DJYD-KABUM-24-YA-021: Difference between revisions

From Dudjom Wiki
DJYD-KABUM-24-YA-021
No edit summary
No edit summary
Line 5: Line 5:
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|totalvolumes=25
|author=Dudjom Rinpoche
|author=rje drung phrin las byams pa 'byung gnas
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: . Kalimpong: Dupjung Lama, 1979-1985.
|citation=[[Rje drung phrin las byams pa 'byung gnas]]. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|sourcerevealer=rje drung phrin las byams pa 'byung gnas
|sourcerevealer=rje drung phrin las byams pa 'byung gnas

Revision as of 15:52, 25 July 2024

Wylie title DJYD-KABUM-24-YA-021.pdf
Location bdud 'joms rin po che bka' 'bum
Volume 24, Text 21, Pages (Folios to )
Author རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
Citation Rje drung phrin las byams pa 'byung gnas. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: . Kalimpong: Dupjung Lama, 1979-1985.
Side notes   Verso: pad+ma gsang thig
More details More details
Tertön རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas)
Genre
Cycle པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le)
[edit]
༄༅། །རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་པདྨོའི་དྲྭ་བ་བཞུགས་སོ། །


༄༅། །བཅོམ་ལྡན་འདས་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རྩ་རྒྱུད་པདྨ་ཟབ་པའི་བསྡུས་དོན་རྣམ་པར་འགྲེལ་པ་ལ། དེ་ལ་སྤྱིར་རྒྱུད་འདི་སྔ་འགྱུར་རྙིང་མ་ལ་ཡང་ཐེག་པ་རིམ་པ་དགུའི་རྣམ་པར་བཞག་པ་ལས་འདི་ནི་ནང་གི་རྒྱུད་སྡེ་ཨ་ཏིའི་མ་ཧཱ་ལྟར་དུ་བཤད་པ་ཡིན། དེ་ཡང་གསང་སྙིང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་བཀྲལ་བའོ། །ཞེས་གསུངས་པ་ལྟར་དབང་པོ་རབ་ལ་མཚན་བསྟན་པའི་སྒོ་ནས་བཤད་ན་ཨོ་རྒྱན་མཁའ་འགྲོའི་སྐད་དང་། བོད་སྐད་གཉིས་ལས་དང་པོ་ཌཱ་ཀི །གཉིས་པ་པདྨ་ཟབ་(2ན)པ་སོགས་ཏེ། དེ་ཡང་པདྨ་ནི་མ་ཆགས་དྲི་མ་བྲལ་བ་སྟེ་འཁོར་འདས་ཀྱི་སྤྱི་གཞི་རང་གི་རིག་པ་གྲོལ་འཁྲུལ་གྱི་མཚན་མ་ལས་འདས་པ། གཞི་ཡི་གནས་སྐབས་དེ་ལྟར་ཡིན་ཀྱང་ལམ་དུས་སུ་སྒྲིབ་པ་རྣམ་པ་གསུམ་གྱིས་བསྒྲིབ་པ་རྣམས་ལམ་རིམ་པ་གཉིས་ལ་བརྟེན་ནས་སྦྱངས་པས་ཟབ་པ་སྟེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རང་གིས་མངོན་སུམ་དུ་རྟོགས་པར་འགྱུར་པའི་ཐབས་ཁྱད་དུ་འཕགས་པ་ནི་འདིར་བཤད་བྱ་ཡིན་ལ། རྩ་བའི་རྒྱུད་འདི་ལས་རིམ་པ་གཉིས་སོགས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་འཕྲོ་བར་འགྱུར་ལ། འདིར་དེ་དག་གི་དོན་ཚང་ལ་མ་ནོར་བར་(2བ)སྟོན་པ་ཡིན་པས་ན་དེ་སྐད་དོ། །གཉིས་པ་འབྲུ་རེ་གཉིས་རེའི་སྒོ་ནས་བཤད་ན། དེ་ལ་ཡང་རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླིང་བསླང་། འབྲས་བུ་ཡོངས་ཤེས་རྒྱུད་དོན། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་སྟེ་རྣམ་པ་བཞི་ལས། དང་པོ་ལ་ཡང་ཕྱག་འཚལ་བ་དང་། གླེང་གཞི་དངོས་སོ། །དང་པོ་ནི། རང་གིས་རང་རིག་མཇལ་བའི་ཕྱིར་ཕྱག་འཚལ་བ། དེ་ཡང་རྟག་ཆད་སོགས་མུ་བཞིའི་མཐའ་མ་ལུས་པ་དང་བྲལ་ཞིང་ཉོན་མོང་འཆི་བདག་ལྟ་བུ་ཕུང་པོའི་བདུད་བཞིའི་དང་སྐྱེ་རྒ་ན་འཆི་སོགས་བཅོམ་པ། སྟོབས་བཅུ་མི་འཇིགས་བཞི་སོགས་དང་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་སྟེ་འབྲས་བུའི་ཆོས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་མེད་པ་སོགས་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་ཞིང་། ཟག་བཅས་ཉེ་བར་ལེན་པའི་ཕུང་པོའི་རྒྱུན་དང་རྣམ་པར་རྟོག་པའི་མཚན་མ་ལས་རིང་དུ་འདས་པ། དེ་ལྟ་བུའི་རང་བྱུང་གི་རིག་པ་དེ་ལ་འཁོར་འདས་ཀྱི་ཆོས་སུ་བཏགས་པའི་དྲི་མ་དང་བྲལ་བས་པདྨ། རིག་པ་ལྷ་ཡི་ཕྱག་རྒྱར་ཤར་བ་ལ་སྐུ་མདུན་དང་རྒྱབ་མེད་པས་ན་ཀུན་ཏུ་ཞལ་ཏེ་དེ་ཡི་རང་ངོ་རང་གིས་ཤེས་པ་ལ་ཕྱག་འཚལ་ལོ་ཞེས་མིང་དུ་བཏགས་པའོ། །(3ན)གཉིས་པ་གླེང་གཞི་ལ་ཕུན་སུམ་ཚོགས་པ་ལྔ་ལས། འདི་སྐད་སོགས་ཀྱིས་དུས་གསུམ་གྱི་མཚན་མ་ལས་འདས་པའི་དུས་ཕུན་སུམ་ཚོགས་པར། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུ་མ་ལྷུང་ཡངས་དོག་མཐོ་དམན་གྱི་འཛིན་པ་དང་བྲལ་བ་དབྱིངས་སྟོང་པ་ཉིད་རྡོ་རྗེའི་བཙུན་མོའི་བྷ་གར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གསང་བ་ཆེན་པོའི་རོལ་པའི་སྙོམས་པར་ཞུགས་པའི་གནས་ཕུན་སུམ་ཚོགས་པར། གོང་དུ་བཤད་པ་ལྟ་བུའི་བཅོམ་ལྡན་འདས་དེ་ཉིད་འཕོ་འགྱུར་གྱི་མཚན་མ་དང་བྲལ་བའི་བདེ་བའི་ཡེ་ཤེས་ཏེ་དེ་ནི་རྡོ་རྗེའི་ཆོས་བདུན་གྱི་སྒྲས་མཚོན་དུ་རུང་བ་སྐྱེ་འཆི་བགྲེས་རྒུད་དང་བྲལ་ཞིང་སངས་རྒྱས་དང་སེམས་ཅན་རྒྱུན་གཅིག་པའི་བདག་ཉིད་ཡིན་པས་ན་ཚེ་དཔག་ཏུ་མེད་པ་སྟེ། དེ་ཉིད་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཚུལ་གྱིས་རང་གི་རིག་མ་དང་སྙོམས་པར་ཞུགས་པའི་དགའ་བ་ཆེན་པོས་རྒྱུན་ཆད་མེད་པར་རྟག་ཏུ་མཉེས་བཞིན་བཞུགས་སོ་ཞེས་ནས་སྟོན་པ་ཕུན་སུམ་ཚོགས་པ། དེ་ཡི་འཁོར་ནི་གཙོ་བོ་དང་དབྱེ་བ་མེད་ཀྱང་རྩལ་ལས་ཤར་བའི་དགའ་བ་བཞིའི་རང་མདངས་སྒེག་མོ་མ་སོགས་དང་། དགའ་བའི་ངོ་བོ་སྟོང་པ་བཞིའི་རང་བཞིན་ཅན་གྱི་མེ་ཏོག་མ་སོགས་ཏེ། དེ་དག་ཀྱང་རང་རང་གི་ངོ་བོ་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་(3བ)ཡེ་ཤེས་ཀྱིས་ལུས་སེམས་ཡོངས་སུ་མྱོས་བཞིན་པའི་འཁོར་གྱི་ཚོགས་ཏེ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་སྐུ་ལ་ཟག་མེད་བདེ་བ་ཆེན་པོའི་མཆོད་པ་རྒྱུན་མི་ཆད་པར་འབུལ་བ་ནི་འཁོར་ཕུན་སུམ་ཚོགས་པ། ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི་དེ་ལྟ་བུའི་འཁོར་གྱི་ཚོགས་རྣམས་ཀྱིས་རྐྱེན་གླེང་བསླང་བ་ལ་བརྟེན་ནས་རྒྱུད་གསུང་བ་སྟེ། དེ་ཡང་གཟུང་འཛིན་རང་བཞིན་མེད་པར་བསྟན་པའི་ཕྱིར་གླེང་བསླང་བ་ནི། ཨེ་མ་ཧོཿ ཞེས་ངོ་མཚར་བའི་ཆེད་དུ་བརྗོད་པ་སྔོན་དུ་འགྲོ་བས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྨད་དུ་བྱུང་བས་མཆོག་མཚན་རྟོག་གིས་མི་ཕྱེད་པས་རྡོ་རྗེ་ཉོན་མོངས་གཟུང་འཛིན་གྱི་ནད་འཇོམས་པས་བདུད་རྩི་རྟག་ཆད་ལ་སོགས་བློ་ཡི་དྲི་མ་དང་བྲལ་བ་སྟེ་མེད་པ། དེ་ཁོ་ན་ཉིད་སངས་རྒྱས་ཀྱི་དགོངས་ཉམས་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་སྟོང་པ་ཉིད་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རིག་པའི་ཡེ་ཤེས་རང་གི་ནང་ནས་སམ་སྟོང་པའི་དབྱིངས་ལས་རང་ཤར་བ་སྟེ་སྐྱེས་པ་དེ་ལྟ་བུའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་འཕོ་འགྱུར་གྱི་དྲི་མ་དང་བྲལ་བའི་ཆོས་ཀྱི་བདུད་རྩི་མ་རྟོགས་པའི་འགྲོ་བ་ལམ་རྒྱུད་ལྔར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་གང་བའི་དངོས་གྲུབ་སྩོལ་ཅིག་པའོ། །ཞེས་འཁོར་གྱིས་ཞུས་པས་བརྩེ་བའི་ཐུགས་རྗེ་སྐྱེས་(4ན)ཏེ་ཆོས་གསུངས་པའི་ཕྱིར་ལན་དུ་བཀའ་སྩལ་པ་ལ་ཡང་འཛིན་སེམས་རང་བཞིན་མེད་པར་བསྟན་པ་དང་། གཟུང་ཡུལ་ལྷ་ཡི་འཁོར་ལོར་བསྟན་པ་གཉིས་ལས། དང་པོ་ནི། ཨེ་མ་ཧོ་ཞེས་དགྱེས་པའི་དབུགས་དབྱུང་བ་སྔོན་དུ་འགྲོ་བས། ཡེ་ནས་གསང་བ་སྟེ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབ་སྟེ་དོན་དམ་པའི་བདེན་པ་མ་མཐོང་། ཀུན་བརྟགས་ཀྱི་མ་རིག་པའི་བསྒྲིབ་སྟེ་ཀུན་རྫོབ་ཀྱི་བདེན་པ་མ་མཐོང་། སྣང་སྟོང་དབྱེར་མེད་མ་ཤེས་པ་ངོ་བོ་ཉིད་ཀྱི་གསང་། ཡུལ་དང་ཡུལ་ཅན་ཐ་དད་དུ་བཟུང་བས་དོན་དམ་ཡིད་དཔྱོད་དང་བྲལ་བར་མ་རྟོགས་པས་ཤིན་ཏུ་གསང་བ་སྟེ་དེ་ལྟར་སུས་ཀྱང་མ་མཐོང་བའི་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའི་ཐབས་ཆོས་ཀྱི་སྒོ་བསྟན་པ་ལ་ཡང་། མིང་ཚིག་སོགས་བརྗོད་པའི་ཡུལ་ལས་འདས་ཤིང་རང་གི་རང་བཞིན་འདི་ལྟ་བུའོ་ཞེས་སུས་ཀྱང་མཚོན་དུ་མེད་པའི་བདག་ཉིད་ཅན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རྩལ་སྣ་ཚོགས་སུ་སྤྲོས་ཀྱང་འགག་པའི་མཐའ་དང་བྲལ་ཞིང་། །རྩལ་སྣ་ཚོགས་སུ་སྤྲོས་པ་དེ་དག་ཀྱང་མཚན་རྟོག་གི་ཆ་ལས་ཡང་དག་པར་འདས་པ་སྤྲོ་བར་བྱ་བ་དང་སྤྲོ་བར་བྱེད་པོ་སོ་སོར་དབྱེ་བའི་ཆོས་ཡེ་ནས་དབེན་པ་སྟེ་མེད་པ། འཕྲོས་པའི་རང་(4བ)བཞིན་ནམ་སྣང་ཆ་དེ་ལ་ཡང་བརྡའ་འམ་ཐ་སྙད་དུ་བཏགས་པའི་ཆོས་འདིའོ་ཞེས་དུས་གསུམ་གྱི་རྒྱལ་བས་ཀྱང་མཚོན་པའི་ཡུལ་ལས་འདས་པ་སྟེ། རྩལ་སྣ་ཚོགས་འཕྲོས་པ་དེ་དག་ཀྱང་འདིར་གནས་སོ་ཞེས་སམ་འདི་ཉིད་ཡིན་ནོ་ཞེས་བརྟགས་སུ་མེད་ཅིང་དེ་བཞིན་དུ་མཐར་འགགས་པ་དང་། འགགས་པའི་ཡུལ་འདི་ནའོ་ཞེས་ཡེ་ནས་དབེན་པ་སྟེ་མེད་ལ། དེ་ལྟ་བུའི་སེམས་ཀྱི་རང་བཞིན་དེ་མེད་པ་ཕྱལ་བར་ཆད་པ་ཡང་མ་ཡིན་ཏེ་སངས་རྒྱས་ནས་སེམས་ཅན་གྱི་བར་རྒྱུ་གཅིག་པ་དངོས་པོའི་གཤིས་ལ་མཚན་མས་གཞོམ་པར་མི་ནུས་པས་རྡོ་རྗེ་ལྟ་བུའི་རྒྱུས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་རྡོ་རྗེའི་ཡེ་ཤེས་ནི། སངས་རྒྱས་ཉིད་ཀྱིས་ཀྱང་ཉིད་ལས་གཞན་དུ་གྱུར་པའི་ཆོས་རྡུལ་ཙམ་ཡང་མི་བརྙེད་པ་སྟེ་མ་གཟིགས་ཤིང་རང་གི་རང་རིག་དྲི་མ་མེད་པ་འདི་ཉིད་ཆོས་ཀྱི་སྐུ་ཞེས་སྒྲས་བརྗོད་པ་ཙམ་ཡིན་ལ། རིག་པ་སྐད་ཅིག་མ་གཅིག་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པ་ལ་ཨེ་མ་ཧོཿཞེས་ངོ་མཚར་བའི་བདག་ཉིད་ཅན་དེ་ལྟར་ཡིན་ཀྱང་། སེམས་ཅན་ཐམས་ཅད་གློ་བུར་གྱི་དྲི་མས་བསྒྲིབ་སྟེ་གོང་དུ་བཤད་པ་ལྟར་ངོ་བོ་ཉིད་ཀྱི་གསང་བར་གྱུར་པ་སྟེ་སྐྱེ་འགགས་གནས་གསུམ་དང་བྲལ་བའི་གཉུག་མའི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་མ་ཤེས་པས་(5ན)རང་གསང་ཐབས་ཀྱིས་ཆོད་པའི་བདག་ཉིད་ཅན་ཡིན་ནོ་ཞེས་བསྟན་པའོ། །དོན་གཉིས་པ་གཟུང་ཡུལ་ལྷ་འཁོར་ལོར་བསྟན་པ་ལ། དེ་ལྟར་ནང་འཛིན་པའི་སེམས་གཞི་མེད་རྩ་བྲལ་དེ་ལྟར་ཡིན་ཀྱང་། ཕྱི་གཟུང་བའི་ཡུལ་དང་ཕུང་པོ་ལྔས་བསྡུས་པའི་ཆོས་ཐམས་ཅད་བདེན་གྲུབ་ཞིག་གོ་སྙམ་ན་མ་ཡིན་ཏེ། འདི་ལྟར་སྣང་བ་ཐམས་ཅད་རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་མཐོང་བ་ལྟར་ལོག་སྣང་ཁོ་ན་ལས། དོན་དུ་སངས་རྒྱས་ཐམས་ཅད་ཀྱི་སྣང་ངོར་གཟུང་ཡུལ་ཕྱི་ནང་ཐམས་ཅད་ཡེ་ནས་རྣམ་པར་དག་པའི་བདག་ཉིད་ཅན་ཏེ། འབྱུང་ལྔས་བསྡུས་པའི་སྣོད་ཀྱི་འཇིག་རྟེན་འདི་དག་ཀྱང་། ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི །མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཕྱུག་མའི་རང་བཞིན་དུ་གནས་སུ་དག་པས་སྣང་ཡུལ་ཐམས་ཅད་མཁའ་འགྲོ་མ་ལྔ་ཡི་རང་བཞིན་ཡིན་ལ། ནང་ཕུང་པོ་ལྔ་ཡི་ཚོགས་འདི་ཡང་གཟུགས་ཕུང་མི་བསྐྱོད་པ། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ། རྣམ་ཤེས་རྣམ་པར་སྣང་མཛོད། མིག་གི་ཤེས་པ་གནས་སུ་དག་པས་སྙིང་། རྣ་བའི་ཤེས་པ་ནམ་མཁའི་སྙིང་པོ། སྣ་ཡི་ཤེས་པ་སྤྱན་རས་གཟིགས། ལྕེའི་རྣམ་ཤེས་(5བ)ཕྱག་ན་རྡོ་རྗེ། མིག་གི་དབང་པོ་བྱམས་པ། རྣ་དབང་སྒྲིབ་སེལ། སྣ་དབང་ཀུན་བཟང་། ལྕེ་དབང་འཇམ་དཔལ། མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ་རྡོ་རྗེ་སྒེག་མོ། དྲི་གནས་དག་རྡོ་རྗེ་ཕྲེང་བ་མ། སྒྲ་གནས་དག་གླུ་མ། རོ་གནས་དག་གར་མ། དུས་འདས་པའི་རྟོག་པ་གནས་སུ་དག་པ་མེ་ཏོག་མ། ད་ལྟའི་རྟོག་པ་གནས་དག་བདུག་སྤོས་མ། མ་འོངས་པ་གནས་དག་མར་མེ་མ། མ་ངེས་པ་གནས་དག་དྲི་ཆབ་མ། ཡིད་བྱེད་པ་པོ་གནས་སུ་དག་པ་ཀུན་ཏུ་བཟང་པོ། ཆོས་བྱ་བ་མོ་གནས་སུ་དག་པ་ཀུན་ཏུ་བཟང་མོ་སྟེ། མདོར་ན་གསེར་གྱི་གླིང་དུ་ཕྱིན་ནས་རྡོ་ཕལ་པ་མི་རྙེད་པ་བཞིན། ཡེ་ནས་རྣམ་པར་དག་པའི་བདག་ཉིད་ཅན་ཡིན་ཀྱང་། སྒྲིབ་པ་གསུམ་གྱིས་བསྒྲིབ་པའི་གང་ཟག་མ་དག་འཁྲུལ་པའི་སྣང་ངོར་རི་རབ་ཁང་ཁྱིམ་སོགས་དང་བདེ་སྡུག་སྣ་ཚོགས་པ་སྣང་ན་ཡང་། དོན་རང་གི་ངོ་བོའི་ཆ་ནས་ཞིབ་ཏུ་དཔྱད་ན་བདེན་གྲུབ་ཏུ་གྱུར་པ་རྡུལ་ཙམ་ཡང་མ་མཆིས་ཏེ་གཏན་ཚིག་ཆེན་པོ་རྣམ་པ་བཞིས་དཔྱད་པས་སྟོང་ཉིད་དུ་ཐག་ཆོད་ཅིང་། སྟོང་པའི་དབྱིངས་ལས་ལྷ་ཡི་སྣང་ཆར་རང་ཤར་བ་འདི་དག་སྤྲོས་པ་མེད་པ་འོད་གསལ་བའི་བདག་ཉིད་དོ། །ཞེས་གསུངས་ཏེ་ལེའུ་འོག་མ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་སྤྲོས་(6ན)པའི་ཏིང་ངེ་འཛིན་ལ་ཞུགས་སོ། །འདི་ཡན་གྱིས་དབང་པོ་འབྲིང་གི་ངོར་སྤྱི་དོན་རྣམ་པར་གཏན་ལ་དབབ་པ་ལེའུ་དང་པོའི་དོན་འགྲེལ་སོང་། དོན་གསུམ་པ་འབྲས་བུ་ཡོངས་ཤེས་ཀྱི་རྒྱུད་དོན་དངོས་བཤད་པ་ལ་དབང་བཞིའི་ལམ་དང་འབྲེལ་བའི་རྣལ་འབྱོར་བསྟན་པ་ལས། དང་པོ་བུམ་དབང་དང་འབྲེལ་བའི་བསྐྱེད་པའི་རྣལ་འབྱོར་བཤད་པ་ལ། བསྐྱེད་རིམ་གྱི་རྣམ་བཞག་སྤྱིར་བསྟན་པ། ལྷ་ཡི་འཁོར་ལོ་རྟེན་དང་བརྟེན་པའི་རྣལ་འབྱོར་བཤད་པ། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་བསྟན་པ། མཐར་ཕྱིན་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་མདོར་བསྟན་དང་རྒྱས་བཤད་དོ། དང་པོ་ནི། ཨེ་མ་ཧོཿ ཞེས་པས་དགྱེས་པའི་དབུགས་དབྱུང་ནས། ལེའུ་གོང་མར་འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དག་པ་ལྷ་ཡི་རོལ་པར་བསྟན་ན་ཡང་། བློ་དམན་པའི་གང་ཟག་ཐ་མལ་པ་རྣམས་ཀྱི་ངོར་ལོག་པའི་སྣང་ཞེན་འདི་དག་སྦྱངས་པའི་ཕྱིར་རིམ་པ་གཉིས་ལས་དང་པོ་བསྐྱེད་པའི་རྣལ་འབྱོར་བསྒོམ་པར་བྱའོ། །ཞེས་པས་བསྟན། གཉིས་པ་རྒྱས་བཤད་ལ། དེ་ཡང་སྤྱིར་མངལ་སྐྱེས་ཀྱི་འཛིན་པ་སྦྱོང་བའི་ཕྱིར་ཆོ་ག་གསུམ་བསྐྱེད་དེ་ས་བོན་ཕྱག་མཚན་དེ་ལས་སྐུ་བསྐྱེད་པ་དང་། (6བ)དྲོད་གཤེར་སྐྱེས་ཀྱིས་འཛིན་པ་སྦྱོང་ཕྱིར་ས་བོན་ལས་འོད་ཟེར་འཕྲོ་འདུས་བྱེད་དེ་བསྐྱེད་པ། སྒོང་སྐྱེས་སྦྱོང་ཕྱིར་དང་པོ་རྒྱུ་ཡི་ཧེ་རུ་ཀ་དེ་ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀར་བསྐྱེད་པ། བརྫུས་སྐྱེས་སྦྱོང་ཕྱིར་སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་སྟེ། དེ་ཉིད་བཞིའམ་ཏིང་ངེ་འཛིན་རྣམ་པ་བཞིར་ཕྱེ་བ་ཡོད་ཅིང་། གང་ལྟར་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ལྷག་པའི་ཆོས་སྐུ་ཆེན་པོའི་རང་བཞིན་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་གནས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། འདི་ལ་གནས་པས་མར་འཆི་བའི་སྲིད་པ་སྦྱོང་། ཡར་ཆོས་སྐུའི་ཡོན་ཏན་རྫོགས་པར་བྱེད། བར་སྟོང་ཉིད་སྙིང་རྗེ་བསྒོམ་པའི་ལམ་སྨིན་པར་བྱེད། སྟོང་པ་ཉིད་དེ་དེ་ལྟ་བུའི་དོན་མ་རྟོགས་པའི་ནམ་མཁའ་མཉམ་པའི་འགྲོ་བ་ལ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྒྱུ་མ་ལྟ་བུའི་ཚུལ་ཅན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་བསྒོམས་པས། མར་བར་དོའི་སྲིད་པ་སྦྱོང་། ཡར་ལོངས་སྐུའི་ཡན་ཏན་རྫོགས། བར་སྙིང་རྗེ་སྒྱུ་མ་ལྟ་བུས་རྨི་ལམ་སྨིན་པར་བྱེད། སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ངང་ལས་ས་བོན་བསྒོམ་པ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། འདིས་མར་སྐྱེ་བའི་སྲིད་པ་སྦྱོང་། ཡར་སངས་རྒྱས་སྤྲུལ་སྐུའི་ཡོན་ཏན་རྫོགས། བར་སྟོང་ཉིད་སྙིང་(5ན)རྗེ་ཟུང་འཇུག་སྒྱུ་མ་ལྟ་བུའི་ལམ་བསྒོམ་པ་སྨིན་པར་བྱེད། མདོར་ན་བསྐྱེད་རིམ་གྱི་གྲུབ་མཐའ་སྣོད་དང་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད། སྣོད་འབྱུང་བ་ལྔ་ཡུམ་ལྔ། བཅུད་ཕུང་པོ་ལྔ་རྒྱལ་བ་ལྔ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པའི་རང་བཞིན་ཏེ། སྤྲོས་པ་ཕྱོགས་རེ་བ་ཆོད་པ་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པ་ཐམས་ཅད་ཆོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སྐྱེ་མེད་དུ་མཉམ།༡ ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་ཀ་སྒྱུ་མ་ལྟ་བུའི་ངང་དུ་མཉམ།༢ རྟག་ཆད་ཀྱི་མཐའ་གཉིས་ཀ་སྟོང་ཉིད་དུ་མཉམ།༣ དག་མ་དག་གིས་སྣང་བ་གཉིས་ཀ་ལྷ་ཡི་འཁོར་ལོར་མཉམ་པ་སྟེ།༤ འཁོར་འདས་ཀྱི་ཆོས་རྣམས་དག་པ་ལྷ་ཡི་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་ཁམས་ཏེ་ཕྱོགས་བཅུ་དང་སྟོང་ཁམས་འཇིག་རྟེན་གྱི་ཚོགས་ཐམས་ཅད་ཡེ་ནས་བདེན་གྲུབ་ཏུ་གྱུར་པ་རྡུལ་ཙམ་ཡང་དབེན་པ་ཡིན་ལ་དེ་ལྟ་བུའི་དག་པ་གསུམ་དང་མཉམ་པ་བཞིའི་རང་བཞིན་དུ་རྣམ་པར་དག་པའི་ཆོས་ཉིད་དུ་རང་གི་ངོ་བོ་ཡེ་ནས་རང་གིས་རྣམ་པར་གྲོལ་བ་ཡིན་ནོ། །གཉིས་པ་ནི། རྒྱུ་ཡི་ས་བོན་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་འཕགས་པ་རྣམས་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་དུས་མ་ཡིན་(7བ)པར་འཆི་བའི་འཇིགས་པ་བསལ། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། ནམ་མཁའ་རླུང་མེ་ཆུ་ས་སྟེ་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་རི་རབ་ཕྱོགས་ཀྱི་ཁ་དོག་ཅན། དེ་ཡི་སྟེང་སྣ་ཚོགས་རྡོ་རྗེའི་དབུས་སུ་ནོར་བུ་ཆུ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབ་བཞི་པ། རྩིག་པ་ལྔ་སྦྲགས། ཕ་གུ་སེར་པོ་ལ་རིན་པོ་ཆེ་དུ་མའི་ཕྲ་ཚོམ་མཛེས་པ། མུན་ཁང་ལ་མུ་ཏིག་གཙོ་བོར་གྱུར་པའི་རིན་པོ་ཆེ་དུ་མའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། ནོར་བུ་ཆུ་ཤེལ་ལས་གྲུབ་པའི་ཤར་བུ་སྤྱི་བླུགས་མཐུར་དུ་འཕྱང་བ་ལྟ་བུ། ཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་མདའ་ཡབ་པདྨའི་དབྱིབས་ཅན། ནང་ཀ་བ་བཞི་བཞིས་བཏེགས་པའི་ཐོག་གི་དབུས་ཕྱུར་བུར་ཕུབ་པའི་རྩེར་གསེར་སྦྱངས་ལས་གྲུབ་པའི་གཉྗི་རའི་རྩེ་མོར་ལྷ་ཡི་ནོར་བུ་རིན་པོ་ཆེ་འོད་ཟེར་མཐའ་ཡས་པ་འཕྲོ་བས་བརྒྱན་པ། རྟ་བབ་ཀྱི་གཡས་གཡོན་དུ་བུམ་བཟང་ལས་ཐོན་པའི་དཔག་བསམ་གྱི་ཤིང་ལོ་འབྲས་མེ་ཏོག་གཡུར་དུ་ཟ་བ། རྟ་བབ་ཀྱི་རྩེར་ཆོས་འཁོར་གདུགས་དང་རི་དྭགས་ཕོ་མོས་བརྒྱན་པ། སྒོ་དང་སྒོ་འཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་དམར་པོར་རིག་མ་བཅུ་དྲུག་མཆོད་རྫས་དུ་མ་ཐོགས་ཏེ་གནས་པ། ནང་གི་ཁྱམས་(8ན)ཕྱོགས་ཀྱི་ཁ་དོག་ཅན། གཞན་ཡང་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་སོགས་མཆོད་སྤྲིན་སྣ་བདུན་སོགས་མཆོད་སྤྲིན་བསམ་མི་ཁྱབ་པས་བསྐོར་བ་སྟེ། དེ་དག་གིས་ཀྱང་མར་སེམས་ཅན་འཁྲུལ་པའི་ལས་སྣང་སྣོད་ཀྱི་འཇིག་རྟེན་གནས་ཁང་ཉེར་སྤྱོད་འདོད་ཡོན་ལ་སོགས་པའི་འཛིན་པ་སྦྱོང་། ཡར་སངས་རྒྱས་ཀྱི་སར་ལམ་བྱང་ཆུབ་ཀྱི་ཆོས་སོ་བདུན། སྟོབས་བཅུ་མི་འཇིགས་བཞི་མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡོངས་སུ་རྫོགས། བར་དུ་དེ་ལྟ་བུའི་ལམ་བསྒོམ་པ་རྣམས་གོང་ནས་གོང་དུ་སྨིན་པར་བྱེད་པ་སྟེ། ཡེ་ཤེས་ཀྱི་རྩལ་ཡོངས་སུ་རྫོགས་པའི་མཎྜ་ལའམ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམ་པར་བྱའོ། །དེ་ལྟ་བུའི་གཞལ་ཡས་ཁང་ནང་གི་བཅུད་རྣམ་པར་དག་པ་ལྷ་ཡི་འཁོར་ལོ་བསྒོམ་པའི་ཚུལ་ཡང་། རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ཡེ་ནས་ལྷ་ཡི་རོལ་པར་དག་པའི་རིགས་ཀྱི་ཕྱག་རྒྱའམ་ལྷ་ཡི་སྐུ་ཅིར་ཡང་སྣང་བ་སྟེ་སྣ་ཚོགས་བསྒོམ་པ་ཡིན་ལ། འདི་ལ་ཡང་། དང་པོ་རྒྱུ། དེ་ལས་ཕྱག་རྒྱ་གཅིག་པ། དེ་ལས་གཙོ་འཁོར་ཡོངས་རྫོགས་ཏེ། དང་པོ་ནི། རྒྱུ་ཡི་ས་བོན་ཧྲཱིཿཡིག་དཀར་པོ་གསལ་ཞིང་འབར་བ་བསྒོམས། དེ་ལ་དྲོད་ཐོབ་ནས་རིམ་བཞིན་ཤིན་ཏུ་ཕྲ་བའི་ཧྲཱིཿཡིག་(8བ)གྲངས་མེད་པ་ནམ་མཁའ་གང་བར་སྤྲོ་ཞིང་སླར་དེ་དག་ས་བོན་ལ་བསྡུ་བའི་བར་དུ་བསླབ། འཕེལ་འགྲིལ་བྲལ་བ་གསལ་བརྟན་གྱི་ཉམས་དང་ལྡན་པའི་བར་དུ་སྦྱངས་པས་ཏིང་ངེ་འཛིན་གཞི་འདིང་། གཉིས་པ་ནི། དེ་ལས་ཕྱག་རྒྱ་གཅིག་པ་གཙོ་བོ་ཡབ་རྐྱང་བསྒོམས་ཤིང་། དེ་ཡང་དང་པོ་ཤིན་ཏུ་མཁས་པས་བྲིས་པའི་གཟུགས་བརྙན་ལ་ལེགས་པར་སེམས་གཏད་དེ། ཡིད་ཡུལ་དུ་ལམ་མེར་ཤར་བ་དང་། དེ་འདྲ་བའི་གཟུགས་སུ་བསྒོམ། སྤྱི་བོ་ནས་གདན་ཁྲིའི་བར་དང་། གདན་ཁྲི་ནས་སྤྱི་བོའི་བར་སོགས་སུ་རིམ་བཞིན་གསལ་གདབ་སྟེ་མྱོང་བ་ཐོན་ངེས་བྱས་ལ། དེ་ཡང་རང་བཞིན་གཉུག་མའི་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་ཤར་བ་སྟེ་བསྐྱེད་རྫོགས་ཟུང་འཇུག་གི་དོན་ལ་བསླབ། དེ་ནས་གཙོ་འཁོར་ཡོངས་རྫོགས་བསྒོམ་པ་ལ། གོང་དུ་བཤད་པའི་གཞལ་ཡས་ཁང་གི་དབུས་སུ་ཁ་དོག་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་བ་གེ་སར་གྱི་སྙིང་པོར་འོག་ཉི་མ་སྟེང་ཟླ་བ་སྟེ་གྭའུ་ཁ་སྦྱོར་གྱི་སྟེང་དུ་རང་གི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་གནས་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བདེ་བ་ཆེན་པོ་འཆི་མེད་པདྨ་འབྱུང་གནས་གཞུང་བཞིན་བསྒོམས་པའི་ཕྱོགས་མཚམས་ཀྱི་པདྨའི་འདབ་མར་སྒེག་སོགས་མཆོད་པའི་ལྷ་མོ། སྒོ་(9ན)བཞིར་མགྱོགས་མ་བཞི་བཅས་མ་འདྲེས་ཡོངས་སུ་རྫོགས་པ་ནམ་མཁའ་ལ་འཇའ་ཤར་བ་ལྟར་སྣང་ལ་རང་བཞིན་མེད་པའི་རྣལ་འབྱོར་ལ་བསླབ་ཅིང་། གདོད་ནས་དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་དག་ཅིང་ཕུང་ཁམས་ལས་དབང་ཐམས་ཅད་གདན་གསུམ་ཚང་བའི་ལྷ་ཡི་རོལ་པར་རང་ཤར་བ་ལ་དབང་བསྐུར་བ་དང་སྤྱན་འདྲེན་པ་སོགས་ཀྱི་སྤྲོས་མཚན་ལས་འདས་ཀྱང་། རྣམ་པའི་ཆ་ལ་ཐ་མལ་གྱི་ཞེན་པ་སྦྱངས་པའི་ཕྱིར་ཡེ་ཤེས་པ་དགུགས་ཤིང་བསྟིམ། རང་ལས་སྤྲུལ་པའི་ལྷ་མོ་མཐའ་ཡས་པས་ཕྱི་ནང་གསང་བའི་མཆོད་པ་ཕུལ་ཞིང་། གསང་གསུམ་ཡོན་ཏན་དྲན་ཅིང་བསྟོད་པའི་རོལ་མོ་འཁྲོལ། དགོངས་རྒྱུད་རྟོགས་པའི་ བྱིན་རླབས་འཕོ་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྐུལ་བ་བཅས་སོང་ནས་སྤྲུལ་པའི་ལྷ་མོ་རྣམས་རང་ལ་བསྟིམ། འདི་དག་གིས་ཀྱང་མར་འདོད་པའི་ཆོས་ལྔ་ལ་ལོངས་སྤྱད་པ་སོགས་ཁམས་གསུམ་གྱི་ཞེན་སྣང་རགས་པ་སྦྱོང་། ཡར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་སྟེ་ཞིང་གི་བཀོད་པ་བསམ་ལས་འདས་པ་ཐོབ་པའི་ཡོན་ཏན་རྫོགས། བར་དུ་དེ་དག་གི་མཐུ་སྒྲུབ་པ་རྣམས་གོང་ནས་གོང་དུ་སྨིན་པར་བྱེད་དོ། །འདི་དག་གི་སྐབས་སུ་དག་པ་དྲན་པའི་རྣལ་འབྱོར་(9བ)ལ་ཡང་བསླབ་སྟེ། ཟག་པ་མེད་པ་བདེ་བ་ཆེན་པོ་ལང་ཚོས་གང་བས་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། ཆོས་སྐུ་མཚོན་པའི་ཞལ་གཅིག་འགྲོ་ལ་རྗེས་སུ་ཆགས་པས་འཛུམ་པའི་མདངས་ཅན། ཕྱག་གཉིས་སྣང་སྟོང་ཟུང་འཇུག །གཡས་རྡོ་རྗེས་སྐྱེ་འཆིའི་རྟོག་པ་འཇོམས། གཡོན་ཚེ་བུམ་གྱིས་འཕོ་མེད་གཞོན་ནུ་བུམ་སྐུར་ཁམས་གསུམ་པོ་འུབ་ཆུབ་པ། བདེན་གཉིས་ཟུང་དུ་འཇུག་པའི་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཤེས་རབ་སྟོང་པ་ཉིད་ཀྱི་རང་མདངས་ཡུམ་དང་འཁྲིལ་བ། ཆོས་ཀྱི་དབྱིངས་སྤྲོས་མཚན་ལས་འདས་པས་ཡུམ་རྒྱན་མེད་གཅེར་བུ་གཡས་མདའ་དར་གྱིས་སྲིད་ཞིའི་དྭངས་བཅུད་སྡུས་པ། གཡོན་ཚེ་བུམ་གྱིས་སྒྲུབ་ལ་འཆི་མེད་སྩོལ་བ། ཡབ་ཀྱི་སྐུ་ལ་རིན་པོ་ཆེའི་རྒྱན་བརྒྱད་དར་གྱི་ཆས་གོས་ལྔ་སོགས་ཀྱིས་བརྒྱན་པ་ནི་སངས་རྒྱས་ཀྱི་སྤངས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་རྩལ་ལས་སྤྲུལ་པའི་ཆ་ཤས་མཐའ་ཀླས་པས་འགྲོ་བ་སྒྲིལ་བས་འོད་ཟེར་བསམ་ཡས་འཕྲོ་བ་སོགས་གཞི་འབྲས་སྦྲེལ་བའི་དག་པ་དྲན་པ་ལ་རྩེ་གཅིག་ཏུ་བསླབ། ཨེ་མ་ཞེས་ངོ་མཚར་བ་སྟེ། ཐ་མལ་གྱི་ཞེན་པ་སྦྱང་བའི་ཆོས་རྨད་དུ་བྱུང་བ་ནི་འདི་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་མེད་པ་ལ་ཡོད་པའི་སྒྲོ་བཏགས་(10ན)ལ་མ་རིག་འཁྲུལ་པའི་གང་ཟག་རྣམས་ཀྱི་སྣང་ངོར། བདག་གཞན་གཉིས་སུ་འཛིན་པའི་རྟོག་པ་ཤིན་ཏུ་འཐས་པས་སྒྱུ་མ་ལྟ་བུའི་ཆོས་ཉིད་ཀྱི་དོན་འདི་མ་རྟོགས་པར་བདེ་སྡུག་དགྲ་གཉེན་སོགས་སུ་འཁྲུལ་ཏེ། དེ་ཁོ་ན་ཉིད་ཀྱི་གནས་ལུགས་མ་ཤེས་པའི་བྱིས་པ་ཐམས་ཅད་ཨ་ཐང་ཆད། རྣལ་འབྱོར་པ་ཐམས་ཅད་ལ་ནི་རང་གི་རིག་པ་སྤྲོས་པ་དང་བྲལ་བའི་ཀློང་། འདས་མ་འོངས་ད་ལྟ་སྟེ་དུས་གསུམ་དང་བྲལ་བའི་བཞི་པའི་ཆ་དུས་ཀྱི་འཛིན་པ་སྤང་བའི་རིག་པའི་ངོ་བོ་འདི་ཞེས་མཚོན་དུ་མེད་པ་ནམ་མཁའ་ལྟ་བུའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། དེ་ལྟ་བུའི་ལྷ་དང་རང་སེམས་རོ་མཉམ་གྱི་ངང་ལ་མཉམ་པར་བཞག །མདོར་ན་རང་གི་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་ལྷ་ཡི་འཁོར་ལོ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པ་ལ་ཡང་ནས་ཡང་དུ་བསླབ་བོ། །དོན་གསུམ་པ་བསྙེན་སྒྲུབ་བཞིའི་ཆིངས་བཤད་པ་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ངེས་དོན་དུ་འཁོར་འདས་ཐམས་ཅད་རིག་པའི་ངང་དུ་རོ་མཉམ་ནའང་། རྣམ་པ་ཆ་ལ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་སྤྲོ་བསྡུའི་ཏིང་ངེ་འཛིན་ཡང་དག་པར་སྒྲུབ་པར་བྱའོ། །གཉིས་(10བ)པ་ནི། བསྙེན་པའི་སྐབས་སུ་ཟླ་བ་སྐར་ཕྲེང་ལྟ་བུ་སྟེ། ཡེ་ཤེས་སེམས་པའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ། ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལ་རྩེ་གཅིག་ཏུ་སེམས་གཏད། གཡོ་བའི་ཉམས་མི་བརྟན་པ། ཐོབ་པའི་ཉམས་ཅུང་ཟད་བརྟན་པ། གོམས་པའི་ཉམས་རབ་ཏུ་བརྟན་པ། བརྟན་པའི་ཉམས་མི་གཡོ་བ། མཐར་ཕྱིན་པའི་ཉམས་ཡེངས་སུ་མེད་པ་སྟེ། དེ་ལྟར་མ་བྱུང་གི་བར་དུ་ས་མ་དྷིའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བསླབ་བོ། །ཉེ་བར་བསྙེན་པའི་སྐབས་སུ་རྒྱལ་པོའི་ཕྲིན་ལས་འབངས་ཀྱིས་བསྒྲུབ་པ་ལྟར་སྔགས་ཕྲེང་མི་གཡོ་བར་འོད་ཟེར་དཔག་མེད་འཕྲོས་ཏེ་སེམས་ཅན་ཐ་མ་ཁམས་གསུམ་རྒྱུད་ལྔའི་འགྲོ་བ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་གནས་སྐབས་མཐར་ཐུག་གི་བདེ་བ་ལ་བཞག །སེམས་ཅན་བར་པ་ཉན་ཐོས་རང་རྒྱལ་ཐམས་ཅད་འགོགས་པ་ལས་བསླངས་ཏེ་བྱང་ཆུབ་སེམས་དཔའི་ས་ལ་བཞག །སེམས་ཅན་དང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ས་ནས་ས་སྤར་ཏེ་སངས་རྒྱས་ཀྱི་སར་བཀོད་པ་སོགས་དམིགས་པའི་འཕྲོ་འདུ་ལ་བསླབ། སྒྲུབ་པའི་སྐབས་སྔགས་རྣམས་གཡས་སུ་མགལ་མེ་འཁོར་བ་ལྟར་འཁོར་བས། འོད་ཟེར་(11ན)འཕྲོ་འདུས་ཐ་མལ་གྱི་ཞེན་སྣང་སྦྱངས་ཏེ་དྭངས་བཅུད་ཐམས་ཅད་འོད་ཟེར་འཇའ་ཚོན་གྱི་རྣམ་པར་བསྡུ་བའི་དམིགས་པ་བྱ། སྒྲུབ་ཆེན་སྐབས་སྔགས་རེ་རེ་ལས་ཀྱང་དེ་འདྲ་བསམ་ལས་འདས་པ་བུང་བ་ཚང་ཞིག་ལྟར་འཕྲོས་ཏེ་མ་དག་པའི་སྣང་བ་སྦྱང་། འཁོར་འདས་ཐམས་ཅད་དག་པ་གསུམ་མཉམ་པ་བཞིའི་བདག་ཉིད་ཆེན་པོར་བྱས་པར་བསམ། དེ་ལྟ་བུའི་བསྐྱེད་རིམ་གྱི་གནས་སྐབས་ཀུན་ཏུ་སྲོག་སྡོམ་གཟེར་བཞི་དང་མ་བྲལ་བར་བྱ་སྟེ། གོང་དུ་བཤད་པའི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་མ་བྲལ་བ།༡ ལྷག་ཆད་མྱུར་བུལ་གྱི་སྐྱོན་དང་བྲལ་བའི་སྔགས་བཟླ་བ།༢ ལྷ་དང་རང་སེམས་རོ་མཉམ་གྱི་ངང་དུ་མཉམ་པར་བཞག་པ།༣ འོད་ཟེར་སྤྲོ་བསྡུ་སོགས་བསྒོམ་པ་༤སྟེ་དེ་ལྟ་བུའི་གཟེར་བཞི་དང་མ་བྲལ་བར་ཤིན་ཏུ་ནས་ཀྱང་གཅེས་པ་ཡིན་ནོ། །བཞི་པ་བསྐྱེད་རིམ་མཐར་ཕྱིན་པའི་རྣལ་འབྱོར་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་རྣམས་གཞུང་དུ་བཤད་པ་བཞིན་རྟོགས་སླ་བས་འདིར་ཞིབ་ཏུ་བྲིར་མ་ལངས་ཤིང་། རྡོ་རྗེ་ས་འོག་ཏུ་འགྲོ་བའི་མན་ངག་རིགས་ཞིབ་པར་རྡོ་རྗེ་ས་འོག་གི་རྒྱུད་སོགས་ལས་རྟོགས་དགོས་ཤིང་། བླ་མའི་མན་ངག་ཡིད་ལ་འཆང་ཞིང་སེམས་རྩེ་གཅིག་པས་ལས་རབ་འབྱམས་འགྲུབ་པར་འགྱུར་རོ། །(11བ)དེ་ལྟར་ཡ་མཚན་རྨད་དུ་བྱུང་བའི་ཆོས་ཐ་མལ་གྱི་མཚན་རྟོག་སྦྱོང་བའི་ཐབས་ཀྱི་ཆོ་འཕྲུལ་བསམ་ལས་འདས་པ། རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་པདྨ་སམྦྷ་ཝའི་དགོངས་པའི་རྩལ་ལས་ཤར་བའི་ཆོས་རྨད་དུ་བྱུང་བ་ལྷ་སྐུ་ཕྱག་རྒྱ་སྒོམ་པའི་སྔགས་འདིས་ནི་སྣོད་བཅུད་ཐ་མལ་གྱི་ཞེན་པ་སྦྱངས། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། གསང་བ་སྔགས་ཀྱི་ཚོགས་ལམ་མཐར་ཕྱིན་པར་འགྱུར་བ་སོགས། སངས་རྒྱས་ཀྱི་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་མཛད་པའི་ཆོ་འཕྲུལ་ཟབ་མོ་ཁོ་ནའོ། །གཉིས་པ་གསང་དབང་དང་འབྲེལ་བའི་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པ་ལ། གོ་དོན་སྤྱིར་བཤད་པ་དང་། མན་ངག་ཞིབ་ཏུ་དབྱེ་བ། འབྲས་བུ་མཐར་ཕྱིན་པའི་ཚུལ་གསུམ་མོ། །དང་པོ་ནི། གོང་དུ་བསྐྱེད་རིམ་གྱི་ཆོས་བཤད་པའི་དེ་མ་ཐག་གཙོ་བོ་ཡབ་ཡུམ་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་མཁའ་སྤྲིན་ལྟར་འགྲོ་འོང་མེད་པའི་ཚུལ་གྱིས་རྣམ་པར་འཕྲོ་བས་གསང་བ་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཤིན་ཏུ་དགྱེས་པར་མཛད་དེ་རྡོ་རྗེའི་གླུ་བླང་བའི་ཚུལ་གྱིས་བཀའ་སྩལ་པའོ། །ཡབ་ཀྱིས་ཨེ་མ་ཧོཿཞེས་བདེ་བ་ཆེན་པོ་ངོ་མཚར་བའི་སྒྲ་ཡིས་དབུགས་དབྱུང་བ་ལ། ཡུམ་གྱིས་ཨ་ལ་ལ་ལ་ལ་ཧོཿ (12ན)ཞེས་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་དབྱེར་མི་ཕྱེད་པའི་ལན་གདབ་པ་དང་། རང་གི་རིག་པ་མི་འགྱུར་བ་ཐབས་བདེ་བ་ཆེན་པོ་དང་། རིག་པའི་ངོ་བོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཤེས་རབ་སྟོང་པ་ཉིད་དེ། དེ་གཉིས་ཟུང་དུ་འཇུག་པའམ་སྙོམས་པར་ཞུགས་པ་ལས་འོད་གསལ་བའི་ཡེ་ཤེས་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ། དྲོད་ཀྱི་གཏུམ་མོ་དང་། བདེ་བའི་གཏུམ་མོ་གཉིས་སོ། །དང་པོ་ནི། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་རྟོགས་པར་བྱ་བའི་ཕྱིར། ཐོག་མར་རང་གི་ལུས་བདེ་ཆེན་ཆོས་སྐུ་ཚེ་དཔག་མེད་པདྨ་སམྦྷ་ཝའི་སྐུ་དངོས་འཛིན་དང་བྲལ་བ་སྟོང་ཉིད་ནམ་མཁའི་དབྱིངས་སུ་འཇའ་ཤར་བ་ལྟ་བུ་སྣང་ལ་རང་བཞིན་མེད་པའི་བདག་ཉིད་དུ་གསལ་བའི་ལུས་དབུས་དྲང་པོར་རྩ་དབུ་མ་སྦོམ་ཕྲ་སྲིན་ལག་ཙམ་མར་སྣ་རྡོ་རྗེ་ཕྱེད་པའི་རྣམ་པས་གསང་གནས་སུ་སླེབ་པ། ཡར་སྣ་སྤྱི་བོར་ཟུག་པ། དེ་ཡི་གཡས་གཡོན་དུ་རོ་རྐྱང་གཉིས་མཐེའུ་ཆུང་གི་ཚད་ཙམ། མར་སྣ་ལྟེ་འོག་ནས་དབུ་མར་འདུས་པ། ཡར་སྣ་སྣ་བུག་གཉིས་སུ་ཟུག་པ་རྩ་གསུམ་ཀ་ཕྱི་དཀར་ལ་ནང་ཅུང་ཟད་དམར་མདངས་ཡོད་པ། སྤྱི་བོ་བདེ་བ་ཆེན་པོའི་རྩ་འདབ་སོ་གཉིས་མཐུར་དུ་ལྟ་བ། མགྲིན་པ་རོ་འདུས་ཀྱི་འཁོར་ལོ་རྩ་འདབ་(12བ)བཅུ་དྲུག་གྱེན་དུ་ལྟ་བ། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་མཐུར་དུ་ལྟ་བ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་བཅུ་གཉིས་གྱེན་དུ་ལྟ་བ། གསང་གནས་བདེ་སྐྱོང་འཁོར་ལོ་རྩ་འདབ་བཞི་ཐད་དྲངས་ལས་ཅུང་མཐུར་དུ་ལྟ་བ་བཅས། དེ་དག་ཀྱང་རོ་རྐྱང་ལས་ཆུང་ཕྲ་བ། འཇའ་ལྟར་བཀྲ་བ། མེ་ལྟར་གསལ་བ། ཆུ་ཤིང་ལྟར་དྲངས། ཤོག་བུ་ལྟར་ཁོང་སྟོང་སྟེ་མཚན་ཉིད་བཞི་ལྡན་དུ་གསལ་གདབ་ལ། ཁོང་དུ་ཡོད་པའི་དུག་ལྔ་དང་འདྲེས་པའི་རླུང་ཐམས་ཅད་ལག་ལེན་ལྟར་སངས་ཀྱིས་བུས། དག་པ་ཡེ་ཤེས་ལྔ་ཡི་རང་མདངས་ཕྱི་སྣོད་ནང་བཅུད་ཀྱི་དྭངས་མ་བསྡུ་བའི་དམིགས་པ་དང་སྦྲག་སྟེང་འོག་གི་རླུང་ཁ་སྦྱོར་དུ་བཟུང་མི་ཐུབ་པ་ན་གཡས་གཡོན་དུ་མནན་ཕྱི་ནང་དུ་གཞིལ་ཅིས་ཀྱང་མི་ཐུབ་པ་ན་མདའ་ལྟར་འཕེན་པ་སྟེ་ཡན་ལག་བཞི་ལྡན་གྱི་བུམ་ཅན་རབ་འབྲིང་ཐ་མའི་འབྱོངས་ཚད་མ་བྱུང་བར་འདི་ཁོ་ན་བསླབ། དེ་ལ་གོམས་པས་ལྟེ་འོག་ཏུ་མེ་ཡི་གོང་བུ་ཤེས་རབ་ཡུམ་གྱི་ངོ་བོ་གསལ་བཏབ་སྟེ་དེ་ལ་རོ་རྐྱང་གི་རླུང་རེག་མ་ཐག་ཏུ་མེ་ལྕེ་ཏལ་གྱིས་འབར་བར་བསམ། དེ་ལས་ཆེར་འབར་ཏེ་རྩ་གནས་ཐམས་ཅད་མྱུག་མྱུག་ཏུ་ཁྱབ་པར་བསམ་ལ་སྟེང་འོག་གི་རླུང་བསྡམ། གསུས་པ་རྒྱ་མཚོ་ལྟར་དགངས་ཏེ་བུམ་པ་ཅན་གྱི་རླུང་སྦྱོར་བྱ། འདི་སྐབས་ལྟེ་འོག་འཕུར་(13ན)བརྡབ་སོགས་བྱ། དམིགས་རྩོལ་མ་བྱས་ཀྱང་ལྟེ་འོག་ཚ་འུར་གྱིས་བྱུང་བ་ན། རིམ་བཞིན་མེ་ལྕེས་ལྟེ་བ་སྙིང་ཁ་གང་བར་བསམ་ལ། གོང་ལྟར་འཕུར་བརྡབ་སོགས་གང་དམིགས་སུ་བྱ། སྔ་མ་དྲོད་ཐོབ་རིམ་བཞིན་ཕྱི་མ་ལ་འཇུག །དེ་ནས་མགྲིན་པ་ནས་བརྩམ་སྤྱི་བོའི་བར་དུ་མེ་སྦར་ལ་གོང་བཞིན་བྱ། རྐང་པ་གཡས་གཡོན་ལག་པ་གཉིས་སོགས་མེ་ཡིས་བཀང་བ་འཕུར་བརྡབ་བྱ་ཞིང་གཡས་ཤད་གཡོན་བྱད་བྱ་ཞིང་པུས་མོ་བརྡབ། རྡོ་རྗེ་ཐོག་འབེབས་དང་རྐང་གཉིས་བརྐྱང་འབེབས་བྱ། རིམ་བཞིན་ནང་ལུས། ཕྱི་རོལ་གནས་ཁང་། མཐར་དཔག་ཚད་ཙམ་དུ་མེ་སྦར་དམིགས་པ་བྱ་ཞིང་དེ་ཡིས་བདེ་བའི་ངོ་བོ་ཅན་གྱི་དྲོད་མེ་བཞིན་འབར་བར་འགྱུར་རོ། །དབང་པོ་ཤིན་ཏུ་རྒུད་པའི་གང་ཟག་ཡིན་ན། ལྟེ་འོག་གི་ཕྱོགས་བཞིར་མེ་ཡི་གོང་བུ་འབར་བ་བཞི་སྒྲོམ་འུར་སྒྲ་དང་བཅས་འབར་བར་བསམ་ལ་དྲོད་འབེབས་བཞི་བྱ། གཉིས་པ་བདེ་བའི་གཏུམ་མོ་ལ་དམིགས་པ་རྩ་འདབ་སོགས་དང་མེ་དམིགས་སྔར་བཞིན་ལ་སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་སུ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བ་ཞུན་མའི་མདོག་ཅན་གྱི་བྱང་སེམས་ཀྱི་ཐིག་ལེ་ཡི་གེ་ཧཾ་ཡིག་མགོ་མཐུར་དུ་ལྟ་བ། མཐའ་སྐོར་དུ་དགའ་བ་བཅུ་དྲུག་གི་ངོ་བོ་ཐིག་(13བ)ལེ་བཅུ་དྲུག་ཟིལ་པ་ཁྲོམ་མེ་སྐར་ལྟར་འཕྲོ་བ་གསལ་བཏབ་ལ་རླུང་སྦྱོར་གྱིས་བསྐུལ་བས་ལྟེ་འོག་གི་མེ་འབར་བའི་མེ་ལྕེ་སྤྱི་བོའི་ཧཾ་ལ་རེག་པས་བྱང་ཆུབ་སེམས་ཀྱི་རྒྱུན་བབས། འཁོར་ལོ་རྣམ་པ་བཞིར་མེ་དང་ཐིག་ལེ་འབྲོས་དེད་ཀྱི་ཚུལ་དུ་བབ་པར་ཡང་ཡང་སྒོམས། དེ་ལ་གོམས་པ་བསླབ་པས་བདེ་དྲོད་མེ་ལྟར་འབར་བར་འགྱུར་ཞིང་། དེ་ཡང་ཐིག་ལེ་སྤྱི་བོ་ནས་མགྲིན་ཁར་བབ་པས་དགའ་བ། སྙིང་པར་བབ་པས་མཆོག་ཏུ་དགའ་བ། ལྟེ་བར་བབ་པས་ཁྱད་པར་དགའ་བ། གསང་གནས་སུ་བབ་པས་ལྷན་སྐྱེས་ཀྱི་དགའ་བ་སྟེ་མས་བརྟན་གྱི་དགའ་བ་ངོས་བཟུང་། ཁྲུ་གང་གི་ཚད་ཙམ་གྱི་ཁྲིའུ་སོགས་ཐབས་ལམ་འོག་སྒོའི་སྔོན་འགྲོ་ལུས་སྦྱང་ཡིན་ལ། ཐིག་ལེ་གསང་གནས་སུ་ཁྲོམ་ཆུའམ་རྫིང་བུར་བསྐྱིལ་བ་ལྟར་བཟུང་ལ་བདེ་སྟོང་གི་རང་མདངས་བསྐྱང་ལ་སེམས་འཛིན། དེ་ནས་གསུས་པ་སྒལ་པར་སྦྱར་ལ་ཧཱུྃ་རིང་ཧཱུྃ་ཐུང་སྟག་མོའི་ཁོང་འདྲེན་སོགས་ཀྱིས་གྱེན་དུ་དྲངས་ལ་ཡས་བབ་ཀྱི་ཡེ་ཤེས་ངོས་བཟུང་། འཕར་བ་དང་འཁྲབ་པ་དང་སེངྒེ་རྣམ་རོལ་གྱི་འཁྲུལ་འཁོར་ལ་སོགས་པས་རྒྱུ་སྐར་བཀྲམ་པ་ལྟར་ཐིག་ལེ་རྩ་འདབ་རྣམས་སུ་ཁྱབ་པར་དགྲམ། དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས། འཁོར་ལོ་ལྔའི་རྩ་མདུད་གྲོལ། ཚེ་ལ་དབང་(14ན)བའི་རིག་འཛིན་འགྲུབ། གསང་བ་སྔགས་ཀྱི་སྦྱོར་ལམ་མཐར་ཕྱིན། མཐར་ཐུག་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་རྟེན་འབྲེལ་འགྲིགས། བཅུ་དྲུག་ལོན་པའི་ན་ཚོད། འཛེར་བག་དིག་ལྐུག་མེད་པའི་ངག་གསལ་སྟོང་གཡོ་མེད་ཀྱི་སེམས་སོགས་འགྲུབ། ཤིན་ཏུ་རྣམ་པར་དག་ཅིང་སྤྲོས་པ་མེད་པའི་ཡེ་ཤེས་རྒྱུད་ལ་འཆར་བའི་རྟེན་འབྲེལ་འགྲིགས་པར་འགྱུར་ཅིང་། འདི་དག་ཀྱང་གསང་དབང་ཐོབ་ལ་དམ་ཚིག་མ་ཉམས་པ་དག་གིས་དངོས་གྲུབ་འདི་དག་ཐོབ་པར་འགྱུར་ཞིང་འཕོ་བཅས་རྩ་རླུང་གི་དྲི་མ་རང་སར་དག །འོད་གསལ་བའི་ཡེ་ཤེས་རང་བཞིན་གྱིས་འཆར་བར་འགྱུར་བའི་རྨད་དུ་བྱུང་བའི་ལམ་གསང་བའི་ཡང་གསང་མཆོག་ཏུ་གྱུར་པའོ། །གསུམ་པ་ཤེར་དབང་དང་འབྲེལ་བ་བདེ་སྟོང་ཐུགས་རྡོ་རྗེ་ཕོ་ཉའི་ལམ་བཤད་པ་ལ། གོ་དོན་སྤྱིར་བཤད་པ་དང་། མན་ངག་རྒྱས་པར་བསྟན་པ། མཐར་ཕྱིན་འབྲས་བུའི་ཚུལ་གསུམ། དང་པོ་ནི། གོང་ལྟར་གསང་དབང་གི་ལམ་བཤད་པའི་དེ་མ་ཐག་སླར་ཡང་ཡབ་ཡུམ་སྣང་སྟོང་ཟུང་འཇུག་བདེ་བ་ཆེན་པོར་ཤིན་ཏུ་དགྱེས་པའི་རྡོ་རྗེའི་ནཱ་དའི་དབྱངས་གླུའི་ཚུལ་དུ་བླང་བ་ནི། ཨེ་མ་ཧོཿཞེས་པ་རང་རིག་གི་ཡེ་ཤེས་ལ་ངོམ་ཞིང་ངོ་མཚར་དང་ཨེ་ཝཾ་མ་ཡ་གཉིས་ཆོས་ཟུང་དུ་(14བ)འཇུག་པ། ཨེ་ས་མ་ཡ་ཞེས་གསང་བ་ཆོས་ཀྱི་དབྱིངས་དང་ནམ་ཡང་མི་འབྲལ་བའི་བདེ་བ་ལ་སངས་རྒྱས་ཀུན་ཀྱང་རྟག་ཏུ་དགྱེས་པའི་ཚུལ་ཨ་ལ་ལ་ལ་ལ་ཧོཿཕྱག་རྒྱའི་ལམ་བདེ་མཆོག་སྒྱུ་མའི་ཚུལ་ནི། སངས་རྒྱས་ཀུན་གྱིས་མཉམ་པར་སྦྱོར་ཞིང་ལམ་འདི་མ་བརྟེན་པར་སྣང་གསུམ་འཕོ་བའི་བག་ཆགས་ཆ་ཕྲ་བ་སྦྱང་དཀའ་བས་ན་རྨད་དུ་བྱུང་བའི་ཐབས་འདི་ཤིན་ཏུ་ངོ་མཚར་ཡ་མཚན་ཆེ་བའི་ཆོས་བདེ་བ་ཆེན་པོ་གཞན་ལུས་ཕོ་ཉའི་མན་ངག་བསྟན་པར་བྱའོ་ཞེས་པས་བསྟན། གཉིས་པ་ལ་རང་ལུས་དང་གཞན་ལུས་སོ། །དང་པོ་ནི། གསང་དབང་སྐབས་བཤད་པ་བཞིན་རྩ་རླུང་གི་རྣལ་འབྱོར་ལ་ལེགས་པར་གོམས་པས། ཡན་ལག་ཡུམ་ལྔར་གསལ་བ་དང་སྙོམས་པར་ཞུགས་པར་མོས་པ་སོགས་ཐབས་ལམ་ཀུན་དང་མཚུངས། འདྲེན་དགྲམ་ལྡོག་པ་ལ་དབང་ཐོབ་པས་ཐིག་ལེ་འཕོ་མེད་དུ་གྱུར་ན། རིགས་ཅན་གསུམ་གྱི་མུ་དྲ་རྒྱུད་སྦྱངས་དབང་བསྐུར། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས། མཁས་པ་བཞིས་དགའ་བ་ངོས་བཟུང་། མས་བརྟན་གྱི་ཡེ་ཤེས་ལ་མཉམ་པར་བཞག །ཡང་ན་ཡུམ་མཁའ་ནས་དྲང་ཚུལ་ཐུན་མིན་ཚེ་སྒྲུབ་ཤིན་ཏུ་སྦྱངས་པའི་གང་ཟག་གིས་བྱ། དེ་ལྟར་བསྒོམ་པས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་དགའ་(15ན)བྲལ་གྱི་ཡེ་ཤེས་དེ་ཉིད་ཀྱིས་མཚོན་བདེ་སྟོང་གཉིས་མེད་ཀྱི་རང་བཞིན་ལ་རྟག་ཏུ་བརྩོན་པས་རྩ་རླུང་ཐིག་ལེའི་དྲི་མ་ཆ་ཕྲ་བ་ཐམས་ཅད་དག་ནས་ཕྱག་ཆེན་རིག་འཛིན་གྲུབ། གསང་བ་སྔགས་ཀྱི་སྦྱོར་བ་ལམ་མཐར་ཕྱིན་ཆོས་སྐུ་ཐོབ་པར་གྱུར་པས་ན་ལམ་འདི་ནི་སངས་རྒྱས་ཀུན་གྱི་བརྣག་པ་ཁོ་ནའོ། །བཞི་པ་ཚིག་དབང་དང་འབྲེལ་བ་ཀ་དག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ། སྤྱིར་བཤད་པ། མན་ངག་རྒྱས་པར་བཤད་པ། མཐར་ཕྱིན་འབྲས་བུའི་ཚུལ་གསུམ་ལས། དང་པོ་ནི། གོང་དུ་ཤེར་དབང་གི་ལམ་བཤད་པའི་དེ་མ་ཐག །གཙོ་མཆོག་པདྨ་ཚེ་དཔག་མེད་ཡབ་ཡུམ་གཉིས་སུ་མེད་པའི་བདེ་སྟོང་གི་ཡེ་ཤེས་མཐར་ཕྱིན་པས་འཁོར་འདས་གཉིས་སུ་བཏགས་པའི་ཆོས་ཐམས་ཅད་རང་ངོར་ཀ་ནས་དག་པའི་དབྱིངས་ལས་བརྗོད་པ་མེད་པའི་རྡོ་རྗེ་གསང་བའི་སྒྲ་རང་ཤར་བའི་ཚུལ་གྱིས་བསྟན་ཅིང་སྐལ་ལྡན་དབང་རྣོན་གྱི་ངོར་མངོན་པར་སྣང་། ཧོཿཞེས་རང་བྱུང་གི་ཡེ་ཤེས་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལ་ཤིན་ཏུ་དགྱེས་པའི་གླུ་སྔོན་དུ་འགྲོ་བས། འཁོར་འདས་ཀྱི་སྤྲོས་པ་ཐམས་ཅད་མ་དག་གློ་བུར་བའི་དྲི་མ་སྟེ་འཁྲུལ་མེད་སངས་རྒྱས་ཀྱི་གཟིགས་ངོར་འཁོར་བ་ཞེས་ཡེ་ནས་གྲུབ་པ་མེད་ཅིང་ཀ་ནས་དག་པའི་བདག་ཉིད་ཅན་ཏེ། (15བ)དེ་ཉིད་རིག་པ་དང་མ་རིག་པའི་དབྱེ་བ་ལས་སེམས་ཅན་ཀུན་ལ་རྟག་ཏུ་ཁྱབ་པར་གནས་པས་རང་རིག་པ་བཞི་ཆ་སུམ་བྲལ་གྱི་གཉུག་མའི་ཤེས་པ་སྟེ། དེ་ཉིད་མངོན་དུ་བྱེད་པའམ་མངོན་པར་སྣང་བའི་ཐབས་ཟབ་མོ་གཞན་ནས་བསྒྲུབ་ཏུ་མེད་ཅིང་འགྲོ་འོང་དང་བྲལ་ལ། རང་གི་རིག་པ་འོད་གསལ་བའི་བདག་ཉིད་ཅན་དེ་ཉིད། ཉེ་དྲག་པས་ཡིད་མ་ཆེས། ཟབ་དྲག་པས་བློར་མ་ཤོང་བས་རང་བཞིན་ཡེ་ནས་གསང་བ་དབུལ་པོའི་ཁྱིམ་གྱི་གཏེར་ལྟ་བུ་འདི་ནི་གང་བཤད་བྱའི་དོན་ཏེ། །གཉིས་པ་རྒྱས་པར་བཤད་པ་ལ། བསྟེན་བྱ་སློབ་དཔོན་དང་། དེས་བསྟན་པའི་ཆོས་གཉིས། དང་པོ་ནི། རྫོགས་པ་ཆེན་པོའི་མན་ངག་གི་དོན་འདི་ལེགས་པར་ཉམས་སུ་བླངས་ཤིང་གདུལ་བྱ་རྗེས་འཛིན་ནུས་པའི་ཐུགས་རྗེ་དང་ལྡན་པའི་སློབ་དཔོན་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ། རིམ་པ་ལྟར་གོང་མ་ལ་མྱོང་བ་ཐོན་རིམ་བཞིན་འོག་མ་ལག་ཁྲིད་ཀྱི་ཚུལ་དུ་གཏན་ལ་དབབ་སྟེ་བཤད་པར་བྱའོ། །གཉིས་པ་ལ་སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ། ཐུན་གྱི་སྔོན་འགྲོ་བླ་མ་ལ་གསོལ་བ་དྲག་ཏུ་གདབ་ཅིང་ཉམས་རྟོགས་མཐར་ཕྱིན་པའི་ཆེད་དུ་གདུང་ཤུགས་ཀྱིས་འབོད་པས་རང་ལ་ཐིམ་པར་བསམ་སྟེ་མཉམ་པར་བཞག །དབེན་པར་སྟན་འབོལ་ཞིང་ཡངས་ལ་རྒྱ་ཆེ་བའི་ཁར་(16ན)ལུས་གཅེར་བུར་ཨང་རག་ཙམ་གྱོན་ལ་རྡོ་རྗེའི་འདུག་སྟངས་བྱ། དམིགས་པ་རང་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བར་བསམ་ལ་མི་ནུས་པ་ན་གང་དགར་བགྱེལ་བཅུག །ཅི་ཡང་མི་དམིགས་པའི་ངང་དུ་ཅུང་ཟད་འདུག །ཡང་གོང་བཞིན་སྒོམ་པ་བཅས་ཞག་གསུམ་ཙམ་འབད། ཡང་རང་ཐ་མལ་དུ་གནས་པའི་སྙིང་གར་ཧཱུྃ་མཐིང་ག་ཚད་དང་ལྡན་པ་ཁྲུ་གང་བ་ཞིག་བསྒོམ། དེ་ལས་ཧཱུྃ་མེ་ཡི་རང་བཞིན་དཔག་ཏུ་མེད་པ་བྱུང་། རང་ལུས་གང་བས་གདོས་བཅས་ཤ་ཁྲག་གི་ཚོགས་བག་ཆགས་དང་བཅས་པ་ཐམས་ཅད་རྩ་སྦུར་མེ་ཡིས་ཚིག་པ་ལྟར་དངོས་མེད་དུ་སྦྱངས། དེ་བཞིན་ཕྱི་རོལ་ས་རྡོ་རི་བྲག་དངོས་འཛིན་སྣང་བ་ཐམས་ཅད་བསྲེགས་ཏེ། ནམ་མཁའ་སྟོང་པར་རང་སེམས་ཧཱུྃ་ཡིག་ཏུ་གསལ་བ་ལ་སེམས་བཟུང་། ཡང་ཧཱུྃ་ལས་ཧཱུྃ་གི་ཚོགས་དཔག་མེད་འཕྲོས་ཏེ་ཕྱི་སྣོད་ནང་ལུས་ཁྲོལ་མར་ཕུག །ཡང་དེ་ཐམས་ཅད་རང་སེམས་ཧཱུྃ་ལ་ཐིམ། ཡང་ཧཱུྃ་གིས་ཡུལ་ལ་འཆིང་གྲོལ་བྱ་བ་དང་ལམ་དུ་གཞུག་པ་སོགས་བྱ། འདི་དག་ཐུན་རེ་རེ་བཞིན་བསྒོམ། ཡང་དམྱལ་བ་ཡི་དྭགས་སོགས་ངན་འགྲོའི་གནས་སུ་སྐྱེས་པར་བསམ་ལ་སྡུག་བསྔལ་བྱ་བྱེད་སྤྱོད་ལམ་སེམས་ཐོག་ཏུ་བླང་། ལུས་ངག་ཏུ་བྱ། སྡུག་བསྔལ་མྱོང་བའི་ངོ་བོ་ལ་བལྟ། ཡང་ལྷ་མི་(16བ)སོགས་བདེ་འགྲོར་སྐྱེས་པར་བསམ་ལ་དེ་དག་གི་བདེ་སྡུག་ཉམས་སུ་འདྲེས་ངེས་བྱ། ཡང་ཞིང་ཁམས་སུ་སྐྱེས་ཏེ་སངས་རྒྱས་མཇལ་ཞིང་ཆོས་ཉན་མཆོད་པ་ཕུལ་ལུང་བསྟན་དབུགས་དབྱུང་བ་སོགས་བསམ། གཞན་ཡང་ལྷ་ཞི་བ་ཁྲོ་བོའི་ཆ་ལུགས་སྔགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་ལུས་ངག་སེམས་སུ་བླང། དེ་དག་ཐམས་ཅད་ཉམས་སུ་མྱོང་མཁན་སེམས་སུ་ཐག་ཆོད། ལུས་ངག་ཡིད་ཀྱི་མངོན་ཞེན་ཆུང་བ་ན། སེམས་དེ་ལ་གཟུགས་ཁ་དོག་དངོས་པོར་གྲུབ་པ་འདུག་གམ་མི་འདུག །དང་པོ་བྱུང་བའི་ཁུངས། བར་དུ་གནས་པའི་ས། ཐ་མར་འགྲོ་བའི་ཡུལ་སོགས་ཁོ་ཐག་མ་ཆོད་བར་རྩད་གཅོད་དེ་རྩ་བྲལ་དུ་ངེས་པ་མ་རྙེད་བར་དུ་བསྒོམ་པས་ལུས་ངག་ཡིད་ཀྱི་ཤིན་སྦྱངས་འགྲུབ་སྟེ་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་གཞི་འདིང་བར་འགྱུར་རོ། །གཉིས་པ་དངོས་གཞི་ལ། ཐུགས་རྗེ་ལྡན་པའི་སློབ་དཔོན་ལས་རིག་པ་རྩལ་གྱི་དབང་ཐོབ་ནས་དབང་གི་སྐབས་སུ་ངོ་སྤྲད་པའི་བཞི་ཆ་སུམ་བྲལ་གྱི་ཡེ་ཤེས། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ། བྱ་རྩོལ་བློ་ཡི་སྤྱོད་ཡུལ་དུ་མི་བཏུབ་པ། སྟོང་གསལ་རིག་པའི་སྙིང་པོ་ཅན། འཁོར་འདས་ཀྱི་ཆོས་ཀུན་གྱི་སྤྲོ་གཞི། འདུས་མ་བྱས་པ་གཉུག་མ་གཤིས་ཀྱི་ངང་དུ་སྤྲོ་བསྡུ་བྲལ་བར་བཞག་པ་སྟེ། ངོ་བོའི་གནས་ལུགས་དེ་ཉིད་རང་གི་རང་བཞིན་(17ན)ཡེ་ནས་རྣམ་པར་གྲོལ་བ་ཀ་ནས་དག་པའི་དབྱིངས་འཕོ་འགྱུར་དང་བྲལ་བ་རང་གྲོལ་རིག་པའི་གཤིས་ལུགས་ལ་རྣམ་པར་རྟོག་པ་འཕྲོས་ཀྱང་རང་ཐོག་ལས་མི་གཡོས་པས་རང་སར་ཕན་གནོད་མེད་པར་གྲོལ་པས་གཉེན་པོའི་རྣམ་རྟོག་བསྐྱར་མི་དགོས། རྣམ་རྟོག་སྔ་ཕྱི་མེད་པར། ཤར་བ་དང་། གྲོལ་བ་དུས་མཉམ་པ། ངོ་བོའི་གནས་ལུགས་སྟོང་པ་ཆེན་པོ་ལས་རང་སྣང་འོད་གསལ་བ། དེ་ཡི་རྩལ་ཐུགས་རྗེའི་རྣམ་རོལ་རྒྱུན་མི་འཆད་ཅིང་འགག་པ་མེད་པ། སྟོང་པ་ཆོས་སྐུ། གསལ་བ་ལོངས་སྐུ། །ཐུགས་རྗེ་སྤྲུལ་སྐུའི་བདག་ཉིད་དུ་ཐག་བཅད་དེ་བསྒོམ་པར་བྱའོ། །དེ་ལྟར་ཉམས་སུ་བླང་བས་འཁོར་འདས་སུ་གྲགས་པའི་ཆོས་ཐམས་ཅད་མ་དག་འཁྲུལ་པའི་ངོར་བཏགས་པ་ཙམ་ལས། དོན་ལ་རང་རིག་སོ་མ་གཉུག་མའི་གཤིས་ཀྱི་གནས་ལུགས་གཅིག་པུའི་ངང་དུ་རྫོགས་པ་སྟེ། དེ་ལྟར་མཉམ་པའི་ཚུལ་ཡང་། ཐ་མལ་གྱི་ཤེས་པ་དེ་ཉིད་བཟོ་བཅོས། སྤྲོ་བསྡུ། དགག་སྒྲུབ། སྤང་བླང་། ཞེན་འཛིན། ངེས་བཟུང་མེད་པར་བརྗོད་བྲལ་གྱི་ཀློང་དུ་མཉམ་པར་བཞག་ལ། དེ་ཡི་ཚེ་བཟང་ངན་གྱི་རྣམ་པར་རྟོག་པ་ཇི་ལྟ་བུ་ཞིག་འཕྲོས་ཀྱང་རིག་པའི་རང་ངོ་ལ་མཉམ་པར་བཞག་པས་ཕན་གནོད་མེད་པར་ཁང་སྟོང་དུ་རྐུན་མ་(17བ)ཕྱིན་པ་བཞིན་རང་སར་གྲོལ་བ་ལ་བསླབ་པར་བྱའོ། །གསུམ་པ་བོགས་འདོན་འབྲས་བུ་ལ། དཔེ་ཅན་ཕྱི་ཡི་ནམ་མཁའ་སྟོང་དྭངས། དཔེ་ནང་རང་སེམས་དྲི་མེད། གསང་བ་འོད་གསལ་སྤྲོས་བྲལ་གྱི་དབྱིངས་གསུམ་གཅིག་ཏུ་བསྲེས་ཏེ་མཉམ་པར་བཞག་པར་བྱའོ། །ནང་པར་ཐོ་རེངས་རླུང་རིག་དྭངས་པའི་སྐབས་རླུང་སེམས་རང་ལུགས་སུ་བཞག །རིག་པ་རྗེན་པ་ལས་མ་གཡོས་བཞིན་དུ། ནམ་མཁར་ཨ་ཡིག་མཐིང་ག་བསྒོམ་པ་ལ་རིགཔ་གཏད་དེ་ཧ་ཞེས་རླུང་ཕྱིར་བུས་ལ་ཅི་ལ་ཡང་མི་འཛིན་པར་རིག་པ་ཧ་རེ་སྤྲོ་བསྡུ་མེད་པར་བཞག་གོ། །མདོར་བསྡུས་ན། རིག་པ་འདི་སྟོང་དང་མི་སྟོང་སོགས་དེར་འཛིན་ཡོད་ན་ལྟ་བ་རྣམ་དག་མ་ཡིན་པས། འདི་ཡིན་གྱི་རྩིས་གདབ་མེད་པར་རིག་པ་ཧད་དེ་བ་གསལ་རིག་གི་སྙིང་པོ་ཅན་དེའི་ཀློང་དུ་ཡེངས་མེད་དུ་གནས་པར་བྱ་ལ་བཅོས་ཤིང་བསླད་པས་འཁོར་བར་འཆིང་བས། མ་བཅོས་པ་བདུན་དང་ལྡན་པའི་ངོ་བོར་རྟག་ཏུ་གནས་པར་བྱའོ། །ཨེ་མ་ཞེས་ངོ་མཚར་བ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐིལ་སྙིང་ཕྱུང་སྟེ་ལག་མཐིལ་དུ་བཀྲམ་པའི་མན་ངག་འདི། སངས་རྒྱས་ཉིད་ནི་དགོངས་པའི་རང་བཞིན་ཇི་ལྟ་བ་ཉིད་གསལ་བར་ཡང་དག་པར་བསྟན་པ་ཡིན་ནོ། །ཤིན་ཏུ་སྤྲོས་མེད་ཀྱི་(18ན)ལམ་བཤད་པ་སོང་ནས། རབ་ཏུ་སྤྲོས་མེད་ལྷུན་གྲུབ་ཀྱི་རྣལ་འབྱོར་བཤད་པ་ལ། མདོར་བསྟན། རྒྱས་བཤད། འབྲས་བུའོ། །དང་པོ་ནི། ཨེ་མ་ཧོཿཞེས་རྨད་དུ་བྱུང་བའི་རྡོ་རྗེའི་གནས་ལ་ངོ་མཚར་བའི་གླུ་སྔོན་དུ་འགྲོ་བས། ཀ་དག་འདུས་མ་བྱས་པའི་དབྱིངས་སྤྲོས་པ་དང་བྲལ་བའི་ལྟ་བ་ཁྱད་པར་འཕགས་པ་གོང་དུ་བཤད་པ་དེ་ཉིད་ལ་དྲོད་ཐོབ་པས། ལྷུན་གྲུབ་ཀྱི་ཡེ་ཤེས་ཉི་མ་ལྟར་ཤར་ཞིང་ཐུགས་རྗེ་འགགས་པ་མེད་པ་སྣང་བ་བཞིའི་འོད་ཟེར་འཕྲོ་བས། འཕོ་བཅས་ཀྱི་རྩ་རླུང་ཐིག་ལེའི་ཁམས། འཕོ་མེད་གཞོན་ནུ་བུམ་སྐུའི་དབྱིངས་སུ་འུབ་ཆུབ་པའི་མྱུར་ལམ་བརྩོན་འགྲུས་ཅན་ལོ་ཟླ་ཙམ་གྱི་མཆོག་གི་དངོས་གྲུབ་ལ་སྦྱོར་བས་ཟབ་ཅིམ་རྨད་དུ་བྱུང་བ། ཐེག་པ་འོག་མ་གཞན་ལ་མ་གྲགས་ཤིང་། ཐེག་པའི་རྩ་མོ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ཀུན་ཏུ་བཟང་པོའི་དགོངས་པའི་ཏི་ཀ་ཁྱད་པར་འཕགས་པ་ནི་བཤད་པར་བྱ་བའི་ཆོས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། དེ་ལྟ་བུའི་ལམ་ཉམས་སུ་ལེན་པ་ལ། ཐོག་མར་ལུས་ངག་ཡིད་གསུམ་གྱིས་དགེ་མི་དགེའི་བྱ་བྱེད་སྤྱོད་ལམ་གཡེང་བ་ཐམས་ཅད་སྤངས་ཏེ་ལམ་འདི་ཁོ་ན་ཉམས་སུ་ལེན་པར་བྱའོ། །དེ་ཡང་ལུས་སྐུ་གསུམ་གྱི་བཞུགས་སྟངས། སེངྒེ། གླང་ཆེན། དྲང་སྲོང་(18བ)གསུམ་དང་མི་འབྲལ། རླུང་འགྲོ་འོང་དལ་བར་སྣ་ནས་མི་བཏང་བར་མཆུ་སོ་མ་རེག་ཙམ་གྱིས་ཁ་ནས་ཅུང་ཕྱིར་འཛིན་རིང་ཙམ་བྱ། ཡུལ་ནམ་མཁར་ཟེར་གཉིས་དང་སྦྲག་པའམ། ཆོས་ལོངས་སྤྲུལ་སྐུའི་རྟེན་ཉི་ཟླ་མར་མེ་སོགས་ལ་བརྟེན། སྒོ་གནད་མིག་ཕྱེད་བཙུམ་ཟིམ་བུས་བཞུགས་སྟངས་གསུམ་དང་སྦྲག་ལ་གྱེན་ཐུར་གཡས་གཡོན་ཟུར་གྱིས་ལྷ། སེམས་གནད་སྣང་བ་ལ་ཞེན་འཛིན་བྲལ་བས་རིག་པ་དབྱིངས་སྣང་ལ་ཐིམ་འགྲོ་བ་ལྟ་བུར་གཏད། དེ་ཡང་རང་གི་སྙིང་ཙིཏྟ་ཤ་ཏི་སྒྲོན་མེའི་དབུས་སུ་སྙིང་དང་མིག་ཏུ་འབྲེལ་བའི་རྩ་དཀར་འཇམ་ཤེལ་གྱི་སྒྲོན་མ། རྒྱང་ཞགས་ཆ་ཡི་སྒྲོན་མ་མིག་དང་འབྲེལ་བས། དབྱིངས་རྣམ་དག་གི་སྒྲོན་མ་ཟ་འོག་ཁ་ཕྱེས་པ་ལྟ་བུའི་ཀློང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བ་ལྟ་བུར་མུ་ཁྱུད་ཅན་གྱི་དབྱིངས་སུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུ་བདག་པོ་སེམས་ཤེས་རབ་རང་བྱུང་གི་སྒྲོན་མའི་རྗེས་སུ་འགྲོ་བ་སྒྱུ་མ་ལྟ་བུའི་རོལ་གར་མཁན། མངོན་སུམ་ཅི་གྱུ་སྟེ་མིག་ལམ་དུ་སྣང་བ་ལ། འཛིན་པ་བྲལ་བར་རྩེ་གཅིག་ཏུ་ཉམས་སུ་བླང་སྟེ་གོམས་པར་བྱས་པས། དབྱིངས་སྣང་རེ་ལྡེ་ནས་བརྩམས་ཏེ་སྨིན་མཚམས་དང་བྲལ་ཞིང་། ཐིག་ལེ་འོད་ལྔ་ཚོམ་བུའི་ཚུལ་དུ་འཆར་བ་དང་། རིག་པ་རིམ་(19ན)གྱིས་དལ་བས་དབྱིངས་རིག་སྙོམས་པར་ཞུགས་ཏེ་རིག་པ་སྐུ་རུ་སྨིན་པ་ལས། ཕྱེད་སྐུ་དང་སྐུ་ཡོངས་རྫོགས། དེ་ཡང་རིགས་གཅིག་ནས་རིགས་ལྔ་རིགས་བརྒྱ་རིགས་བསམ་གྱིས་མི་ཁྱབ་པར་སྣང་ཞིང་མཐར་ནི་ཕྱི་ནང་གི་སྣང་བ་ཐམསཅད་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་འོང་བར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །སྣང་བའི་རིམ་པ་ཇི་ལྟར་འཕེལ་ཁ་ཆེ་ཡང་། བྱིས་པས་ལྷ་ཁང་ལྟ་བ་ལྟར་ཞེན་འཛིན་མེད་པར་ཆམ་མེར་བཞག་ལ། ཕྱི་དབྱིངས་ནམ་མཁའ། ནང་དབྱིངས་འོད་དང་འོད་ཁྱིམ། གསང་དབྱིངས་རིག་པ་ཀ་དག་སྟེ་དེ་གསུམ་གཅིག་ཏུ་བསྲེ་བ་གནད་དམ་པ་ཡིན་ནོ། །ལུས་མི་འགུལ་བ་རི་བོ་ཅོག་བཞག །མིག་མི་འགུལ་བ་རྒྱ་མཚོ་ཅོག་བཞག །ཡིད་མི་གཡོ་བ་རིག་པ་ཅོག་བཞག་གི་ཚུལ་ལྟ་བ་ཟབ་མོའི་མཐུ་ཡིས། ལྷུན་གྲུབ་ཀྱི་ཡེ་ཤེས་མཐར་ཕྱིན་མངོན་དུ་འགྱུར་བར་བྱའོ། །གསུམ་པ་མཐར་ཕྱིན་འབྲས་བུ་ལ། ཆོས་ཉིད་མངོན་སུམ་མཐོང་བའི་སྐབས་སུ་དབྱིངས་སྣང་འོད་ཁྱིམ། ཡེ་ཤེས་ཐིག་ལེ་སྐུ་ལུ་གུ་རྒྱུད་དུ་སྣང་སྟེ་རིག་པ་དབྱིངས་སུ་ཚུད་ནས་ཐིག་ལེ་སུམ་འབྲེལ་དུ་འཆར་བ་ཚུན་ཆོས་ཉིད་མངོན་སུམ། དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ། དབྱངས་དང་ཐིག་ལེ་ཇེ་ཆེ་དང་ལུག་རྒྱུད་གསལ་ཇེ་(19བ)བརྟན། ཐིག་ལེའི་ནང་དུ་ཕྱེད་སྐུའམ་སྐུ་རྐྱང་འགུལ་འཕྲིག་མེད་པར་ཤར་བ་ཉམས་གོང་འཕེལ། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔའི་ཞིང་ཁམས་འཆར་ཞིང་དེ་དག་རང་དང་འབྲེལ་བ་བསྒོམ་མ་བསྒོམ་མེད་པར་རང་སྣང་བ་རིག་པ་ཚད་ཕེབས། ཕྱི་ཉམས་སྣང་ན་རོ་བདུན་བརྩེགས་ནས་རིམ་པར་ཟད་ཅིང་། ནང་སྒྱུ་ལུས་ཀྱི་ཆོས། གསང་བ་རྟོག་ཚོགས་ཐམས་ཅད་པས་ཆོས་ཉིད་ཟད་སར་སྐྱོལ་ཞིང་། དེ་ཚེ་སོར་མོར་རིག་པ་གཏད་པས། འོད་གསལ་གྱི་སྣང་བ་སླར་གསལ་ཞིང་། འཆི་མེད་འོད་ལུས་འགྲུབ་པར་འགྱུར་ལ། མ་འདོད་ན། སྒྲ་འོད་ཟེར་དང་བཅས་གདོས་བཅས་ཀྱི་ལུས་འོད་ཀྱི་རང་བཞིན་དུ་གྲོལ་ནས་ཟག་པ་མེད་པ་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་འཚང་རྒྱ་བའི་ཐབས་རྨད་དུ་བྱང་བའི་ལམ་འདི་ནི་སྒྲོན་མ་དྲུག་དང་རིག་གདངས་དབྱེར་མེད་དུ་ཉམས་སུ་བླངས་པ། འཁོར་འདས་རོ་མཉམ་དུ་གྲོལ་བའི་ཐབས་རྨད་དུ་བྱུང་བའི་དོན་གྱི་ཡང་སྙིང་འདི་ནི་རྡོ་རྗེ་གསང་བའི་ཚིག་ཏུ་ཡང་དག་པར་བསྟན་པ་ཡིན་ནོ། །རབ་ཏུ་སྤྲོས་མེད་འོད་གསལ་གྱི་ལམ་སྟེ་འདི་དག་ལ་བརྟེན་ཏེ་སྒོ་གསུམ་གྱི་བག་ཆགས་ཕྲ་བ་སྦྱངས། ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ཐོབ། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པར་འགྱུར་རོ། །དོན་བཞི་པ་འཁོར་ལ་(20ན)གདམས་ཤིང་བསྟན་པ་གཏད་པ་ནི། དངོས་སུ་རིག་པ་འཛིན་པ་མཁའ་འགྲོ་མ་དང་། བརྒྱུད་ནས་གདུལ་བྱ་སྐལ་ལྡན་གྱི་ཚོགས་ལ་ཡང་དག་པར་གཏད་པ་ནི་གོ་སླའོ། །སྐུ་གསུང་ཐུགས་ཀྱི་རྒྱ་གསུམ་གྱིས་སྣོད་ལྡན་ལ་སྤེལ། སྣོད་མིན་ལ་གསང་བར་གཉེར་དུ་གཏད་པའོ། །བསྡུས་འགྲེལ་འདི་ཡང་དགེ་སློང་བྱམས་པ་ཡར་འཕེལ་གྱི་ངོར་བྲིས་པ་ཡིན་ནོ། །སྲུང་མ་མཐུ་རྩལ་ཅན་གྱིས་བཀའ་འདི་སྲུང་ཤིག །ས་མ་ཡ་རཀྵནྟུ། (ཞེས་རྗེ་གཏེར་ཆེན་བླ་མའི་གསུང་མ་བཅོས་པ་ལ། ཕྲན་བུའི་ཡིག་སྐྱོན་བྱུང་རིགས་རྣམས་བསལ་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།)