DJYD-KABUM-06-CHA-023: Difference between revisions

From Dudjom Wiki
DJYD-KABUM-06-CHA-023
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|sourcerevealer=pad+ma gling pa
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 6: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཆ
|volumenumber=06
|volumenumber=06
|volumeLetter=CHA
|volumeLetter=CHA

Revision as of 08:27, 9 July 2024

Wylie title DJYD-KABUM-06-CHA-023.pdf
Location bdud 'joms rin po che bka' 'bum
Volume 6, Text 23, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 6: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön (pad+ma gling pa)
Genre
[edit]
༄༅། །ཚེ་སྒྲུབ་ནོར་བུ་ལམ་ཁྱེར་གྱི་དབང་ཆོག་ཁྲིགས་སུ་

བསྡེབས་པ་འཆི་མེད་བདུད་རྩིའི་ཟ་མ་ཏོག་ ཅེས་བྱ་བ་བཞུགས་སོ། །

(1བ)ཨོཾ་སྭསྟི། འཆི་མེད་བདེ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ། །ཁྱབ་བདག་ཐོད་ཕྲེང་རྩལ་ལ་གུས་བཏུད་ནས། །ཚེ་སྒྲུབ་གསང་རྒྱུད་ནོར་བུ་ལམ་ཁྱེར་གྱི། །དབང་ཆོག་འཇུག་བདེའི་ཁྲིགས་སུ་བསྡེབས་ལ་སྤྲོ། །(འདི་ལ་གསུམ། སྦྱོར་བ་དཀྱིལ་འཁོར་འགོད་ཅིང་སྒྲུབ་པ། དངོས་གཞི་དབང་གི་ལས་རིམ། རྗེས་མཐའ་སྡུད་ཀྱི་བྱ་བའོ། །དང་པོ་ནི། བཀྲ་ཤིས་པའི་གནས་སུ་ཡར་ངོའི་དུས་ཚེས་བཟང་པོར་གང་དུ་བྱ་བའི་སྒྲུབ་ཁང་གཙང་ཞིང་མཛེས་པར་བྱ། གུང་དུ་བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར་གཞུང་བཞིན་བྲིས་པའི་རས་བྲིས་ཀྱི་(2ན)དཀྱིལ་འཁོར་བཀྲམ། མེད་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦག་པས་ཚོམ་བུ་ལྷ་གྲངས་བཀོད། དེའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་རྒྱུན་འབབ་ཀྱི་ཆུ་གཙང་བླ་མེད་བུམ་རྫས་སོ་ལྔ་དྲི་བཟང་དང་སྦྱར་བས་གཏམས་པ་ལ་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་འགོད། དེའི་མདུན་དུ་ཚེ་ཟན་འབྲང་རྒྱས་བུམ་གཟུགས་ཤིང་ལོ་མེ་ཏོག་སོགས་རྒྱན་སྤྲོས་ཅན་གྱི་ཁ་རྡོ་རྗེ་རྒྱ་གྲམ་བསྒྲལ་སྟབས་ཀྱི་ས་བཅད་པའི་ལྟེ་བར་རྡོ་རྗེ་ཕྱེད་པའི་ཏོག་ཅན་མཐའ་སྐོར་དུ་རིལ་བུས་བསྐོར་བ། གཡས་སུ་རིན་པོ་ཆེའི་པད་སྣོད་དུ་ཚེ་རྫས་མངར་གསུམ་དང་སྦྱར་བའི་ཚེ་རིལ། གཡོན་དུ་ཀ་པཱ་ལ་མཚན་ལྡན་དུ་ཚེའི་ཛ་གད་ཕབ་ལྡན་བུར་སྦྲང་(2བ)གིས་གཤེར་བའི་ཚེ་ཆང་། རྒྱབ་ཏུ་སྨྱུག་རྒོད་ཀྱི་ཚེ་མདའ་རྒོད་སྒྲོ་མ་ལྕགས་ཀྱི་མདེའུ་ཅན་དར་སྣ་ལྔ་དང་བླ་གཡུ། དུང་། གསེར། བྱེ་རུ། མུ་མེན་སྟེ་རིན་ཆེན་ལྔ་དང་མེ་ལོང་གིས་བརྒྱན་པ། བར་མཚམས་རྣམས་སུ་ཚེ་རྟེན་མར་མེ། རྡོ་རྗེ་དྲིལ་བུ། བྱེ་རུའམ་ཙནྡན་དམར་པོའི་ཕྲེང་བ། དབུ་རྒྱན་རིགས་ལྔ་ཅོད་པན་ཅན་བཅས་བཀོད། མཐའ་སྐོར་དུ་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དང་། མདུན་རྒྱབ་གང་བདེར་རྩ་བའི་མཆོད་གཏོར་དམར་པོ་རྒྱན་སྤྲོས་ཅན་གྱི་གཡས་སུ་ཆོས་སྐྱོང་སྤྱི་དང་གཡོན་དུ་གཏེར་སྲུང་སྒོས་ཀྱི་མཆོད་གཏོར། དེ་དག་གི་གཡས་སུ་རྩ་བརྒྱད་སྟོང་སྦྱར་གྱི་སྨན་དང་གཡོན་དུ་སོ་ལྔ་པ་སྦྱར་བའི་རཀྟ། མདུན་དུ་ཉེར་སྤྱོད་ཕྲེང་ཚར་བཅས་དང་། འཛོམ་ན་དཀྱིལ་འཁོར་ཕྱི་རོལ་གྱི་ཕྱོགས་མཚམས་སུ་འཕན་དང་རྒྱལ་མཚན། སྟེང་དུ་གདུགས་སོགས་བཀོད་པས་མཛེས་པར་བཀྲམ། གཞན་ཡང་སྔོན་གཏོར། ཆད་བརྟན། ཚོགས་ཀྱི་ཡོ་བྱད། མཎྜལ། མིག་དར། མེ་ཏོག །འགྲིམ་དཀྱིལ། གསེར་ཐུར་སོགས་འདིར་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱས་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། རིག་འཛིན་ཁམས་གསུམ་ཡོངས་གྲོལ་གྱིས་མཛད་པའི་ལས་བྱང་བདུད་རྩིའི་ཉིང་ཁུའི་གཞུང་བསྲང་ལ། བདག་མདུན་འོད་ཟེར་སྤྲོ་(3ན)བསྡུའི་དམིགས་གནད་དང་སྦྱར་ཏེ་ཚེའི་སྤྱི་ཛཔྲ་ཉིད་གཙོ་བོར་བཟླ་ཞིང་། སྒོས་ཛཔྲ་ལྔ་པོའང་རེ་རེ་བཞིན་སྤྱི་ཛཔྲ་ཀྱི་བཅུ་ཆ་རེ་ཙམ་བཟླས་རྗེས་གཟུངས་སྔགས་གཉིས་ཀྱང་ཅི་རིགས་པར་བཟླ། མཐར་སྔགས་ཙམ་གྱིས་མཆོད། མདའ་དར་གཡབ་བཞིན་བསྟོད་ཅིང་ཚེ་འགུགས་བསྐུལ་ལ་རྒྱས་གདབ་པར་བྱ། སྲུང་མའི་གཏོར་ཆོག་སྤྱི་ལྟར་དང་། ཚོགས་ཀྱི་འཁོར་ལོས་མཆོད། ལས་བུམ་དུ་རྟ་མགྲིན་དམར་ནག་དབྱུག་ཏོ་དང་མེ་ཞགས་འཛིན་པ་གསལ་ལ།) ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ (ཅེས་བརྒྱ་རྩ་ཙམ་བཟླས་མཐར། ལྷ་བུམ་ཆུར་འདྲེས་པར་བསམ། འོག་གི་དབང་ཆོག་བཞིན་སློབ་དཔོན་རང་ཉིད་ཀྱིས་དབང་རྫོགས་པར་བླང་བའམ་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་བསྐུར་དངོས་ནི། སློབ་མ་རྣམས་སྒོའི་ཕྱི་རོལ་དུ་བོས་ལ།) ཇི་ལྟར་བལྟམས་པ་(སོགས་ཀྱིས་ཁྲུས་ནས་དབྱུངས་ཏེ།) ཁྱེད་རང་རྣམས་དཀྱིལ་འཁོར་ཕོ་བྲང་ཆེན་པོའི་སྒོའི་ཕྱི་རོལ་ནས་སྒོ་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ སྒོ་བ་ཆེན་པོ་བདག་ལ་གསོན༔ བདག་ཅག་མ་རིག་སེམས་ཅན་རྣམས༔ འཆི་མེད་རིག་འཛིན་ཐོབ་པ་དང་༔ ཡེ་ཤེས་(3བ)ལམ་ལ་འཇུག་པའི་ཕྱིར༔ ལྷ་དང་གུ་རུ་མཇལ་འདོད་པ༔ གཞལ་ཡས་ཁང་གི་སྒོ་ཕྱེས་ཤིག༔ (ལན་གསུམ།) ནང་ནས་སྒོ་བས་འདི་སྐད་ལན་བཏབ་པར་མོས་ཤིག །ཁྱེད་རྣམས་སུ་ཡིན་ཅི་བྱེད་པ༔ གཞལ་ཡས་ཁང་གི་ནང་ཉིད་དུ༔ འཇུག་པར་སླ་སྟེ་དམ་སྲུང་དཀའ༔ དམ་ཚིག་ཚུལ་བཞིན་མི་བསྲུང་ན༔ བདག་གཞན་རྡོ་རྗེ་དམྱལ་བར་སྐྱེ༔ དེས་ན་སུ་ཡང་མ་འོངས་ཤིག༔ ཅེས་བརྗོད་པའི་ལན་དུ་སླར་ཡང་ཞུ་བ་ཕུལ་བ་འདིའི་རྗེས་ཟློས། ཀྱཻ༔ སྒོ་བ་ཁྱེད་རྣམས་བདག་ལ་དགོངས༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ ད་ནི་བླ་མེད་མཆོག་འདོད་པས༔ ད་ལྟ་ཕན་ཆོད་འཁོར་བ་དང་༔ མི་དགེའི་ལས་ལ་སྐྱོ་བ་སྐྱེས༔ དགེ་བཅུ་དང་བླང་བདེ་འདོད་པས༔ ད་ལྟ་གཞལ་ཡས་དྲུང་དུ་མཆིས༔ སྐལ་ལྡན་དངོས་གྲུབ་ཐོབ་བྱའི་ཕྱིར༔ ད་ལྟ་ཉིད་དུ་སྒོ་ཕྱེས་ཤིག༔ ཅེས་བརྗོད་པའི་ལན་འདི་སྐད་བཏབ་པར་མོས། ཀྱཻ་ཧོ་སྐལ་ལྡན་བུ་རྣམས་ཉོན༔ བླ་མ་ཐོད་བཞིན་འཁུར་ནུས་སམ༔ ཡི་དམ་སྙིང་བཞིན་བསྒོམ་ནུས་སམ༔ གསང་སྔགས་ཆུ་བོའི་གཞུང་བཞིན་དུ༔ རྒྱུན་ཆད་མེད་པར་བཟླ་(4ན)ནུས་སམ༔ གཞན་ཡང་གསང་སྔགས་དམ་ཚིག་རྣམས༔ ཚུལ་བཞིན་བསྲུང་བའི་མི་ཡོད་དམ༔ ཞེས་དྲིས་པའི་ལན་དུ་སླར་ཡང་འདིའི་རྗེས་ཟློས། ཀྱཻ༔ སྒོ་བ་ཆེན་པོ་བདག་ལ་གསོན༔ བླ་མ་ཐོད་བཞིན་འཁུར་ནུས་སོ༔ ཡི་དམ་སྙིང་བཞིན་བསྒོམ་ནུས་སོ༔ གསང་སྔགས་ཆུ་བོའི་གཞུང་བཞིན་དུ༔ རྒྱུན་ཆད་མེད་པར་བཟླ་ནུས་སོ༔ གཞན་ཡང་གསང་སྔགས་དམ་ཚིག་རྣམས༔ གཞུང་བཞིན་བདག་གིས་སྲུང་ལགས་སོ༔ ཞེས་དམ་ཚིག་ཁས་བླངས་པ་ན་སྒོ་བས་སྒོ་ཕྱེས་ཏེ་ནང་དུ་ཁྲིད་ནས་ཕྱག་དང་བཅས་སོ་སོའི་གྲལ་དུ་འཁོད་པར་མོས་ཤིག །(དེ་ནས་བགེགས་གཏོར་རྟ་སྔགས་ཀྱིས་བསང་།) སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ(ས་མགྲོན་དགུག །) སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། (ཞེས་ལན་གསུམ་གྱིས་བསྔོས་ལ།) ན་མོ། དཀོན་(4བ)མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་རྡོ་རྗེ་སློབ་མ་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་ཚེ་བདུད་ལན་ཆགས་འབྱུང་པོ་ཐམས་ཅད་གཏོར་མ་འདིས་མགུ་ཞིང་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་བདེ་བར་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་ཉིད་དབང་ཆེན་འབར་བའི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་དང་མཚོན་ཆའི་ཆར་ཆེན་པོ་སྤྲོས་པས་བགེགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། (རྟ་སྔགས་དང་ཧཱུྃ་བཞིའི་སྔགས་བརྗོད་ལ་གུ་གུལ་བདུག་ཅིང་ཡུངས་ཐུན་གྱིས་བྲབ་སྟེ་བསྐྲད།) བཛྲ་རཀྵ་རཀྵ་ཧཱུྃ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་གྱིས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། (ཅེས་མཚམས་བཅད། (5ན)མཎྜལ་བཀྱེ་བསྡུ་བྱས་ལ།) འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་སུ་དུས་མིན་འཆི་བའི་འཇིགས་པ་ལས་བསྐྱབ་ཅིང་མཐར་ཐུག་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཆི་མེད་ཚེའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་དབང་བསྐུར་བ་ཟབ་མོ་ནོད་དེ་བསྙེན་སྒྲུབ་ཕྲིན་ལས་ཀྱི་རིམ་པ་ཚུལ་བཞིན་ཉམས་སུ་བླང་བར་བྱའོ་སྙམ་པའི་སྒོ་ནས་ལེགས་པར་གསན་འཚལ། དེའང་སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་སྒོས་སུ་སྙིགས་མའི་འགྲོ་བ་རྣམས་ཚེ་ཐུང་ཞིང་བར་ཆད་ཤིན་ཏུ་མང་བས་ན། དེ་དག་སྐྱོབ་པའི་ཐབས་སུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་གཟུགས་འགྲོ་བ་རྣམས་དུས་ཀྱི་ཆད་པ་ལས་སྐྱོབ་ཅིང་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཇི་ལྟར་བསམ་པ་བཞིན་དུ་སྩོལ་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཆེན་པོས་ཁྱད་པར་དུ་འཕགས་པ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཉིད་གྲུབ་པའི་སློབ་དཔོན་ཆེན་པོའི་སྐུར་བསྟན་པ་འཆི་མེད་རྡོ་རྗེ་བདེ་བ་ཆེན་པོ་པདྨ་ཀཱ་ར་སོགས་སྐུ་གཅིག་ལ་མཚན་བརྒྱད་(5བ)ལ་སོགས་པར་གྲགས་ཤིང་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་དང་ཕྲིན་ལས་ཀྱང་ཕུལ་དུ་བྱུང་བ་གང་ཉིད། བོད་ལྗོངས་མུན་པའི་རྒྱལ་ཁམས་སུ་དམིགས་པ་མེད་པའི་ཐུགས་རྗེས་གཟིགས་ནས་སྐུ་དངོས་ཀྱི་ཕེབས་པའི་ཚེ། ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་རྡོ་རྗེ་ཐེག་པའི་ལམ་ཟབ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་བསྩལ་ཅིང་། ཁྱད་པར་འཆི་མེད་ཚེའི་སྒྲུབ་ཐབས་ལའང་རྒྱུད་དང་འབྲེལ་བ་དང་མན་ངག་ལ་བརྟེན་པ་རྩ་བ་དང་ཡན་ལག་གི་ཚུལ་བསམ་གྱིས་མི་ཁྱབ་པ་སྐབས་དེ་དང་མ་འོངས་པའི་གདུལ་བྱ་སོ་སོ་ལ་དགོངས་ཏེ་བསྩལ་བ་རྣམས་བོད་ཡུལ་མཐའ་དབུས་ཡོངས་སུ་ཁྱབ་པར་ནམ་ཡང་ཉམས་མེད་གཏེར་གྱི་ཕྱག་རྒྱས་བཏབ་པར་མཛད་ཅིང་། དེ་དག་ལ་དབང་བའི་ལས་ཅན་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས་སྐབས་སུ་བབས་པ་ན་གཏེར་ནས་བཏོན་ཏེ་འགྲོ་དོན་ཤིན་ཏུ་རྒྱས་པར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་ཐུགས་སྲས་རྗེ་འབངས་གྲོགས་གསུམ་ལ་ཐུན་མིན་མནོག་ཆོས་སུ་བསྩལ་ཞིང་ལྷ་ལྕམ་པདྨ་གསལ་ལ་གཏད་རྒྱ་དང་བཅས་ཟབ་མོའི་གཏེར་དུ་སྦ་བར་(6ན)མཛད་པ་སྟེ། ཇི་སྐད་དུ། རྩོད་ལྡན་དུས་ཀྱི་སྙིགས་མ་ལ༔ འགྲོ་བའི་སྡུག་བསྔལ་བསལ་བ་དང་༔ ཚེ་གཅིག་ཐར་ལམ་སྟོན་པའི་ཕྱིར༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ཞེས་སོགས་དང་། དེ་ཉིད་འདོན་པ་པོའང་འདིའི་ལོ་རྒྱུས་ལས། དེ་ཉིད་འདོན་པའི་གང་ཟག་ནི༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ དག་པའི་སྐྱེ་བ་ལྔ་བརྒྱུད་མཐར༔ འདི་ནས་ལྷོ་མོན་བུམ་ཐང་ཕྱོགས༔ ཧོམ་ཁུང་འདྲ་བའི་ཡུལ་ནང་དུ༔ ལྕགས་ཁམས་རྟ་སྦྲུལ་ལོ་པ་སྟེ༔ ང་ཡི་ཐུགས་སྲས་སྙིང་སྟོབས་ཅན༔ སྐྱེས་བུ་པདྨའི་མིང་ཅན་འབྱུང་༔ ཞེས་གསུངས་པ་ལྟར་མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔ་པ་རིག་འཛིན་ཆེན་པོ་པདྨ་གླིང་པ་ཞེས་བྱ་བ་དེ་ཉིད་ཀྱིས་སྤྱིར་གཏེར་ཁ་ཆེན་པོ་སུམ་ཅུ་རྩ་གཉིས་ཙམ་འདོན་པར་མཛད་པའི་ནང་ཚན་འདིར་ནི་བུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་བྲག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ནོར་བུ་ལམ་ཁྱེར་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་དེ་ཉིད་ཡིན་ཏེ། ཁ་བྱང་ལས། བདག་འདྲ་བུད་མེད་མཚོ་རྒྱལ་གྱིས༔ ཚེ་སྒྲུབ་བརྒྱ་སྟོང་བསམ་འདས་ཞུས༔ ཁ་ཚང་དོན་འདྲིལ་འདི་(6བ)ལས་མེད༔ ཟབ་པའི་ནང་ནས་ཡང་ཟབ་བཅུད༔ ཅེས་གསུངས་པའི་གདམས་པ་ཁྱད་པར་ཅན་འདི་ཉིད་སྤྲུལ་སྐུ་རིག་འཛིན་ཆེན་པོས་སྐུའི་སྲས་ཟླ་བ་རྒྱལ་མཚན་ལ་སོགས་པ་དང་། ཐུགས་ཀྱི་སྲས་སྤྲུལ་པའི་སྐྱེས་མཆོག་སྣ་ཚོགས་རང་གྲོལ་རྣམས་ལ་བསྩལ་བ་ལས་རིམ་པར་བརྒྱུད་པ་དང་། དེང་སང་ཕྱི་མའི་དུས་འདིར་སྔོན་མེད་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྨིན་གྲོལ་ཉེ་བརྒྱུད་དུ་བཀའ་བབས་པའི་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་འཆི་མེད་ཚེའི་དབང་བསྐུར་བ་ཟབ་མོ་བསྒྲུབ་པ་ལ། བདག་སློབ་དཔོན་གྱིས་བགྱི་བར་འོས་པའི་བྱ་བ་རྣམས་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། (ཅེས་མཎྜལ་འབུལ།) ཁྱེད་རང་རྣམས་སྔོན་ཆད་དཀྱིལ་འཁོར་ཆེན་པོ་འདིར་མ་ཞུགས་པ་མཚོན་པའི་བརྡར་དར་རས་དམར་པོ་རེས་གདོང་གཡོགས་པར་མོས་ཤིག །ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎ་ཡེ་སྭཱ་ཧཱ། (ཞེས་གདོང་(7ན)གཡོགས་བཅིང་།) དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་མཇལ་མི་རུང་བས་ཕྱག་རྟེན་དུ་མེ་ཏོག་གསར་པའི་ཆུན་པོ་རེ་ཐོགས་པར་མོས། ཨ་ཁཾ་བཱི་ར་ཧཱུྃ། (ཞེས་མེ་ཏོག་སྦྱིན།) ཐལ་མོ་མེ་ཏོག་དང་བཅས་མོས་གུས་དྲག་པོའི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཐུགས་ཆོས་ཉིད་ངང་ལས་མ་གཡོས་ཀྱང་༔ འགྲོ་བ་སེམས་ཅན་དོན་སླད་དུ༔ ཚེ་དཔག་མེད་དུ་སྐུ་སྤྲུལ་པས༔ ཚེ་ཡི་དབང་ཆེན་བསྐུར་དུ་གསོལ༔ (ལན་གསུམ།) ཐོག་མར་རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་འཆི་མེད་མགོན་པོའི་དཀྱིལ་འཁོར་ནམ་མཁའ་གང་བར་སད་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་མི་ཕྱེད་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ ཕྱི་ནང་དཀོན་མཆོག་འདུས་པའི་སྐུ༔ འཆི་མེད་ཚེ་ཡི་ལྷ་ཁྱེད་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆིའོ༔ (ལན་གསུམ།) མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། འགྲོ་བ་སེམས་ཅན་དོན་ཕྱིར་(7བ)དུ༔ ཚེ་ཡི་ལྷ་ཚོགས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ (ལན་གསུམ།) གསང་སྔགས་ཀྱི་གཞི་དབང་ལ་བརྟེན་ཀྱང་དབང་གི་སྲོག་དམ་ཚིག་ལ་རག་ལས་པས་ན་སྤྱི་དང་ཁྱད་པར་གྱི་དམ་ཚིག་གཉན་པོ་རྣམས་ཚུལ་བཞིན་བསྲུང་བར་གྱིས་ཤིག་ཅེས་དམ་ལ་བཞག་པའི་ཚུལ་རྣམས་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིག །(རྡོ་རྗེ་སྤྱི་བོར་བཞག་ལ།) ཧཱུྃ༔ ང་ནི་དམ་ཚིག་རྡོ་རྗེ་སྟེ༔ རྒྱལ་བ་ཀུན་དང་གཉིས་སུ་མེད༔ གལ་ཏེ་ཁྱོད་ཀྱིས་སུ་ཡང་ནི༔ རུང་བའི་མདུན་དུ་སྨྲ་བྱེད་ན༔ མགོ་བོ་ཚལ་པ་བརྒྱར་འགས་འགྱུར༔ ཨོཾ་བཛྲ་ཏ་ཀ་ཧཱུྃ༔ (དམ་ཆུ་བདུད་རྩི་ལྕེ་ལ་བཞག་སྟེ།) ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ མྱང་བས་ཡོན་ཏན་བསམ་མི་ཁྱབ༔ ཁྱོད་ལ་སྦྱིན་ནོ་ཐུབ་པར་སྲུངས༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ དམ་ཚིག་ཉམས་ན་དམྱལ་བར་སྐྱེ༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ༔ (ཚེ་དཔག་མེད་ཀྱི་སྐུ་མེ་ལོང་དུ་འཆར་བ་སྙིང་གར་བཞག་ལ།) ཧེ་རུ་ཀ་དཔལ་དེང་འདིར་ཁྱོད༔ སྐལ་ལྡན་བུ་ཡི་སྙིང་ལ་ཞུགས༔ གལ་ཏེ་དམ་ལས་འདས་གྱུར་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བཛྲ་ཙིཏྟ་ཧཱུྃ༔ (སླར་ཡང་རྡོ་རྗེ་(8ན)སྤྱི་བོར་བཞག་ལ།) ཀྱེ་ཧོ་ཉོན་ཅིག་རིགས་ཀྱི་བུ༔ འདི་དང་ཕྱི་མ་བར་དོ་ལ༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ མོས་གུས་གདུང་སེམས་མ་ཆུང་ཞིག༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རང་བྱུང་ཡེ་ཤེས་ཚེ་ཡི་ལྷ༔ འདི་ཕྱི་གཉིས་ཀྱི་རེ་ལྟོས་ལགས༔ ཁོང་པའི་སྙིང་བཞིན་བསམ་པར་གྱིས༔ འཆི་མེད་ཚེ་ཡི་སྙིང་པོ་འདི༔ རྒྱུན་ཆད་མེད་པར་ཆུ་རྒྱུན་བཞིན༔ བཟླས་ན་ཚེ་ཡི་རིག་འཛིན་ཐོབ༔ བདེ་ཆེན་ཞིང་དུ་རང་གྲོལ་ལོ༔ ཞེས་ཇི་སྐད་བསྒོས་པའི་དམ་ཚིག་གཉན་པོ་ལས་ནམ་ཡང་མི་འདའ་བར་བསྲུང་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དཾ་ན་ར་ཀན། (ཞེས་དམ་ལ་བཞག །) དེ་ནས་ཡེ་ཤེས་ལྷའི་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། རྟ་སྔགས་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་སེམས་ཧྲཱིཿ དམར་ལས༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྟོང་པར་སྦྱངས༔ བྷྲཱུཾ་ལས་གནས་ཡུལ་རིན་ཆེན་གཞལ་ཡས་ཁང་༔ མཚན་ཉིད་ཡོངས་རྫོགས་བདེ་ཆེན་ཕོ་བྲང་དབུས༔ རབ་མཛེས་པདྨ་ཉི་ཟླའི་གདན་གྱི་སྟེང་༔ སྐད་ཅིག་ཁྱེད་རང་མགོན་(8བ)པོ་ཚེ་དཔག་མེད༔ དམར་གསལ་སྐུ་མདོག་པདྨ་རཱ་གའི་མདངས༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ མཚན་དཔེའི་གཟི་འབར་དར་དང་རིན་ཆེན་བརྒྱན༔ ལོངས་སྤྱོད་ཡོངས་རྫོགས་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ རང་སྣང་ཡུམ་མཆོག་པདྨ་དབྱིངས་ཕྱུག་མ༔ དམར་མོ་མདའ་དར་ཚེ་ཡི་བུམ་པ་བསྣམས༔ ཡབ་ལ་འཁྱུད་ཅིང་བདེ་སྟོང་ཟུང་འཇུག་སྦྱོར༔ དྭངས་མ་འོད་ལྔ་འཁྱིལ་བའི་ཀློང་དུ་རོལ༔ དེ་ཡི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་ཞིང་ཁམས་ནས༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་ཏེ༔ ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པ་ཡིས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ ཞེས་བསྒོམ་ལ། སྤོས་རོལ་བཅས་ལས་བྱང་གི་བྱིན་འབེབས་སྔགས་དང་བཅས་པས་ཡེ་ཤེས་པ་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པའི་རྒྱུན་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །(ཅེས་རྡོ་རྗེ་མེ་ཏོག་སྤྱི་བོར་རྒྱ་གྲམ་དུ་བཀོད་ལ།) ཏིཥྛ་བཛྲ༔ (ཞེས་བརྗོད།) དེ་ནས་གཞལ་ཡས་ཕོ་བྲང་ཆེན་པོའི་སྒོ་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོཿདཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས༔ ཕྱི་ནང་(9ན)སྡོམ་པའི་སྒོ་མ་བཞིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ༔ ཡི་དམ་ལྷ་ཞལ་བསྟན་དུ་གསོལ༔ (ལན་གསུམ།) བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒོ་བཞི་ཤག་གི་ས་ཕྱེ་བར་(བསམ་ལ་ཡོལ་བ་བསལ།) སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་ཚེ་རབས་ནས་འབྲེལ་བའི་ལྷ་ལ་འབུལ་བའི་མོས་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་དཀྱིལ་འཁོར་དུ་དོར་མཛོད། ཧོཿདཀྱིལ་འཁོར་དབུས་བཞུགས་ལྷ་ཡི་ཚོགས༔ ཐོག་མེད་དུས་ནས་ཡི་དམ་ལྷ༔ མོས་ལྡན་མེ་ཏོག་འདི་བཞེས་ལ༔ ཡི་དམ་ལྷ་སྐལ་བསྟན་དུ་གསོལ༔ ཨ་ཏི་པུ་ཧོཿ(ཞེས་མེ་ཏོག་དཀྱིལ་འཁོར་དུ་དོར་བས་དབུས་སུ་བབས་ན་རྡོ་རྗེ་ཚེ་མཆོག་རྩལ། དེས་འགྲེས་ཏེ་ཕྱོགས་བཞིའི་གསང་མཚན་རྣམས་སོ་སོར་བཏགས།) རིགས་ཀྱི་ལྷས་མེ་ཏོག་བཞེས་པ་དེ་ཉིད་སླར་དབང་རྟགས་སུ་སྩལ་བར་མོས་ཤིག །དབང་རྟགས་ཅོད་པན་འདི་ཟུངས་ལ༔ དཀྱིལ་འཁོར་གསུམ་དང་མ་བྲལ་ཞིག༔ (ཅེས་ཅོད་པན་སླར་སྤྱི་བོར་བཅིང་།) སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་སྤྲོས་པས་ཁྱེད་རང་རྣམས་ཀྱི་སྒྲིབ་གཉིས་མ་རིག་པའི་མུན་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །(9བ)(གསེར་ཐུར་ཐོགས་ལ།) ཧོཿཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ མ་རིག་ལིང་ཏོག་བསལ་བ་ལྟར༔ ཁྱོད་ཀྱི་གཉིས་འཛིན་རྟོག་པ་ཡང་༔ དེང་འདིར་བདག་གིས་བསལ་བར་བྱ༔ ཨོཾ་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ (ཅེས་མིག་དར་བསལ།) དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ་བརྟེན་ནས་ཕྱི་ཀུན་རྫོབ་མཚན་མའི་དཀྱིལ་འཁོར་འདིས་མཚོན་ཏེ་ནང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུར་མ་བཅོས་ལྷུན་གྲུབ་ཏུ་བཞུགས་པའི་རང་ཞལ་སྒྲིབ་མེད་མངོན་སུམ་དུ་མཇལ་བར་མོས་ལ་སྤྲོ་བ་བསྐྱེད་མཛོད། དེ་ནས་དབང་བསྐུར་བ་དངོས་ལ། ཐོག་མར་ཚེ་འགུག་ཅིང་བཅུད་བསྡུ་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་འོད་ཟེར་ལྷ་མོ་མགྱོགས་མའི་ཕོ་ཉ་ནམ་མཁའ་གང་བར་སྤྲོས་པ་རྣམས་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བརྟན་གཡོའི་དྭངས་མ་རྣམས་དང་། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་དང་མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་མོས་ཤིག །(མདའ་དར་གཡབ་ལ།) ཧྲཱིཿ ཉོན་མོངས་(10ན)གནས་དག་དུག་ལྔ་རང་སར་དག༔ (སོགས་ལས་བྱང་ལྟར་ཚེ་འགུགས་ཡོངས་རྫོགས་མཐར་ཆགས་སུ།) བཛྲ་གཎྜེ་ཧོཿ(ཞེས་པའི་བར་བཏང་།) བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་འཆི་མེད་ཚེ་ལྷ་རིགས་ལྔའི་ལྷ་ཚོགས་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་རྡོ་རྗེ་སྐུའི་ཚེ་དབང་ལུས་ལ་ཐོབ་པར་མོས་ཤིག །(བུམ་པ་ཐོགས་ལ།) ཧཱུྃ༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ འཆི་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་དབང་ལུས་ཀྱི་ཐོབ་པར་ཤོག༔ ཧཱུྃ༔ འཆི་མེད་སྐུ་ཡི་དབང་བསྐུར་བས༔ ཚེ་རིང་ནད་མེད་བདེ་དང་ལྡན༔ དུས་མིན་འཆི་བ་ཟློག་པ་དང་༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་གུ་རུ་ཨཱ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷིཥིཉྩ་ཨོཾ༔ ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ (ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བྱིན།) རང་བྱུང་བདེ་སྐྱོང་ཀ་པཱ་ལའི་ནང་དུ་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་མཉམ་པར་སྦྱོར་བའི་ (10བ)བྱང་སེམས་བདུད་རྩིའི་རྒྱུན་གྱིས་གང་བས་དབང་བསྐུར་བ་མགྲིན་པ་ནས་ཞུགས་ལུས་ཀྱི་རྩ་ཁམས་ཐམས་ཅད་ཁྱབ་པས་འགགས་མེད་གསུང་གི་ཚེ་དབང་ངག་ལ་ཐོབ་པར་མོས་ཤིག །(ཚེ་ཆང་ཐོགས་ལ།) ཧཱུྃ༔ རང་བྱུང་ཀ་པཱ་ལ་ཡི་ནང་༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་བཀང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསུང་དབང་ངག་གིས་ཐོབ་པར་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷིཥིཉྩ་ཨཱཿཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ(ཞེས་ཐོད་པ་མགྲིན་པར་བཞག་ཅིང་བདུད་རྩི་བྱིན།) ཚེ་ཟན་བུམ་གཏོར་འཆི་མེད་ཚེ་ལྷ་འདུས་པའི་ངོ་བོ་ཉིད་སྙིང་གར་བཞག་ཅིང་ཚེའི་དམ་རྫས་རིལ་བུ་མྱང་བ་ཉིད་སྙིང་དབུས་མི་ཤིགས་རྡོ་རྗེའི་སྲོག་དང་འདྲེས་ཏེ་འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཡིད་ལ་ཐོབ་པར་མོས་ཤིག །(ཚེ་གཏོར་ཐོགས་ལ།) ཧཱུྃ༔ ཡེ་ཤེས་ལྔ་ལྡན་ཚེ་གཏོར་ལ༔ འཆི་མེད་བདུད་རྩིའི་འོད་ཟེར་འཕྲོ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐུགས་དབང་སེམས་ཀྱིས་ཐོབ་པར་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷིཥིཉྩ་ཧཱུྃ༔ ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ(ཞེས་ཚེ་གཏོར་སྙིང་ཁར་བཞག་ཅིང་ཚེ་རིལ་བྱིན།) དེ་ལྟར་རྩ་བ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་གྲུབ་ནས་མཐའ་བརྟེན་ཡོན་ཏན་ཕྲིན་ལས་ཡོངས་(11ན)སུ་རྫོགས་པའི་དབང་རྣམས་བསྐུར་བ་ལ། མར་མེ་ཡེ་ཤེས་ཀྱི་རང་འོད་གསལ་བ་སྙིང་གར་བཞག་པས་མ་རིག་པའི་མུན་པ་དྲུང་ནས་ཕྱུངས་ཏེ་ཡེ་ཤེས་ཀྱི་རང་འོད་ཁོང་ནས་གསལ་བར་མོས་མཛོད། (མར་མེ་ཐོགས་ལ།) ཧཱུྃ༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ ཐུགས་ཀ་དཔལ་གྱི་བེའུ་ནས༔ ཡེ་ཤེས་མར་མེ་འོད་གསལ་བས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཉོན་མོངས་མ་རིག་མུན་སེལ་ནས༔ ཡེ་ཤེས་ཡོན་ཏན་གསལ་བར་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷི་ཥི་ཉྩ་སྭཱ༔ གུ་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ(ཞེས་མར་མེ་སྙིང་གར་བཞག །) ཐབས་ཤེས་ཕྱག་མཚན་རྡོ་རྗེ་དྲིལ་བུས་དབང་བསྐུར་བས་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དབང་དམ་པ་ཐོབ་པར་མོས་ཤིག །རྡོ་དྲིལ་ཐོགས་ལ། ཧཱུྃ༔ ཉོན་མོངས་རྣམ་དག་རྡོ་རྗེ་དང་༔ ཆོས་ཀྱི་སྙན་སྒྲོགས་དྲིལ་བུ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བག་ཆགས་ཉེས་པའི་སྐྱོན་བྲལ་ཞིང་༔ ཐབས་ཤེས་འབྲེལ་བའི་ཕྲིན་ལས་ཀྱིས༔ འགྲོ་རྣམས་འདྲེན་པའི་དབང་ཐོབ་ཤོག༔ ཨོ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷིཥིཉྩ་ཧཱ༔ ཀརྨ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ(ཞེས་རྡོར་(11བ)དྲིལ་ལག་གཡས་གཡོན་དུ་བཏད།) རིན་ཆེན་བརྒྱ་རྩའི་ཕྲེང་བ་ལག་ཏུ་གཏད་པས་གསུང་སྙིང་པོ་ལུང་གི་དབང་ཐོབ་སྟེ་བསྙེན་སྒྲུབ་ཕྲིན་ལས་རབ་འབྱམས་ལ་མངའ་བརྙེས་པར་མོས་ཤིག །ཕྲེང་བ་ཐོགས་ལ། ཧཱུྃ༔ འདི་ནི་སྔགས་ཀྱི་ཕྲེང་བ་སྟེ༔ རིན་ཆེན་གཏེར་ལས་བྱུང་བ་ཡིན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་སྙིང་པོ་བགྲང་༔ ཚེ་དབང་རིན་ཆེན་མྱུར་འགྲུབ་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧོཿ རཏྣ་མཱ་ལ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧྃཿ(ཞེས་ཕྲེང་བ་ལག་ཏུ་གཏད།) དབུ་རྒྱན་རིགས་ལྔ་ཅོད་པན་བཅས་ཀྱི་དབང་རྟགས་སྤྱི་བོར་བཅིང་སྟེ་དབང་བསྐུར་བས། ཚེ་དབང་རིག་པ་འཛིན་པའི་གོ་འཕང་ལ་མངའ་དབང་བསྒྱུར་བར་མོས་ཤིག །(དབུ་རྒྱན་ཅོད་པན་ཐོགས་ལ།) ཧཱུྃ༔ འཆི་མེད་རྡོ་རྗེ་ཚེ་ཡི་གཏེར༔ བཅོམ་ལྡན་ཨ་ཡུ་རིགས་མཆོག་ལྔ༔ ཡེ་ཤེས་ལྔ་ལྡན་ཅོད་པན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚེ་དབང་རིག་འཛིན་ཐོབ་པར་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི༔ སཾ་ཧ་ར་ཀ་དྷ་ཤེ་རེ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ སྭཱ་ཧཱ༔ (ཞེས་རིགས་ལྔའི་ཅོད་པན་སྤྱི་བོར་བཀོད།) དེ་ལྟར་ཚེ་ཡི་དབང་བསྐུར་བས། ཚེ་མི་ཤིགས་(12ན)པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར་པ་དེ་ཉིད་ནམ་ཡང་མི་འགྱུར་མི་ཤིགས་རྟག་བརྟན་འགྱུར་མེད་ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་པར་མོས་ཤིག །ཧྲཱིཿ གཅིག་པ་རྩེ་གཅིག་ཐུགས་ཀྱི་རྒྱ༔ (སོགས་ལས་བྱང་ལྟར་བརྗོད་ལ། མདའ་དར་རམ་རྡོ་རྗེ་གནས་གསུམ་ལ་རྒྱ་གྲམ་དུ་བཀོད། མཐར་ཤིས་བརྗོད་རྒྱས་པར་སྤེལ་ལོ། །) དེ་དག་རྣམས་ཀྱི་སྒོ་ནས་ཚེ་སྒྲུབ་ནོར་བུ་ལམ་ཁྱེར་བདུད་རྩིའི་རྒྱ་མཚོའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད་འདི་ཉིད་ཡི་དམ་གྱི་ལྷར་འཛིན་པ་དང་། དངོས་དང་བརྒྱུད་ནས་གཞན་གྱི་སྲོག་གཅོད་པ་སྤང་ཞིང་འཆི་ངེས་པའི་སྲོག་བསླུ་བ་དང་། ཚེ་ཐར་སྲོག་བསླུ་གང་མང་གཏོང་བས་མཚོན་ཚེའི་བར་ཆད་ཞི་ཞིང་ཚེ་བསྲིང་བའི་ཐབས་ལ་འབད་པ་སོགས་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་(སོགས་ལན་གསུམ།) དེ་ལྟར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་(12བ)སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ལྟོས་མེད་དུ་འབུལ་བ་ལགས་ན་ཆ་ཤས་རེ་རེ་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་(སོགས་ལན་གསུམ།) དེ་ལྟར་ཐོབ་པ་ལས་བྱུང་བའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བར་མཛོད། བསོད་ནམས་འདི་ཡིས་(སོགས་ཀྱིས་དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་མཐའ་སྡུད་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། གཏོར་སྐྱོང་བྲོ་བརྡུང་བཅས་ཟིན་ནས། དམིགས་གནད་བཅས་བསྙེན་པ་ཅུང་ཟད་ཁ་གསོས་ལ་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་བཟོད་གསོལ་མཐར། མདུན་རྟེན་ལ་བརྟན་བཞུགས་དང་བདག་བསྐྱེད་འོད་གསལ་གྱི་སྐུར་ལྡང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །) འཆི་མེད་སྒྲུབ་པའི་གདམས་སྲོལ་བྱེ་བའི་ཕུལ། །ནོར་བུ་ལམ་ཁྱེར་སྙིང་པོའི་དབང་གི་ཁྲིགས། །གསལ་བདེར་སྤེལ་བ་འདིས་ཀྱང་འགྲོ་བ་ཀུན། །འཆི་མེད་ཡེ་ཤེས་དྭངས་མའི་སྐུར་སྨིན་ཤོག །(ཅེས་པའམ་མོན་ཡུལ་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་སྔགས་སྟོན་ཚེ་དབང་དཔལ་འབྱོར་སོགས་དོན་དུ་གཉེར་བ་ཅན་དུ་མས་བསྐུལ་བ་ལ་བརྟེན་ནས། ནོར་བུ་ལམ་ཁྱེར་རྩ་བའི་(13ན)གསང་རྒྱུད་ཀྱི་དགོངས་དོན་མན་ངག་ཕྱག་ལེན་གྱིས་བཀྲལ་ཏེ་འཇུག་བདེ་བཀླག་ཆོག་གི་ཚུལ་དུ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་རྩ་ལྔ་པར་སོན་པ་ས་ཕོ་རྟའི་ལོ་ཆོ་འཕྲུལ་ཟླ་བའི་ཡར་ངོ་རྒྱལ་བ་གསུམ་པའི་ཚེས་ལ་བལ་ཡུལ་ཨེ་ཡི་གཙུག་ལག་ཁང་གི་ཉེ་འགྲམ་དུ་བསྡེབས་པ་ལས། ཐོག་མའི་ཡི་གེར་འགོད་པ་པོ་སྔགས་རིགས་རིན་ཆེན་ཕུན་ཚོགས་ཀྱིས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་མི་ནུབ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།