TTDL-ZABTER-01-KA-032: Difference between revisions

From Dudjom Wiki
TTDL-ZABTER-01-KA-032
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཀ
|versonotes=bdud 'joms
|volumenumber=01
|volumenumber=01
|volumeLetter=KA
|volumeLetter=KA

Revision as of 10:49, 2 August 2024

Wylie title TTDL-ZABTER-01-KA-032.pdf
Location bdud 'joms gling pa zab gter
Volume 1, Text 32, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་བསྒྲལ་ལས་འཁོར་བ་ཡོངས་སྒྲོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༠༧༔ བསྒྲལ་ལས་འཁོར་བ་ཡོངས་སྒྲོལ་ལ༔ ལྕགས་སམ་དྲག་པོའི་ཤིང་རྣམས་ལས༔ ཕུར་པ་མཚན་ལྡན་མགུལ་ཆིངས་ནག༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་གཅིག་བསྡུས་ངོ་བོ་ཉིད༔ སྲས་མཆོག་རྡོ་རྗེ་གཞོན་ནུར་བསྒོམ༔ འཁོར་བ་ཡོངས་སྒྲོལ་ནུས་པ་ལ༔ མཐུ་སྟོབས་ནུས་པ་རྩལ་ལྡན་དུ༔ བསྐྱེད་ཅིང་གདབ་པའི་རིམ་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རང་ཉིད་ཡི་དམ་གུ་རུ་དྲག་པོར་གསལ་བའི་སྐུའི་དབྱིངས་སུ་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་ལྷུན་གྱིས་རྫོགས་ཤིང་ཡོངས་སུ་གྲུབ་པར་བསྒོམ༔ ལག་པ་གཡས་པའི་མཐིལ་ཟླ་བ་དང་སོར་མོ་རྣམས་ཁྲག་འཐུང་ཡབ་ལྔར་གསལ༔ གཡོན་པའི་མཐིལ་ཉི་མ་དང་སོར་མོ་རྣམས་ཁྲག་འཐུང་ཡུམ་ལྔར་བསྐྱེད༔ ཟླ་བའི་དཀྱིལ་འཁོར་དུ་ཧཾ་ཡིག་དཀར་པོ་དང་ཉི་མ་ལ་ཨ་ཡིག་དམར་པོ་དེ་གཉིས་ཀའི་བར་དུ་ཧཱུྃ་ཡིག་མཐིང་ནག་མེ་འབར་བ་ཞིག་བསྒོམ༔ ཁྲག་འཐུང་ཡབ་ཡུམ་སྙོམས་པར་ཞུགས་པས་ཧཾ་ཨ་ཧཱུྃ་གསུམ་གཅིག་ཏུ་འདྲེས་པ་ལས་བྱུང་བའི་སྲས་མཆོག་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཕུར་པ་འདྲིལ་བ༔ སྐུ་མདོག་མཐིང་ནག་ཁྲོ་ཞིང་གཏུམ་པ་སྤྱན་གཡས་ཉི་མ་དང་གཡོན་ཟླ་བ་དབུས་ཉི་ཟླ་སྤེལ་མའི་འོད་དང་འོད་ཟེར་འབར་བ་ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་བཞི་ཟླ་ཚེས་ལྟར་གཙིགས་པ༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་སྡུད་ཅིང་སྨ་ར་ལས་མེ་འབར་ཞིང་སྨིན་མར་གློག་འཁྱུག་པ༔ དབུ་སྐྲ་ཁམ་ནག་མེ་ལྟར་འབར་ཞིང་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མེ་ནས་ཐོན་པ་ལྟ་བུ་ཆུ་སྲིན་གྱི་ཁ་ནས་སྦྲུལ་གྱི་ཆུན་པོ་སྐྱུགས་པ༔ ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་ཕུར་པའི་ཚྭ་ཚྭ་མེ་སྟག་ལྟར་དུ་འཕྲོ་ཞིང་བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་ཞིང་བཏབ་པ་ཙམ་གྱིས་ཁམས་གསུམ་བརླག་ནུས་པ་ཞིག་ཏུ་བསྐྱེད་དོ༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས་འོད་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སྤྱན་དྲངས་ལ་བསྟིམ་མོ༔ སྐུ་འགྱུར་བ་མེད་པའི་དབང་ཐོབ་པར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུང་འགགས་པ་མེད་པའི་དབང་ཐོབ་པར་བསམ་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿཐུགས་འཁྲུལ་པ་མེད་པའི་དབང་ཐོབ་པར་བསམ་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་ཐོབ་པར་བསམ་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཕྲིན་ལས་མངོན་སྤྱོད་དྲག་པོའི་དུས་ལ་བབ༔ བསྐུལ་ལོ་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ལས་ཀྱི་ལིངྒ་འདི་དང་གཉིས་མེད་རོལ༔ ཕུར་པ་གཡས་སུ་བསྐོར་ཞིང་གདེངས་པ་ཡིས༔ སྲིད་པ་ཕོ་རྒྱུད་མ་ལུས་དབང་དུ་བསྡུས༔ ཕུར་པ་གཡོན་དུ་བསྐོར་ཞིང་གདེངས་པ་ཡིས༔ སྲིད་པ་མོ་རྒྱུད་ཐམས་ཅད་དབང་དུ་བསྡུས༔ ཕུར་པ་ཀླད་ལ་བསྐོར་ཞིང་མདུན་དུ་གདེངས༔ ཞིང་བཅུའི་དགྲ་བགེགས་མ་ལུས་རྡུལ་དུ་བརླག༔ ཕུར་པ་དགྲ་བགེགས་སྙིང་ལ་གཟིར་བ་ཡིས༔ གཟུགས་ཕུང་རྡུལ་དུ་བརླག་ཅིང་སྐྱེ་རྒྱུད་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཞེས་ལིངྒ་དགྲ་བོ་དངོས་སུ་གསལ་བའི་སྙིང་གར་བླ་ཡི་ངོ་བོ་ནྲྀཿལྗང་གུར་གྱུར་ཏེ་ཕུར་པ་ལ་ཐིམ་པས་གཟི་བརྗིད་བཀྲག་མདངས་རྒྱས་པར་བསྒོམ༔ ཚེ་བསོད་ནམས་ངོ་བོ་གཅིག་དྲིལ་འོ་མ་ལས་མར་ཐོན་པ་ལྟར་ནྲྀཿཡིག་ལྗང་སེར་དུ་གྱུར་ཏེ་རང་ཉིད་དྲག་པོའི་ཐུགས་ཀར་ཐིམ་པས་ཚེ་བསོད་རབ་ཏུ་འཕེལ་ཞིང་རྒྱས་པར་བསྒོམ༔ སླར་ཡང་ཕུར་པའི་རྩེ་མོ་ནས་འོད་འཕྲོས་པས་ཁོའི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་སྦྱངས༔ རྣམ་པར་ཤེས་པ་ཨ་དཀར་པོ་ཞིག་ཏུ་གྱུར་ནས་ཕུར་པའི་ཁོང་གསེང་ནས་སྐར་མདའ་རྒྱུག་པ་ལྟར་ཡར་དྲངས་ཏེ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པས་འཁྲུལ་མི་ཤེས་པའི་དབྱིངས་སུ་སད་དེ་སངས་རྒྱས་པར་གྱུར༔ ཧཱུྃ་བྷྱོ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་ལྔ་བསྒྲལ་བའི་ཞིང་དུ་བྱ༔ དུག་ལྔ་ཡེ་ཤེས་ལྔ་རུ་སྦྱོར༔ སྒོ་གསུམ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ མཐའ་ངན་འཁོར་བ་རྒྱུན་བཅད་དེ༔ ཟག་མེད་བདེ་བའི་ས་ལ་སྦྱོར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ་དྷརྨ་ཀཱ་ཡ་ཨ་ཨ་ཨ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ཞིང་༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ གཏུམ་དྲག་དམར་ནག་ཞལ་ཕྱེས་ཤིག༔ ཚོགས་བརྒྱད་རོལ་པའི་དུར་ཁྲོད་ནས༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་ལྟ་བུའི་མཆེ་གཙིགས་ལ༔ གློག་དམར་ལྟ་བུའི་ལྗགས་འདྲིལ་ཞིག༔ ཞིང་བཅུ་ཉམས་པ་བདུན་ལྡན་གྱི༔ དགྲ་བགེགས་བསྒྲལ་བའི་ལྔ་ཕུང་འདི༔ མཉམ་པ་ཉིད་ཀྱི་ཞལ་དུ་བསྟབ༔ འགགས་མེད་རོལ་པའི་མགྲིན་པར་བརྒྱུད༔ ཆོས་ཉིད་གདལ་ཁྱབ་ལྟོ་བར་བསྐྱིལ༔ འཁྲུལ་པ་མེད་པར་ཐུགས་རྗེས་ཟུངས༔ རྩ་སྔགས་མཐར༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ སྐྱེ་མཆེད་བཅུ་གཉིས་ལ་ཁཱ་ཧི༔ དབང་པོ་རྣམ་ལྔ་ལ་ཁཱ་ཧི༔ ཁམས་ཆེན་བཅོ་བརྒྱད་ལ་ཁཱ་ཧི༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པ༔ བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི༔ ས་མ་ཡ༔ འདི་ལྟར་གནད་དང་ལྡན་གྱུར་ན༔ ཁམས་གསུམ་འཁོར་བ་ཡོངས་བསྒྲལ་ཀྱང་༔ ལས་ཀྱི་རྣམ་པར་སྨིན་པ་ཡི༔ འབྲས་བུ་ངན་པ་འབྱུང་མི་སྲིད༔ འགྲོ་དོན་རླབས་ཆེན་ཤུགས་ཀྱིས་འབྱུང་༔ དེ་ལྟར་སྒྲོལ་བསད་ཚུལ་འདི་ནི༔ དོན་ལ་འཁོར་བའི་རྒྱུན་བཅད་དེ༔ རྣམ་གྲོལ་ས་ལ་འདྲོངས་པའི་ཐབས༔ གསང་སྔགས་སྤྱོད་པ་རླབས་ཆེན་གྱི༔ ཁྱད་ཆོས་ཡིན་ཏེ་བླ་ན་མེད༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ དྲང་སྲོང་ཁྱབ་འཇུག་ཆེན་པོས་སྲུངས༔ སྣོད་མིན་ལག་ཏུ་ཤོར་ར་རེ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱས་བཏབ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།