TTDL-ZABTER-18-TSHA-022: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-022
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|volnumtib=༡༨
|pagestatus=Temporary stub only
|volyigtib=
|tibgenre=Advice - zhal gdams
|rectonotes=zhal gdams
|versonotes=bdud 'joms gsung mgur skor
|volumenumber=18
|volumenumber=18
|volumeLetter=TSHA
|volumeLetter=TSHA

Revision as of 15:30, 6 September 2024

Wylie title TTDL-ZABTER-18-TSHA-022.pdf
Location bdud 'joms gling pa zab gter
Volume 18, Text 22, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
[edit]
དཔལ་རིའི་སྔགས་འཆང་ལ་བསྲིངས་པ་ཡོད།ཨེ་མ།བརྡལ་ཁྱབ་ལྷུན་གྲུབ་དོན་གྱི་འོག་མིན་ན། །རྒྱལ་ཀུན་སྤྱི་གཟུགས་རང་བྱུང་ཡེ་ཤེས་དཔལ། །མ་རིག་མུན་པ་དྲུང་ནས་འབྱིན་བྱེད་པའི། །ཉིན་བྱེད་དབང་པོ་ཤེས་རབ་ཆེ་ལ་འདུད། །ཐོས་བསམ་རྒྱ་ཆེ་མཁས་པའི་དབང་པོ་ལ། །བླུན་པོས་འོལ་ཚོད་འདོམས་པ་མི་མཛེས་ཀྱང་། །དམ་པའི་བཀའ་གཉན་ལྡོག་པར་མ་སྤོབས་པས། །རང་གི་རྒྱུད་ལ་འབྱོར་ཚོད་ཞུ་བ་ཕུལ། །དེང་སང་བསྐལ་པ་དུས་ཀྱི་སྙིགས་མ་འདིར། །སེམས་ཅན་བསོད་ནམས་དམན་པའི་ལས་དབང་གིས། །ཐེག་མཆོག་རྒྱལ་པོ་རི་མོའི་མར་མེ་ལྟར། །ཁ་ཁྱེར་ཚིག་ཁྱེར་ཙམ་དུ་ཡོད་ཡོད་འདྲས། །དོན་ལ་ཕན་གནོད་གང་དུའང་མ་སོང་བ། །དོན་མེད་ལབ་མོས་བསོད་ནམས་བསགས་པ་ཙམ། །རྣམ་མཁྱེན་ལམ་ལས་རིང་བ་མངོན་སུམ་མོ། །སངས་རྒྱས་བསྟན་པ་བྱ་བ་གང་ལ་ཟེར། །དེ་ཕྱིར་རྣམ་མཁྱེན་ལམ་ལ་བགྲོད་འདོད་ཀུན། །འཁོར་འདས་རྩ་བ་རང་རྒྱུད་ལ་ཐུག་པས། །ཡང་དག་ལྟ་སྒོམ་ཟབ་མོ་ལྷུར་ལེན་གནད། །འགའ་ཞིག་རྣམ་རྟོག་ལམ་དུ་བྱེད་པ་ཡི། །ཤར་གྲོལ་རང་གྲོལ་ཀློང་གྲོལ་ལ་སོགས་པས། །ས་ལམ་མིང་བཏགས་མཆོག་འཛིན་བྱས་ན་ཡང་། །སེམས་ལ་ལམ་བྱས་ཡང་དག་དོན་མ་མཐོང་། །བདེ་སྡུག་ཉམས་ཀྱི་སྣང་བ་སྣ་ཚོགས་ལ། །མངོན་ཞེན་ང་རྒྱལ་བྱེད་པ་ཤིན་ཏུ་འཁྲུལ། །དེ་ཕྱིར་གནད་ཀྱི་ཡང་གཅེས་བཅུད་དྲིལ་ནས། །ལྟ་སྒོམ་སྤྱོད་པ་ཟབ་མོའི་ལམ་འདི་འདོམས། །འདི་ལྟར་སྣང་སེམས་འཁོར་བའི་ཆོས་སོ་ཅོག།ཐམས་ཅད་རང་སྣང་འཁྲུལ་པའི་སྣང་ཉམས་ལས། །བདེན་གྲུབ་མེད་པ་རྨི་ལམ་སྣང་བས་སྟོན། །སངས་རྒྱས་སེམས་ཅན་བཟང་ངན་རེ་དོགས་ཡུལ། །སོ་སོར་བཟུང་ན་རང་རྒྱུད་པ་རུ་གོལ། །བདག་མེད་རྟོགས་པ་ལྟ་བའི་གནད་དུ་གཙོ། །བློ་ཡིད་རྟོག་པས་བཅིང་པའི་སེམས་འཛིན་དང་། །བདེ་གསལ་མི་རྟོག་ཉམས་ཀྱི་སྣང་བ་དང་། །ལྷ་སྣང་འདྲེ་སྣང་འཁྲུལ་པའི་སྣང་ཆ་ལ། །ལྟ་སྒོམ་མཆོག་འཛིན་བྱེད་པ་ཤིན་ཏུ་འཁྲུལ། །མི་ལྟ་མི་སྒོམ་མི་དམིགས་རང་སར་བཞག།ཁྱབ་བྱེད་ཡེ་ཤེས་ལམ་བྱེད་སྒོམ་པའི་གནད། །ཟབ་དོན་ཉམས་སུ་ལེན་པ་ལ་བརྩོན་ཏེ། །སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་གནད། །སླར་ཡང་ཟབ་དོན་ཉམས་སུ་ལེན་པ་ལ། །གཞི་ལམ་འབྲས་བུའི་གནད་འགགས་མདོ་ཙམ་བཤད། །གཞི་ཡི་ཆོས་སྐུ་བདེ་གཤེགས་སྙིང་པོ་འདི། །སངས་རྒྱས་བཟང་པོས་བཟང་པོར་བཅོས་སུ་མེད། །སེམས་ཅན་ངན་པས་ངན་པར་བསྒྱུར་དུ་མེད། །ཀ་དག་ཡེ་གྲོལ་སྤྲོས་པའི་མཐའ་དང་བྲལ། །རྣམ་ཐར་གསུམ་ལྡན་ཕྱོགས་མཐའ་ཀུན་ནས་ཟླུམ། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་རྫོགས། །དེ་ལྟར་མ་བཙལ་རྫོགས་ལྡན་ཆོས་སྐུའི་ཞལ། །ཁྱབ་བྱེད་ཡེ་ཤེས་ཤེས་རབ་སྤྱན་གྱིས་གཟིགས། །དབྱིངས་དང་ཡེ་ཤེས་མཉམ་བརྡལ་རིག་པ་ཆེ། །མ་ཡེངས་མི་བསྒོམ་ངང་གནས་རང་སར་ལྷུག།ཕྱི་ནང་ཟང་ཐལ་ཆེན་པོར་རྒྱ་ཡན་པ། །སྐད་ཅིག་རྫོགས་སངས་རྒྱས་པའི་ལམ་ཟབ་ཡིན། །བླང་དོར་གནས་ལ་མཁས་ཤིང་ཚུལ་བཞིན་སྤྱོད། །ཞི་དུལ་བག་ཡོད་དད་པ་དམ་ཚིག་ལྡན། །ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོར་གནད། །ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོ་ཡིས། །དེ་ལྟར་ཉམས་ལེན་གནད་ལ་བརྩོན་བྱས་ན། །རང་རིག་གདོད་མའི་གཞི་རུ་གདིང་ཐོབ་ཚེ། །ཁམས་གསུམ་འཁོར་བའི་སེམས་སྣང་བག་ཆགས་ཀུན། །རྨི་ལམ་སྣང་བ་དབྱིངས་སུ་སད་པ་ལྟར། །ཆོས་དབྱིངས་བདེ་བ་ཆེན་པོར་འབྱམས་ཀླས་པ། །རྫོགས་པའི་སངས་རྒྱས་ཐོབ་འགྱུར་འབྲས་བུའོ། །ཨེ་མ་ཧོ།བསྐལ་པ་ཐོག་མེད་དུས་ནས། །མ་རིག་མལ་དུ་དུབ་པའི། །ཁྱེའུ་ཆུང་རིག་པའི་ཡེ་ཤེས། །ད་ལྟ་རང་ངོར་སད་ཚེ། །འཁོར་འདས་རྫོགས་པ་ཆེན་པོར། །རོ་གཅིག་རོལ་པ་ཨོ་ཨོ། །བསླབ་སྦྱང་གནས་ལ་མ་ལྟོས། །སྔོན་གྱི་ལས་འཕྲོ་སད་ནས། །ཆོས་ཉིད་བདེན་པ་མཐོང་ཚེ། །འཁོར་འདས་རང་སྣང་ངོ་མ། །མེད་བཞིན་ཡོད་པར་སྣང་བའི། །རེ་དོགས་བདེ་སྡུག་བར་གསུམ། །ཐམས་ཅད་འཁྲུལ་སྣང་ངེས་པ། །སྣོད་བཅུད་རྒྱ་ཆེ་གྲངས་མང་། །ང་ལས་གཞན་དུ་མ་གྲུབ། །དུས་གསུམ་སངས་རྒྱས་ཐམས་ཅད། །ང་ཡི་ཀློང་དུ་རོ་གཅིག།ཁམས་གསུམ་འཁོར་བའི་སེམས་ཅན། །ང་དང་མཉམ་དུ་སངས་རྒྱས། །ཤེས་རབ་མིག་གིས་བལྟས་ཚེ། །སྣང་སྲིད་འཁོར་འདས་ཐམས་ཅད། །རོལ་པ་ཆོས་ཉིད་ཀློང་དུ། །མཚོ་ལ་གཟའ་སྐར་བཀྲ་བཞིན། །མཐོང་ཚེ་སྒྱུ་མའི་རྣལ་འབྱོར། །བདག་མེད་ཆེན་པོར་གདིང་ཐོབ། །ང་དང་ལས་འཕྲོ་ཡོད་པའི། །སྐལ་བཟང་སྐྱེས་བུ་དམ་པ། །རང་གཞི་ཆོས་སྐུ་ཀུན་བཟང་། །རང་སྣང་སྐུ་དང་ཡེ་ཤེས། །ཤེས་རབ་ཆེན་པོའི་རྩལ་གྱིས། །སྤྲོ་བསྡུ་འཕོ་བགྲོད་བྲལ་བར། །འགྲོ་ས་མེད་པའི་དབྱིངས་སུ། །འགྲོ་མཁན་ང་བདག་ཞིག་ཚེ། །ཆོས་སྐུའི་རྒྱལ་ས་ངོ་མ། །མི་རིང་མྱུར་ལམ་འདི་ལ། །མ་ཐོགས་མྱུར་དུ་བརྒལ་མཛོད། །ཅེས་པ་འདི་ནི་དཔལ་རིའི་སྔགས་སྐྱེས་བདེ་ཆེན་ཡེ་ཤེས་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བྲིས་པའོ། །། །