱེད་ཨུ་མ་ཡུམ་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་བསྟོད༔ ཟས་ནོར་ལོངས་སྤྱོད་ནོར་གྱི་བདག༔ སྒྲུབ་པ་པོ་ཡི་བསམ་པའི་དོན༔ གེགས་མེད་སྩོལ་མཛད་དམ་ཚིག་ཅན༔ ཛམ་ལྷ་རིགས་བཞིར་ཕྱག་འཚལ་བསྟོད༔ དགའ་ན་གདོད་མའི་ས་ལ་སྦྱོར༔ ཁྲོས་ཚེ་སྲིད་གསུམ་རྨང་ནས་བཤིག༔ འཁོར་འདས་ཡོངས་ཀྱི་བྱེད་པ་པོ༔ མ་ཧཱ་དཱེ་ཝ་ཁྱོད་ལ་བསྟོད༔ སྒྲུབ་པའི་ཉམས་རྟོགས་ཡོན་ཏན་བསྐྱེད༔ སྨོན་པའི་རེ་འབྲས་གེགས་མེད་སྩོལ༔ ཡིད་བཞིན་ནོར་བུ་ལྷ་ཆེན་པོ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདག་རྨོངས་འཁྲུལ་པའི་དབང་གྱུར་ཏེ༔ ལྷ་ཁྱོད་ཐུགས་དང་འགལ་བའི་ལས༔ ཅི་བགྱིས་འགྱོད་སེམས་དྲག་པོས་བཤགས༔ དག་ཅིང་སོར་ཆུད་དངོས་གྲུབ་སྩོལ༔ དེ་ནས་འཛབ་ཀྱི་འཁྲུལ་འཁོར་ནི༔ དབང་ཕྱུག་མ་ཧཱ་དཱེ་ཝའི་ཐུགས་ཀར་ཡིད་བཞིན་གྱི་ནོར་བུ་འོད་འབར་བའི་ཁོང་གསེང་དུ་ཟླ་བའི་དལ་སྟེང་དུ་ཧྲཱིཿཡིག་དམར་པོ་འོད་འབར་བ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔ ཡུམ་གྱི་ཐུགས་ཀར་པདྨའི་དལ་སྟེང་དུ་སྲོག་ཡིག་ཧྲཱིཿབཾཿལ་སྔགས་ཀྱིས་གཡོན་དུ་འཁོར་བར་བསྒོམ༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་གི་མཐར་རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔ བཟླས་པ་ཙམ་གྱིས་ཁོང་རྣམས་ལ་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་བདག་སྒྲུབ་པ་པོའི་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ༔ ཁྱད་པར་དུ་འཁོར་འདས་བརྟན་གཡོའི་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་འདོད་རྒུའི་ཆར་ཆེན་པོ་བབ་ནས་སྒྲུབ་པ་པོའི་གནས་ཁང་བང་མཛོད་ཐམས་ཅད་མེར་མེར་ཏིང་ཏིང་གང་བར་བསམ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཨ་པ་ར་ཙིཏྟ་ཨ་ནྲྀ་ཏྲི་ཨ་ཀཪྵ་ཡ་བསྡུས་བསྡུས་སིདྡྷི་ཕ་ལ་ཧཱུྃ༔ ཡབ་སྔགས་འབུམ་ཐེར་གཅིག་ཏུ་བཟླ༔ ཨོཾ་ཛྙཱ་ན་ཨུ་མ་དཱེ་ཝི་སརྦ་རཏྣ་བ་སུ་ཁ་དྷེ་སིདྡྷི་ཕ་ལ་བྷྲཱུྃ༔ ཡུམ་སྔགས་ཁྲི་ཕྲག་ལྔ་རུ་བཟླ༔ ཨོཾ་ཛྙཱ་ན་དཱེ་ཝི་ཧ་རི་ནི་ས་སརྦ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་སྟྭཾ༔ སྔགས་ཀྱི་གྲངས་ཚད་ཁྲི་ཕྲག་གསུམ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་མ་ཧཱ་དཱེ་ཝ་སརྦ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་སྟྭཾ༔ འཁོར་སྔགས་ཁྲི་ཕྲག་གསུམ་གྱིས་བསྒྲུབ༔ ཨོཾ་ཨཱཪྻ་ཛམ་བྷ་ལ་ཧ་རི་ནི་ས་རཏྣ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་བྷྲཱུྃ༔ སྔགས་ཀྱི་གྲངས་ཚད་གོང་ལྟར་རོ༔ སྐབས་སུ་གསོལ་མཆོད་ཅི་འགྲུབ་གཏོང་༔ དེ་ནས་གཡང་འགུགས་ཕྲིན་བཅོལ་ནི༔ ཧཱུྃ་ཧྲཱིཿཆོས་དབྱིངས་མི་འགྱུར་ནམ་མཁའི་ཀློང་༔ ཀུན་ཁྱབ་བདེ་བའི་ད་ལ་ནས༔ ཁམས་གསུམ་དབང་སྡུད་ལྷ་ཆེན་པོ༔ འདོད་པའི་རྒྱལ་པོ་གཏེར་གྱི་བདག༔ དགྱེས་བསྐྱེད་གནམ་སྨན་ཨུ་མ་ཡུམ༔ འབྱུང་བ་དུས་བཞིའི་དབང་མོ་ཆེ༔ རིགས་ལྔའི་མ་ཧཱ་དཱེ་ཝ་དང་༔ དགའ་བཞིའི་འབྱུང་གནས་ཡུམ་མཆོག་ལྔ༔ ཛམ་ལྷ་རིགས་བཞི་ནོར་གྱི་བདག༔ འཁོར་དང་བཅས་པ་མ་ལུས་པ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དཀར་གསུམ་འོ་མའི་རྒྱ་མཚོ་དང་༔ གཡང་བཤོས་ནོར་བུའི་མཆོད་པ་འབུལ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ ངོ་མཚར་ཡིད་འོང་བཀོད་པ་ནི༔ དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ༔ དབང་ཕྱུག་འཁོར་དང་བཅས་ལ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྐང་༔ རྣལ་འབྱོར་སྒྲུབ་མཆོག་བདག་ཅག་ལ༔ ལྷ་ཀླུ་མི་ཡི་ཕྱྭ་གཡང་སྩོལ༔ ཆེ་གྲགས་སྟོབས་ཀྱི་ཕྱྭ་གཡང་སྩོལ༔ བཙན་ཕྱུག་འཕན་དར་ཕྱྭ་གཡང་སྩོལ༔ ཟས་ནོར་ལོངས་སྤྱོད་ཕྱྭ་གཡང་སྩོལ༔ དར་ཟབ་འབྲུ་སྨན་ཕྱྭ་གཡང་སྩོལ༔ ནུབ་མེད་ཚེ་ཆོས་ཕྱྭ་གཡང་སྩོལ༔ བཀྲ་ཤིས་རིགས་རྒྱུད་ཕྱྭ་གཡང་སྩོལ༔ འདུ་བ་གསུམ་གྱི་ཕྱྭ་གཡང་སྩོལ༔ འབར་བ་གསུམ་གྱི་ཕྱྭ་གཡང་སྩོལ༔ འབྱོར་དྲུག་རྒྱས་པའི་ཕྱྭ་གཡང་སྩོལ༔ མོས་བཞི་དབང་སྡུད་ཕྱྭ་གཡང་སྩོལ༔ ནད་མུག་མཚོན་འཁྲུག་ཞི་བ་དང་༔ དགྲ་བགེགས་རྡུལ་བརླག་ཕྱྭ་གཡང་སྩོལ༔ འབྱུང་ལྔའི་དྭངས་བཅུད་སིབ་སིབ་བསྡུས༔ སྒྲུབ་པ་པོ་ཡི་དཔལ་དུ་སྩོལ༔ ཟབ་གསང་བསྟན་པ་དར་ཞིང་རྒྱས༔ སྐྱེ་རྒུས་དམ་པ་ཆོས་བཞིན་སྤྱོད༔ ནད་མུག་མཚོན་གྱི་བསྐལ་པ་ཞི༔ རྫོགས་ལྡན་གསར་པའི་ལང་ཚོ་ཡིས༔ འཛམ་གླིང་ཀུན་ཁྱབ་དངོས་གྲུབ་སྩོལ༔ དེ་ནས་དབང་སྡུད་བཟླས་སྔགས་ནི༔ ཨོཾ་མ་ཧཱ་དཱེ་ཝ་ཨ་པ་ར་ཙིཏྟ་ས་མ་ཡ་ཛ་ཛཿཨུ་མ་དཱེ་ཝི་ག་ག་ཧྲཱིང་༔ ཧ་རི་ནི་ས་པཱ་ཤཾ་སྟྭཾ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་བྷྲཱུྃ༔ ཨཱཪྻ་ཛམ་བྷ་ལ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ སརྦ་རཏྣ་བ་སུ་ཁ་དྷེ་ན་ན་ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་བསྡུས་བསྡུས་སིདྡྷི་ཕ་ལ་ཁུག་སྐྱོལ༔ ཅི་འགྲུབ་བརྗོད་ལ་བཀྲ་ཤིས་མེ་ཏོག་འཐོར༔ བརྟེན་བཞུགས་བྱ་ཞིང་འདོད་དོན་གསོལ་བ་གདབ༔ གནད་དེས་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས༔ ཐེ་ཚོམ་མེད་དོ་རྡོ་རྗེ་རྒྱལ་པོའི་བཀའ༔ ས་མ་ཡ༔ གུ་ཧྱ་རྒྱ༔ བརྡ་ཡིག་༠༠༠༠༠༠༣༤༤༔ ཤིན་ཏུ་ཟབ་པ་ཡང་སྙིང་འདུས་པའི་སྐོར༔ སྒྲུབ་པའི་མཐུན་རྐྱེན་སྤེལ་བའི་ཡིད་བཞིན་ནོར༔ བསམ་འཕེལ་འདོད་པའི་རྒྱལ་པོའི་སྒྲུབ་ཐབས་ཉིད༔ གྲུབ་ཆེན་འབྲོག་མི་ལོ་ཙཱ་ཁྱོད་ལ་སྦྱིན༔ ད་དུང་མ་སྤེལ་རིན་ཆེན་བརྡ་ལ་ཐོབ༔ མ་འོངས་སྙིགས་མ་ལྔ་ཡི་དུས་སྐབས་སུ༔ ང་སྤྲུལ་བདུད་འཇོམས་རྡོ་རྗེ་དང་འཕྲད་ནས༔ བསྟན་པའི་འགྲོ་དོན་བསམ་མི་ཁྱབ་པ་འབྱུང་༔ ལས་ཅན་དབེན་ཁྲོད་འཛིན་པ་ཐམས་ཅད་ལ༔ འདི་ཉིད་སྦྱིན་པས་མཐུན་རྐྱེན་ཕུན་སུམ་ཚོགས༔ བཀའ་གསང་ཐུབ་པར་སྲུངས་ཤིག་དམའ་རུ་རྩེ༔ བཀའ་ལོག་ལག་ཏུ་མ་ཤོར་དམ་ཚིག་ཅན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞིང་པདྨ་འོད་དུ་ཨ་ཐམ་རྒྱ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ཡང་སྨོན་ལམ་ལས་འཕྲོ་འཛོམས་པའི་སྐྱེས་མཆོག་མཁྱེན་རབ་རྒྱ་མཚོ་དང་རིགས་སྲས་རིག་འཛིན་ནོར་བུས་ཡང་ཡང་བསྐུལ་ངོར་བདག་འདྲ་དཔའ་བོ་བདུད་འཇོམས་རྡོ་རྗེས་མ་རྒྱུད་མཁའ་འགྲོའི་བརྡ་རང་གྲོལ་དུ་བྱུང་སྟེ་དག་པར་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
བརྡ་ཡིག་༠༠༠༠༠༠༣༤༨༔ རྒྱལ་ཀུན་སོར་རྟོག་ཡེ་ཤེས་ལས་སྤྲུལ་པ༔ དབང་ཆེན་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་མཁན་པོ་པདྨ་ངས༔ མ་འོངས་སྐལ་བཟང་སྐྱེས་བུའི་སྲུང་མ་དང་༔ གསང་གཏེར་གཉན་པོའི་སྤྱི་ཡི་བྱ་ར་བ༔ སྣང་སྲིད་དབང་ཕྱུག་མ་ཧཱ་དཱེ་ཝ་ཉིད༔ ཐུགས་དམ་བསྐང་ཞིང་ལས་ལ་ཁོལ་བའི་ཕྱིར༔ ཟབ་པའི་མཐར་ཐུག་བསྐང་གསོལ་འདི་ཉིད་བརྩམས༔ དེ་ལ་ལྷ་ཆེན་བསྒྲུབ་པ་གང་དག་གིས༔ བཀྲ་ཤིས་བྱིན་ལྡན་རབ་དབེན་གཙང་མའི་སར༔ མཎྜལ་ཟླ་གམ་དབང་གི་ཁ་ཏོག་ཅན༔ དེ་སྟེང་ཙན་དན་དམར་པོའི་ཕྱེ་མ་བཏབ༔ རིན་ཆེན་ལྔ་ཡི་ཚོམ་བུ་རབ་བཀོད་ནས༔ ཟངས་སྣོད་ནང་དུ་དཔལ་བཤོས་ནོར་བུའི་དབྱིབས༔ ལི་ཁྲི་མཚལ་སོགས་དབང་གི་རྫས་ཀྱིས་བྱུགས༔ རཏྣའི་ཕྲེང་བ་པདྨ་དམར་པོས་བརྒྱན༔ གཡས་སུ་བཤོས་ཕྲན་གཡོན་དུ་ལྷ་བཤོས་དང་༔ ཕྱོགས་བཞིར་ལས་བཞིའི་བཤོས་བུ་ཁ་ཏོག་ཅན༔ དེ་རྒྱབ་གཏོར་ཆུང་བདུན་ཅུ་རྩ་གསུམ་དང་༔ མཐའ་མར་བསྐང་བའི་དོད་རྫས་དག་གིས་བསྐོར༔ མཛེས་པའི་དར་ཚོན་ལྔ་ཡིས་ལེགས་པར་བརྒྱན༔ དེ་མདུན་པདྨའི་སྣོད་དུ་གཡང་རྫས་བཀྲམ༔ ནང་དུ་བརྟེན་རྫས་བླ་རྡོ་སྲོག་འཁོར་དང་༔ དབང་གི་རྫས་མཆོག་རིལ་བུ་བྱིན་ལྡན་བཀོད༔ སྟེང་དུ་ལེ་བརྒན་དམར་པོའི་ལྡིང་གུར་ཕུབ༔ གཞན་ཡང་ཕུད་ཀྱི་སྣོད་དུ་བདུད་རྩི་དང་༔ དཀར་སྐྱེམས་དམར་སྐྱེམས་གསེར་སྐྱེམས་གཏོར་མ་དང་༔ མར་ཐུད་བུ་རམ་ཤ་སོགས་མཆོད་རྫས་རྣམས༔ དངོས་གཙང་བཀོད་ལེགས་རྒྱུ་དག་བྱེད་པ་གནད༔ དེ་ནས་རང་ཉིད་ལྷག་པའི་ལྷར་གསལ་བ༔ རང་ཉིད་སྐད་ཅིག་གིས་ཆོས་ཉིད་སྟོང་པའི་དབྱིངས་ལས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པས་གནམ་ལྕགས་ཀྱི་གྲི་གུག་ནམ་མཁར་གདེངས་པ༔ གཡོན་པས་བྷནྡྷ་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བའི་ཁྲོད་དུ་རྟ་མགོ་ལྗང་ཞུར་མཚེར་བ༔ ཞབས་གཉིས་འདོར་སྟབས་ཀྱིས་བཞུགས་ཤིང་སྣང་སྲིད་དྲེགས་པ་གདན་དུ་བཏིང་ཞིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་གསོལ་བའི་སྤྱི་བོར་རལ་པའི་རྩེ་རུ་ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཟིལ་གནོན་གྱི་སྐུར་བསྐྱེད་ལ༔ གཉིས་ཀའང་མེ་དཔུང་དམར་ནག་འབར་བའི་ཀློང་དུ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ་སྡེ་བརྒྱད་བྲན་དུ་འཁོར་བར་བསྐྱེད་དོ༔ རང་རང་གི་རྩ་སྔགས་ཀྱང་བརྗོད༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ ལན་གསུམ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས་ཧཾ༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ༔ གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་༔ བདུད་རྩི་སྨན་གྱི་མཆོད་པ༔ རཀྟ་དམར་གྱི་མཆོད་པ༔ བ་ལིང་རྒྱན་གྱི་མཆོད་པ༔ དམ་རྫས་མྱོང་གྲོལ་གྱི་མཆོད་པ༔ འཕན་གདུགས་རྒྱལ་མཚན་གྱི་མཆོད་པ༔ ཡིད་འོང་སྒེག་མོའི་མཆོད་པ༔ གཟུགས་འགྲོས་སྣ་ཚོགས་ཀྱི་མཆོད་པ༔ ཇ་ཆང་ཕུད་རྒོད་ཀྱི་མཆོད་པ༔ དཀར་གསུམ་མངར་གསུམ་གྱི་མཆོད་པ༔ ཤ་ཁྲག་དམར་གྱི་མཆོད་པ༔ གསུར་ཆེན་དུད་པའི་མཆོད་པ༔ གཞན་ཡང་རྟེན་རྫས་སྒྲུབ་རྫས་བསྐང་རྫས་མཆོད་རྫས་ཐམས་ཅད་མ་ཚང་བ་མེད་པ་རྒྱ་ཆེ་ཞིང་ཟད་མི་ཤེས་པ༔ ངོ་བོ་བདེ་སྟོང་ཟག་པ་མེད་པ༔ རྣམ་པ་སྒྱུ་མ་ལྟ་བུ་མང་ཞིང་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་དགྱེས་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱདྱཾ་སོགས་ཤཔྟ་ཨཱཿཧཱུྃ༔ ཨོཾ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱི་ཋཱ༔ ཨོཾ་མ་ཧཱ་རཀྟ་ཧཱུྃ་ཧྲཱི་ཋཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་སོགས་སྭཱ་ཧཱ༔ དེ་ནས་སྙན་གསན་དབབ་ཅིང་སྤྱན་འདྲེན་ནི༔ དར་དམར་གཡབ་ཅིང་རོལ་མོ་བསྒྲགས༔ དྲི་བཟང་སྤོས་ཀྱི་དུད་པ་བཏང་༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ གསན་དུ་གསོལ༔ མཁྱེན་པར་མཛད་དུ་གསོལ༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས༔ འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་རོལ་པའི་གར་མཁན༔ གསང་ཆེན་ཏནྟྲ་ཡོངས་ཀྱི་གཉེར་འཛིན༔ སྟོན་པའི་ལུང་བསྟན་མཆོག་ཏུ་འཕགས་པ༔ ཕྲིན་ལས་ཐོགས་མེད་ཤར་བའི་མཐུ་ལྡན༔ ཆོས་སྐྱོང་དྲེགས་པ་ཡོངས་ཀྱི་སྤྲུལ་གཞི༔ སྟེང་ལྷ་ཁམས་ཡོངས་ཀྱི་གཙོ་བོ༔ འོག་ཀླུ་ཁམས་ཀུན་གྱི་གཉའ་ནོན༔ བར་ལྷ་སྲིན་རྣམས་ཀྱི་གཤེད་མ༔ དམ་ཚིག་ཅན་ལ་གདུང་སེམས་ཆེ་བ༔ དམ་མེད་རྣམས་ལ་ཁྲོས་འཁྲུག་རྔམས་པ༔ སྒྲུབ་པ་པོ་ལ་སྙིང་ཉེ་བ༔ དགྲ་དང་བགེགས་ལ་རྩལ་ཕྱུང་བ༔ འགྲོ་བའི་སྣང་སེམས་ལ་དབང་བ༔ སྲིད་པའི་ལེགས་ཉེས་ལ་གཟིགས་པ༔ སྐྱེ་འགྲོའི་བློ་ཡིད་ལ་མངའ་དབང་བསྒྱུར་བའི་ལྷ་མཆོག་ཆེན་པོ་དཔའ་བོ་གར་གྱི་དབང་ཕྱུག་སྐུ་མདོག་དམར་གསལ་ཉི་མ་འབུམ་ལས་འོད་ཟེར་གཟི་བརྗིད་ཆེར་འབར་བ༔ ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ༔ ཕྱག་གཡས་འགྲོ་བའི་བླ་སྲོག་སྙིང་ནས་འགུགས་པའི་ཟངས་ཀྱི་ལྕགས་ཀྱུ་དམར་པོ་ཕྱར་བ༔ གཡོན་ན་སྣང་སྲིད་བྲན་དུ་སྡོམ་པའི་ཉི་ཟེར་གྱི་ཞགས་པ་བསྣམས་པ༔ ལྗང་སྔོན་རལ་པ་སྤྱི་བོར་བཅིངས་ཤིང་ཟར་བུ་རྟིང་རྩེར་སླེབ་པ༔ ལྷའི་བུ་ཟླ་བ་ཐོད་དུ་བཅིངས་ཤིང་༔ ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོས་དབུ་བརྒྱན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་དོ་ཤལ་བྱས་ཤིང་པདྨ་དམར་པོའི་རྒྱན་གྱིས་བརྒྱན་པ་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ་ཞབས་གཉིས་འདོར་ཐབས་ཀྱི་བཞུགས་ཤིང་གསང་བའི་རྡོ་རྗེ་གྱེན་དུ་བསྒྲེང་བ༔ དབང་གི་འོད་ཟེར་མུ་མཐའ་མེད་པར་ཁྱབ་པ༔ སྣང་སྲིད་མོ་རྒྱུད་ཡོངས་ཀྱི་མངའ་བདག་བཙུན་མོ་ཨུ་མ་དཱེ་ཝི་དབང་གི་ཁ་ཏོག་འབར་ཞིང་གཅེར་བུ་ལང་ཚོ་རྒྱས་པ་ཆགས་པའི་ཉམས་དང་ལྡན་པ༔ ལྕགས་ཀྱུ་དང་ནོར་བུ་འཛིན་ཅིང་པདྨའི་ཕྲེང་བས་བརྒྱན་པ༔ གཞན་ཡང་ལས་བཞིའི་ལྷ་མོ་རྣམ་བཞི༔ ལྷ་ཆེན་ཚངས་པའི་རྒྱལ་པོ༔ བཀའ་བློན་རྒྱལ་ཆེན་སྡེ་བཞི༔ དྲེགས་པའི་སྡེ་དཔོན་སུམ་ཅུ༔ དཔལ་མགོན་བདུན་ཅུ་རྩ་ལྔ༔ གནོད་སྦྱིན་ནོར་བདག་འཁོར་བཅས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད༔ འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཁྱོད་རྣམས་རང་བཞིན་ཆོས་ཀྱི་དབྱིངས་ན་བཞུགས་སམ༔ བདེ་ཆེན་དབང་གི་དཀྱིལ་འཁོར་ན་བཞུགས་སམ༔ གཟུགས་ཁམས་གནས་རིས་བཅུ་བདུན་ན་བཞུགས་སམ༔ ཆོས་བཟང་ལྷ་ཡི་མདུན་ས་ན་བཞུགས་སམ༔ རྒྱ་གར་རྡོ་རྗེ་གདན་ན་བཞུགས་སམ༔ བསིལ་བའི་ཚལ་ན་བཞུགས་སམ༔ འཇིགས་རུང་རྩུབ་འགྱུར་གྱི་ཚལ་ན་བཞུགས་སམ༔ སྦས་ཡུལ་དྲུག་ཅུ་རྩ་བཞི་ན་བཞུགས་སམ༔ བདེ་མཆོག་ཏི་སེའི་གངས་རྫོང་ན་བཞུགས་སམ༔ གཞན་ཡང་རི་རབ་ཀྱི་རྩེ་ན་བཞུགས་སམ༔ རྒྱ་མཚོའི་འགྲམ་ན་བཞུགས་སམ༔ ཆོས་འཁོར་གཉན་པོ་ན་བཞུགས་སམ༔ འོན་ཀྱང་གནས་མཆོག་གང་ན་བཞུགས་ཀྱང་རུང་སྟེ༔ རྣལ་འབྱོར་པ་བདག་གི་དད་པས་དྲན་ནོ༔ དམ་ཚིག་གིས་འབོད་དོ༔ རྩེ་གཅིག་གིས་བསྟེན་ནོ༔ རྟག་ཏུ་གསོལ་ཞིང་མཆོད་ཀྱིས༔ གསང་ཆེན་སྒྲུབ་པའི་གནས་མཆོག་འདིར་བྱོན་ཅིག་གཤེགས་ཤིག༔ ད་ཚུར་བྱོན་ད་ཚུར་བྱོན༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿཧོཿགསོན་ཅིང་དགོངས་སུ་གསོལ་ལོ༔ སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཀྱི་ཆེ་བཙན་དུ་གྱུར་པ་ལྷ་མཆོག་ཆེན་པོ༔ སྣང་སྲིད་མོ་རྒྱུད་ཐམས་ཅད་ཀྱི་ཆེ་བཙན་དུ་གྱུར་པ་བཙུན་མོ་ཨུ་མ་དཱེ་ཝི༔ ཕོ་རྒྱུད་མགོན་པོའི་སྡེ་ཚོགས་ཕོ་ཉར་འགྱེད་ཅིང་༔ མོ་རྒྱུད་མ་མོའི་སྡེ་ཚོགས་ལས་ལ་འཛུད་པ༔ སྣང་སྲིད་ཁ་ལོ་བསྒྱུར་ཞིང་སྲིད་པའི་ལེགས་ཉེས་ངོམས་པ༔ མཐུ་རྩལ་གྱིས་བགེགས་ལ་རྔམས་ཤིང་དྲག་རྩལ་གྱིས་དགྲ་ལ་རྒྱུག་པ༔ མངོན་ཤེས་ཀྱི་སྤྱན་སྟོན་ཅིང་རྫུ་འཕྲུལ་གྱིས་སྟོབས་འགྱེད་པ༔ གང་འདོད་ཀྱི་ལས་བསྒྲུབ་ཅིང་དངོས་གྲུབ་ཀྱི་ཆར་འབེབས་པ༔ དམ་ཉམས་དགྲ་ལ་གདུག་རྩུབ་ཆེ་ཞིང་བགེགས་དང་སྲི་ལ་དྲག་ཤུལ་ཆེ་བ༔ རྦད་ན་ཕྱིར་ལ་མི་ལྡོག་པ་ནམ་མཁའི་ཐོག་དང་མཚུངས་པ༔ དགྲ་བོ་རྗེས་མེད་བྱེད་པ་བསྐལ་པའི་མེ་དང་འདྲ་བ༔ མཐུ་རྩལ་ཆོས་སྐྱོང་ཀུན་ལས་འགྲན་ཟླ་བྲལ་བ༔ ལྟ་ལོག་མུ་སྟེགས་ཀྱི་བསྟན་པ་ཐབས་ཀྱིས་བསྣུབ་པ༔ མཐའ་དམག་ཀླ་ཀློ་རྣམས་ཀྱི་གཤེད་དུ་གྱུར་པ༔ རྒྱལ་གཤེད་དམ་སྲི་རྣམས་ཀྱི་སྲོག་སྙིང་འབྱིན་པ༔ དྲག་པོའི་ལས་ལ་བརྩོན་པ༔ དབང་གི་ལས་ལ་བསྔགས་པ༔ མདོ་སྔགས་བཀའ་ཡི་ཆོས་སྐྱོང་༔ རིན་ཆེན་གཏེར་གྱི་སྲུང་མ༔ ཨ་ཏི་ཆོས་ཀྱི་བྱ་ར༔ བསྟན་སྲུང་ཡོངས་ཀྱི་རྗེ་བོ༔ ཆེ་བཙན་འཇིག་རྟེན་གསུམ་ན་འཕགས་ཤིང་དྲག་རྩལ་གནམ་ལྕགས་ཐོག་ལས་ཆེ་བ༔ ནུས་མཐུ་དྲང་སྲོང་ཀུན་ལས་འཕགས་ཤིང་གདུག་རྩུབ་དུས་མཐའི་མེ་ལས་ཚ་བ༔ མྱུར་མགྱོགས་ནམ་མཁའི་གློག་ལས་མྱུར་ཞིང་དགོངས་པ་ཡི་དམ་ལྷ་དང་མཉམ་པ༔ བསྟེན་པ་ཙམ་གྱིས་རིན་ཆེན་ནོར་གྱི་ཆར་པ་འབེབས་པ༔ མཆོད་པ་ཙམ་གྱིས་སྐྱེ་འགྲོ་ཕོ་མོའི་རྣམ་ཤེས་འགུགས་པ༔ དབང་གི་ཁ་ཏོག་འབར་ཞིང་ཆགས་པའི་འོད་ཟེར་འཕྲོ་བ༔ ཁམས་གསུམ་གྱི་བློ་ཡིད་གཏིང་ནས་འཕྲོག་པ༔ སྲིད་གསུམ་འགྲོ་བའི་སྣང་སེམས་བསྒྱུར་བ༔ འགྲོ་བ་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་བླ་སྲོག་སྙིང་ནས་འགུགས་པའི་སྲིད་གསུམ་གཡོ་བྱེད་སྙིང་འཛིན་རླུང་ཞགས་ལྕགས་ཀྱུ་དམར་པོ་དབང་ཆེན་དབང་གི་ལྷ་མཆོག་དཔའ་བོ་གར་གྱི་དབང་ཕྱུག༔ ཡུམ་མཆོག་ཨུ་མ་དཱེ་ཝི༔ དབང་གི་དྷཱ་ཀི་མ་བཞི༔ དཔལ་མགོན་བདུན་ཅུ་རྩ་ལྔ༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་ཁྱོད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཧོཿདགོངས་སུ་གསོལ་ལོ༔ ལྷ་མཆོག་མ་ཧཱ་དཱེ་ཝ་དཔའ་བོ་གར་གྱི་དབང་ཕྱུག༔ འཇིག་རྟེན་གསུམ་གྱི་གཙུག་ན་རབ་ཏུ་མཐོ་བ༔ གཟུགས་མེད་སྐྱེ་མཆེད་མུ་བཞི་ཐུགས་ཀྱི་བཀོད་པ༔ གཟུགས་ཁམས་གནས་རིས་བཅུ་བདུན་གསུང་གི་བཀོད་པ༔ འདོད་ཁམས་ཉི་ཤུ་སྐུ་ཡི་བཀོད་པ༔ སྟེང་ཕྱོགས་ལྷ་ལ་དབང་བསྒྱུར་བས་ལྷའི་དེད་དཔོན་མཛད་པ༔ འོག་ཕྱོགས་ཀླུ་ལ་དབང་མཛད་པས་ཀླུ་ཆེན་བརྒྱད་པོ་གཡོག་ཏུ་བཀོལ་བ༔ བར་ཁམས་གཉན་ལ་དབང་མཛད་པས་གཉན་ཆེན་བརྒྱད་ཀྱི་སྲོག་སྙིང་འདྲེན་པ༔ གཟའ་ཡི་རྒྱལ་པོ་རཱ་ཧུ་ལ་དབང་བསྒྱུར་བས་གཟའ་ཆེན་བརྒྱད་ཀྱི་སྣ་འདྲེན་པ༔ སྐྱེས་མཆོག་བཛྲ་ས་དྷུ་ལས་ཀྱི་བྲན་དུ་བཀོལ་བས་བཙན་དམག་ལས་ལ་འགྱེད་པ༔ སྲོག་བདག་རྒྱལ་ཆེན་སྐུ་ལྔའི་སྲོག་སྙིང་ཕུལ་བས་རྒྱལ་པོ་ཡོངས་ལ་མངའ་མཛད་པ༔ གཞན་ཡང་འཇིག་རྟེན་གྱི་དྲེགས་པ་ཀུན་གྱི་སྲོག་གི་མངའ་བདག་མཛད་པ༔ དཔྱིད་ཟླ་གསུམ་ལ་བར་སྣང་སྟོང་པ་ལ་གནས་བཅས་ཏེ་ལུང་པར་དྲོད་འབེབ་ཅིང་ས་གཞིའི་མདོག་འབྱིན་པ༔ དབྱར་ཟླ་གསུམ་ལ་སྤྲིན་ནག་འཁྱིལ་བའི་དབྱིངས་ལ་གནས་བཅས་ནས་འབྲུག་དང་གློག་གི་སྣ་འདྲེན་ཅིང་ཐོག་དང་སེར་བའི་བདག་པོ་མཛད་པ༔ སྟོན་ཟླ་གསུམ་ལ་རི་རབ་ལྷུན་པོ་ལ་གནས་བཅས་ནས་སད་དང་སེར་བའི་སྣ་འདྲེན་ཅིང་འབྲུ་དྲུག་ལོ་ཐོག་ལ་མངའ་མཛད་པ༔ དགུན་ཟླ་གསུམ་ལ་རྒྱ་མཚོའི་གཏིང་ལ་གནས་བཅས་ནས་རླུང་དང་བུ་ཡུག་གི་སྣ་འདྲེན་ཅིང་འབྱུང་བ་བཞི་ཡི་བདག་པོ་བྱེད་པ༔ ཕྱི་ལྟར་ན་ལྷ་མཆོག་དབང་ཕྱུག་ཆེན་པོ༔ ནང་ལྟར་ན་ཚོགས་བདག་འདོད་པའི་རྒྱལ་པོ༔ གསང་བ་ལྟར་ན་འཕགས་མཆོག་སྤྱན་རས་གཟིགས་དབང་༔ ཡང་གསང་ལྟར་ན་དབང་ཆེན་རྟ་མཆོག་དམར་པོ༔ ཁམས་གསུམ་ལ་དབང་མཛད་པའི་ལྷ་མཆོག་དབང་ཕྱུག་ཆེན་པོ༔ འདོད་ཁམས་ལ་དབང་མཛད་པའི་དབང་ཕྱུག་འདོད་པའི་རྒྱལ་པོ༔ སྲིད་གསུམ་གྱི་བདག་པོ་དབང་ཕྱུག་ག་ཎ་པ་ཏི༔ རྣལ་འབྱོར་ཀུན་གྱི་དགྲ་ལྷ༔ ཆོས་མཛད་ཡོངས་ཀྱི་སྲུང་མ༔ གཏེར་ཁ་ཀུན་གྱི་མངའ་བདག༔ མགོ་ནག་ཡོངས་ཀྱི་རྗེ་བོ༔ ལེགས་ཉེས་གཉིས་ཀྱི་ཤན་འབྱེད༔ དགྲ་བགེགས་གཉིས་ཀྱི་གཤེད་མ༔ སྡེ་བརྒྱད་ཀུན་གྱི་གཙོ་བོ༔ ཆོས་སྐྱོང་ཡོངས་ཀྱི་གཙུག་རྒྱན༔ ལྷ་མཆོག་དབང་ཕྱུག་ཆེན་པོ་མ་ཧཱ་དཱེ་ཝ་དཔའ་བོ་གར་གྱི་དབང་ཕྱུག༔ ལྷ་སྲིན་དྲེགས་པའི་སྡེ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ྄༵ཧོཿགསོན་ཅིག་དགོངས་ཤིག་ལྷ་མཆོག་ཆེན་པོ་གཙུག་ན་ཟླ་བ་ཁྱོད་ནི༔ འཇིག་རྟེན་གསུམ་གྱི་གཙུག་ན་རབ་ཏུ་མངོན་པར་མཐོ་ཞིང་བཀའ་སྲུང་ཡོངས་ཀྱི་གཙོ་མཆོག་ཆེན་པོ་ངེས་དོན་དུ་ཡང་དག་པར་སངས་རྒྱས་མངོན་དུ་བརྙེས་ཀྱང་དྲང་དོན་དུ་འཇིག་རྟེན་གྱི་དྲེགས་པ་མི་སྲུན་དྲག་པོའི་སྐུར་བཞེངས་ནས༔ འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་བསྟན་པའི་བདག་པོ་མཛད་ཅིང་དམ་ལྡན་རྣལ་འབྱོར་པའི་སྲུང་མ་མཛད་ཅིང་༔ དམ་ཉམས་རྣམས་ཀྱི་སྲོག་གི་གཤེད་མ་མཛད་པ༔ སྔོན་ཚེ་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀས་དབང་བསྐུར་བ༔ དེ་རྗེས་དབང་ཆེན་རྟ་ཕག་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པ༔ དེ་རྗེས་སྟོན་པ་བཅོམ་ལྡན་འདས་ཀྱིས་མ་འོངས་སངས་རྒྱས་ཐར་པའི་དབང་པོ་ལ་ལུང་བསྟན་ཅིང་དེ་བར་དུ་དམ་པའི་ཆོས་ཀྱི་སྲུང་མ་མཛད་པར་ཁས་བླངས་པ༔ དེ་རུ་གསང་བདག་རྡོ་རྗེ་འཆང་ཆེན་གྱིས་གསང་སྔགས་ཀྱི་ཏནྟྲ་ཡོངས་ཀྱི་གཉེར་ཁ་གཏད་པ༔ དེ་འོག་ཏུ་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་གསང་གཏེར་གཉན་གྱི་སྲུང་མར་མངའ་གསོལ་བ༔ དེ་ལྟ་བུའི་ལྷ་མཆོག་ཁྱོད་ནི་བསྟེན་པ་ཙམ་གྱིས་འགྲོ་བ་འདུད་པ༔ སྒྲུབ་པ་ཙམ་གྱིས་དངོས་གྲུབ་མྱུར་དུ་འབྱུང་བ༔ མཐོང་བ་ཙམ་གྱིས་འགྲོ་བའི་ཡིད་འཕྲོག་ཅིང་༔ དྲན་པ་ཙམ་གྱིས་བདེ་བའི་མཆོག་སྟེར་བ༔ ཚད་མེད་ཐུགས་རྗེ་ཕྲིན་ལས་འོད་ཟེར་གྱིས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཡོན་ཏན་ཚད་མེད་པའི་སྟོབས་ཀྱིས་འཁོར་བ་བརྡལ་ཁྱབ་ཏུ་སྡུད་པ༔ ཐུགས་རྗེ་ཚད་མེད་པའི་སྟོབས་ཀྱིས་སྲིད་པ་མྱང་འདས་སུ་སྦྱོར་བ༔ སྲིད་གསུམ་སྐད་ཅིག་གིས་བསྒྲོད་པའི་མྱུར་མགྱོགས་རྫུ་འཕྲུལ་དང་ལྡན་པ༔ ལེགས་ཉེས་དགེ་སྡིག་གི་ཤན་ཕྲག་འབྱེད་པའི་མཐོང་བྱེད་མངོན་ཤེས་དང་ལྡན་པ༔ དཔལ་རྩལ་ཟིལ་གནོན་དང་ལྡན་པས་ཀུན་ལས་ཁྱད་དུ་འཕགས་པ༔ དགའ་བདེའི་ཡོན་ཏན་དང་ལྡན་པས་ཀུན་གྱི་བློ་ཡིད་འགུགས་པ༔ དྲག་པོའི་གཟི་མདངས་དང་ལྡན་པས་ཐམས་ཅད་ཟིལ་གྱིས་གནོན་པ༔ ཕྲིན་ལས་རྣམ་བཞི་དང་ལྡན་པས་ཀུན་ལ་དབང་བསྒྱུར་བ༔ ཞི་བྱེད་དཀར་པོ་དུང་གི་ཕྲེང་བ༔ རྒྱས་མཛད་གསེར་མདོག་གཏེར་གྱི་བུམ་བཟང་༔ དབང་སྡུད་དམར་མོ་ལྕགས་ཀྱུ་ཞགས་པ༔ ཁྲོ་གཏུམ་སྔོ་སྐྱ་སྤུ་གྲི་ཞགས་པ༔ དགའ་དང་བདེ་བའི་རྒྱས་འདེབས་པས་ཨུ་མ་དཱེ་ཝི༔ ལས་བཞི་ལ་མངའ་བརྙེས་པའི་དྷཱ་ཀི་མ་བཞི༔ རོལ་པའི་རྩལ་སྣང་དུ་ཤར་བའི་དཔལ་མགོན་བདུན་ཅུ་ལ་སོགས་པ་ཁྱོད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཧོཿགསོན་ཅིག་དགོངས་ཤིག་དབང་ཕྱུག་མ་ཧཱ་དཱེ་ཝ་ཁྱོད་ནི༔ པོ་ཊ་ལ་ཡི་གནས་ནས་བཞུགས་ཚེ་འཕགས་མཆོག་འཇིག་རྟེན་དབང་ཕྱུག༔ གཟུགས་མེད་ཀྱི་ཁམས་སུ་ལྷ་ཆེན་སྙོམས་འཇུག་དབང་པོ༔ གཟུགས་ཁམས་ཀྱི་གནས་སུ་ལྷ་ཆེན་ཏིང་འཛིན་དབང་པོ༔ སུམ་ཅུ་རྩ་གསུམ་གྱི་གནས་སུ་དབང་ཕྱུག་འདོད་པའི་རྒྱལ་པོ༔ རི་རབ་ལྷུན་པོའི་ནུབ་ཕྱོགས་དགའ་བའི་ཚལ་དུ་ལྷ་ཆེན་ཚོགས་ཀྱི་བདག་པོ༔ འཇིགས་རུང་རྩུབ་འགྱུར་གྱི་ཚལ་དུ་དབང་ཕྱུག་མ་ཧཱ་ཀྲོ་ཏ༔ རྒྱ་གར་རྡོ་རྗེ་གདན་དུ་ལྷ་ཆེན་མ་ཧཱ་ཀཱ་ལ༔ སྦས་ཡུལ་དྲུག་ཅུ་རྩ་བཞིའི་གནས་སུ་ལྷ་ཆེན་གདོང་བཞི་ནག་པོ༔ གཞན་ཡང་གང་ནས་བོས་ཀྱང་ཁྱོད་ཀྱི་མཚན་དུ་གྲགས་པ༔ དགའ་ཞིང་མཉེས་ན་དག་པའི་ས་ལམ་སྟོན་ཅིང་ཁྲོས་ཤིང་འཁུ་ན་འཁོར་བའི་གཡོ་འཁྲུགས་འཕྲུལ་བ༔ སྐྱེ་མཆེད་བཅུ་གཉིས་གར་དུ་སྒྱུར་ཞིང་བདེ་སྡུག་བར་མའི་རྒྱང་གླུ་ལེན་པ༔ སྐྱེ་བ་རྣམ་བཞིའི་བྲོ་འཁྲབ་ཅིང་སྣང་བ་སྒྱུ་མའི་འཕྲུལ་སྣང་ངོམས་པ༔ སྨེ་བ་དགུ་ཡི་ཁ་ཏོག་ངོམ་ཞིང་རྟེན་འབྲེལ་བཅུ་གཉིས་ཟས་སུ་སྤྱོད་པ༔ གནས་ཡུལ་ཞིང་སྐྱོང་ཀུན་གྱི་བདག་པོ་མཛད་ཅིང་དཔལ་མགོན་ཆོས་སྐྱོང་ཀུན་ཀྱང་རྩལ་དུ་ངོམས་པ༔ དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་ལྷུན་གྲུབ་བདེ་བ་ཆེན་པོའི་སྐུ་རུ་བཞེངས་པ༔ སྔོན་ཚེ་རྒྱལ་བའི་ཞལ་མཇལ་ཞིང་༔ འཕགས་པས་ལུང་བསྟན་པ༔ སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་འགྲོའི་རྣམ་ཤེས་འགུགས་པ༔ དམ་ཚིག་གི་དབང་གིས་སྒྲུབ་པ་པོ་ལ་གདུང་བ༔ མི་མཇེད་ཀྱི་བདག་པོ་ཚངས་པ་རལ་པ་ཅན་ལ་དབང་བསྒྱུར་བ༔ དཔལ་ཆེན་པོ་ཧེ་རུ་ཀ་དང་དགོངས་པ་མཉམ་པ༔ བཀྲ་ཤིས་རིགས་རྒྱུད་ཀྱི་བདག་པོ༔ རིན་ཆེན་ནོར་གྱི་བདག་པོ༔ དྲག་པོ་མཐུ་ཡི་བདག་པོ༔ གནས་པོ་ཚེ་ཡི་བདག་པོ༔ ཁམས་གསུམ་དབང་སྡུད་ཀྱི་བདག་པོ༔ སྲིད་གསུམ་ཟིལ་གནོན་གྱི་བདག་པོ༔ འཇིག་རྟེན་ཀུན་གྱི་མངའ་བདག༔ དབང་གི་དར་དམར་སྟོང་གི་བདག་པོ༔ དམ་ཚིག་ཅན་གྱི་སྲུང་མ༔ དམ་ཉམས་དགྲ་ཡི་སྲོག་ལེན༔ གནོད་བྱེད་བགེགས་ཀྱི་གཉེན་པོ༔ ནང་དུ་སྙིང་ཉེ་འཇམ་ཞིང་ཕྱུག་པ༔ ཕྱི་རུ་རྣོ་མྱུར་ཆེ་ཞིང་དྲག་ཤུལ་དང་ལྡན་པ༔ ཁམས་གསུམ་གྱི་ཟས་ལ་མངའ་མཛད་པའི་ཟས་མཆོག་དབང་དུ་སྡུད་པ༔ སྲིད་གསུམ་གྱི་ནོར་ལ་དབང་བསྒྱུར་བས་ནོར་གྱི་ཆར་འབེབས་པ༔ འཇིག་རྟེན་གྱི་ཕྱྭ་གཡང་ལ་དབང་མཛད་པས་ཕྱྭ་འབེབས་དང་གཡང་འབེབས་ཆེ་བ༔ བཀའ་དང་གཏེར་གྱི་སྲུང་མ་མཛད་པ༔ སྒྲུབ་པའི་གང་ཟག་ལ་བརྩེ་གདུང་ཆེ་ཞིང་དམ་གཙང་བ༔ ཁ་འཛིན་དང་སྡོང་གྲོགས་ཆེ་བ༔ དཔུང་ཤུགས་དང་རྒྱབ་བརྟེན་མཛད་པའི་ལྷ་མཆོག་ཚོགས་ཀྱི་བདག་པོ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཁྱེད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ གཞན་ཡང་སྟོང་གསུམ་གྱི་མངའ་བདག་དབང་ཆེན་དབང་གི་རྒྱལ་པོ༔ ཁྱེད་ནི་འཇིག་རྟེན་ཡོངས་ཀྱི་རྗེ་བོ༔ གནམ་ས་གཉིས་ཀྱི་བདག་པོ༔ བདུད་འདུལ་ལས་ཀྱི་དབང་ཕྱུག༔ སྲིད་གསུམ་འགྲོ་བའི་མངའ་བདག༔ དམ་པ་ཆོས་ཀྱི་སྲུང་མ༔ རྒྱ་གར་འཕགས་པའི་ཡུལ་དུ་ངན་སྔགས་དང་རིག་གནས་ཀྱི་བདག་པོ་མཛད་ཅིང་རླུང་ལྟར་གྲགས་པ༔ བོད་ཡུལ་གྱི་སངས་རྒྱས་བསྟན་པའི་མཇུག་སྐྱོང་ཞིང་མཐའ་དམག་དང་དུས་འཁྲུགས་བཟློག་པ༔ མྱུར་མགྱོགས་དྲག་ཤུལ་གྱི་བདག་པོ་ཁྱོད་ཀྱི་གཡས་ཀྱི་རུ་འདྲེན་པ་མགོན་པོ་ཕོ་རྒྱུད་ཀྱིས་མཛད་པ༔ གཡོན་གྱི་རུ་འདྲེན་པ་ལྷ་མོ་མོ་རྒྱུད་ཀྱིས་མཛད་པ༔ སྔོན་གྱི་སྣ་འདྲེན་པ་སྡེ་དཔོན་སུམ་ཅུས་བྱེད་པ༔ རྒྱབ་ཀྱི་རྗེས་ཉུལ་བ་དཔལ་མགོན་བདུན་ཅུས་མཛད་པ༔ གཞན་ཡང་ལྷ་མ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་རླུང་ལྟར་འཚུབས་ཤིང་སྐར་མདའ་ལྟར་རྒྱུག་པ༔ འཁོར་འདས་གཉིས་ཀྱི་དབང་ཕྱུག༔ ལྷ་དམག་འབུམ་གྱི་སྡེ་དཔོན༔ ཀླུ་དམག་སྟོང་གི་གཙོ་བོ༔ དགྲ་དཔུང་བཤིག་པའི་ཐོ་བ༔ བགེགས་དཔུང་བཟློག་པའི་གཤེད་པོ༔ འདོད་རྒུའི་དཔལ་ཡོན་སྟེར་བའི་སྦྱིན་བདག༔ ས་ལམ་གྱི་བར་ཆད་བཟློག་པའི་སྲུང་མ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ༔ ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཆོས་སྐྱོང་ཆེན་པོ་ཐ་ཚིག་གཉན་ལ་དགོངས་ཤིང་འབྲེལ་བ་ཆོས་ལ་དགའ་བ༔ གཏེར་ཁ་ཀུན་གྱི་མངའ་བདག༔ ཆོས་མཛད་ཡོངས་ཀྱི་སྲུང་མ༔ རྣལ་འབྱོར་པ་བདག་གི་གཏན་གྲོགས༔ ཚེ་རབས་ལས་ཀྱི་སྲུང་མ༔ སྙིང་ནས་སྙིང་གི་ཆོས་སྐྱོང་༔ མི་ཟད་གཏེར་གྱི་སྲུང་མ་གཉན་པོ་མྱུར་མགྱོགས་ཅན་དྲག་རྩལ་ཅན་དཔའ་བརྟུལ་ཟིལ་གནོན་ཅན་ཁྱེད་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ གཞན་ཡང་ལྷ་མཆོག་དབང་ཕྱུག་དྲག་པོ་ཆེན་པོ་མཐིང་ནག་གཟི་འོད་དུ་འབར་བ༔ ཁམ་ནག་རལ་པ་གནམ་ལ་གཟིངས་ཤིང་དྲི་ངན་གྱི་དུད་པ་འཐུལ་བ༔ སྤྱན་རྩ་དམར་པོ་ནམ་མཁའི་དབྱིངས་སུ་གཟིགས་ཤིང་དམ་ཉམས་དགྲ་ལ་བཀའ་ཆད་འབེབས་པ༔ ཕྱག་གཡས་ལྕགས་ཀྱུ་མེ་འབར་བས་དགྲ་བོའི་བླ་ཡིད་འགུགས་པ༔ གཡོན་པས་གནམ་ལྕགས་ཏྲི་ཤུལ་རྩེ་གསུམ་གྱིས་དགྲ་བོའི་སྙིང་རྩ་རྦད་ཀྱིས་གཅོད་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བས་སྡེ་བརྒྱད་བྲན་དུ་བཀོལ་བ༔ ཞབས་གཉིས་དམ་ཉམས་དགྲ་བགེགས་ཀྱི་སྟེང་དུ་སྐུ་འགྱིང་སྟབས་ཀྱི་ཚུལ་དུ་བཞུགས་པ༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་གཡོ་བས་དམ་ཉམས་དགྲ་ལ་ལྟས་ངན་གཏོང་བ༔ སྐུ་ལ་མེ་རི་མེ་དཔུང་གི་ཚྭ་ཚྭ་འཕྲོ་བས་ཉམས་པའི་དགྲ་ལ་གནམ་ལྕགས་ཀྱི་ཐོག་སེར་འབེབས་པ༔ ལྷ་ཆེན་མ་ཧཱ་ཀྲོ་ཏ་ཁྱོད་ཀྱི་དགྱེས་སྡེ་མོ་ཡུམ་མཆོག་ཨུ་མ་དཱེ་ཝི་ནག་མོ་ཁྲག་གི་རལ་པ་ཅན་གཡས་ན་ཁྲམ་ཤིང་དང་སྤུ་གྲི་འཛིན་ཅིང་གཡོན་ན་ནད་རྐྱལ་དང་རྒྱུ་ཞགས་འཛིན་པས་བསྟན་དགྲའི་སྲོག་གིས་འབྲེལ་ཐག་གཅོད་ཅིང་ནད་ཀྱི་དལ་ཁ་འབེབས་ཤིང་གཤིན་རྗེའི་ཁྲམ་ལ་འདེབས་ལ༔ རྒྱུ་གཟེར་དང་གྲི་ཐབས་གཏོང་བ༔ ལས་ལ་མ་ཆེན་བྱེ་བ་འབུམ་ཕྲག་འགྱེད་པ༔ གཞན་ཡང་ཁྱོད་ཀྱི་སྐུ་ཡི་སྤྲུལ་པ་ཤན་པ་སྲོག་སྒྲུབ་ནག་མོ༔ གསུང་གི་སྤྲུལ་པ་ཟ་བྱེད་ཤ་ཟ་ཁ་མོ་ཆེ༔ ཐུགས་ཀྱི་སྤྲུལ་པ་སྔགས་སྲུང་ཨེ་ཀ་ཙ་ཏི༔ ཡོན་ཏན་གྱི་སྤྲུལ་པ་ཉི་ཟླ་ཐོད་ཕྲེང་ཁྲོས་པའི་རྒྱལ་མོ༔ ཕྲིན་ལས་ཀྱི་སྤྲུལ་པ་མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ༔ གཞན་ཡང་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དཔག་མེད་འགྱེད་པས་བསྟན་པ་བཤིག་པའི་དགྲ་ལ་ནད་ཡམས་དང་ཆོ་འཕྲུལ་སྣ་ཚོགས་གཏོང་བ༔ གཞན་ཡང་སྲས་མཆོག་ཚོགས་བདག་ནག་པོ༔ ལས་མཁན་ཚངས་པའི་རྒྱལ་པོ༔ བཀའ་བློན་རྒྱལ་ཆེན་སྡེ་བཞི༔ སྒྲོལ་གིང་ཡ་མ་རཱ་ཙ༔ འཛིན་གིང་རྡོ་རྗེ་ལེགས་པ༔ མྱུར་གིང་གཟའ་བདུད་ནག་པོ༔ རྒྱུག་གིང་བཙན་རྒོད་ཆེན་པོ༔ བདུད་པོ་ཚེ་ལེན་ནག་པོ༔ ཀླུ་བདུད་དུག་གི་སྤུ་གྲི༔ སྲོག་བདག་པེ་ཧར་སྐུ་ལྔ༔ ལྷ་སྲིན་དྲེགས་པའི་སྡེ་ཚོགས་ཁྱེད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཀྱེ་དགོངས་དང་ལྷ་ཆེན་དབང་གི་རྒྱལ་པོ་གཙུག་ན་ཟླ་བ་ཁྱེད་ནི་སྔོན་ཚེ་རྒྱལ་བ་བུ་རམ་ཤིང་པས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་ལུང་བསྟན་པ་ཡིག་རིགས་སུམ་བརྒྱ་དྲུག་ཅུའི་བྱེད་པོ་མཛད་ཅིང་རིག་པའི་གནས་ཀུན་ལ་མངའ་མཛད་པ༔ སྲིད་པའི་མངའ་བདག་བྱེད་པའི་སངས་རྒྱས་བསྟན་པའི་སྲུང་མ་མཛད་པ༔ རྣལ་འབྱོར་པ་བདག་གི་དགྲ་ལྷ་གཉན་པོ༔ རིག་འཛིན་ཡོངས་ཀྱི་སྲོག་གི་ཀྭ་བ༔ དུས་གསུམ་རྒྱལ་བའི་སྲུང་མ་གཉན་པོ༔ སྒྲུབ་པའི་དཀྱིལ་འཁོར་ཀུན་གྱི་བཀའ་སྡོད༔ ནད་རིགས་ཞི་བའི་སྨན་གྱི་རྒྱལ་པོ༔ བགེགས་རིགས་བཟློག་པའི་མཐུ་སྟོབས་རྩལ་ལྡན༔ དམ་ཉམས་དགྲ་ཡི་སྲོག་གི་གཤེད་མ༔ ས་བཅུའི་མངའ་བདག་དཔལ་ལྡན་དབང་ཕྱུག༔ འཁོར་འདས་དབང་བསྒྱུར་གར་གྱི་དབང་ཕྱུག༔ སྲིད་པའི་འགྲན་བྲལ་མ་ཧཱ་དཱེ་ཝ༔ དབང་ཆེན་ཚོགས་བདག་གཙུག་ན་ཟླ་བ༔ ཐུགས་རྗེ་འོད་སྟོང་ལྟ་བུའི་སྲུང་མ༔ མྱུར་མགྱོགས་རླུང་འཚུབས་ལྟ་བུའི་སྲུང་མ༔ ཆེ་བཙན་ནམ་མཁའ་ལྟ་བུའི་སྲུང་མ༔ དྲག་ཤུལ་ཐོག་མདའ་ལྟ་བུའི་སྲུང་མ༔ སྙན་གྲག་དབྱར་རྔ་ལྟ་བུའི་སྲུང་མ༔ རཏྣ་དབང་རྒྱལ་ལྟ་བུའི་སྲུང་མ༔ གཙུག་ལག་ཆོས་འཁོར་གྱི་སྲུང་མ༔ དབེན་གནས་གཉན་གྱི་སྲུང་མ༔ ཕ་མྱེས་རྒྱུད་ཀྱི་སྲུང་མ༔ ཉ་སྟོང་དུས་དྲུག་གི་སྲུང་མ༔ བརྟེན་ཅིང་བསྒྲུབ་པའི་སྲུང་མ༔ མཆོད་ཅིང་བསྟོད་པའི་སྲུང་མ༔ རང་བཞིན་ཤུགས་ཀྱི་སྲུང་མ༔ སྐྱེ་བ་གཏན་གྱི་སྲུང་མ༔ སྔོན་བསུ་རྒྱབ་སྐྱེལ་གྱི་སྲུང་མ༔ ཁས་དྲག་སྤྱི་བཙན་གྱི་སྲུང་མ༔ དཔུང་ཤུགས་རྒྱབ་བརྟེན་གྱི་སྲུང་མ༔ ནུས་མཐུ་དྲག་སྔགས་ཀྱི་སྲུང་མ༔ ངར་ཅན་སྐད་སྙན་གྱི་སྲུང་མ༔ དབང་སྡུད་ཟིལ་གནོན་གྱི་དགྲ་ལྷ༔ སྙིང་ཉེ་དམ་གཙང་གི་དགྲ་ལྷ༔ དགྲ་བསད་བགེགས་འདུལ་གྱི་དགྲ་ལྷ༔ དངོས་གྲུབ་གཏེར་མཛོད་ཀྱི་ཆོས་སྐྱོང་ཆེན་པོ་ལྷ་མཆོག་དབང་ཕྱུག་ཆེན་པོ་དཔའ་བོ་གར་གྱི་དབང་ཕྱུག༔ འདོད་རྒྱལ་ཚོགས་ཀྱི་བདག་པོ༔ དབང་ཆེན་གཙུག་ན་ཟླ་བ༔ ལས་མཁན་མ་ཧཱ་ཀྲོ་ཏ༔ ཡུམ་མཆོག་ཨུ་མ་དཱེ་ཝི༔ རེ་ཏཱི་གར་གྱི་དབང་མོ༔ སྲས་མཆོག་ལེགས་ལྡན་ནག་པོ༔ ལས་བཞིའི་ཌཱ་ཀི་མ་བཞི༔ སྒྲོལ་བའི་གིང་ཆེན་སྡེ་བཞི༔ ལས་མཁན་བདུད་བཙན་ཀླུ་གསུམ༔ གཡས་ཀྱི་རུ་འདྲེན་མགོན་པོ་ཕོ་རྒྱུད༔ གཡོན་གྱི་རུ་འདྲེན་ལྷ་མོ་མོ་རྒྱུད༔ སྔོན་གྱི་སྣ་འདྲེན་སྡེ་དཔོན་སུམ་ཅུ༔ རྒྱབ་ཀྱི་རྗེས་ཉུལ་དཔལ་མགོན་བདུན་ཅུ་ལ་སོགས་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཁྱེད་རྣམས་ལ་ཕྱི་ཉེར་སྤྱོད་བདུན་གྱི་མཆོད་པ༔ ནང་འདོད་ཡོན་ལྔའི་མཆོད་པ༔ གསང་བ་སྨན་རཀ་གཏོར་མའི་མཆོད་པ༔ ཡང་གསང་སྦྱོར་བ་དང་སྒྲོལ་བའི་མཆོད་པ༔ ཤ་རི་ཁྲག་གི་རྒྱ་མཚོ༔ སྦྱོར་བ་བདེ་སྟོང་གི་མཆོད་པ༔ དྲག་པོ་དམར་གྱི་དབང་ལྔ༔ ཟས་སྨན་དར་ཟབ་སྣ་ཚོགས༔ རིན་ཆེན་དཀོར་ནོར་སྣ་ཚོགས༔ རི་དྭགས་གཡུང་དྭགས་སྣ་ཚོགས༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད༔ ག་ཎ་ཚོགས་ཀྱི་པཱུ་ཛ་ལ་སོགས་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཅེས་པས་མཆོད་པའི་ཡོ་བྱད་ཀུན་གྱིས་མཆོད༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧོཿདགོངས་སུ་གསོལ་ལོ༔ ལྷ་མཆོག་ཆེན་པོ་དཔའ་བོ་གར་གྱི་དབང་ཕྱུག་ཁྱོད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ ཁྱེད་ནི་རྣལ་འབྱོར་པ་བདག་གི་ཕ་ལྟར་དུ་བསྒྲུབ་པ་ཡིན་གྱིས་ཕ་ལྟར་དུ་བརྩེ་བར་གྱིས་ཤིག༔ མ་ལྟར་དུ་བསྟེན་པ་ཡིན་གྱིས་མ་ལྟར་དུ་བྱམས་པར་གྱིས་ཤིག༔ གྲོགས་ལྟར་སྒྲུབ་པས་གདུང་སེམས་མ་ཆུང་༔ སྤུན་ལྟར་བསྟེན་པས་ཕྲག་དོག་མ་མཛད༔ བྲན་ལྟར་བསྟེན་པས་ཕྲིན་ལས་མ་གཡེལ་ཅིག༔ འབོད་པའི་ཚེ་ན་སྙན་མ་སྲ་ཞིག༔ བརྟེན་ཅིང་བསྒྲུབ་པའི་ཚེ་ན་རྒྱང་མ་རིང་ལ་ཐུགས་མ་གཡེལ་ཅིག༔ ཞི་བའི་ལས་དང་བཟློག་ལས་བཅོལ་ཚེ་སྟོབས་དང་རྒྱ་མ་ཆུང་༔ གཞན་ཡང་ལྷ་ལས་ལྷའི་མཆོག་ཏུ་ཁྱོད་བསྒྲུབ་བོ༔ དཀའ་བ་དང་དུ་བླང་ཞིང་ངལ་བ་ཁྱད་དུ་བསད་ནས་ཁྱོད་བསྒྲུབ་བོ༔ ཟས་ཀྱི་ཕུད་དང་༔ ནོར་གྱི་བཅུད་བསྡུས་ཏེ་ཁྱོད་བསྒྲུབ་པ་ཡིན་གྱིས༔ རྣལ་འབྱོར་པ་བདག་ལ་གཡང་ཆེན་གྱི་ནོར་སྐྱེལ་ཅིག༔ བཅུད་ཆེན་གྱི་ཟས་སྡུས་ཤིག༔ བརྗིད་ཆེན་གྱི་གོས་སྐོན་ཅིག༔ མི་སྙིང་དམར་པོ་སྒུལ་ཅིག༔ མི་སེམས་སྣང་བ་གཡོས་ཤིག༔ མཛའ་སྡུག་གི་གྲོགས་དང་སྤྲོད་ཅིག༔ སྦྱིན་བདག་ཕོ་མོའི་ལག་པ་སྒུལ་ཅིག༔ འགྲོ་བ་མི་ཡི་རྣམ་ཤེས་གཡོས་ཤིག༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག༔ འདོད་རྒུའི་དཔལ་ཡོན་ཐམས་ཅད་རྒྱུན་ཆད་མེད་པར་སྩོལ་ཅིག༔ སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་སྒྲེངས་ཤིག༔ མུ་སྟེགས་ཀྱི་བསྟན་པ་གཏན་ནས་བཟློག་ཅིག༔ གཞན་ཡང་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གནོད་བྱེད་ཐམས་ཅད་བརླག་པར་མཛོད་ཅིག༔ བཅོམ་པར་མཛོད་ཅིག༔ འདུལ་བར་མཛོད་ཅིག༔ ཞི་བའི་ཕྲིན་ལས་ཀྱིས་དཔའ་བཀོངས་ཤིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པའི་ཕྲིན་ལས་ཀྱིས་ཚེ་བསོད་སྤེལ་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་གི་ཕྲིན་ལས་ཀྱིས་ཁམས་གསུམ་དབང་དུ་སྡུས་ཤིག༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོའི་ཕྲིན་ལས་ཀྱིས་དགྲ་བགེགས་གནོད་བྱེད་རྡུལ་དུ་བརླག་ཅིག༔ མཱ་ར་ཡ་རྦད་རྦད་ཕཊ༔ ཧོཿལྷ་མཆོག་དབང་ཕྱུག་ཆེན་པོ་ཡུམ་མཆོག་ཨུ་མ་དཱེ་ཝི་འཁོར་དང་བཅས་པས་བདག་ལ་སྐད་ཅིག་འབྲལ་བ་མེད་པར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་སྒྲུབས་ཤིག༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྒྱལ་བར་མཛོད་ཅིག༔ གཞན་ཡང་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་འགལ་རྐྱེན་བར་ཆད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཚེ་བསོད་ནམས་མངའ་ཐང་ཡོན་ཏན་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་བརྟན་པར་མཛོད་ཅིག༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བླ་སློབ་རྒྱལ་བློན་འབངས་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་སྐད་ཅིག་ཉིད་ལ་དབང་དུ་སྡུས་ཤིག༔ བདག་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་སྡང་བར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ ཚེ་ལེན་གྱི་བདུད༔ བར་ཆད་ཀྱི་རྐྱེན༔ བྱད་མ་ལྷ་དང་བཅས་པ་མེ་སྟག་ཆུས་བསད་པ་བཞིན་དུ་རློག་ཅིག༔ ཐུལ་ཅིག་སོད་ཅིག་སྒྲོལ་ཅིག༔ གཞན་ཡང་ནད་འོང་ན་སྨན་ཐོང་༔ དུག་འོང་ན་རྩི་སྐྱོལ༔ དགྲ་འོང་ན་བྱ་ཐོང་༔ བགེགས་འོང་ན་མགོ་ཁོས་ཤིག༔ ཤག་དང་རྒྱན་ཁ་ཁྱོད་ཀྱིས་ཟུངས་ཤིག༔ སྡང་བའི་དགྲ་ལ་མཐུ་མ་ཆུང་༔ གནོད་པའི་བགེགས་ལ་རྩལ་མ་ཞན༔ བཅོལ་བའི་ལས་ལ་བང་མ་བུལ་ཅིག༔ ཆུ་རབ་མེད་ལ་རབ་ཚུག་ཅིག༔ བྲག་ཐེམ་མེད་ལ་ཐེམ་སྐས་ཀྱིས་ཤིག༔ ལེགས་པ་བརྒྱ་དང་སྤྲོད༔ ཉེས་པ་སྟོང་དང་བསྣོལ༔ ཁ་ཡི་ཟས་འདོད་ཟས་དང་སྤྲོད༔ ལག་པ་ནོར་འདོད་ནོར་དང་སྤྲོད༔ སྙིང་གིས་ཆོས་འདོད་ཆོས་དང་སྤྲོད༔ འཆི་བདག་གི་བདུད་ཐུལ༔ དངོས་གྲུབ་ཀྱི་སྒབ་འདྲེ་ཆོམས༔ ཟས་སྦྱིན་གྱི་ལྷ་གྱིས༔ ནོར་སྦྱིན་གྱི་དཔལ་གྱིས༔ བཟང་བའི་མགོན་གྱིས༔ ཁས་དྲག་དང་དཔུང་ཤུགས་ཀྱིས༔ གཞན་ཡང་སྒྲུབ་པའི་རྟགས་སྟོན་ཅིག༔ སྙན་པའི་སྒྲ་སྒྲོགས་ཤིག༔ དགྱེས་པའི་ཞལ་སྟོན་ཅིག༔ གྲགས་པའི་དུང་བུས་ཤིག༔ སུ་ལ་མི་རེ་ཁྱོད་ལ་རེའོ༔ སུ་ལ་མི་ལྟོས་ཁྱེད་ལ་ལྟོས་སོ༔ རྒྱལ་མཚན་དུ་ཁྱེད་འཛུག་གོ༔ དཔའ་དར་དུ་ཁྱེད་ཕྱར་རོ༔ དཔུང་གཉེན་དུ་ཁྱེད་བསྟེན་ནོ༔ སྙིང་གྲོགས་སུ་ཁྱེད་བཙལ་ལོ༔ ཆོས་སྐྱོང་དུ་ཁྱེད་བསྒྲུབ་བོ༔ སྡང་བའི་དགྲ་ཐུལ་ཅིག༔ གནོད་པའི་བགེགས་ཆོམས་ཤིག༔ སྤོ་ལ་དཔའ་བའི་དར་ཕྱོར་ཅིག༔ ཁྲོམ་དུ་སྙན་པའི་དུང་བུས་ཤིག༔ གང་འདོད་ཀྱི་བསམ་པ་སྒྲུབས་ཤིག༔ ཕར་ལ་འགྲོ་ན་སྐྱེལ་མ་གྱིས་ཤིག༔ ཚུར་ལ་འོང་ན་བསུ་མ་གྱིས་ཤིག༔ མཐོ་བར་ཉིན་གྱི་བྱ་ར་གྱིས་ཤིག༔ དམའ་སར་མཚན་གྱི་མེལ་རྩེ་གྱིས་ཤིག༔ འཇིགས་སར་ལམ་གྱི་སྐྱེལ་མ་གྱིས་ཤིག༔ འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་དང་ལྡན་པར་མཛོད་ཅིག༔ གཞན་ཡང་ད་ལྟ་ཚེ་འདི་ལ་བདག་གི་བརྟེན་པའི་གནས་ནི་བཤད་སྒྲུབ་ཀྱི་གཙུག་ལག་ཁང་དང་དབེན་པའི་རི་ལ་གནས་པར་མཛོད་ཅིག༔ དེ་ཚེ་འཚོ་བའི་ཡོ་བྱད་སྦྱོར་ལ་སྐལ་ལྡན་གྱི་འཁོར་སློབ་ངང་གིས་སྡུས་ཤིག༔ བདག་གི་རྒྱུད་ལ་ངེས་འབྱུང་དང་སྐྱོ་ཤས་ཀྱི་བསམ་པ་རྒྱུན་དུ་གནས་པར་མཛོད་ལ་བློ་སྣ་དམ་པའི་ཆོས་ལ་དྲོངས་ཤིག༔ བློ་ཕུག་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་ས་རུ་སྐྱོལ་ཤིག༔ སྨིན་གྲོལ་གྱི་གདམས་པ་ཉམས་སུ་བླངས་པ་ཙམ་གྱིས་གོལ་ཤོར་གྱི་འཕྲང་ལས་བསྒྲལ་ནས༔ ས་ལམ་གྱི་ཡོན་ཏན་མཐའ་དག་རྒྱུད་ལ་སྐྱེས་ནས་མཐར་ཐུག་གདོད་མའི་དབྱིངས་སུ་འཕོ་མེད་ཆོས་སྐུའི་རྒྱལ་སྲིད་ལ་དབང་འབྱོར་ནས༔ དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད་ཅིག༔ བདུད་རྩིའི་ཕུད་རྒོད་གཙང་མའི་ཕྱོགས་སུ་མཆོད༔ མཆོད་གཏོར་ལས་ཀྱི་བ་ལིང་ནང་དུ་ཕུལ༔ མཐར་ནི་ལས་གཏོར་བསང་གི་ནང་དུ་བསྲེགས༔ དེ་ལྟར་རྒྱུན་དུ་བསྐང་གསོལ་རབ་འབད་ན༔ ལས་གང་བརྩོན་བྱས་མྱུར་དུ་འགྲུབ་པར་འགྱུར༔ ཁྱད་པར་ཉ་སྟོང་དུས་དྲུག་རྒྱུ་དུས་ལ༔ ལས་བཞིའི་ཕྲིན་ལས་གང་བཅོལ་འགྲུབ་པ་དང་༔ སྐྱེ་འགྲོ་ཕོ་མོ་རང་དབང་མེད་པར་འདུ༔ དཔལ་དང་འབྱོར་པ་རྣམ་ཐོས་བུ་དང་མཚུངས༔ ནུས་མཐུ་དྲག་རྩལ་ཧེ་རུ་ཀ་དང་མཉམ༔ ཆོས་སྐུའི་དུས་ན་མགོན་པོ་ཚེ་མཐའ་ཡས༔ ལོངས་སྐུ་སྤྱན་རས་གཟིགས་དབང་རྟ་མཆོག་དཔལ༔ སྤྲུལ་སྐུ་དབང་ཕྱུག་ཚོགས་བདག་འདོད་པའི་རྒྱལ༔ རྣམ་གསུམ་དབྱེར་མེད་བདེ་ཆེན་དབང་གི་ལྷ༔ འདི་འདྲའི་ཆོས་སྐྱོང་འཇིག་རྟེན་གསུམ་ན་དཀོན༔ དེ་ཕྱིར་འདི་ལ་རྟག་ཏུ་ནན་ཏན་མཛོད༔ ཨེ་མ་བདག་འདྲ་པདྨ་ཐོད་ཕྲེང་གིས༔ ལྷ་ཆེན་དབང་ཕྱུག་ཕུད་བསྐང་མང་སྦས་ཀྱང་༔ ཡང་ཟབ་སྙིང་པོ་འདི་ལས་སྦས་པ་མེད༔ དེ་ཕྱིར་གཅིག་བརྒྱུད་ལས་ནི་སྤེལ་མི་རུང་༔ གལ་ཏེ་སྤེལ་ན་བཀའ་ཆད་དྲག་པོ་འབེབས༔ དུས་ངན་ཐ་མ་བསྐལ་པའི་མར་གཤམ་ལ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་འདི་སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ དྲང་སྲོང་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ སྐྱེས་བུ་ཆེན་པོས་སྤྱི་ཡི་བྱ་ར་མཛོད༔ བཀའ་ལོག་དམ་ཉམས་རྣམས་ཀྱི་སྙིང་ཁྲག་འཐུང་༔ སྣོད་ལྡན་ལས་འཕྲོ་ཅན་གྱི་ལག་ཏུ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག་༠༠༠༠༠༠༣༧༤༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ གཉན་རྒྱ༔ ཞེས་པ་འདི་ཉིད་གར་དབང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དབང་ཕྱུག་གསང་བ་དྲེགས་པའི་སྲོག་རྒྱུད་ལས་ཁོལ་དུ་ཕྱུང་ཞིང་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 13:51, 13 August 2024

Wylie title TTDL-ZABTER-08-NYA-040.pdf
Location bdud 'joms gling pa zab gter
Volume 8, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དབང་ཕྱུག་དྲེགས་པའི་སྲོག་རྒྱུད་ལས༔ འཇིག་རྟེན་དབང་སྡུད་ལྕགས་ཀྱུ་དམར་པོའི་བདུད་རྩི་ཕུད་ཀྱི་བསྐང་གསོལ་རཏྣ་དབང་གི་རྒྱལ་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༣༤༨༔ རྒྱལ་ཀུན་སོར་རྟོག་ཡེ་ཤེས་ལས་སྤྲུལ་པ༔ དབང་ཆེན་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་མཁན་པོ་པདྨ་ངས༔ མ་འོངས་སྐལ་བཟང་སྐྱེས་བུའི་སྲུང་མ་དང་༔ གསང་གཏེར་གཉན་པོའི་སྤྱི་ཡི་བྱ་ར་བ༔ སྣང་སྲིད་དབང་ཕྱུག་མ་ཧཱ་དཱེ་ཝ་ཉིད༔ ཐུགས་དམ་བསྐང་ཞིང་ལས་ལ་ཁོལ་བའི་ཕྱིར༔ ཟབ་པའི་མཐར་ཐུག་བསྐང་གསོལ་འདི་ཉིད་བརྩམས༔ དེ་ལ་ལྷ་ཆེན་བསྒྲུབ་པ་གང་དག་གིས༔ བཀྲ་ཤིས་བྱིན་ལྡན་རབ་དབེན་གཙང་མའི་སར༔ མཎྜལ་ཟླ་གམ་དབང་གི་ཁ་ཏོག་ཅན༔ དེ་སྟེང་ཙན་དན་དམར་པོའི་ཕྱེ་མ་བཏབ༔ རིན་ཆེན་ལྔ་ཡི་ཚོམ་བུ་རབ་བཀོད་ནས༔ ཟངས་སྣོད་ནང་དུ་དཔལ་བཤོས་ནོར་བུའི་དབྱིབས༔ ལི་ཁྲི་མཚལ་སོགས་དབང་གི་རྫས་ཀྱིས་བྱུགས༔ རཏྣའི་ཕྲེང་བ་པདྨ་དམར་པོས་བརྒྱན༔ གཡས་སུ་བཤོས་ཕྲན་གཡོན་དུ་ལྷ་བཤོས་དང་༔ ཕྱོགས་བཞིར་ལས་བཞིའི་བཤོས་བུ་ཁ་ཏོག་ཅན༔ དེ་རྒྱབ་གཏོར་ཆུང་བདུན་ཅུ་རྩ་གསུམ་དང་༔ མཐའ་མར་བསྐང་བའི་དོད་རྫས་དག་གིས་བསྐོར༔ མཛེས་པའི་དར་ཚོན་ལྔ་ཡིས་ལེགས་པར་བརྒྱན༔ དེ་མདུན་པདྨའི་སྣོད་དུ་གཡང་རྫས་བཀྲམ༔ ནང་དུ་བརྟེན་རྫས་བླ་རྡོ་སྲོག་འཁོར་དང་༔ དབང་གི་རྫས་མཆོག་རིལ་བུ་བྱིན་ལྡན་བཀོད༔ སྟེང་དུ་ལེ་བརྒན་དམར་པོའི་ལྡིང་གུར་ཕུབ༔ གཞན་ཡང་ཕུད་ཀྱི་སྣོད་དུ་བདུད་རྩི་དང་༔ དཀར་སྐྱེམས་དམར་སྐྱེམས་གསེར་སྐྱེམས་གཏོར་མ་དང་༔ མར་ཐུད་བུ་རམ་ཤ་སོགས་མཆོད་རྫས་རྣམས༔ དངོས་གཙང་བཀོད་ལེགས་རྒྱུ་དག་བྱེད་པ་གནད༔ དེ་ནས་རང་ཉིད་ལྷག་པའི་ལྷར་གསལ་བ༔ རང་ཉིད་སྐད་ཅིག་གིས་ཆོས་ཉིད་སྟོང་པའི་དབྱིངས་ལས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པས་གནམ་ལྕགས་ཀྱི་གྲི་གུག་ནམ་མཁར་གདེངས་པ༔ གཡོན་པས་བྷནྡྷ་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བའི་ཁྲོད་དུ་རྟ་མགོ་ལྗང་ཞུར་མཚེར་བ༔ ཞབས་གཉིས་འདོར་སྟབས་ཀྱིས་བཞུགས་ཤིང་སྣང་སྲིད་དྲེགས་པ་གདན་དུ་བཏིང་ཞིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་གསོལ་བའི་སྤྱི་བོར་རལ་པའི་རྩེ་རུ་ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཟིལ་གནོན་གྱི་སྐུར་བསྐྱེད་ལ༔ གཉིས་ཀའང་མེ་དཔུང་དམར་ནག་འབར་བའི་ཀློང་དུ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ་སྡེ་བརྒྱད་བྲན་དུ་འཁོར་བར་བསྐྱེད་དོ༔ རང་རང་གི་རྩ་སྔགས་ཀྱང་བརྗོད༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ ལན་གསུམ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས་ཧཾ༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ༔ གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་༔ བདུད་རྩི་སྨན་གྱི་མཆོད་པ༔ རཀྟ་དམར་གྱི་མཆོད་པ༔ བ་ལིང་རྒྱན་གྱི་མཆོད་པ༔ དམ་རྫས་མྱོང་གྲོལ་གྱི་མཆོད་པ༔ འཕན་གདུགས་རྒྱལ་མཚན་གྱི་མཆོད་པ༔ ཡིད་འོང་སྒེག་མོའི་མཆོད་པ༔ གཟུགས་འགྲོས་སྣ་ཚོགས་ཀྱི་མཆོད་པ༔ ཇ་ཆང་ཕུད་རྒོད་ཀྱི་མཆོད་པ༔ དཀར་གསུམ་མངར་གསུམ་གྱི་མཆོད་པ༔ ཤ་ཁྲག་དམར་གྱི་མཆོད་པ༔ གསུར་ཆེན་དུད་པའི་མཆོད་པ༔ གཞན་ཡང་རྟེན་རྫས་སྒྲུབ་རྫས་བསྐང་རྫས་མཆོད་རྫས་ཐམས་ཅད་མ་ཚང་བ་མེད་པ་རྒྱ་ཆེ་ཞིང་ཟད་མི་ཤེས་པ༔ ངོ་བོ་བདེ་སྟོང་ཟག་པ་མེད་པ༔ རྣམ་པ་སྒྱུ་མ་ལྟ་བུ་མང་ཞིང་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་དགྱེས་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱདྱཾ་སོགས་ཤཔྟ་ཨཱཿཧཱུྃ༔ ཨོཾ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱི་ཋཱ༔ ཨོཾ་མ་ཧཱ་རཀྟ་ཧཱུྃ་ཧྲཱི་ཋཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་སོགས་སྭཱ་ཧཱ༔ དེ་ནས་སྙན་གསན་དབབ་ཅིང་སྤྱན་འདྲེན་ནི༔ དར་དམར་གཡབ་ཅིང་རོལ་མོ་བསྒྲགས༔ དྲི་བཟང་སྤོས་ཀྱི་དུད་པ་བཏང་༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ གསན་དུ་གསོལ༔ མཁྱེན་པར་མཛད་དུ་གསོལ༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས༔ འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་རོལ་པའི་གར་མཁན༔ གསང་ཆེན་ཏནྟྲ་ཡོངས་ཀྱི་གཉེར་འཛིན༔ སྟོན་པའི་ལུང་བསྟན་མཆོག་ཏུ་འཕགས་པ༔ ཕྲིན་ལས་ཐོགས་མེད་ཤར་བའི་མཐུ་ལྡན༔ ཆོས་སྐྱོང་དྲེགས་པ་ཡོངས་ཀྱི་སྤྲུལ་གཞི༔ སྟེང་ལྷ་ཁམས་ཡོངས་ཀྱི་གཙོ་བོ༔ འོག་ཀླུ་ཁམས་ཀུན་གྱི་གཉའ་ནོན༔ བར་ལྷ་སྲིན་རྣམས་ཀྱི་གཤེད་མ༔ དམ་ཚིག་ཅན་ལ་གདུང་སེམས་ཆེ་བ༔ དམ་མེད་རྣམས་ལ་ཁྲོས་འཁྲུག་རྔམས་པ༔ སྒྲུབ་པ་པོ་ལ་སྙིང་ཉེ་བ༔ དགྲ་དང་བགེགས་ལ་རྩལ་ཕྱུང་བ༔ འགྲོ་བའི་སྣང་སེམས་ལ་དབང་བ༔ སྲིད་པའི་ལེགས་ཉེས་ལ་གཟིགས་པ༔ སྐྱེ་འགྲོའི་བློ་ཡིད་ལ་མངའ་དབང་བསྒྱུར་བའི་ལྷ་མཆོག་ཆེན་པོ་དཔའ་བོ་གར་གྱི་དབང་ཕྱུག་སྐུ་མདོག་དམར་གསལ་ཉི་མ་འབུམ་ལས་འོད་ཟེར་གཟི་བརྗིད་ཆེར་འབར་བ༔ ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ༔ ཕྱག་གཡས་འགྲོ་བའི་བླ་སྲོག་སྙིང་ནས་འགུགས་པའི་ཟངས་ཀྱི་ལྕགས་ཀྱུ་དམར་པོ་ཕྱར་བ༔ གཡོན་ན་སྣང་སྲིད་བྲན་དུ་སྡོམ་པའི་ཉི་ཟེར་གྱི་ཞགས་པ་བསྣམས་པ༔ ལྗང་སྔོན་རལ་པ་སྤྱི་བོར་བཅིངས་ཤིང་ཟར་བུ་རྟིང་རྩེར་སླེབ་པ༔ ལྷའི་བུ་ཟླ་བ་ཐོད་དུ་བཅིངས་ཤིང་༔ ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོས་དབུ་བརྒྱན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་དོ་ཤལ་བྱས་ཤིང་པདྨ་དམར་པོའི་རྒྱན་གྱིས་བརྒྱན་པ་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ་ཞབས་གཉིས་འདོར་ཐབས་ཀྱི་བཞུགས་ཤིང་གསང་བའི་རྡོ་རྗེ་གྱེན་དུ་བསྒྲེང་བ༔ དབང་གི་འོད་ཟེར་མུ་མཐའ་མེད་པར་ཁྱབ་པ༔ སྣང་སྲིད་མོ་རྒྱུད་ཡོངས་ཀྱི་མངའ་བདག་བཙུན་མོ་ཨུ་མ་དཱེ་ཝི་དབང་གི་ཁ་ཏོག་འབར་ཞིང་གཅེར་བུ་ལང་ཚོ་རྒྱས་པ་ཆགས་པའི་ཉམས་དང་ལྡན་པ༔ ལྕགས་ཀྱུ་དང་ནོར་བུ་འཛིན་ཅིང་པདྨའི་ཕྲེང་བས་བརྒྱན་པ༔ གཞན་ཡང་ལས་བཞིའི་ལྷ་མོ་རྣམ་བཞི༔ ལྷ་ཆེན་ཚངས་པའི་རྒྱལ་པོ༔ བཀའ་བློན་རྒྱལ་ཆེན་སྡེ་བཞི༔ དྲེགས་པའི་སྡེ་དཔོན་སུམ་ཅུ༔ དཔལ་མགོན་བདུན་ཅུ་རྩ་ལྔ༔ གནོད་སྦྱིན་ནོར་བདག་འཁོར་བཅས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད༔ འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཁྱོད་རྣམས་རང་བཞིན་ཆོས་ཀྱི་དབྱིངས་ན་བཞུགས་སམ༔ བདེ་ཆེན་དབང་གི་དཀྱིལ་འཁོར་ན་བཞུགས་སམ༔ གཟུགས་ཁམས་གནས་རིས་བཅུ་བདུན་ན་བཞུགས་སམ༔ ཆོས་བཟང་ལྷ་ཡི་མདུན་ས་ན་བཞུགས་སམ༔ རྒྱ་གར་རྡོ་རྗེ་གདན་ན་བཞུགས་སམ༔ བསིལ་བའི་ཚལ་ན་བཞུགས་སམ༔ འཇིགས་རུང་རྩུབ་འགྱུར་གྱི་ཚལ་ན་བཞུགས་སམ༔ སྦས་ཡུལ་དྲུག་ཅུ་རྩ་བཞི་ན་བཞུགས་སམ༔ བདེ་མཆོག་ཏི་སེའི་གངས་རྫོང་ན་བཞུགས་སམ༔ གཞན་ཡང་རི་རབ་ཀྱི་རྩེ་ན་བཞུགས་སམ༔ རྒྱ་མཚོའི་འགྲམ་ན་བཞུགས་སམ༔ ཆོས་འཁོར་གཉན་པོ་ན་བཞུགས་སམ༔ འོན་ཀྱང་གནས་མཆོག་གང་ན་བཞུགས་ཀྱང་རུང་སྟེ༔ རྣལ་འབྱོར་པ་བདག་གི་དད་པས་དྲན་ནོ༔ དམ་ཚིག་གིས་འབོད་དོ༔ རྩེ་གཅིག་གིས་བསྟེན་ནོ༔ རྟག་ཏུ་གསོལ་ཞིང་མཆོད་ཀྱིས༔ གསང་ཆེན་སྒྲུབ་པའི་གནས་མཆོག་འདིར་བྱོན་ཅིག་གཤེགས་ཤིག༔ ད་ཚུར་བྱོན་ད་ཚུར་བྱོན༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿཧོཿགསོན་ཅིང་དགོངས་སུ་གསོལ་ལོ༔ སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཀྱི་ཆེ་བཙན་དུ་གྱུར་པ་ལྷ་མཆོག་ཆེན་པོ༔ སྣང་སྲིད་མོ་རྒྱུད་ཐམས་ཅད་ཀྱི་ཆེ་བཙན་དུ་གྱུར་པ་བཙུན་མོ་ཨུ་མ་དཱེ་ཝི༔ ཕོ་རྒྱུད་མགོན་པོའི་སྡེ་ཚོགས་ཕོ་ཉར་འགྱེད་ཅིང་༔ མོ་རྒྱུད་མ་མོའི་སྡེ་ཚོགས་ལས་ལ་འཛུད་པ༔ སྣང་སྲིད་ཁ་ལོ་བསྒྱུར་ཞིང་སྲིད་པའི་ལེགས་ཉེས་ངོམས་པ༔ མཐུ་རྩལ་གྱིས་བགེགས་ལ་རྔམས་ཤིང་དྲག་རྩལ་གྱིས་དགྲ་ལ་རྒྱུག་པ༔ མངོན་ཤེས་ཀྱི་སྤྱན་སྟོན་ཅིང་རྫུ་འཕྲུལ་གྱིས་སྟོབས་འགྱེད་པ༔ གང་འདོད་ཀྱི་ལས་བསྒྲུབ་ཅིང་དངོས་གྲུབ་ཀྱི་ཆར་འབེབས་པ༔ དམ་ཉམས་དགྲ་ལ་གདུག་རྩུབ་ཆེ་ཞིང་བགེགས་དང་སྲི་ལ་དྲག་ཤུལ་ཆེ་བ༔ རྦད་ན་ཕྱིར་ལ་མི་ལྡོག་པ་ནམ་མཁའི་ཐོག་དང་མཚུངས་པ༔ དགྲ་བོ་རྗེས་མེད་བྱེད་པ་བསྐལ་པའི་མེ་དང་འདྲ་བ༔ མཐུ་རྩལ་ཆོས་སྐྱོང་ཀུན་ལས་འགྲན་ཟླ་བྲལ་བ༔ ལྟ་ལོག་མུ་སྟེགས་ཀྱི་བསྟན་པ་ཐབས་ཀྱིས་བསྣུབ་པ༔ མཐའ་དམག་ཀླ་ཀློ་རྣམས་ཀྱི་གཤེད་དུ་གྱུར་པ༔ རྒྱལ་གཤེད་དམ་སྲི་རྣམས་ཀྱི་སྲོག་སྙིང་འབྱིན་པ༔ དྲག་པོའི་ལས་ལ་བརྩོན་པ༔ དབང་གི་ལས་ལ་བསྔགས་པ༔ མདོ་སྔགས་བཀའ་ཡི་ཆོས་སྐྱོང་༔ རིན་ཆེན་གཏེར་གྱི་སྲུང་མ༔ ཨ་ཏི་ཆོས་ཀྱི་བྱ་ར༔ བསྟན་སྲུང་ཡོངས་ཀྱི་རྗེ་བོ༔ ཆེ་བཙན་འཇིག་རྟེན་གསུམ་ན་འཕགས་ཤིང་དྲག་རྩལ་གནམ་ལྕགས་ཐོག་ལས་ཆེ་བ༔ ནུས་མཐུ་དྲང་སྲོང་ཀུན་ལས་འཕགས་ཤིང་གདུག་རྩུབ་དུས་མཐའི་མེ་ལས་ཚ་བ༔ མྱུར་མགྱོགས་ནམ་མཁའི་གློག་ལས་མྱུར་ཞིང་དགོངས་པ་ཡི་དམ་ལྷ་དང་མཉམ་པ༔ བསྟེན་པ་ཙམ་གྱིས་རིན་ཆེན་ནོར་གྱི་ཆར་པ་འབེབས་པ༔ མཆོད་པ་ཙམ་གྱིས་སྐྱེ་འགྲོ་ཕོ་མོའི་རྣམ་ཤེས་འགུགས་པ༔ དབང་གི་ཁ་ཏོག་འབར་ཞིང་ཆགས་པའི་འོད་ཟེར་འཕྲོ་བ༔ ཁམས་གསུམ་གྱི་བློ་ཡིད་གཏིང་ནས་འཕྲོག་པ༔ སྲིད་གསུམ་འགྲོ་བའི་སྣང་སེམས་བསྒྱུར་བ༔ འགྲོ་བ་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་བླ་སྲོག་སྙིང་ནས་འགུགས་པའི་སྲིད་གསུམ་གཡོ་བྱེད་སྙིང་འཛིན་རླུང་ཞགས་ལྕགས་ཀྱུ་དམར་པོ་དབང་ཆེན་དབང་གི་ལྷ་མཆོག་དཔའ་བོ་གར་གྱི་དབང་ཕྱུག༔ ཡུམ་མཆོག་ཨུ་མ་དཱེ་ཝི༔ དབང་གི་དྷཱ་ཀི་མ་བཞི༔ དཔལ་མགོན་བདུན་ཅུ་རྩ་ལྔ༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་ཁྱོད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཧོཿདགོངས་སུ་གསོལ་ལོ༔ ལྷ་མཆོག་མ་ཧཱ་དཱེ་ཝ་དཔའ་བོ་གར་གྱི་དབང་ཕྱུག༔ འཇིག་རྟེན་གསུམ་གྱི་གཙུག་ན་རབ་ཏུ་མཐོ་བ༔ གཟུགས་མེད་སྐྱེ་མཆེད་མུ་བཞི་ཐུགས་ཀྱི་བཀོད་པ༔ གཟུགས་ཁམས་གནས་རིས་བཅུ་བདུན་གསུང་གི་བཀོད་པ༔ འདོད་ཁམས་ཉི་ཤུ་སྐུ་ཡི་བཀོད་པ༔ སྟེང་ཕྱོགས་ལྷ་ལ་དབང་བསྒྱུར་བས་ལྷའི་དེད་དཔོན་མཛད་པ༔ འོག་ཕྱོགས་ཀླུ་ལ་དབང་མཛད་པས་ཀླུ་ཆེན་བརྒྱད་པོ་གཡོག་ཏུ་བཀོལ་བ༔ བར་ཁམས་གཉན་ལ་དབང་མཛད་པས་གཉན་ཆེན་བརྒྱད་ཀྱི་སྲོག་སྙིང་འདྲེན་པ༔ གཟའ་ཡི་རྒྱལ་པོ་རཱ་ཧུ་ལ་དབང་བསྒྱུར་བས་གཟའ་ཆེན་བརྒྱད་ཀྱི་སྣ་འདྲེན་པ༔ སྐྱེས་མཆོག་བཛྲ་ས་དྷུ་ལས་ཀྱི་བྲན་དུ་བཀོལ་བས་བཙན་དམག་ལས་ལ་འགྱེད་པ༔ སྲོག་བདག་རྒྱལ་ཆེན་སྐུ་ལྔའི་སྲོག་སྙིང་ཕུལ་བས་རྒྱལ་པོ་ཡོངས་ལ་མངའ་མཛད་པ༔ གཞན་ཡང་འཇིག་རྟེན་གྱི་དྲེགས་པ་ཀུན་གྱི་སྲོག་གི་མངའ་བདག་མཛད་པ༔ དཔྱིད་ཟླ་གསུམ་ལ་བར་སྣང་སྟོང་པ་ལ་གནས་བཅས་ཏེ་ལུང་པར་དྲོད་འབེབ་ཅིང་ས་གཞིའི་མདོག་འབྱིན་པ༔ དབྱར་ཟླ་གསུམ་ལ་སྤྲིན་ནག་འཁྱིལ་བའི་དབྱིངས་ལ་གནས་བཅས་ནས་འབྲུག་དང་གློག་གི་སྣ་འདྲེན་ཅིང་ཐོག་དང་སེར་བའི་བདག་པོ་མཛད་པ༔ སྟོན་ཟླ་གསུམ་ལ་རི་རབ་ལྷུན་པོ་ལ་གནས་བཅས་ནས་སད་དང་སེར་བའི་སྣ་འདྲེན་ཅིང་འབྲུ་དྲུག་ལོ་ཐོག་ལ་མངའ་མཛད་པ༔ དགུན་ཟླ་གསུམ་ལ་རྒྱ་མཚོའི་གཏིང་ལ་གནས་བཅས་ནས་རླུང་དང་བུ་ཡུག་གི་སྣ་འདྲེན་ཅིང་འབྱུང་བ་བཞི་ཡི་བདག་པོ་བྱེད་པ༔ ཕྱི་ལྟར་ན་ལྷ་མཆོག་དབང་ཕྱུག་ཆེན་པོ༔ ནང་ལྟར་ན་ཚོགས་བདག་འདོད་པའི་རྒྱལ་པོ༔ གསང་བ་ལྟར་ན་འཕགས་མཆོག་སྤྱན་རས་གཟིགས་དབང་༔ ཡང་གསང་ལྟར་ན་དབང་ཆེན་རྟ་མཆོག་དམར་པོ༔ ཁམས་གསུམ་ལ་དབང་མཛད་པའི་ལྷ་མཆོག་དབང་ཕྱུག་ཆེན་པོ༔ འདོད་ཁམས་ལ་དབང་མཛད་པའི་དབང་ཕྱུག་འདོད་པའི་རྒྱལ་པོ༔ སྲིད་གསུམ་གྱི་བདག་པོ་དབང་ཕྱུག་ག་ཎ་པ་ཏི༔ རྣལ་འབྱོར་ཀུན་གྱི་དགྲ་ལྷ༔ ཆོས་མཛད་ཡོངས་ཀྱི་སྲུང་མ༔ གཏེར་ཁ་ཀུན་གྱི་མངའ་བདག༔ མགོ་ནག་ཡོངས་ཀྱི་རྗེ་བོ༔ ལེགས་ཉེས་གཉིས་ཀྱི་ཤན་འབྱེད༔ དགྲ་བགེགས་གཉིས་ཀྱི་གཤེད་མ༔ སྡེ་བརྒྱད་ཀུན་གྱི་གཙོ་བོ༔ ཆོས་སྐྱོང་ཡོངས་ཀྱི་གཙུག་རྒྱན༔ ལྷ་མཆོག་དབང་ཕྱུག་ཆེན་པོ་མ་ཧཱ་དཱེ་ཝ་དཔའ་བོ་གར་གྱི་དབང་ཕྱུག༔ ལྷ་སྲིན་དྲེགས་པའི་སྡེ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ྄༵ཧོཿགསོན་ཅིག་དགོངས་ཤིག་ལྷ་མཆོག་ཆེན་པོ་གཙུག་ན་ཟླ་བ་ཁྱོད་ནི༔ འཇིག་རྟེན་གསུམ་གྱི་གཙུག་ན་རབ་ཏུ་མངོན་པར་མཐོ་ཞིང་བཀའ་སྲུང་ཡོངས་ཀྱི་གཙོ་མཆོག་ཆེན་པོ་ངེས་དོན་དུ་ཡང་དག་པར་སངས་རྒྱས་མངོན་དུ་བརྙེས་ཀྱང་དྲང་དོན་དུ་འཇིག་རྟེན་གྱི་དྲེགས་པ་མི་སྲུན་དྲག་པོའི་སྐུར་བཞེངས་ནས༔ འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་བསྟན་པའི་བདག་པོ་མཛད་ཅིང་དམ་ལྡན་རྣལ་འབྱོར་པའི་སྲུང་མ་མཛད་ཅིང་༔ དམ་ཉམས་རྣམས་ཀྱི་སྲོག་གི་གཤེད་མ་མཛད་པ༔ སྔོན་ཚེ་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀས་དབང་བསྐུར་བ༔ དེ་རྗེས་དབང་ཆེན་རྟ་ཕག་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པ༔ དེ་རྗེས་སྟོན་པ་བཅོམ་ལྡན་འདས་ཀྱིས་མ་འོངས་སངས་རྒྱས་ཐར་པའི་དབང་པོ་ལ་ལུང་བསྟན་ཅིང་དེ་བར་དུ་དམ་པའི་ཆོས་ཀྱི་སྲུང་མ་མཛད་པར་ཁས་བླངས་པ༔ དེ་རུ་གསང་བདག་རྡོ་རྗེ་འཆང་ཆེན་གྱིས་གསང་སྔགས་ཀྱི་ཏནྟྲ་ཡོངས་ཀྱི་གཉེར་ཁ་གཏད་པ༔ དེ་འོག་ཏུ་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་གསང་གཏེར་གཉན་གྱི་སྲུང་མར་མངའ་གསོལ་བ༔ དེ་ལྟ་བུའི་ལྷ་མཆོག་ཁྱོད་ནི་བསྟེན་པ་ཙམ་གྱིས་འགྲོ་བ་འདུད་པ༔ སྒྲུབ་པ་ཙམ་གྱིས་དངོས་གྲུབ་མྱུར་དུ་འབྱུང་བ༔ མཐོང་བ་ཙམ་གྱིས་འགྲོ་བའི་ཡིད་འཕྲོག་ཅིང་༔ དྲན་པ་ཙམ་གྱིས་བདེ་བའི་མཆོག་སྟེར་བ༔ ཚད་མེད་ཐུགས་རྗེ་ཕྲིན་ལས་འོད་ཟེར་གྱིས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཡོན་ཏན་ཚད་མེད་པའི་སྟོབས་ཀྱིས་འཁོར་བ་བརྡལ་ཁྱབ་ཏུ་སྡུད་པ༔ ཐུགས་རྗེ་ཚད་མེད་པའི་སྟོབས་ཀྱིས་སྲིད་པ་མྱང་འདས་སུ་སྦྱོར་བ༔ སྲིད་གསུམ་སྐད་ཅིག་གིས་བསྒྲོད་པའི་མྱུར་མགྱོགས་རྫུ་འཕྲུལ་དང་ལྡན་པ༔ ལེགས་ཉེས་དགེ་སྡིག་གི་ཤན་ཕྲག་འབྱེད་པའི་མཐོང་བྱེད་མངོན་ཤེས་དང་ལྡན་པ༔ དཔལ་རྩལ་ཟིལ་གནོན་དང་ལྡན་པས་ཀུན་ལས་ཁྱད་དུ་འཕགས་པ༔ དགའ་བདེའི་ཡོན་ཏན་དང་ལྡན་པས་ཀུན་གྱི་བློ་ཡིད་འགུགས་པ༔ དྲག་པོའི་གཟི་མདངས་དང་ལྡན་པས་ཐམས་ཅད་ཟིལ་གྱིས་གནོན་པ༔ ཕྲིན་ལས་རྣམ་བཞི་དང་ལྡན་པས་ཀུན་ལ་དབང་བསྒྱུར་བ༔ ཞི་བྱེད་དཀར་པོ་དུང་གི་ཕྲེང་བ༔ རྒྱས་མཛད་གསེར་མདོག་གཏེར་གྱི་བུམ་བཟང་༔ དབང་སྡུད་དམར་མོ་ལྕགས་ཀྱུ་ཞགས་པ༔ ཁྲོ་གཏུམ་སྔོ་སྐྱ་སྤུ་གྲི་ཞགས་པ༔ དགའ་དང་བདེ་བའི་རྒྱས་འདེབས་པས་ཨུ་མ་དཱེ་ཝི༔ ལས་བཞི་ལ་མངའ་བརྙེས་པའི་དྷཱ་ཀི་མ་བཞི༔ རོལ་པའི་རྩལ་སྣང་དུ་ཤར་བའི་དཔལ་མགོན་བདུན་ཅུ་ལ་སོགས་པ་ཁྱོད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཧོཿགསོན་ཅིག་དགོངས་ཤིག་དབང་ཕྱུག་མ་ཧཱ་དཱེ་ཝ་ཁྱོད་ནི༔ པོ་ཊ་ལ་ཡི་གནས་ནས་བཞུགས་ཚེ་འཕགས་མཆོག་འཇིག་རྟེན་དབང་ཕྱུག༔ གཟུགས་མེད་ཀྱི་ཁམས་སུ་ལྷ་ཆེན་སྙོམས་འཇུག་དབང་པོ༔ གཟུགས་ཁམས་ཀྱི་གནས་སུ་ལྷ་ཆེན་ཏིང་འཛིན་དབང་པོ༔ སུམ་ཅུ་རྩ་གསུམ་གྱི་གནས་སུ་དབང་ཕྱུག་འདོད་པའི་རྒྱལ་པོ༔ རི་རབ་ལྷུན་པོའི་ནུབ་ཕྱོགས་དགའ་བའི་ཚལ་དུ་ལྷ་ཆེན་ཚོགས་ཀྱི་བདག་པོ༔ འཇིགས་རུང་རྩུབ་འགྱུར་གྱི་ཚལ་དུ་དབང་ཕྱུག་མ་ཧཱ་ཀྲོ་ཏ༔ རྒྱ་གར་རྡོ་རྗེ་གདན་དུ་ལྷ་ཆེན་མ་ཧཱ་ཀཱ་ལ༔ སྦས་ཡུལ་དྲུག་ཅུ་རྩ་བཞིའི་གནས་སུ་ལྷ་ཆེན་གདོང་བཞི་ནག་པོ༔ གཞན་ཡང་གང་ནས་བོས་ཀྱང་ཁྱོད་ཀྱི་མཚན་དུ་གྲགས་པ༔ དགའ་ཞིང་མཉེས་ན་དག་པའི་ས་ལམ་སྟོན་ཅིང་ཁྲོས་ཤིང་འཁུ་ན་འཁོར་བའི་གཡོ་འཁྲུགས་འཕྲུལ་བ༔ སྐྱེ་མཆེད་བཅུ་གཉིས་གར་དུ་སྒྱུར་ཞིང་བདེ་སྡུག་བར་མའི་རྒྱང་གླུ་ལེན་པ༔ སྐྱེ་བ་རྣམ་བཞིའི་བྲོ་འཁྲབ་ཅིང་སྣང་བ་སྒྱུ་མའི་འཕྲུལ་སྣང་ངོམས་པ༔ སྨེ་བ་དགུ་ཡི་ཁ་ཏོག་ངོམ་ཞིང་རྟེན་འབྲེལ་བཅུ་གཉིས་ཟས་སུ་སྤྱོད་པ༔ གནས་ཡུལ་ཞིང་སྐྱོང་ཀུན་གྱི་བདག་པོ་མཛད་ཅིང་དཔལ་མགོན་ཆོས་སྐྱོང་ཀུན་ཀྱང་རྩལ་དུ་ངོམས་པ༔ དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་ལྷུན་གྲུབ་བདེ་བ་ཆེན་པོའི་སྐུ་རུ་བཞེངས་པ༔ སྔོན་ཚེ་རྒྱལ་བའི་ཞལ་མཇལ་ཞིང་༔ འཕགས་པས་ལུང་བསྟན་པ༔ སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་འགྲོའི་རྣམ་ཤེས་འགུགས་པ༔ དམ་ཚིག་གི་དབང་གིས་སྒྲུབ་པ་པོ་ལ་གདུང་བ༔ མི་མཇེད་ཀྱི་བདག་པོ་ཚངས་པ་རལ་པ་ཅན་ལ་དབང་བསྒྱུར་བ༔ དཔལ་ཆེན་པོ་ཧེ་རུ་ཀ་དང་དགོངས་པ་མཉམ་པ༔ བཀྲ་ཤིས་རིགས་རྒྱུད་ཀྱི་བདག་པོ༔ རིན་ཆེན་ནོར་གྱི་བདག་པོ༔ དྲག་པོ་མཐུ་ཡི་བདག་པོ༔ གནས་པོ་ཚེ་ཡི་བདག་པོ༔ ཁམས་གསུམ་དབང་སྡུད་ཀྱི་བདག་པོ༔ སྲིད་གསུམ་ཟིལ་གནོན་གྱི་བདག་པོ༔ འཇིག་རྟེན་ཀུན་གྱི་མངའ་བདག༔ དབང་གི་དར་དམར་སྟོང་གི་བདག་པོ༔ དམ་ཚིག་ཅན་གྱི་སྲུང་མ༔ དམ་ཉམས་དགྲ་ཡི་སྲོག་ལེན༔ གནོད་བྱེད་བགེགས་ཀྱི་གཉེན་པོ༔ ནང་དུ་སྙིང་ཉེ་འཇམ་ཞིང་ཕྱུག་པ༔ ཕྱི་རུ་རྣོ་མྱུར་ཆེ་ཞིང་དྲག་ཤུལ་དང་ལྡན་པ༔ ཁམས་གསུམ་གྱི་ཟས་ལ་མངའ་མཛད་པའི་ཟས་མཆོག་དབང་དུ་སྡུད་པ༔ སྲིད་གསུམ་གྱི་ནོར་ལ་དབང་བསྒྱུར་བས་ནོར་གྱི་ཆར་འབེབས་པ༔ འཇིག་རྟེན་གྱི་ཕྱྭ་གཡང་ལ་དབང་མཛད་པས་ཕྱྭ་འབེབས་དང་གཡང་འབེབས་ཆེ་བ༔ བཀའ་དང་གཏེར་གྱི་སྲུང་མ་མཛད་པ༔ སྒྲུབ་པའི་གང་ཟག་ལ་བརྩེ་གདུང་ཆེ་ཞིང་དམ་གཙང་བ༔ ཁ་འཛིན་དང་སྡོང་གྲོགས་ཆེ་བ༔ དཔུང་ཤུགས་དང་རྒྱབ་བརྟེན་མཛད་པའི་ལྷ་མཆོག་ཚོགས་ཀྱི་བདག་པོ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཁྱེད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ གཞན་ཡང་སྟོང་གསུམ་གྱི་མངའ་བདག་དབང་ཆེན་དབང་གི་རྒྱལ་པོ༔ ཁྱེད་ནི་འཇིག་རྟེན་ཡོངས་ཀྱི་རྗེ་བོ༔ གནམ་ས་གཉིས་ཀྱི་བདག་པོ༔ བདུད་འདུལ་ལས་ཀྱི་དབང་ཕྱུག༔ སྲིད་གསུམ་འགྲོ་བའི་མངའ་བདག༔ དམ་པ་ཆོས་ཀྱི་སྲུང་མ༔ རྒྱ་གར་འཕགས་པའི་ཡུལ་དུ་ངན་སྔགས་དང་རིག་གནས་ཀྱི་བདག་པོ་མཛད་ཅིང་རླུང་ལྟར་གྲགས་པ༔ བོད་ཡུལ་གྱི་སངས་རྒྱས་བསྟན་པའི་མཇུག་སྐྱོང་ཞིང་མཐའ་དམག་དང་དུས་འཁྲུགས་བཟློག་པ༔ མྱུར་མགྱོགས་དྲག་ཤུལ་གྱི་བདག་པོ་ཁྱོད་ཀྱི་གཡས་ཀྱི་རུ་འདྲེན་པ་མགོན་པོ་ཕོ་རྒྱུད་ཀྱིས་མཛད་པ༔ གཡོན་གྱི་རུ་འདྲེན་པ་ལྷ་མོ་མོ་རྒྱུད་ཀྱིས་མཛད་པ༔ སྔོན་གྱི་སྣ་འདྲེན་པ་སྡེ་དཔོན་སུམ་ཅུས་བྱེད་པ༔ རྒྱབ་ཀྱི་རྗེས་ཉུལ་བ་དཔལ་མགོན་བདུན་ཅུས་མཛད་པ༔ གཞན་ཡང་ལྷ་མ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་རླུང་ལྟར་འཚུབས་ཤིང་སྐར་མདའ་ལྟར་རྒྱུག་པ༔ འཁོར་འདས་གཉིས་ཀྱི་དབང་ཕྱུག༔ ལྷ་དམག་འབུམ་གྱི་སྡེ་དཔོན༔ ཀླུ་དམག་སྟོང་གི་གཙོ་བོ༔ དགྲ་དཔུང་བཤིག་པའི་ཐོ་བ༔ བགེགས་དཔུང་བཟློག་པའི་གཤེད་པོ༔ འདོད་རྒུའི་དཔལ་ཡོན་སྟེར་བའི་སྦྱིན་བདག༔ ས་ལམ་གྱི་བར་ཆད་བཟློག་པའི་སྲུང་མ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ༔ ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཆོས་སྐྱོང་ཆེན་པོ་ཐ་ཚིག་གཉན་ལ་དགོངས་ཤིང་འབྲེལ་བ་ཆོས་ལ་དགའ་བ༔ གཏེར་ཁ་ཀུན་གྱི་མངའ་བདག༔ ཆོས་མཛད་ཡོངས་ཀྱི་སྲུང་མ༔ རྣལ་འབྱོར་པ་བདག་གི་གཏན་གྲོགས༔ ཚེ་རབས་ལས་ཀྱི་སྲུང་མ༔ སྙིང་ནས་སྙིང་གི་ཆོས་སྐྱོང་༔ མི་ཟད་གཏེར་གྱི་སྲུང་མ་གཉན་པོ་མྱུར་མགྱོགས་ཅན་དྲག་རྩལ་ཅན་དཔའ་བརྟུལ་ཟིལ་གནོན་ཅན་ཁྱེད་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ གཞན་ཡང་ལྷ་མཆོག་དབང་ཕྱུག་དྲག་པོ་ཆེན་པོ་མཐིང་ནག་གཟི་འོད་དུ་འབར་བ༔ ཁམ་ནག་རལ་པ་གནམ་ལ་གཟིངས་ཤིང་དྲི་ངན་གྱི་དུད་པ་འཐུལ་བ༔ སྤྱན་རྩ་དམར་པོ་ནམ་མཁའི་དབྱིངས་སུ་གཟིགས་ཤིང་དམ་ཉམས་དགྲ་ལ་བཀའ་ཆད་འབེབས་པ༔ ཕྱག་གཡས་ལྕགས་ཀྱུ་མེ་འབར་བས་དགྲ་བོའི་བླ་ཡིད་འགུགས་པ༔ གཡོན་པས་གནམ་ལྕགས་ཏྲི་ཤུལ་རྩེ་གསུམ་གྱིས་དགྲ་བོའི་སྙིང་རྩ་རྦད་ཀྱིས་གཅོད་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བས་སྡེ་བརྒྱད་བྲན་དུ་བཀོལ་བ༔ ཞབས་གཉིས་དམ་ཉམས་དགྲ་བགེགས་ཀྱི་སྟེང་དུ་སྐུ་འགྱིང་སྟབས་ཀྱི་ཚུལ་དུ་བཞུགས་པ༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་གཡོ་བས་དམ་ཉམས་དགྲ་ལ་ལྟས་ངན་གཏོང་བ༔ སྐུ་ལ་མེ་རི་མེ་དཔུང་གི་ཚྭ་ཚྭ་འཕྲོ་བས་ཉམས་པའི་དགྲ་ལ་གནམ་ལྕགས་ཀྱི་ཐོག་སེར་འབེབས་པ༔ ལྷ་ཆེན་མ་ཧཱ་ཀྲོ་ཏ་ཁྱོད་ཀྱི་དགྱེས་སྡེ་མོ་ཡུམ་མཆོག་ཨུ་མ་དཱེ་ཝི་ནག་མོ་ཁྲག་གི་རལ་པ་ཅན་གཡས་ན་ཁྲམ་ཤིང་དང་སྤུ་གྲི་འཛིན་ཅིང་གཡོན་ན་ནད་རྐྱལ་དང་རྒྱུ་ཞགས་འཛིན་པས་བསྟན་དགྲའི་སྲོག་གིས་འབྲེལ་ཐག་གཅོད་ཅིང་ནད་ཀྱི་དལ་ཁ་འབེབས་ཤིང་གཤིན་རྗེའི་ཁྲམ་ལ་འདེབས་ལ༔ རྒྱུ་གཟེར་དང་གྲི་ཐབས་གཏོང་བ༔ ལས་ལ་མ་ཆེན་བྱེ་བ་འབུམ་ཕྲག་འགྱེད་པ༔ གཞན་ཡང་ཁྱོད་ཀྱི་སྐུ་ཡི་སྤྲུལ་པ་ཤན་པ་སྲོག་སྒྲུབ་ནག་མོ༔ གསུང་གི་སྤྲུལ་པ་ཟ་བྱེད་ཤ་ཟ་ཁ་མོ་ཆེ༔ ཐུགས་ཀྱི་སྤྲུལ་པ་སྔགས་སྲུང་ཨེ་ཀ་ཙ་ཏི༔ ཡོན་ཏན་གྱི་སྤྲུལ་པ་ཉི་ཟླ་ཐོད་ཕྲེང་ཁྲོས་པའི་རྒྱལ་མོ༔ ཕྲིན་ལས་ཀྱི་སྤྲུལ་པ་མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ༔ གཞན་ཡང་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དཔག་མེད་འགྱེད་པས་བསྟན་པ་བཤིག་པའི་དགྲ་ལ་ནད་ཡམས་དང་ཆོ་འཕྲུལ་སྣ་ཚོགས་གཏོང་བ༔ གཞན་ཡང་སྲས་མཆོག་ཚོགས་བདག་ནག་པོ༔ ལས་མཁན་ཚངས་པའི་རྒྱལ་པོ༔ བཀའ་བློན་རྒྱལ་ཆེན་སྡེ་བཞི༔ སྒྲོལ་གིང་ཡ་མ་རཱ་ཙ༔ འཛིན་གིང་རྡོ་རྗེ་ལེགས་པ༔ མྱུར་གིང་གཟའ་བདུད་ནག་པོ༔ རྒྱུག་གིང་བཙན་རྒོད་ཆེན་པོ༔ བདུད་པོ་ཚེ་ལེན་ནག་པོ༔ ཀླུ་བདུད་དུག་གི་སྤུ་གྲི༔ སྲོག་བདག་པེ་ཧར་སྐུ་ལྔ༔ ལྷ་སྲིན་དྲེགས་པའི་སྡེ་ཚོགས་ཁྱེད་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཀྱེ་དགོངས་དང་ལྷ་ཆེན་དབང་གི་རྒྱལ་པོ་གཙུག་ན་ཟླ་བ་ཁྱེད་ནི་སྔོན་ཚེ་རྒྱལ་བ་བུ་རམ་ཤིང་པས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་ལུང་བསྟན་པ་ཡིག་རིགས་སུམ་བརྒྱ་དྲུག་ཅུའི་བྱེད་པོ་མཛད་ཅིང་རིག་པའི་གནས་ཀུན་ལ་མངའ་མཛད་པ༔ སྲིད་པའི་མངའ་བདག་བྱེད་པའི་སངས་རྒྱས་བསྟན་པའི་སྲུང་མ་མཛད་པ༔ རྣལ་འབྱོར་པ་བདག་གི་དགྲ་ལྷ་གཉན་པོ༔ རིག་འཛིན་ཡོངས་ཀྱི་སྲོག་གི་ཀྭ་བ༔ དུས་གསུམ་རྒྱལ་བའི་སྲུང་མ་གཉན་པོ༔ སྒྲུབ་པའི་དཀྱིལ་འཁོར་ཀུན་གྱི་བཀའ་སྡོད༔ ནད་རིགས་ཞི་བའི་སྨན་གྱི་རྒྱལ་པོ༔ བགེགས་རིགས་བཟློག་པའི་མཐུ་སྟོབས་རྩལ་ལྡན༔ དམ་ཉམས་དགྲ་ཡི་སྲོག་གི་གཤེད་མ༔ ས་བཅུའི་མངའ་བདག་དཔལ་ལྡན་དབང་ཕྱུག༔ འཁོར་འདས་དབང་བསྒྱུར་གར་གྱི་དབང་ཕྱུག༔ སྲིད་པའི་འགྲན་བྲལ་མ་ཧཱ་དཱེ་ཝ༔ དབང་ཆེན་ཚོགས་བདག་གཙུག་ན་ཟླ་བ༔ ཐུགས་རྗེ་འོད་སྟོང་ལྟ་བུའི་སྲུང་མ༔ མྱུར་མགྱོགས་རླུང་འཚུབས་ལྟ་བུའི་སྲུང་མ༔ ཆེ་བཙན་ནམ་མཁའ་ལྟ་བུའི་སྲུང་མ༔ དྲག་ཤུལ་ཐོག་མདའ་ལྟ་བུའི་སྲུང་མ༔ སྙན་གྲག་དབྱར་རྔ་ལྟ་བུའི་སྲུང་མ༔ རཏྣ་དབང་རྒྱལ་ལྟ་བུའི་སྲུང་མ༔ གཙུག་ལག་ཆོས་འཁོར་གྱི་སྲུང་མ༔ དབེན་གནས་གཉན་གྱི་སྲུང་མ༔ ཕ་མྱེས་རྒྱུད་ཀྱི་སྲུང་མ༔ ཉ་སྟོང་དུས་དྲུག་གི་སྲུང་མ༔ བརྟེན་ཅིང་བསྒྲུབ་པའི་སྲུང་མ༔ མཆོད་ཅིང་བསྟོད་པའི་སྲུང་མ༔ རང་བཞིན་ཤུགས་ཀྱི་སྲུང་མ༔ སྐྱེ་བ་གཏན་གྱི་སྲུང་མ༔ སྔོན་བསུ་རྒྱབ་སྐྱེལ་གྱི་སྲུང་མ༔ ཁས་དྲག་སྤྱི་བཙན་གྱི་སྲུང་མ༔ དཔུང་ཤུགས་རྒྱབ་བརྟེན་གྱི་སྲུང་མ༔ ནུས་མཐུ་དྲག་སྔགས་ཀྱི་སྲུང་མ༔ ངར་ཅན་སྐད་སྙན་གྱི་སྲུང་མ༔ དབང་སྡུད་ཟིལ་གནོན་གྱི་དགྲ་ལྷ༔ སྙིང་ཉེ་དམ་གཙང་གི་དགྲ་ལྷ༔ དགྲ་བསད་བགེགས་འདུལ་གྱི་དགྲ་ལྷ༔ དངོས་གྲུབ་གཏེར་མཛོད་ཀྱི་ཆོས་སྐྱོང་ཆེན་པོ་ལྷ་མཆོག་དབང་ཕྱུག་ཆེན་པོ་དཔའ་བོ་གར་གྱི་དབང་ཕྱུག༔ འདོད་རྒྱལ་ཚོགས་ཀྱི་བདག་པོ༔ དབང་ཆེན་གཙུག་ན་ཟླ་བ༔ ལས་མཁན་མ་ཧཱ་ཀྲོ་ཏ༔ ཡུམ་མཆོག་ཨུ་མ་དཱེ་ཝི༔ རེ་ཏཱི་གར་གྱི་དབང་མོ༔ སྲས་མཆོག་ལེགས་ལྡན་ནག་པོ༔ ལས་བཞིའི་ཌཱ་ཀི་མ་བཞི༔ སྒྲོལ་བའི་གིང་ཆེན་སྡེ་བཞི༔ ལས་མཁན་བདུད་བཙན་ཀླུ་གསུམ༔ གཡས་ཀྱི་རུ་འདྲེན་མགོན་པོ་ཕོ་རྒྱུད༔ གཡོན་གྱི་རུ་འདྲེན་ལྷ་མོ་མོ་རྒྱུད༔ སྔོན་གྱི་སྣ་འདྲེན་སྡེ་དཔོན་སུམ་ཅུ༔ རྒྱབ་ཀྱི་རྗེས་ཉུལ་དཔལ་མགོན་བདུན་ཅུ་ལ་སོགས་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཁྱེད་རྣམས་ལ་ཕྱི་ཉེར་སྤྱོད་བདུན་གྱི་མཆོད་པ༔ ནང་འདོད་ཡོན་ལྔའི་མཆོད་པ༔ གསང་བ་སྨན་རཀ་གཏོར་མའི་མཆོད་པ༔ ཡང་གསང་སྦྱོར་བ་དང་སྒྲོལ་བའི་མཆོད་པ༔ ཤ་རི་ཁྲག་གི་རྒྱ་མཚོ༔ སྦྱོར་བ་བདེ་སྟོང་གི་མཆོད་པ༔ དྲག་པོ་དམར་གྱི་དབང་ལྔ༔ ཟས་སྨན་དར་ཟབ་སྣ་ཚོགས༔ རིན་ཆེན་དཀོར་ནོར་སྣ་ཚོགས༔ རི་དྭགས་གཡུང་དྭགས་སྣ་ཚོགས༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད༔ ག་ཎ་ཚོགས་ཀྱི་པཱུ་ཛ་ལ་སོགས་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཅེས་པས་མཆོད་པའི་ཡོ་བྱད་ཀུན་གྱིས་མཆོད༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧོཿདགོངས་སུ་གསོལ་ལོ༔ ལྷ་མཆོག་ཆེན་པོ་དཔའ་བོ་གར་གྱི་དབང་ཕྱུག་ཁྱོད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ ཁྱེད་ནི་རྣལ་འབྱོར་པ་བདག་གི་ཕ་ལྟར་དུ་བསྒྲུབ་པ་ཡིན་གྱིས་ཕ་ལྟར་དུ་བརྩེ་བར་གྱིས་ཤིག༔ མ་ལྟར་དུ་བསྟེན་པ་ཡིན་གྱིས་མ་ལྟར་དུ་བྱམས་པར་གྱིས་ཤིག༔ གྲོགས་ལྟར་སྒྲུབ་པས་གདུང་སེམས་མ་ཆུང་༔ སྤུན་ལྟར་བསྟེན་པས་ཕྲག་དོག་མ་མཛད༔ བྲན་ལྟར་བསྟེན་པས་ཕྲིན་ལས་མ་གཡེལ་ཅིག༔ འབོད་པའི་ཚེ་ན་སྙན་མ་སྲ་ཞིག༔ བརྟེན་ཅིང་བསྒྲུབ་པའི་ཚེ་ན་རྒྱང་མ་རིང་ལ་ཐུགས་མ་གཡེལ་ཅིག༔ ཞི་བའི་ལས་དང་བཟློག་ལས་བཅོལ་ཚེ་སྟོབས་དང་རྒྱ་མ་ཆུང་༔ གཞན་ཡང་ལྷ་ལས་ལྷའི་མཆོག་ཏུ་ཁྱོད་བསྒྲུབ་བོ༔ དཀའ་བ་དང་དུ་བླང་ཞིང་ངལ་བ་ཁྱད་དུ་བསད་ནས་ཁྱོད་བསྒྲུབ་བོ༔ ཟས་ཀྱི་ཕུད་དང་༔ ནོར་གྱི་བཅུད་བསྡུས་ཏེ་ཁྱོད་བསྒྲུབ་པ་ཡིན་གྱིས༔ རྣལ་འབྱོར་པ་བདག་ལ་གཡང་ཆེན་གྱི་ནོར་སྐྱེལ་ཅིག༔ བཅུད་ཆེན་གྱི་ཟས་སྡུས་ཤིག༔ བརྗིད་ཆེན་གྱི་གོས་སྐོན་ཅིག༔ མི་སྙིང་དམར་པོ་སྒུལ་ཅིག༔ མི་སེམས་སྣང་བ་གཡོས་ཤིག༔ མཛའ་སྡུག་གི་གྲོགས་དང་སྤྲོད་ཅིག༔ སྦྱིན་བདག་ཕོ་མོའི་ལག་པ་སྒུལ་ཅིག༔ འགྲོ་བ་མི་ཡི་རྣམ་ཤེས་གཡོས་ཤིག༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག༔ འདོད་རྒུའི་དཔལ་ཡོན་ཐམས་ཅད་རྒྱུན་ཆད་མེད་པར་སྩོལ་ཅིག༔ སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་སྒྲེངས་ཤིག༔ མུ་སྟེགས་ཀྱི་བསྟན་པ་གཏན་ནས་བཟློག་ཅིག༔ གཞན་ཡང་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གནོད་བྱེད་ཐམས་ཅད་བརླག་པར་མཛོད་ཅིག༔ བཅོམ་པར་མཛོད་ཅིག༔ འདུལ་བར་མཛོད་ཅིག༔ ཞི་བའི་ཕྲིན་ལས་ཀྱིས་དཔའ་བཀོངས་ཤིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པའི་ཕྲིན་ལས་ཀྱིས་ཚེ་བསོད་སྤེལ་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་གི་ཕྲིན་ལས་ཀྱིས་ཁམས་གསུམ་དབང་དུ་སྡུས་ཤིག༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོའི་ཕྲིན་ལས་ཀྱིས་དགྲ་བགེགས་གནོད་བྱེད་རྡུལ་དུ་བརླག་ཅིག༔ མཱ་ར་ཡ་རྦད་རྦད་ཕཊ༔ ཧོཿལྷ་མཆོག་དབང་ཕྱུག་ཆེན་པོ་ཡུམ་མཆོག་ཨུ་མ་དཱེ་ཝི་འཁོར་དང་བཅས་པས་བདག་ལ་སྐད་ཅིག་འབྲལ་བ་མེད་པར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་སྒྲུབས་ཤིག༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྒྱལ་བར་མཛོད་ཅིག༔ གཞན་ཡང་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་འགལ་རྐྱེན་བར་ཆད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཚེ་བསོད་ནམས་མངའ་ཐང་ཡོན་ཏན་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་བརྟན་པར་མཛོད་ཅིག༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བླ་སློབ་རྒྱལ་བློན་འབངས་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་སྐད་ཅིག་ཉིད་ལ་དབང་དུ་སྡུས་ཤིག༔ བདག་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་སྡང་བར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ ཚེ་ལེན་གྱི་བདུད༔ བར་ཆད་ཀྱི་རྐྱེན༔ བྱད་མ་ལྷ་དང་བཅས་པ་མེ་སྟག་ཆུས་བསད་པ་བཞིན་དུ་རློག་ཅིག༔ ཐུལ་ཅིག་སོད་ཅིག་སྒྲོལ་ཅིག༔ གཞན་ཡང་ནད་འོང་ན་སྨན་ཐོང་༔ དུག་འོང་ན་རྩི་སྐྱོལ༔ དགྲ་འོང་ན་བྱ་ཐོང་༔ བགེགས་འོང་ན་མགོ་ཁོས་ཤིག༔ ཤག་དང་རྒྱན་ཁ་ཁྱོད་ཀྱིས་ཟུངས་ཤིག༔ སྡང་བའི་དགྲ་ལ་མཐུ་མ་ཆུང་༔ གནོད་པའི་བགེགས་ལ་རྩལ་མ་ཞན༔ བཅོལ་བའི་ལས་ལ་བང་མ་བུལ་ཅིག༔ ཆུ་རབ་མེད་ལ་རབ་ཚུག་ཅིག༔ བྲག་ཐེམ་མེད་ལ་ཐེམ་སྐས་ཀྱིས་ཤིག༔ ལེགས་པ་བརྒྱ་དང་སྤྲོད༔ ཉེས་པ་སྟོང་དང་བསྣོལ༔ ཁ་ཡི་ཟས་འདོད་ཟས་དང་སྤྲོད༔ ལག་པ་ནོར་འདོད་ནོར་དང་སྤྲོད༔ སྙིང་གིས་ཆོས་འདོད་ཆོས་དང་སྤྲོད༔ འཆི་བདག་གི་བདུད་ཐུལ༔ དངོས་གྲུབ་ཀྱི་སྒབ་འདྲེ་ཆོམས༔ ཟས་སྦྱིན་གྱི་ལྷ་གྱིས༔ ནོར་སྦྱིན་གྱི་དཔལ་གྱིས༔ བཟང་བའི་མགོན་གྱིས༔ ཁས་དྲག་དང་དཔུང་ཤུགས་ཀྱིས༔ གཞན་ཡང་སྒྲུབ་པའི་རྟགས་སྟོན་ཅིག༔ སྙན་པའི་སྒྲ་སྒྲོགས་ཤིག༔ དགྱེས་པའི་ཞལ་སྟོན་ཅིག༔ གྲགས་པའི་དུང་བུས་ཤིག༔ སུ་ལ་མི་རེ་ཁྱོད་ལ་རེའོ༔ སུ་ལ་མི་ལྟོས་ཁྱེད་ལ་ལྟོས་སོ༔ རྒྱལ་མཚན་དུ་ཁྱེད་འཛུག་གོ༔ དཔའ་དར་དུ་ཁྱེད་ཕྱར་རོ༔ དཔུང་གཉེན་དུ་ཁྱེད་བསྟེན་ནོ༔ སྙིང་གྲོགས་སུ་ཁྱེད་བཙལ་ལོ༔ ཆོས་སྐྱོང་དུ་ཁྱེད་བསྒྲུབ་བོ༔ སྡང་བའི་དགྲ་ཐུལ་ཅིག༔ གནོད་པའི་བགེགས་ཆོམས་ཤིག༔ སྤོ་ལ་དཔའ་བའི་དར་ཕྱོར་ཅིག༔ ཁྲོམ་དུ་སྙན་པའི་དུང་བུས་ཤིག༔ གང་འདོད་ཀྱི་བསམ་པ་སྒྲུབས་ཤིག༔ ཕར་ལ་འགྲོ་ན་སྐྱེལ་མ་གྱིས་ཤིག༔ ཚུར་ལ་འོང་ན་བསུ་མ་གྱིས་ཤིག༔ མཐོ་བར་ཉིན་གྱི་བྱ་ར་གྱིས་ཤིག༔ དམའ་སར་མཚན་གྱི་མེལ་རྩེ་གྱིས་ཤིག༔ འཇིགས་སར་ལམ་གྱི་སྐྱེལ་མ་གྱིས་ཤིག༔ འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་དང་ལྡན་པར་མཛོད་ཅིག༔ གཞན་ཡང་ད་ལྟ་ཚེ་འདི་ལ་བདག་གི་བརྟེན་པའི་གནས་ནི་བཤད་སྒྲུབ་ཀྱི་གཙུག་ལག་ཁང་དང་དབེན་པའི་རི་ལ་གནས་པར་མཛོད་ཅིག༔ དེ་ཚེ་འཚོ་བའི་ཡོ་བྱད་སྦྱོར་ལ་སྐལ་ལྡན་གྱི་འཁོར་སློབ་ངང་གིས་སྡུས་ཤིག༔ བདག་གི་རྒྱུད་ལ་ངེས་འབྱུང་དང་སྐྱོ་ཤས་ཀྱི་བསམ་པ་རྒྱུན་དུ་གནས་པར་མཛོད་ལ་བློ་སྣ་དམ་པའི་ཆོས་ལ་དྲོངས་ཤིག༔ བློ་ཕུག་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་ས་རུ་སྐྱོལ་ཤིག༔ སྨིན་གྲོལ་གྱི་གདམས་པ་ཉམས་སུ་བླངས་པ་ཙམ་གྱིས་གོལ་ཤོར་གྱི་འཕྲང་ལས་བསྒྲལ་ནས༔ ས་ལམ་གྱི་ཡོན་ཏན་མཐའ་དག་རྒྱུད་ལ་སྐྱེས་ནས་མཐར་ཐུག་གདོད་མའི་དབྱིངས་སུ་འཕོ་མེད་ཆོས་སྐུའི་རྒྱལ་སྲིད་ལ་དབང་འབྱོར་ནས༔ དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད་ཅིག༔ བདུད་རྩིའི་ཕུད་རྒོད་གཙང་མའི་ཕྱོགས་སུ་མཆོད༔ མཆོད་གཏོར་ལས་ཀྱི་བ་ལིང་ནང་དུ་ཕུལ༔ མཐར་ནི་ལས་གཏོར་བསང་གི་ནང་དུ་བསྲེགས༔ དེ་ལྟར་རྒྱུན་དུ་བསྐང་གསོལ་རབ་འབད་ན༔ ལས་གང་བརྩོན་བྱས་མྱུར་དུ་འགྲུབ་པར་འགྱུར༔ ཁྱད་པར་ཉ་སྟོང་དུས་དྲུག་རྒྱུ་དུས་ལ༔ ལས་བཞིའི་ཕྲིན་ལས་གང་བཅོལ་འགྲུབ་པ་དང་༔ སྐྱེ་འགྲོ་ཕོ་མོ་རང་དབང་མེད་པར་འདུ༔ དཔལ་དང་འབྱོར་པ་རྣམ་ཐོས་བུ་དང་མཚུངས༔ ནུས་མཐུ་དྲག་རྩལ་ཧེ་རུ་ཀ་དང་མཉམ༔ ཆོས་སྐུའི་དུས་ན་མགོན་པོ་ཚེ་མཐའ་ཡས༔ ལོངས་སྐུ་སྤྱན་རས་གཟིགས་དབང་རྟ་མཆོག་དཔལ༔ སྤྲུལ་སྐུ་དབང་ཕྱུག་ཚོགས་བདག་འདོད་པའི་རྒྱལ༔ རྣམ་གསུམ་དབྱེར་མེད་བདེ་ཆེན་དབང་གི་ལྷ༔ འདི་འདྲའི་ཆོས་སྐྱོང་འཇིག་རྟེན་གསུམ་ན་དཀོན༔ དེ་ཕྱིར་འདི་ལ་རྟག་ཏུ་ནན་ཏན་མཛོད༔ ཨེ་མ་བདག་འདྲ་པདྨ་ཐོད་ཕྲེང་གིས༔ ལྷ་ཆེན་དབང་ཕྱུག་ཕུད་བསྐང་མང་སྦས་ཀྱང་༔ ཡང་ཟབ་སྙིང་པོ་འདི་ལས་སྦས་པ་མེད༔ དེ་ཕྱིར་གཅིག་བརྒྱུད་ལས་ནི་སྤེལ་མི་རུང་༔ གལ་ཏེ་སྤེལ་ན་བཀའ་ཆད་དྲག་པོ་འབེབས༔ དུས་ངན་ཐ་མ་བསྐལ་པའི་མར་གཤམ་ལ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་འདི་སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ དྲང་སྲོང་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ སྐྱེས་བུ་ཆེན་པོས་སྤྱི་ཡི་བྱ་ར་མཛོད༔ བཀའ་ལོག་དམ་ཉམས་རྣམས་ཀྱི་སྙིང་ཁྲག་འཐུང་༔ སྣོད་ལྡན་ལས་འཕྲོ་ཅན་གྱི་ལག་ཏུ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག་༠༠༠༠༠༠༣༧༤༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ གཉན་རྒྱ༔ ཞེས་པ་འདི་ཉིད་གར་དབང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དབང་ཕྱུག་གསང་བ་དྲེགས་པའི་སྲོག་རྒྱུད་ལས་ཁོལ་དུ་ཕྱུང་ཞིང་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།