DJYD-KABUM-15-BA-006: Difference between revisions

From Dudjom Wiki
DJYD-KABUM-15-BA-006
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 15: . Kalimpong: Dupjung Lama, 1979-1985.
|sourcerevealer=Dudjom Rinpoche
|sourcerevealertib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|terma=Yes
|deity=rdo rje gro lod
|cycle=bla ma drag po gro lod kyi skor
|cycletib=བླ་མ་དྲག་པོ་གྲོ་ལོད་ཀྱི་སྐོར་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༡༥
|volyigtib=བ
|versonotes=gro lod
|volumenumber=15
|volumenumber=15
|volumeLetter=BA
|volumeLetter=BA

Revision as of 12:32, 17 July 2024

Wylie title DJYD-KABUM-15-BA-006.pdf
Location bdud 'joms rin po che bka' 'bum
Volume 15, Text 6, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 15: . Kalimpong: Dupjung Lama, 1979-1985.
Side notes   Verso: gro lod
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre
Cycle བླ་མ་དྲག་པོ་གྲོ་ལོད་ཀྱི་སྐོར་ (bla ma drag po gro lod kyi skor)
Deity rdo rje gro lod
[edit]
༁ྃ༔ བདུད་འཇོམས་ཁྲག་འཐུང་པདྨའི་སྲོག་སྒྲུབ་ཟབ་མོ་ཨྠྀི༔

(1བ)(གང་ཞིག་དངོས་གྲུབ་དོན་གཉེར་ལས་ཅན་རྣམས༔ གསང་སྔགས་ཐེག་པའི་ཡང་ཞུན་བཅུད་དྲིལ་བ༔ བདག་ཉིད་བླ་མ་ཡི་དམ་དབྱེར་མེད་དུ༔ སྒྲུབ་པའི་མན་ངག་འདི་ཀོ་སྙིང་ལ་ཕུར༔ ཕྱི་ལྟར་སྒྲུབ་ཕུར་ཚད་ལྡན་རྟེན་དུ་བཟུང་༔ ནང་ལྟར་རང་ལུས་ལྷུན་གྲུབ་ད་ལར་རྫོགས༔ གསང་བ་མ་བཙལ་ཡེ་རྫོགས་རིག་པའི་དལ༔ སྣང་སྲིད་གཞིར་བཞེངས་འཁོར་ལོ་རང་གསལ་གདབ༔ ས་མ་ཡ༔ ) ན་མོ༔ རང་རིག་སྐྱེ་མེད་དོན་གྱི་ཁྲག་འཐུང་ཆེར༔ མངོན་སུམ་རང་ངོ་ཤེས་པས་སྐྱབས་སུ་བསྙེན༔ མ་རྟོགས་གཉིས་སྣང་འགྲོ་བ་སྒྲོལ་བའི་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་ཁྱེར་ལ་འཇུག་བྱ༔ ཧཱུྃ༔ རིག་སྟོང་ཁྲོ་རྒྱལ་འབར་བའི་(2ན)བཀའ་བྱུང་གིས༔ གློ་བུར་འཁྲུལ་སྣང་རྣམ་རྟོག་བགེགས་ཚོགས་རྣམས༔ ཆོས་ཉིད་དག་མཉམ་རོལ་པའི་ཕ་མཐར་དེངས༔ འདས་ན་ཆོས་ཟད་ཀློང་དུ་བརླག་ཏ་རེ༔ ཧཱུྃ༔ འཁོར་འདས་དབྱེར་མེད་བྱང་ཆུབ་སེམས་ཀྱི་ཀློང་༔ མཉམ་ཉིད་བདེ་ཆེན་ཡེ་ཤེས་རྡོ་རྗེའི་གུར༔ སྟོང་ཆེན་ནམ་མཁའི་སྙིང་པོར་དཀྲིག་པ་ལ༔ གཉིས་སྣང་ལོག་འདྲེན་རྒྱུ་བའི་གོ་སྐབས་མེད༔ ངྷརྨ་ངྷ་ཏུ་རཀྵ་ཨ༔ ཧཱུྃ༔ རང་བྱུང་སྣོད་བཅུད་སྣང་བའི་བཀོད་པ་ལ༔ དག་པ་རབ་འབྱམས་ཆེན་པོའི་གཟི་བྱིན་ཕོབ༔ ཡུལ་དྲུག་འདོད་ཡོན་རིན་ཆེན་སེམས་ཀྱི་རྒྱན༔ ཟག་མེད་(2བ)ཀུན་བཟང་མཆོད་པའི་སྤྲིན་དུ་ཤར༔ བཛྲ་ཨ་བེ་ཤ་ཡ་ཨ༔ སརྦ་པཱུ་ཛ་བཛྲ་སྥ་ར་ཎ་ཁཾ༔ ཧཱུྃ༔ ཀུན་ཁྱབ་ཀ་དག་ཡེ་གྲོལ་སྟོང་དབྱིངས་ལས༔ འགག་མེད་ལྷུན་གྲུབ་སྒྱུ་འཕྲུལ་སྙིང་རྗེའི་རྩལ༔ ཟུང་འཇུག་རང་བྱུང་རིག་པ་ཧཱུྃ་དམར་པོ༔ མཁའ་ལ་སྐར་ཆེན་ལྷགས་བཞིན་གཟི་འོད་འབར༔ དེ་ལས་འོད་འཕྲོས་སྣོད་བཅུད་ཞེན་རྟོག་སྦྱངསཿ གནས་ཡུལ་དུར་ཁྲོད་རོལ་པའི་ཕོ་བྲང་ཆེ༔ འཇིགས་རུང་དྲག་པོའི་མཚན་ཉིད་རབ་རྫོགས་དབུས༔ པད་ཉིའི་གདན་ལ་རྒྱུ་ཡི་འཕྲོ་འདུ་ལས༔ རང་ཉིད་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ༔ སྐུ་མདོག་སྨུག་ནག་གར་དགུའི་ཉམས་འགྱུར་ཅན༔ གཏུམ་དྲག་མི་བཟད་སྡང་མིག་གློག་ལྟར་འཁྱུག༔ སྨར་སྨིན་བསྐལ་མེའི་ཚྭ་ཚྭ་འོད་དུ་འཕྲོ༔ ཁྲོ་གཉེར་ཤངས་ནས་སྲིད་པའི་འཐོར་རླུང་འབྱིན༔ ཨམ་གཙིགས་ཧཱུྃ་ཕེཾ་ང་རོ་འབྲུག་སྟོང་ལྡིར༔ དབུ་སྐྲ་དམར་སེར་གཡས་འཁྱིལ་དུང་ལུང་འཁྲོལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་འཕྱར༔ གཡོན་པས་ཕུར་བུ་བགེགས་ཀྱི་སྙིང་ལ་གཟིར༔ སྡིགས་མཛུབ་རྩེ་ནས་ལྕགས་སྡིག་ཁྲ་ཐབས་འགྱེད༔ གསང་གོས་ཕོད་ཀ་ཆོས་གོས་(3ན)སག་ལྷྭམ་གསོལ༔ ཁྲག་འཛག་མགོ་ཕྲེང་དོ་ཤལ་སེ་རལ་འཕྱང་༔ སྒྲོལ་ཡུམ་ཟ་བྱེད་སྟག་མོ་གྲུས་མ་ནི༔ སྡེར་མོས་རྒྱལ་བསེན་སྙིང་རྩ་འདྲེན་པའི་སྟེང་༔ གྱད་ཀྱི་འདོར་སྟབས་འགྱིང་ལོག་འཆམས་སྟངས་བཅས༔ བསྐལ་མེ་འུར་འུར་འབར་བའི་ཀློང་ན་རོལ༔ སྤྱི་བོར་མེ་ཁྱུང་སྤུ་གྲིའི་སྒྲོ་གཤོག་ཅན༔ རྔམས་བརྗིད་འཕུར་ལྡིང་ཁྱུང་གི་ཚྭ་ཚྭ་འཕྲོ༔ རིགས་ཀྱི་བདག་པོ་སྣང་མཐའ་ཚེ་དཔག་མེད༔ གསང་ཡེ་ཡུམ་སྦྱོར་འཇའ་ཟེར་ཀློང་དུ་བརྗིད༔ འཁོར་དུ་རིགས་ཀྱི་ཡུམ་བཞི་གིང་སྒོ་སྐྱོང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་གཏིབས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ གནས་གསུམ་འོད་ཀྱིས་རང་བཞིན་གནས་མཆོག་ནས༔ ཡེ་ཤེས་སེམས་དཔའ་དཔག་མེད་སྤྱན་དྲངས་བསྟིམ༔ ཧཱུྃ༔ རང་སྣང་དག་པ་འོག་མིན་དཔལ་གྱི་རི༔ ལོག་རྟོག་སྲིན་པོ་འདུལ་བའི་རྒྱལ་ཁབ་ནས༔ མཧཱ་གུ་རུ་བདུད་འཇོམས་གྲོ་བོ་ལོད༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ བཞེངས་ཤིག་སྒྲུབ་པའི་གནས་འདིར་གཤེགས་(3བ)ནས་ཀྱང་༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཛ་ཛ༔ ཧཱུྃ༔ ཕུང་ཁམས་སྣོད་བཅུད་དམ་ཚིག་ཕྱག་རྒྱ་དང་༔ ཡོངས་གྲུབ་ཡེ་ཤེས་རྡོ་རྗེ་དབྱེར་མེད་རོལ༔ གང་འདུལ་ཐབས་མཁས་རོལ་པའི་སྒྱུ་འཕྲུལ་ཆེར༔ ངོ་མཚར་བརྡ་དང་གར་གྱིས་མཚོན་ཕྱག་འཚལ་༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་ཧོ༔ ཧཱུྃ༔ ཀུན་འབྱུང་སེམས་ཉིད་ནམ་མཁའི་ཆོ་འཕྲུལ་ལས༔ ཡོངས་ཤར་ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན༔ དུར་ཁྲོད་དྲག་པོའི་དམ་རྫས་རྒྱ་ཆེན་པོ༔ ཁྲག་འཐུང་དགྱེས་པའི་དམ་ཚིག་མཆོག་ཏུ་རོལ༔ ཨོཾ་བཛྲ་ཨརྒྷཾ༔ པཱདྱཾ་(སོགས།) ཤཔྡ་རཱུ་པ་(ནས།) སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཏ་ན་ག་ན་ངྷརྨ་ངྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ འབར་བའི་སྐུ་ནི་གཏུམ་དྲག་ཉམས་བརྒྱས་སྒེག༔ རྡོ་རྗེའི་གད་རྒྱངས་ང་རོས་ས་གསུམ་གཡོ༔ ཟུང་འཇུག་ཐུགས་མཆོག་ཡེ་ཤེས་ཐིག་ལེར་འཁྱིལ༔ བདུད་འཇོམས་ལྷག་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་སྟེང་ཕ་ལམ་རྡོ་རྗེའི་ལྟེར༔ སྲོག་གི་སྙིང་པོ་ཧཱུྃ་ཡིག་ལྕགས་སྲེག་མདོག༔ ཧཱུྃ་ལས་ཧཱུྃ་འཕྲོས་སྟོང་ཁམས་ཧཱུྃ་(4ན)གིས་གང་༔ སྣང་བའི་དངོས་ཀུན་གསལ་བརྟན་ཧཱུྃ་དུ་གྱུར༔ གྲགས་པའི་སྒྲ་སྐད་ཧཱུྃ་གི་རང་སྒྲར་ལྡིར་༔ དྲན་རིག་ཟང་ཐལ་གཉུག་མའི་ཧེ་རུ་ཀ༔ སྲིད་ཞིའི་ཁྱབ་བདག་ཆེན་པོར་དབང་རྫོགས་བསམ༔ ཧཱུྃ་གི་བཟླས་པ་ཆུ་བོའི་རྒྱུན་བཞིན་བརྩོན༔ སླར་ཡང་ཧཱུྃ་མཐར་སྔགས་ཕྲེང་རང་སྒྲར་བཅས༔ མགལ་མེའི་འཁོར་ལོ་བཞིན་དུ་གཡས་སུ་འཁོར༔ འོད་འཕྲོས་རྒྱལ་མཆོད་འགྲོ་བའི་སྒྲིབ་པ་བསལ༔ སྡེ་བརྒྱད་དབང་བསྡུས་ལོག་འདྲེན་ཚར་ཐག་བཅད༔ འཁོར་འདས་དྭངས་བཅུད་སླར་འདུས་ཧཱུྃ་ལ་ཐིམ༔ རྒྱལ་ཀུན་མཐུ་སྟོབས་ནུས་པ་ཡོངས་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིངྔྷི་ཧཱུྃ་ཧཱུྃ༔ བསྙེན་པ་ཐེམ་ནས་གཟིར་སྔགས་ཤམ་བུ་གདགས༔ ཨོཾ་བཛྲ་སརྦ་དུཥྜན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ བཟླས་པའི་གྲངས་ཚད་མཚན་མ་དག་དང་བསྟུན༔ རྟགས་མཐོང་ཞི་སོགས་གང་འདོད་ལས་ལ་སྦྱར༔ ཁྱད་པར་ཕྲིན་ལས་མན་ངག་ཞལ་ལས་ཤེས༔ ཐུན་མཚམས་སྤྱི་དང་དུས་བཟང་ཚེས་བཅུའི་སྐབས༔ བསོད་ནམས་སྤེལ་ཕྱིར་ཚོགས་ཀྱི་མཆོད་པ་བྱ༔ རཾ་ཡཾ་ཁཾ༔ ཡེ་ཤེས་རིག་རྩལ་མེ་རླུང་ཆུ་བྱུང་བས༔ ཚོགས་ཀྱི་དངོས་(4བ)འཛིན་ཉེས་སྐྱོན་བསྲེག་གཏོར་བཀྲུས༔ བྷནྡྷའི་སྣོད་དུ་ཚོགས་རྫས་ལོངས་སྤྱོད་གཏེར༔ འབྲུ་གསུམ་འོད་ཀྱིས་ཟག་མེད་བདུད་རྩིར་སྤེལ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ དབང་དྲག་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཆེ་བའི་ཆེ་མཆོག་བདུད་འཇོམས་གྲོ་བོ་ལོད༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་འཁོར་དང་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཧོཿ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཟག་མེད་འདོད་ཡོན་དམ་ཚིག་རྫས་མཆོག་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ དགྱེས་པར་བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ མཧཱ་གྷ་ཎ་ཙཀྲ་པཱུ་ཛ་ཧོཿ ཧོཿ ཚེ་རབས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང་༔ ཁྱད་པར་རིག་འཛིན་སྔགས་ཀྱི་དམ་ཚིག་ལས༔ འགལ་འཁྲུལ་ཉམས་ཆག་ནོངས་པ་ཅི་མཆིས་པས༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཛྲ་མ་ཡ་ཤུངྔྷེ་ཨ༔ ཧཱུྃ༔ གཉིས་སྣང་ཀུན་ཏུ་རྟོག་པའི་དགྲ་དང་བགེགས༔ བདག་མེད་ཤེས་རབ་རིག་པའི་མཚོན་གྱིས་བསྒྲལ༔ དྭངས་མ་མི་ཤིགས་བདེ་(5ན)ཆེན་ལྷུམས་སུ་སྦྱོར༔ སྙིགས་མ་ཁྲག་འཐུང་དགྱེས་པའི་སྟོན་མོར་བསྟབ༔ ནྲྀ་ཏྲི་ཤ་ཏྲཱུྃ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཕེཾ༔ དཀྱིལ་འཁོར་ཆེན་པོའི་མུ་རན་ལ་གནས་ཤིང་༔ དམ་ཚིག་ཇི་བཞིན་ཕྲིན་ལས་སྒྲུབ་མཛད་པའི༔ དཔལ་གྱི་ཕོ་ཉ་ལྷག་སྐྱོང་སྲུང་མ་རྣམས༔ ལྷག་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ ཧཱུྃ༔ སྔོན་ཚེ་བར་དང་བསྐལ་པ་ཐ་མའི་དུས༔ བརྒྱུད་གསུམ་རིག་འཛིན་སྤྱན་སྔར་དམ་མནོས་པའི༔ བཀའ་ཡི་སྲུང་མ་དམ་ཅན་གཏེར་སྲུང་རྣམས༔ གཏོར་མ་འདི་ལོངས་ལས་བཞིའི་ཕྲིན་ལས་མཛོད༔ ཁྱད་པར་པདྨའི་བཀའ་ཉན་དམ་ཚིག་ཅན༔ བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས༔ འདིར་སྤྱོན་བཤལ་ཚུལ་གཏོར་མ་འདི་བཞེས་ལ༔ མཆོག་གསང་བསྟན་པ་རྒྱས་པའི་སྡོང་གྲོགས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཁམས་གསུམ་ཐར་མེད་ཨེ་ཡི་ཁང་སྒྲོམ་དུ༔ མ་རིག་ལོག་འདྲེན་དམ་སྲི་འབྱུང་པོ་བྲུབ༔ དབང་ཆེན་ཁྲོ་ཚོགས་འབར་བའི་བྲོ་ཡིས་གཟིར༔ ནམ་ཡང་ལྡང་མེད་(5བ)མཐར་མནན་ཆོ་ག་རྫོགས༔ ཨོཾ་ཨཱཿཧཱུྃ་ལཾ་སྟྭམྔྷ་ཡ་ནན༔ ཧཱུྃ༔ ཧེ་རུ་ཀ་དཔལ་རྩ་བ་གསུམ་གྱི་བདག༔ རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་བདག་ལ་དགོངས༔ རང་བྱུང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ བྱིན་རླབས་དབང་དང་དངོས་གྲུབ་འདིར་རྩོལ་ཅིག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ བསྐྱེད་པའི་སྣང་ཆ་མི་དམིགས་ཆོས་ཀྱི་དབྱིངས༔ སྨྲ་བསམ་བརྗོད་པ་བྲལ་བའི་ངང་དུ་བཞག༔ སྟོང་པའི་རང་རྩལ་འགག་མེད་ལྷའི་དཀྱིལ་འཁོར༔ སྣང་གྲགས་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་སད༔ བདག་གིས་བླ་མ་དྲག་པོའི་དཀྱིལ་འཁོར་དུ༔ བསྙེན་སྒྲུབ་ཕྲིན་ལས་དགེ་ཚོགས་སྤེལ་བའི་མཐུས༔ འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ༔ བདུད་འཇོམས་དཔའ་བོའི་གོ་འཕང་མྱུར་འཐོབ་ཤོག༔ ཡེ་ཤེས་དབྱིངས་ལས་རྡོ་རྗེའི་སྐུར་བཞེངས་པ༔ བླ་མ་རྩ་གསུམ་འདུས་པའི་ལྷ་ཚོགས་ཀྱིས༔ དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་བདེ་ལེགས་སྩོལ༔ འདིས་ནི་རྒྱལ་འགོང་འབྱུང་པོས་ཉེ་མི་ནུས༔ འབར་བ་གསུམ་དང་འདུ་བའི་དངོས་གྲུབ་འབྱུང་༔ བརྩོན་པས་ཚུལ་བཞིན་ཉམས་སུ་སུས་བླངས་པ༔ ཐོད་ཕྲེང་རྩལ་དང་སྐལ་པ་མཉམ་པར་ངེས༔ ས་མ་ཡ༔ མན་ངག་སྙིང་པོ་རྫོགས་པའི་རིམ་པ་ནི༔ རླུང་རོ་བསལ་ཤིང་ཤེས་པ་རྣལ་དུ་ཕབ༔ གཟུང་འཛིན་(6ན)རྟོག་པས་མ་བསླད་གཉུག་མའི་གཤིས༔ ད་ལྟའི་ཤེས་པ་གསལ་རིག་རྗེན་པ་འདི༔ ཀུན་བཟང་པདྨ་འབྱུང་གནས་དགོངས་པ་སྟེ༔ ཡེ་གནས་དོན་གྱི་བདུད་འཇོམས་དྲག་པོ་རྩལ༔ གཞན་དུ་མི་འཚོལ་རང་རིག་འདི་ཀའོ༔ ངོ་ཤེས་ཐག་བཅད་གདིང་བཅའ་རང་བབས་སུ༔ མཉམ་པར་བཞག་ལ་ཚོགས་དྲུག་ལྷུག་པར་བོར༔ གང་ཤར་རང་གྲོལ་སྒྱུ་མར་ལ་བཟླས་པས༔ ཆོས་ཟད་གདོད་མའི་ས་ལ་བྱང་ཆུབ་འགྱུར༔ ས་མ་ཡ༔ སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་ནི༔ དཔལ་གཏོར་ལྷ་དང་དབྱེར་མེད་ནུས་ལྡན་བསྒྲུབ༔ སློབ་བུའི་བྱུར་བསལ་རྒྱུད་སྦྱང་བྱིན་དབབ་སྟེ༔ ནུས་པ་བརྟན་ཕྱིར་གཏོར་མ་གནས་བཞིར་བཞག༔ ཧཱུྃ༔ འཁོར་འདས་སྤྱི་དཔལ་བདུད་འཇོམས་གྲོ་བོ་ལོད༔ རྩ་གསུམ་རབ་འབྱམས་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་འདུས་པའི་ངོ་བོ་ལྷུན་གྱིས་གྲུབ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་ཀུན་སྦྱངས་ཏེ༔ སྐུ་བཞིའི་ཡེ་ཤེས་ཡོངས་རྫོགས་དབང་ཆེན་ཐོབ༔ བླ་མ་དྲག་པོ་རྩལ་དང་དབྱེར་མེད་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ གཏོར་མའི་ལྷ་ཉིད་འོད་ཞུ་སློབ་མར་བསྟིམ༔ གཏོར་ཟན་བདུད་རྩི་དངོས་གྲུབ་ཚུལ་དུ་སྦྱིན༔ དམ་ཚིག་གཉེར་གཏད་བུས་ཀྱང་དམ་བཅའ་བླང་༔ དེས་ནི་ཕྱི་ནང་བར་ཆད་གེགས་གདོན་ཞི༔ རྒྱུད་སྨིན་ནུས་བསྐྱེད་ལམ་ལ་སློབ་པར་དབང་༔ རྩེ་གཅིག་ཡི་(6བ)དམ་འཆའ་བའི་སྐལ་ལྡན་ན༔ རིག་པ་འཛིན་པའི་དངོས་གྲུབ་མཆོག་ཐོབ་འགྱུར༔ ས་མ་ཡ༔ སྙིགས་མའི་དུས་སུ་ཆོས་དང་གང་ཟག་འགལཿ མི་རུང་སྣ་དགུ་སྤྱོད་པའི་སྐབས་ཤར་ཚེ༔ དམ་སྲི་འགོང་པོའི་ཚ་ངར་རླུང་ལྟར་འཚུབས༔ ཡི་དམ་གཞན་གྱི་ནུས་པ་རྒྱང་རེ་རིང་༔ དེ་དུས་བདག་ཉིད་ཕྲིན་ལས་ལྷག་པར་མྱུར༔ འོན་ཀྱང་ང་ལ་མོས་པའི་མི་རེ་དཀོན༔ གསོལ་བ་ཐོབ་དང་པདྨས་བསླུ་རེ་ཀན༔ དད་པ་ཅན་ལ་པད་འབྱུང་འདུ་འབྲལ་མེད༔ ཐེ་ཚོམ་མེད་ན་དངོས་གྲུབ་ངས་པར་འབྱུང་༔ ཐུགས་ལ་འདོག་གོ་ལས་ཅན་སྙིང་གི་བུ༔ དུས་ལ་མ་བབ་ཙིཏྟར་གུ་ཧྱ་རྒྱ༔ ནམ་ཞིག་རྒྱལ་བསྟན་དགོང་ཁའི་དམར་ཐག་འདྲ༔ ལས་འབྲས་ཁྱད་གསོད་ལུགས་གཉིས་བཅའ་ཁྲིམས་ཞིག༔ ཆོས་མིན་ཆོས་རྫུས་ཆོས་མཐུན་ཉིན་སྐར་ཙམ༔ འབྱུང་བཞི་གཡོ་འཁྲུགས་སྔར་མེད་ཐན་རྟགས་མང་༔ མི་རྣམས་བློ་འགྱུར་བློ་རྩེ་འགོང་པོར་གཏོད༔ བོད་ཁམས་རུ་བཞི་མཐའ་མིས་བྲན་དུ་བཀོལ༔ ཕྱི་ཟིང་ནང་ཟིང་སྐད་ཅིག་བག་མི་ཕེབས༔ ཁྠཾ༔ སྐྱེ་འགྲོ་ཕལ་ཆེར་དུཿཁའི་འདམ་དུ་ཚུད༔ ལས་ཀྱི་ལ་ཡོག་འཁོར་བས་བཟློག་ཐབས་དཀའ༔ འོན་ཀྱང་དེ་དུས་ང་སྤྲུལ་ལས་ཅན་བུས༔ སྙིང་སྟོབས་ཕྱུང་ལ་ང་ཡི་ལུང་བཞིན་བསྒྲུབ༔ ཕྱི་ནང་རིམ་གྲོའི་རྟེན་འབྲེལ་མ་འཆོལ་ན༔ དུས་ཀྱི་བསྐལ་ངན་དྲུག་ཅུའི་བར་དུ་བསྲིང་༔ ལུང་བཞིན་མ་འགྲུབ་ལས་ཕྲན་ཐོར་བུ་ཙམ༔ བསྒྲུབ་པར་ནུས་ཀྱང་ཡུལ་ཕྱོགས་ཁོལ་བུར་བདེ༔ ཆེ་རྒུའི་སྙིང་ལ་སྡུག་འདྲེ་དངོས་ཞུགས་(7)པས༔ མཐུན་རྐྱེན་བས་ཀྱང་འགལ་རྐྱེན་སྒྲུབ་པ་མང་༔ མི་དང་མི་མིན་དམ་སྲིའི་ཆོ་འཕྲུལ་གྱིས༔ ང་སྤྲུལ་སྐྱེས་བུར་ལོག་ལྟའི་འབར་ཤ་ལྡིར༔ ཆེ་སྟེ་ཚེ་སྲོག་ཆུང་སྟེ་ཕྱིན་ལས་ལ༔ གློ་བུར་ཧུར་ཐུམ་ཅི་མི་འདོད་པ་གཏོང་༔ གང་ཡང་དགའ་སྡུག་རེ་དོགས་འཁུ་འཁྲིགས་སྤོངས༔ གཞན་ཕན་སེམས་བསྐྱེད་གོ་ཆ་བརྟན་པོ་བགོས༔ ཁྱད་པར་བདག་ཉིད་པདྨ་ཁྲག་འཐུང་གི༔ ཏིང་འཛིན་ཟབ་མོ་སྲོག་གི་གཏའ་རུ་ཟུངས༔ འབྲུ་གཅིག་སྙིང་པོ་ཁོངས་པའི་དབུགས་བཞིན་སྒྲོངས༔ མཁའ་འགྲོ་ཆོས་སྐྱོང་གྲོགས་ཀྱི་མཆོག་ཏུ་བརྟེན༔ གནས་གཅིག་མ་སྡོད་རྒྱལ་ཁམས་ཕྱོགས་མེད་འགྲིམ༔ བག་ཡངས་ངང་ནས་བློ་བདེ་རྒྱུན་དུ་སྐྱོངས༔ དེས་ནི་ཕྱི་ནང་འགལ་རྐྱེན་ངང་གིས་ཞི༔ ཚེ་ཡི་འཕྲང་སྒྲོལ་དོན་གཉིས་ལྷུན་གྱིས་འགྲུབ༔ སྐབས་སུ་ད་ལྟའི་ངང་ཚུལ་འལ་འོལ་དྲན༔ དེ་ཚེ་གདུང་ཤུགས་བསྐྱེད་ལ་གསོལ་བ་ཐོབ༔ དངོས་ཉམས་རྨི་ལམ་དག་ཏུ་བྱིན་རློབ་ངེས༔ པདྨའི་སྲོག་སྒྲུབ་ཡང་ཟབ་སྙིང་པོ་འདི༔ སྙིགས་དུས་རྒྱལ་འགོང་གཉེན་པོ་གཅིག་ཆོག་སྟེ༔ ཤིན་ཏུ་ཟབ་ཕྱིར་རང་ཉམས་གསང་བས་ལོངས༔ བཅུ་ཕྲག་ལྔ་ཡི་ཚེ་འཕྲང་མ་བརྒལ་བར༔ རླུང་ཕྱོགས་ཙམ་ཡང་མཆུ་སྒོར་དབྱུང་མི་བྱ༔ དེ་ནས་རིམ་བཞིན་སྣོད་ལྡན་བྱུང་ན་བྱིན༔ སྐལ་ལྡན་འགའ་ཡི་དངོས་གྲུབ་ཉེ་རྒྱུར་(7བ)འགྱུར༔ ས་མ་ཡཿ གུ་ཧྱ༔ ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་གསུམ་པར་བདུད་འདུལ་གཏེར་བྱོན་གྲོ་ལོད་ཀྱི་བསྙེན་སྒྲུབ་ཕྲན་བུ་བགྱིས་པའི་སྐབས་ཤིག་ཚུལ་འདིའི་བསྐྱེད་བཟླས་ཀྱི་རིམ་པ་བློ་ངོར་བརྡོལ་ཐབས་སུ་ཤར་ཞིང་། ཕྱིས་རང་ལོ་ཉེར་བཞི་པར་བདུད་འཇོམས་གྲོ་ལོད་ཀྱི་བསྙེན་སྒྲུབ་སྐབས་ཤིན་ཏུ་གསལ་བར་བྱུང་བ་བཅས༔ གཞན་ལ་བསྟན་ན་རང་སྲོག་འཆད་པའི་ཐ་ཚིག་ལ་འཇིགས་ཏེ་གཏེར་ཁ་གོང་མ་གཉིས་ཀྱི་ཚུལ་དུ་གསང་བས་ཉམས་སུ་བླངས་པ་ལས། སྙིགས་དུས་ཀྱི་བར་ཆད་རླུང་དམར་ལྟ་བུའི་ཁྲོད་ན་ཚེ་སྲོག་གི་མར་མེ་འདི་ཙམ་གནས་པར་གྱུར་པའང་གདམས་པ་འདི་ཁོ་ནའི་མཐུར་ངེས་པ་རྙེད་ལ། ད་ཆ་རང་ལོ་ལྔ་བཅུའི་ཚེ་འཕྲང་ཀྱང་བརྒལ་ཞིང་སྔགས་ཀྱི་སྐྱེས་མཆོག་འགྱུར་མེད་ཡོན་ཏན་རྒྱ་མཚོ་ནས་བདུད་འཇོམས་རྡོ་རྗེའི་གསང་སྒྲུབ་ཟབ་པ་ཞིག་ཅིས་ཀྱང་འབེབས་དགོས་པའི་བསྐུལ་མ་ནན་ཆགས་སུ་བྱུང་བ་ལ་བརྟེན་ནས་རྒྱ་བཀྲོལ་བའོ།། །།

༈ འདིའི་ཞལ་གདམས་གབ་སྦས་ཀྱི་ནང་ཚན་རིགས་བདག་ལ་བརྟེན་ནས་ཚེ་སྒྲུབ་པའི་མན་ངག་ནི་འདི་ལྟར། རང་གཉན་འདི་གཞན་ཕུན་ཚོགས་ཀུན་གྱི་གཞི༔ འཚོ་བའི་ཚེ་ཉིད་བསྒྲུབ་བྱའི་གཙོ་བོ་སྟེ༔ དེ་ལ་ཐུན་མོང་ཉམས་དགའི་དབེན་གནས་སུ༔ ཕྱི་ནང་མཚམས་བཅད་ཚོགས་བསགས་ད་ལ་བཀྲམ༔ ཚེ་ལྷ་ཡོངས་རྫོགས་དཀྱིལ་འཁོར་གཞུང་བསྲང་ཏེ༔ བསྙེན་སྒྲུབ་བཟླས་པས་རྒྱུད་བསྐུལ་ཚེ་བཅུད་བསྡུ༔ རྟགས་མཐོང་དངོས་གྲུབ་བླང་ལ་(8ན)དགའ་སྟོན་བྱ༔ ཐུན་མིན་ཐོ་རངས་རླུང་རིག་དྭངས་པའི་དུས༔ རང་ལུས་ཚེ་ལྷ་ཡབ་ཡུམ་རིགས་བདག་བཅས༔ གསལ་གདབ་བརྟན་གཡོའི་ཚེ་བཅུད་བསྡུ་ཞིང་བསྟིམ༔ རྡོ་རྗེའི་བཟླས་པ་དང་ནི་ཧྲཱིཿབཟླས་བྱ༔ ཞུ་བདེས་དྲངས་པའི་འཆི་མེད་ལང་ཚོ་སྤེལ༔ ཁྱད་པར་ཡང་གསང་ཚེ་སྒྲུབ་རྒྱལ་པོ་ནི༔ ལུས་བསྲང་རླུང་དུག་ཕྱུངས་ལ་སྒོ་གསུམ་ཀློད༔ རང་ལུས་རྟོང་གསལ་ནམ་མཁའི་རྡོ་རྗེར་བསྒོམ༔ འཁོར་འདས་དྭངས་བཅུད་ནམ་མཁའི་རང་བཞིན་དུ༔ ནར་གྱིས་དྲངས་ཏེ་རྡུབ་ཅིང་ཡང་ཡང་བཟའ༔ ནམ་མཁར་འཛིན་པའང་དམིགས་སུ་མ་མཆིས་པ༔ ཡེ་ནས་སྐྱེ་འཆི་བྲལ་བ་གཉུག་མའི་གཤིས༔ བདེ་སྟོང་ཡེ་ཤེས་ཆེན་པོར་ལ་བཟླས་པས༔ རྩེ་གཅིག་གོམས་པ་བརྟན་པོའི་གདིང་ཐོབ་ན༔ འཇའ་ཚོན་ལུས་ལ་རྡོ་རྗེའི་སྲོག་གྲུབ་སྟེ༔ འཆི་བདག་བདུད་ཀྱིས་ནམ་ཡང་མཐོང་མི་འགྱུར༔ གང་ཡང་རྒྱབ་ཆོས་འཆི་ངེས་སྲོག་བསླུ་ཞིང་༔ ལམ་འཕྲང་འཆོས་དང་སྦྱིན་སོགས་ཚོགས་གསོག་འབད༔ རྫས་སྨན་བདུད་རྩིའི་བཅུད་ལེན་དང་སྦྱར་ན༔ རྟེན་འབྱུང་བསླུ་མེད་འབྲས་བུ་མྱུར་འབྱིན་ངེས༔ ས་མ་ཡ༔