DJYD-KABUM-10-THA-018: Difference between revisions

From Dudjom Wiki
DJYD-KABUM-10-THA-018
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 10: . Kalimpong: Dupjung Lama, 1979-1985.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=rdo rje phur pa
|cycle=phur pa thugs sgrub gsang ba rgya can gnam lcags spu gri
|cycletib=ཕུར་པ་ཐུགས་སྒྲུབ་གསང་བ་རྒྱ་ཅན་གནམ་ལྕགས་སྤུ་གྲི་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༡༠
|volyigtib=ཐ་
|volumenumber=10
|volumenumber=10
|volumeLetter=THA
|volumeLetter=THA

Revision as of 08:54, 12 July 2024

Wylie title DJYD-KABUM-10-THA-018.pdf
Location bdud 'joms rin po che bka' 'bum
Volume 10, Text 18, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 10: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཕུར་པ་ཐུགས་སྒྲུབ་གསང་བ་རྒྱ་ཅན་གནམ་ལྕགས་སྤུ་གྲི་ (phur pa thugs sgrub gsang ba rgya can gnam lcags spu gri)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༄༅། །ཕུར་བུའི་སྒྲུབ་ཆེན་སྐབས་ཀྱི་ཉེར་མཁོ་གཏོང་

ཐུན་མདོར་བསྡུས་བཞུགས་སོ། །

(1བ) ཨོཾ་སྭསྟི། (སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པའི་སྐབས་སུ་བབས་པ་ན་འདི་སྐད་ཅེས་བྱ་སྟེ།) དེང་བཀྲ་ཤིས་པའི་དགེ་མཚན་རབ་ཏུ་འཆར་བའི་དུས་འདིར། དཔལ་ཆེན་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་གྱི་འཁོར་ལོ་ཚོམ་བུ་ཚོགས་སུ་བསྒྲུབ་པར་བགྱི་བ་སྟེ། དེའང་མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས་ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །དེ་ནི་རྒྱུད་དུ་རབ་ཏུ་བརྗོད། །ཐ་སྙད་ཙམ་དུ་ཕྱེ་བ་ན། །གཞི་ལམ་འབྲས་བུ་གསུམ་དུ་བརྗོད། །ཅེས་སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་ལྷའི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་གནས་ཀྱང་། སྦྱང་བྱ་གཉིས་འཛིན་ཆགས་སྡང་གི་རྣམ་པས་བྲལ་བྱའི་ཚུལ་དུ་བསྒྲིབས་པ་ཉིད། (2ན) སྦྱོང་བྱེད་དཀྱིལ་འཁོར་འཁོར་ལོའི་རྣམ་པ་ལམ་དུ་བྱས་པས། སྦྱང་འབྲས་གདོད་ནས་བཞུགས་པའི་ཟུང་འཇུག་གི་ཕྱག་རྒྱ་མངོན་དུ་བྱེད་པའི་ཐབས་ཁྱད་པར་ཅན་དང་དགོས་པ་རྗེས་སུ་འབྲེལ་བས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ལ། ས་བརྟག་བསླང་སྦྱོང་ཞིང་ཕྱི་ནང་གསང་བའི་མཚམས་གཅོད། དཀྱིལ་འཁོར་བྲི་ཞིང་རྒྱན་འགོད་པ་སོགས་སྔོན་དུ་སོང་ནས། ད་ལམ་སྒྲུབ་པ་པོ་རྣམས་གནས་སུ་འགོད་པའི་སྐབས་སུ་བབས་པ་སྟེ། དེ་ཡང་གནས་ཕུན་སུམ་ཚོགས་པ་སྦས་ཡུལ་ཆེན་པོ་བཅུ་དྲུག་གི་ཡ་གྱལ་པདྨ་རྣམ་པར་བཀོད་པའི་གྲོང་ཁྱེར་རྡོ་རྗེ་ཕག་མོ་ཀླུ་འདུལ་མའི་སྐུའི་བཀོད་པ་ལས་གསང་བ་ (2བ)བདེ་སྐྱོང་གི་འཁོར་ལོ་འཆི་མེད་ཡང་གསང་ཌཱ་ཀིའི་འདུ་བ་དགྱེས་པར་རོལ་པའི་གླིང་དང་ཉེ་བའི་ཆ། བདེ་བ་ཆེན་པོ་པདྨ་སཾ་བྷ་ཝ་ཡབ་ཡུམ་གྱིས་བརླབས་ཤིང་ངོ་མཚར་ཟབ་མོའི་གཏེར་གྱིས་ཕྱུར་བུར་གཏམས་པའི་ལྗོངས། མདོ་སྔགས་བཤད་སྒྲུབཀྱི་ཆུ་འོག་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་དགེ་ལེགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པའི་དགའ་ཚལ་ག་ལ་བར། དུས་ཕུན་སུམ་ཚོགས་པ་རབ་ཚེས་དཔལ་གདོང་གི་གནམ་ལོ་གསར་དུ་ཤར་བ་དཔྱིད་ཟླ་ར་བའི་ཡར་ངོ་། བདག་ཅག་གི་སྟོན་པས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་མཛད་པ་ཆེན་པོས་མུ་སྟེགས་ཀྱི་དཔུང་ཚོགས་ཚར་བཅད་ཅིང་། སློབ་དཔོན་སངས་རྒྱས་གཉིས་པ་མདངས་ལྡན་ཀོ་ཤའི་མཚོ་གླིང་ནས་ལྷ་ཅིག་ཨིནྡྲ་བྷཱུ་ཏིས་སྲས་ཀྱི་སྐལ་པར་སྤྱན་དྲངས་ནས་ཨོ་རྒྱན་གྱི་རྒྱལ་པོར་མངའ་གསོལ་ཏེ་གུ་རུ་པདྨ་རྒྱལ་པོ་ཞེས་མཚན་གྱི་དྲིལ་ཆེན་ས་གསུམ་སྐྱེ་རྒུའི་རྣ་བའི་བཅུད་ལེན་དུ་བསྒྲགས་པར་མཛད་པའི་དུས་ཀྱི་ཆར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་ལྟ་བ་གཉིས་སུ་མེད་པའི་གདེང་དང་ལྡན། སྒོམ་པ་བསྐྱེད་རྫོགས་ལས་སུ་རུང་། སྤྱོད་པ་ས་མ་ཡ་འབུམ་སྡེ་རྣམ་པར་དག །དབང་དང་མན་ངག་གི་བཀའ་བབ། ཡོ་ག་གསུམ་གྱི་དོན་ཐུགས་སུ་ཆུད། །གསང་བའི་གཉེར་ (3ན)ཐུབ་ཅིང་རྒྱུད་ཀྱི་དངོས་པོ་བཅུ་ལ་མཁས་པ། སྒྲུབ་པའི་ལས་རིམ་ལ་མ་རྨོངས་ཤིང་མན་ངག་ཉམས་མྱོང་དང་ལྡན་པ། ངང་རྒྱུད་རིང་ཞིང་ཕན་སེམས་ཆེ་བ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་མགོན་དང་དཔུང་གཉེན་དུ་བཞུགས་པ་འདི་ལྟར་དང་། འཁོར་ཕུན་སུམ་ཚོགས་པ་བདེ་ཆེན་རྒྱུད་ལ་སྐྱེད་པའི་འཁོར་གཟུངས་མ་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་དང་ལྡན་པ། རིགས་ལྔའི་དངོས་གྲུབ་སྒྲུབ་པའི་འཁོར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་གཙོ་བོ་བཞི་ཡུམ་དང་བཅས་པ། དོན་གཉིས་ཕྲིན་ལས་སྒྲུབ་པའི་འཁོར་རྒྱལ་ཐེབ་ཀྱི་སྟོན་པ་བཞི། བར་ཆད་དགྲ་བགེགས་སྒྲོལ་བའི་འཁོར་རྡོ་རྗེ་སྤྱན་པ་དང་རྡོ་རྗེ་མཚམས་པ་གིང་དང་བཅས་པ། མཆོད་པའི་ཞལ་ཟས་སྦྱོར་བའི་འཁོར་རྡོ་རྗེ་དྲོད་འཛིན་བྱན་ཕོ་བྱན་མོ་དང་བཅས་པ། དད་འདུས་དང་བརྩོན་འགྲུས་ཆེ་བ། ལྷག་པར་རྒྱལ་ཐེབ་རྣམས་ཀྱང་དབང་དང་དམ་ཚིག་ལྡན་ཞིང་ཐོས་བསམ་གྱིས་རྒྱུད་དག །དེ་ཁོ་ན་ཉིད་ལ་བློ་སྦྱངས་པ་ཤ་སྟག་ལགས་པ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་འཚོ་བ་ཟས། (3བ) ནད་ཟློག་སྨན། དགྲ་ཟློག་མཚོན་སོགས་ཕྱིའི་ཡོ་བྱད། རྟེན་རྫས། སྒྲུབ་རྫས། རྒྱན་རྫས། མཆོད་རྫས། དབང་གི་རྫས་ཏེ་ནང་གི་ཡོ་བྱད། ཏ་ན་གྷ་ན། ཤེས་རབ་སྙིང་རྗེ་སྟེ་གསང་བའི་ཡོ་བྱད་དུ་བཤད་པ་སྤྱི་དང་། ཁྱད་པར་ཕྲིན་ལས་ཀྱི་ལུང་ལས་གསུངས་པའི་ཕོ་བྲང་ཨེ་ཁྲམ་འབར་བའི་དཀྱིལ་འཁོར་སོགས་ཐུན་མོང་མ་ཡིན་པའི་རྟེན་སྒྲུབ་མཆོད་པའི་དམ་རྫས་གཙང་ལ་མ་ཚང་བ་མེད་པར་འདུ་བྱས། དཀྱིལ་འཁོར་གྱི་རི་མོ་བཀྲ་ཡ་ལེ། སྣང་གསལ་མར་མེ་འོད་ལྷག་གེ ། བདུག་སྤོས་ཀྱི་དྲི་ངད་ཐུད་ལེ། རྡོ་རྗེ་མཆེད་ལྕམ་སྤྲེ་དགའ་དང་བྱིན་རླབས་ཐིབས་སེ་འདུ་བའི་སྐབས་འདིར། བརྒྱུད་པ་དགུའི་བཀའ་བབ་འཛིན་ཅིང་ཡོན་ཏན་བརྒྱད་དང་ལྡན་པའི་སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་འདས་པ་རྒྱ་མཚོའི་མགོན་དུ་རྡོ་རྗེའི་ཁྲི་ཆེན་པོ་ལ་བཞུགས་ཏེ་གཡོ་མེད་ཀྱི་དགོངས་པས་བྱིན་གྱིས་རློབས་པར་ཞུ། དེ་དང་དགོངས་པ་མཉམ་ཞིང་དཀྱིལ་འཁོར་གྱི་ལས་རབ་འབྱམས་སྒྲུབ་པར་ནུས་པའི་རྡོ་རྗེའི་རྒྱལ་ཚབ་ཆེན་པོ་བཞི་ཕྱོགས་བཞི། ཡབ་ཀྱི་དགོངས་པ་དང་བསྟུན་ཞིང་སྦྱོར་བའི་སྒྱུ་རྩལ་ཤེས་པའི་གཟུངས་མ་ཀུན་ཏུ་བཟང་མོ་རྣམས་ཡབ་ཀྱི་གཡོན་ཟུང་། ཆོས་འཆད་པ་རྡོ་རྗེ་རྒྱལ་ཐེབ། དངོས་གྲུབ་ཀྱི་རྫས་སྟེར་བའི་རིན་ཆེན་རྒྱལ་ཐེབ། དབང་བསྐུར་ (4ན) བའི་བྱ་བ་བྱེད་པ་དབང་གི་རྒྱལ་ཐེབ། ཕྲིན་ལས་ཀྱི་གཞུང་བསྲང་བ་ལས་ཀྱི་རྒྱལ་ཐེབ་རྣམས་ཀྱང་ཕྱོགས་བཞི། ཕྱི་ནང་བར་ཆད་སྲུང་བའི་བརྟུལ་ཞུགས་ཅན་རྡོ་རྗེ་མཚམས་པ་ནུབ་བྱང་། སྒྲོལ་བའི་ལས་དང་བརྡ་ལ་མཁས་པ་རྡོ་རྗེའི་ཀིང་ཀར་རྣམས་ལྷོ་ནུབ། གཡོ་སྒྱུ་མེད་པར་མི་མ་ཡིན་མཐོང་ཞིང་ཉུ་ལེའི་བར་ཆད་ཟློག་ནུས་པའི་མིག་རྣོན་རྡོ་རྗེ་སྤྱན་པ་དང་། དུས་སྦྱོར་དབྱུ་གུ་སོགས་ལ་མཁས་ཤིང་ཕྲིན་ལས་ཀྱི་སྐབས་ཕྱེད་པ་རྡོ་རྗེ་དྲོད་འཛིན་པ་གཉིས་བྱང་ཤར། བག་ལྡན་གཙང་སྦྲ་ཆེ་ཞིང་རྣམ་སྨིན་ལ་འཛེམ་པའི་རྡོ་རྗེ་བྱན་ཕོ་བྱན་མོ་དང་། ང་རྒྱལ་མེད་ཅིང་བཀའ་བཞིན་སྲི་ཞུ་ལ་བརྩོན་པའི་རྡོ་རྗེ་རྡུལ་ཕྱག་པ་རྣམས་ཤར་ལྷོ། མཆེད་ལྕམ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་གྲལ་གྱི་བར་དུ་བཞུགས་ཏེ། ཐམས་ཅད་ཀྱང་ཆོས་སྤྱོད་ལ་བརྩོན་འགྲུས་ཆུང་བ་ལུས་ཀྱི་སྐྱོན་དང་། སྨྲ་བ་མང་ཞིང་བཟླས་པ་ལ་མི་བརྩོན་པ་ངག་གི་སྐྱོན་དང་། ཞེ་སྡང་ཆེ་ཞིང་བྱམས་པ་ཆུང་བ་ཡིད་ཀྱི་སྐྱོན་དང་། བརྗེད་ངེས་ཆེ་ཞིང་བག་ཟོན་ཆུང་བ་དམ་ཚིག་གི་སྐྱོན་དང་། ཆང་ལ་དགའ་ཞིང་གཉིད་ཆེ་བ་ཏིང་ངེ་འཛིན་གྱི་སྐྱོན་དང་། གཡེང་བ་ལ་དགའ་ཞིང་བསྒོམ་སྒྲུབ་ལ་སྐྱོ་བ་དད་པའི་སྐྱོན་ཏེ་སྐྱོན་དྲུག་པོ་རྣམ་པ་ཐམས་ཅད་དུ་སྤང་ཞིང་། རྟོགས་པ་ཆེ་བས་ (4བ) ཆོས་ཉིད་དང་མི་ཕྱེད་པ། དད་གུས་ཆེ་བས་བླ་མ་དང་མི་ཕྱེད་པ། དམ་ཚིག་ཆེ་བས་ཡི་དམ་དང་མི་ཕྱེད་པ། བརྩེ་གདུང་ཆེ་བས་མཆེད་ལྕམ་དང་མི་ཕྱེད་པ། བརྟུལ་ཞུགས་ཆེ་བས་དམ་རྫས་དང་མ་ཕྱེད་པ། སྦྱོར་སྒྲོལ་ལ་བརྩོན་པས་གཟུངས་མ་དང་མི་ཕྱེད་པ། སྙིང་རྗེ་ཆེ་བས་སེམས་ཅན་དང་མི་ཕྱེད་པ། ཏིང་ངེ་འཛིན་གསལ་བས་དངོས་གྲུབ་དང་མི་ཕྱེད་པ། སྐྱོན་དང་བྲལ་བས་འབྲས་བུ་སངས་རྒྱས་དང་མི་ཕྱེད་པ་སྟེ་ཡོན་ཏན་དགུ་པོ་ལ་རྣམ་པ་ཀུན་ཏུ་བརྩོན་ཞིང་། གཞན་ཡང་རྩ་རྒྱུད་ལས། སྙིགས་མའི་དུས་ཀྱི་སྟོན་པ་དང་། །ད་ལྟའི་སངས་རྒྱས་འདི་དག་ལ། །ཐ་དད་དུ་ནི་ཅུང་མིན་བརྟག །རྡོ་རྗེ་གསང་བའི་གྲོགས་དག་ཀྱང་། །དེ་དང་རྗེས་སུ་མཐུན་པར་བལྟ། །སྒོ་གསུམ་གུས་པས་བརྩོན་བྱ་ཞིང་། །ཞེས་གསུངས་པའི་དོན་ལ་བསླབ་ཅིང་རང་རང་གིས་གཉེར་དུ་འོས་པའི་ལྟ་དགོངས་ཕྲིན་ལས་ལ་གཡེལ་བ་མེད་པར་བཀའ་གསང་གཉན་པོའི་གཞུང་དང་མཐུན་པར་ཁུར་དུ་བཞེས་ཏེ་འདོད་པའི་དངོས་གྲུབ་བདེ་བླག་ཏུ་བསྒྲུབ་པར་བགྱིའོ་སྙམ་པའི་ཐུགས་འདུན་དང་ལྡན་པའི་ངང་ནས་འདིའི་རྗེས་ཟློས་གནང་བར་ཞུ། ། ༈ (དཔལ་གྱི་རྟགས་གདབ་པའི་སྐབས་སུ།) འདིར་འདུས་པའི་སྒྲུབ་པ་པོ་རྣམས་དོན་གྱི་དག་པ་ (5ན) སྦྱར་བས་ལྷ་དང་གཉིས་སུ་མེད་པར་རྟོགས་པ་དང་། རྟགས་ཀྱི་ཕྱག་རྒྱ་བཅིངས་པས་མཁའ་འགྲོ་དམ་ཅན་ཕོ་མོ་རྣམས་ཀྱིས་སྒྲུབ་པ་པོར་ཤེས་པ་དང་། བར་ཆད་བདུད་ཀྱིས་མི་ཚུགས་ཤིང་ཐབས་ཀྱི་ཐེག་པའི་རིགས་སུ་ངེས་པའི་འབྲས་བུ་མྱུར་དུ་འགྲུབ་པ་སོགས་དགོས་པ་དུ་མ་དང་ལྡན་པའི་ཕྱིར། སྔོན་དཔལ་ཆེན་པོས་རཱུ་དྲ་སྡེ་གསུམ་བཏུལ་ཞིང་དེའི་ཆས་རྣམས་དཔའ་བའི་རྟགས་སུ་བཞེས་པ་ལྟར་ད་ལམ་སྒྲུབ་པ་པོ་རྣམས་ལ་དཔལ་གྱི་ཆས་གོས་ཀྱིས་མངའ་གསོལ་བས་དུག་ལྔ་རྩད་ནས་གཅོད། སྟོབས་བཅུ་དང་མི་འཇིགས་པ་ལྡན། མ་མོ་མཁའ་འགྲོ་ཐམས་ཅད་ལ་དབང་བསྒྱུར། གདུག་པ་ཅན་ཟིལ་གྱིས་མནན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་མངའ་མཛད་པ་དཔལ་ཆེ་ཁྲག་འཐུང་ལྷའི་ཚོམ་བུའི་དགོངས་པ་ལས་གཡེལ་བ་མེད་པའི་ངང་ནས་འདིའི་རྗེས་ཟློས་གནང་བར་ཞུ། །

༈ (མར་མེ་སྨོན་ལམ་གྱི་སྐབས་སུ།) དེ་ལྟར་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲངས། ལག་ལེན་རྩིས་འགོ་ཚང་བས་ཁྲིགས་ལ་ཕབ་སྟེ་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་བར་ཆད་མེད་པར་མཐར་ཕྱིན་ནས། རྗེས་མཐའ་རྒྱས་ཀྱི་བྱེ་བྲག་རྟེན་འབྲེལ་ཁྱད་འཕགས་སྣང་གསལ་མར་མེའི་སྨོན་ལམ་ཟབ་ (5བ) མོ་གདབ་པའི་སྐབས་སུ་བབས་པ་སྟེ། དེའང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལ། སྒྲོན་མེའི་སྣང་བ་མི་ཤེས་པ། །མཐོང་བྱ་ཀུན་ལ་མུན་པས་བསྒྲིབ། །ནམ་ཡང་སྣང་བར་མི་འགྱུར་ཏེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །སྒྲོན་མེ་འབར་བ་གང་བསྲེལ་བ། །ཀུན་ལ་མུན་པ་སངས་གསལ་བའི། །མ་ནོར་མ་བཅོས་དེ་བཞིན་ཉིད། །སྒྲོན་མ་དམིགས་བུས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར་མི་ཤེས་པའི་མུན་པ་སེལ་ཞིང་གནས་ལུགས་ཀྱི་སྣང་བ་མཚོན་པར་བྱེད་པ་ནི་སྒྲོན་མེའི་མིང་དུ་གྲགས་ཏེ། གསང་བའི་བདག་པོས། རིན་ཆེན་འབར་བའི་སྒྲོན་མ་བསྲེལ་བར་བྱའོ། །ཞེས་བརྡའི་སྒོ་ནས་བསྟན་པ་བཞིན། བྱང་ཆུབ་ཀྱི་སེམས་དངོས་པོའི་གཟུགས་དང་བྲལ་བ་ཁྱད་ཆོས་དྲུག་ལྡན་ཡེ་ཤེས་ཀྱི་འོད་ཕུང་དུ་འབར་ཞིང་གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས་པ་ནི་མཚོན་བྱ་དོན་གྱི་མར་མེ། གཞི་ལས་གཞི་སྣང་དུ་གཡོས་ཏེ་ལྷུན་གྲུབ་རང་སྣང་གི་སྒོ་ནས་ཤར་ལུགས་ཆེན་པོ་བརྒྱད་ཀྱིས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་སྣང་བ་ནི་མཚོན་པ་བརྡའི་མར་མེ། རྒྱུ་སྐུ་དང་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྒྲོན་མ་བཞིར་སྨིན་ཏེ་འཁོར་ལོ་བཞིའི་དབུས་སུ་སྙིང་པོའི་འོད་གསལ་ཐིག་ལེ་ཆེན་པོ་རྟོག་པ་མེད་པའི་སྐུ་འཆར་བ་ནི་མཚོན་བྱེད་རྟགས་ཀྱི་མར་མེ་སྟེ། (6ན) དེ་དག་རྟེན་ཅིང་འབྲེལ་འབྱུང་གི་དབང་ལས་སྣང་གསལ་མར་མེ་འདིས་མཚོན་བྱེད་བྱས་ནས། ཡེ་ཤེས་ཆེན་པོའི་སྣང་བས་ཉོན་མོངས་པའི་མུན་ཁང་བཅོམ། རྒྱུ་དྲུག་འཁོར་བའི་སྒོ་རྩད་ནས་བཅད། རྡོ་རྗེ་ཁྲོ་རྒྱལ་རྣམས་ཀྱི་ཞལ་མཐོང་། རང་བྱུང་སྣང་བ་བཞིས་ཤུལ་མཚོན། རིག་སྟོང་ཁྱབ་བརྡལ་ཆེན་པོས་རྒྱབ་སྐྱོར། རང་གྲོལ་ཅོག་བཞག་སྤྱོད་པས་མཐའ་བརྟེན་ཏེ། བགྲོད་པར་བྱ་བའི་ས་དང་ལམ་གྱི་རིམ་པ་མཐའ་དག་བགྲོད་དུ་མེད་པ་ཚུལ་གྱིས་སྲིད་གསུམ་ཡོངས་དག་དྭངས་སྲོག་ཐིག་ལེ་ཆེན་པོའི་ཀློང་དུ་བགྲོད་ནས། ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་འཕོ་འགྱུར་དང་བྲལ་བ་གཞི་རྫོགས་ལྷུན་གྲུབ་ཆེན་པོར་གདིང་ཆེན་ཐོབ། དབུགས་ཆེན་ཕྱིན། རྩལ་ཆེན་རྫོགས་པའི་ཐུགས་འདུན་རྩེ་གཅིག་པའི་ངང་ནས་སྨོན་ལམ་གྱི་རྗེས་ཟློས་གནང་བར་ཞུ། (ཞེས་སོ་སོར་མཚམས་སྦྱར་ཏེ་གཞུང་ཚིག་གི་དབྱངས་བོར་ལེན་ལ་འཇུག་གོ །འདི་ནི་རབ་ཚེས་དཔལ་གདོང་གི་ལོར་ཕུན་སུམ་དགའ་ཚལ་གྱི་བསྟི་གནས་སུ་སྒྲུབ་ཆེན་བཙུག་སྐབས་ཉེ་བར་མཁོ་བའི་ཡན་ལག་ཏུ་བྲིས་པ་སྟེ། གཞན་དུ་གནས་དང་དུས་ཀྱི་ཁྱད་པར་སྐབས་ཐོབ་བཞིན་ཁ་བསྒྱུར་ཏེ་འབྲེལ་བསྡེབས་ཤེས་པར་བྱའོ། །ཞེས་པའང་ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)