TTDL-ZABTER-06-CHA-001: Difference between revisions

From Dudjom Wiki
TTDL-ZABTER-06-CHA-001
No edit summary
Tag: Manual revert
m (Text replacement - "ཧོ༔" to " ཧོཿ")
Line 43: Line 43:




ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ ཆོས་ཉིད་གཅིག་ཏུ་མཉམ་བརྡལ་ཏེ༔ གདུལ་དཀའ་འདུལ་མཛད་ཁྲོ་བོའི་སྐུར༔ ཡོངས་བཞེངས་ཧེ་རུ་ཀ་ལ་འདུད༔ ལས་སྐལ་ལྡན་པའི་སྐྱེས་བུ་རྣམས༔ གསང་སྔགས་ཟབ་མོའི་སྒོར་བཞུགས་ནས༔ ཚེ་གཅིག་སངས་རྒྱས་སྒྲུབ་འདོད་ན༔ དང་པོ་དབང་གིས་སྨིན་དགོས་ཏེ༔ དཔེར་ན་ཞིང་ས་གཤིན་པོ་ལ༔ ས་བོན་གང་བཏབ་འབྲས་བུ་སྨིན༔ ཆུད་མི་ཟ་བར་ལོངས་སྤྱོད་ལྟར༔ དབང་གི་དལ་ཞུགས་རྣལ་འབྱོར་པས༔ དམ་ཚིག་གཉན་པོ་ཚུལ་བཞིན་སྲུངས༔ བསྐྱེད་རྫོགས་ཟབ་མོའི་སྒོར་ཞུགས་ན༔ ཡི་དམ་ལྷ་ཡི་ཞལ་གཟིགས་ཤིང་༔ ཕྱི་ནང་གསང་བའི་དྲོད་ཚད་རྙེད༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ འབད་མེད་བདེ་བླག་ཉིད་དུ་འཐོབ༔ དབང་མ་ཐོབ་པར་སྨིན་མི་སྲིད༔ དཔེར་ན་མ་དུལ་ས་གཞི་ལ༔ ས་བོན་བཏབ་ཀྱང་ཕན་པ་མེད༔ འབྲས་བུ་མི་ཐོབ་མ་ཟད་ཀྱི༔ ས་བོན་ཉིད་ཀྱང་སྟོང་པར་གྱུར༔ དེ་བཞིན་ལྷ་དང་དཀྱིལ་འཁོར་ཞལ༔ མ་མཐོང་དབང་གིས་རྒྱུད་མ་སྨིན༔ དམ་ཚིག་སྡོམ་པ་འཆལ་བ་ལ༔ ཞེན་ཆགས་ཆེ་ཞིང་དད་མོས་མེད༔ མཚན་ཉིད་མི་ལྡན་གང་ཟག་གིས༔ དཀྱིལ་འཁོར་གཉན་པོ་ཞལ་བཤུས་ཏེ༔ གྱེར་གདངས་དབྱངས་སུ་བྱེད་ན་ཡང་༔ ཤི་བའི་རོ་བཞིན་འབྲས་བུ་སྡུག༔ བྱེ་མ་བཙིར་བས་མར་དང་ནི༔ གསེར་མི་འབྱུང་བ་ཅི་བཞིན་ནོ༔ དེ་ཕྱིར་དབེན་པའི་གནས་མཆོག་ཏུ༔ དཔའ་བོ་དཔའ་མོའི་སྟོན་མོ་བྱ༔ གནས་ཁང་ཕྱག་དར་ཆག་ཆག་གདབ༔ རྡོ་རྗེ་སེམས་དཔའ་ལ་བརྟེན་ནས༔ དོང་སྤྲུགས་སྙིང་པོ་བདུན་གསུམ་མོ༔ ཐ་ནའང་བདུན་གཅིག་ལས་མི་ཉུང་༔ སྒྲིབ་པ་སྦྱངས་ཕྱིར་ཞི་སྦྱིན་དང་༔ སྡེ་བརྒྱད་ཀོ་ལོང་སྡོམ་པའི་ཕྱིར༔ ཕྱི་རུ་གླུད་དང་གཏོར་མས་བརྔན༔ ནང་དུ་སྡེ་བརྒྱད་ཕྱིི་ནང་མཆོད༔ གསང་བར་འབྱུང་ལྔའི་སཱཙྪ་གདབ༔ རྟེན་ནི་རབ་ན་དགེ་སློང་དང་༔ འབྲིང་ནི་དགེ་ཚུལ་ཐ་ནའང་༔ དགེ་བསྙེན་སྡོམ་པ་གང་རུང་འབོག༔ བསྙེན་གནས་གསོ་སྦྱོང་ལེགས་པར་བླང་༔ དཀྱིལ་འཁོར་མདའ་གང་གྲུ་བཞི་བྱ༔ འབྱུང་པོ་སྤྱི་ལ་ངར་གླུད་བཏང་༔ དཀར་ཕྱོགས་སྐྱོང་རྣམས་དཀར་གྱིས་བརྔན༔ དམར་ཕྱོགས་རིགས་ལ་དམར་གཏོར་དང་༔ ནག་ཕྱོགས་འབྲས་ཆན་ཆངས་བུ་བསྔོ༔ ཀོ་ལོང་རུ་ང་གདུག་རྩུབ་ཞི༔ ཀུན་གྱིས་རྡོ་རྗེ་སློབ་དཔོན་དུ༔ མཐོང་ནས་ཅི་བགྱིས་བཀའ་ཉན་བསམ༔ ས་ཡི་ལྷ་མོ་འཁོར་དང་བཅས༔ རྒྱལ་བ་ཤཱཀ་ཐུབ་བཀའ་བཞིན་དུ༔ གཏོར་འབུལ་ཕྲིན་ལས་དམ་བསྒྲགས་པས༔ དགྱེས་བཞིན་དངོས་གྲུབ་སྟེར་བར་བསམ༔ དཀྱིལ་འཁོར་བུམ་པ་ལྷ་སྟ་གོན༔ སློབ་མ་སྟ་གོན་ཅི་བཞིན་བྱ༔ དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལྟེར༔ རང་མདོག་ཚོམ་བུ་དགོད་པ་དང་༔ རྩིབས་མཐིང་མུ་ཁྱུད་སེར་པོ་བྱ༔ གྲུ་ཆད་གློ་འབུར་ཕྱོགས་མདོག་ལ༔ ཁྱམས་དམར་རྩིག་པ་རིམ་པ་ལྔ༔ མཐིང་དཀར་སེར་དམར་ལྗང་གུར་བྱ༔ སྒོ་འཁྱུད་སྒོ་འགྲམ་སྒོ་ལོག་སྟེང་༔ ཀཱ་བ་གསེར་ལ་ཀཱ་རྒྱན་གཡུ༔ རྟ་རྐང་ཆུ་སྐྱེས་སྒྲོམ་ལེབ་དང་༔ ཟར་ཚགས་སྣམ་འཕྱང་ཆུ་འཕྱང་དང་༔ ཁྱུང་མགོ་ཤར་བུ་མདའ་ཡབ་སྟེང་༔ ཆོས་འཁོར་ཆོས་ཉན་རི་དྭགས་གདུགས༔ རྩིག་པའི་ཕྱི་རིམ་འདོད་རྣམས་དང་༔ ཕ་གུ་དྲྭ་ཕྱེད་མདའ་ཡབ་དང་༔ སྒོ་བཞི་རྡོ་རྗེའི་རྭ་དང་ནི༔ གསེར་ཁྱམས་དུར་ཁྲོད་པདྨ་དང་༔ རྡོ་ར་མེ་རི་ཕྱག་མཚན་ལྔ༔ མཛེས་ཚོན་སྤྱི་ལྟར་ལེགས་པར་བྱ༔ དབུས་སུ་མཉྫི་ཁྲི་ཡི་ཁར༔ བུམ་པའི་ཁ་སྟེང་བྷནྡྷ་དང་༔ དེ་སྟེང་མེ་ལོང་ཆོས་འབྱུང་མཚན༔ རིགས་ལྔ་ཡབ་ཡུམ་སྙིང་པོ་དང་༔ རྟེན་འབྲེལ་སྙིང་པོ་དབྱངས་གསལ་བཀོད༔ དེ་སྟེང་འཇའ་ཤེལ་གཞུག་པར་བྱ༔ གཡས་སུ་ཙཀླི་གཡོན་དུ་ནི༔ གཏོར་མ་མདུན་དུ་རྡོ་དྲིལ་བཤམས༔ ཕྱི་རིམ་ཉེར་སྤྱོད་ལ་སོགས་པའི༔ མཆོད་པའི་ཡོ་བྱད་ཚང་བར་བཤམས༔ བླ་མ་རྡོ་རྗེ་འཛིན་པ་ཉིད༔ དཀྱིལ་འཁོར་གཙོ་བོར་ང་རྒྱལ་བཟུང་༔ བདག་མདུན་བུམ་གསུམ་དུས་གཅིག་སྒྲུབ༔ མཆོད་བསྟོད་འོད་ཞུ་བདག་དབང་བླང་༔ དེ་ནས་རྡོ་རྗེའི་སློབ་མ་རྣམས༔ སྒོ་དྲུང་འཁོད་ནས་གསོལ་གདབ་ནི༔ ཀྱཻཿདུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རྗེ་བཙུན་བླ་མ་འགྲོ་བའི་མགོན༔ ཁྱེད་ཀྱིས་བདག་ཅག་རྗེས་བཟུང་མཛོད༔ སྒོ་སྐྱོང་ཕོ་མོས་སྒོ་ཕྱེས་འཚལ༔ ལན་གསུམ་ཞུས་མཐར་ལན་གདབ་པ༔ ཧོ༔ ཁྱེད་ཅག་ཅི་འདོད་ང་ལ་སྨྲོས༔ དམ་ཚིག་ཚུལ་བཞིན་སྲུང་ནུས་སམ༔ སླར་ཡང་ཞུ་བ༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ ཁྱེད་ལ་གུས་པས་གསོལ་བ་འདེབས༔ བདག་ཅག་གསང་སྔགས་དཀྱིལ་འཁོར་དུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ་ཞུས་མཐར་ལན་གདབ་པ༔ ཧོཿ ཁྱེད་ཅག་བསོད་ནམས་སྐལ་བ་བཟང་༔ གསང་སྔགས་དབང་ལ་མ་བརྟེན་མིན༔ དབང་གི་རྩ་བ་དམ་ཚིག་སྟེ༔ སྲུང་བར་ནུས་རྣམས་ནང་དུ་གཤེགས༔ མི་ནུས་པ་རྣམས་ཕྱིར་དེངས་ཤིག༔ དེ་ནས་ཁྲུས་བུམ་བདུད་རྩི་འཁྱིལ་བའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་ཁྲུས་ཆུ་བུམ་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་བཅུད་ཐམས་ཅད་འདུས་པ༔ མྱང་བ་ཙམ་གྱིས་སྒོ་གསུམ་གྱི་ཉེས་སྐྱོན་སྦྱངས་ནུས་པའི་རང་བཞིན་ཅན་དུ་དམིགས་ལ༔ ཧོཿ བདེ་གཤེགས་རྒྱལ་བ་ཐམས་ཅད་དང་༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ བྱིན་རླབས་འདུས་པའི་ཆུ་བོ་ཡིས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིའོ༔ ཡི་གེ་བརྒྱ་པ་བཟླ་བཞིན་ཁྲུས་ཆུ་འཐུང་བས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་སྦྱང་བར་བསམ་ལ་ནང་དུ་གཤེགས༔ དེ་ནས་གླུད་ཟན་རེ་གཏད་ལ༔ འོ་སྐལ་ལྡན་གྱི་བུ་མཆོག་ཁྱེད་ཅག་རྣམས་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་འོད་ནག་གི་རྣམ་པར་གླུད་ཟན་ལ་ཐིམ་པར་མོས་ལ་ཧུས་ཐོབས་ལ་ཆངས་བུ་རེ་གྱིས་ཤིག༔ སླར་ཆངས་བུ་རྣམས་བསྡུས་ཏེ་བགེགས་གཏོར་དང་ལྷན་དུ་འདུ་བར་བྱ༔ དེ་ནས་སློབ་དཔོན་གྱི་མདུན་གཡས་སུ་མེ་དང་༔ གཡོན་དུ་ཆུ་བཤམས་ལ༔ ཨོཾ་བཛྲ་སཏྭ་ཧེ་རུ་ཀ་ཧཱུྃ༔ སྐལ་ལྡན་གྱི་སློབ་བུའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་རེ་བཟླ་བཞིན་སློབ་མ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་སྣ་བུག་གཡོན་ནས་བྱུང་སྟེ་ཏིལ་ལ་ཐིམ་པར་བསམ་ལ༔ ཏིལ་ཉག་རེ་ལག་པ་གཡས་པའི་རྡོ་རྗེ་བཅས་ཏེ་ཐོགས་ལ༔ གཡོན་བསྐོར་གྱི་ཚུལ་གྱིས༔ ཡེ་ཤེས་ཀྱི་མེ་དང་ཆོས་ཉིད་ཀྱི་ཆུར་སྦྱང་བར་བསམ་ལ་མེ་ཆུར་དོར༔ སླར་མེ་ཆུ་སྣོད་གཅིག་ཏུ་བྱས་ཏེ་བགེགས་གཏོར་དང་ལྷན་དུ་བཤམ་ལ༔ བྱིན་རླབས་འགུགས་དང་བསྔོ་བ་དང་༔ བསྐྲད་པ་བསྲུང་བའི་འཁོར་ལོ་བསྒོམ༔ ཆོས་བཤད་མཎྜལ་ཕུལ་ནས་སླར༔ མེ་ཏོག་སྙིམ་པའི་ཐལ་སྦྱར་དང་༔ བཅས་ཏེ་གསོལ་བ་གདབ་པ་ནི༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ཕྱི་ནང་གསང་བའི་དབང་རྣམས་ཀུན༔ སྩོལ་ཅིང་གནང་བར་མཛད་དུ་གསོལ༔ སྒོ་གསུམ་རྡོ་རྗེར་སྨིན་པར་མཛོད༔ ལན་གསུམ་ཞུས་མཐར་ལན་གདབ་པ་ནི༔ ཀྱཻ་ཧོ་སྐལ་ལྡན་སློབ་མ་རྣམས༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ༔ བདག་གིས་སྨིན་པར་མཛད་ལགས་ཀྱིས༔ དམ་ཚིག་གཉན་པོ་སྲུང་ནུས་སམ༔ སླར་ཡང་ཞུ་བ་ནི༔ ཁྱེད་ཀྱིས་ཅི་ལྟར་བསྒོ་བ་བཞིན༔ བདག་གིས་དེ་ལྟར་བསྒྲུབས་ལགས་ཀྱིས༔ དགྱེས་པ་ཆེན་པོས་རྗེས་བཟུང་ནས༔ རྡོ་རྗེའི་ཆོ་གས་བསྡམས་པར་མཛོད༔ ལན་གསུམ་ཞུས་མཐར་དམ་ཚིག་འབོགས་པ་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ བླ་མ་ལ་ཡང་ཕྱག་འཚལ་ལོ༔ བླ་མ་རྡོ་རྗེ་འཛིན་པ་དང་༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ རིགས་ལྔའི་དམ་ཚིག་རྗེས་བཟུང་སྟེ༔ རྡོ་རྗེ་དྲིལ་བུ་ལ་སོགས་པ༔ དམ་ཚིག་རྫས་རྣམས་བཟུང་བར་བགྱི༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ ནམ་དུ་ཡང་ནི་མི་གཏོང་ངོ་༔ རྡོ་རྗེ་སློབ་དཔོན་མི་གཏོང་ངོ་༔ རྡོ་རྗེའི་སྤུན་སྲིང་རྣམས་ལ་ཡང་༔ ནམ་ཡང་སྨད་པར་མི་བྱའོ༔ སེམས་ཅན་རྣམས་ལ་འཚེ་བ་སྤང་༔ འཕགས་པ་རྣམས་ལ་སྨད་མི་བགྱི༔ ཉན་ཐོས་རང་རྒྱལ་རྣམས་ལ་ཡང་༔ ཅུང་ཟད་བརྙས་པར་མི་བྱ་ཞིང་༔ སྔགས་འཆང་སྤང་བར་མི་བྱའོ༔ བསྙེན་བསྒྲུབ་ལས་ཀྱི་མཐར་རྣམས་ཀྱང་༔ དུས་འདི་ཉིད་ནས་བཟུང་བར་གྱི༔ དམ་ཚིག་སྡོམ་པ་ལ་གནས་ཤིང་༔ སྐུ་གསུང་ཐུགས་ལས་མི་འདའ་འོ༔ སྲོག་ཆགས་བསད་པར་མི་བྱ་ཞིང་༔ དམ་ཆོས་ནམ་ཡང་མི་གཏོང་ངོ་༔ བླ་མའི་བྱ་བ་མི་གཏོང་ཞིང་༔ འཁྲུལ་པའི་བྱ་བ་མི་བགྱིད་དོ༔ སེམས་ཅན་སྨིན་པ་ཉིད་དང་ནི༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་༔ སེམས་ཅན་མྱ་ངན་འདས་ལ་འགོད༔ བསྟན་པ་སྨད་པར་མི་བྱ་ཞིང་༔ བླ་མ་ལ་ཡང་ཡོན་འབུལ་ལོ༔ འཁོར་བ་རིང་དུ་སྤང་བྱ་ཞིང་༔ མྱ་ངན་འདས་པ་བླང་བར་བགྱི༔ དགེ་སློང་སེམས་སུན་མི་དབྱུང་ཞིང་༔ བསམ་གཏན་སྒོམ་པ་དཀྲུགས་མི་བྱ༔ ཆོས་དང་གང་ཟག་མི་སྨད་ཅིང་༔ ཁྱད་པར་དཀྱིལ་འཁོར་བསྒོམ་པར་བགྱི༔ རྫོགས་རིམ་སྒོམ་ལས་མི་འདའ་ཞིང་༔ ཅི་ལྟར་བླ་མས་གསུངས་པ་ལས༔ བདག་ནི་ནམ་ཡང་མི་འདའ་འོ༔ ཞེས་གསུམ་བརྗོད་ཅིང་ཁས་བླང་༔ དེ་ནས་དམ་ཆུ་ཐོགས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་པའི་རང་བཞིན་ལ༔ གནོད་དང་གནོད་བྱ་མ་གྲུབ་ཀྱང་༔ རྒྱུ་རྐྱེན་འབྱུང་བའི་རྟེན་འབྲེལ་ཁམས༔ བདེ་དང་སྡུག་བསྔལ་ངོ་བོར་སྨིན༔ ཐེག་པ་ཀུན་གྱི་མཐར་ཐུག་པ༔ གསང་ཆེན་ཟབ་མོའི་སྒོར་འཇུག་ན༔ མི་འདའ་རྡོ་རྗེ་དམ་བཟུང་ཕྱིར༔ རྡོ་རྗེའི་དམ་ཚིག་ཆུ་འདི་འཐུང་༔ བསྐལ་པ་སྟོང་གི་སྡིག་སྒྲིབ་ཀྱང་༔ ཆུ་འདིའི་བྱིན་གྱིས་དག་པར་འགྱུར༔ མཆོག་ཐུན་དངོས་གྲུབ་འབད་མེད་ཐོབ༔ གལ་ཏེ་དམ་ལས་ཉམས་གྱུར་ན༔ རྡོ་རྗེ་དམྱལ་བའི་གནས་སུ་མནར༔ སྡུག་བསྔལ་ཆེན་པོ་ཡུན་རིང་མྱོང་༔ དེ་ཕྱིར་སྲོག་དང་བསྡོས་ནས་ནི༔ དམ་ཚིག་ཚུལ་བཞིན་སྲུང་བར་གྱིས༔ ས་མ་ཡ་ན་ར་ཀན༔ ཞེས་སྙིམ་པ་གཡོན་པས་བླང་སྟེ་སྐུ་གསུང་ཐུགས་ཀྱི་བདུད་རྩིར་མོས་ལ་ཧུབ་གསུམ་རེ་བཏུང་༔ སྒོ་གསུམ་གྱི་སྒྲིབ་པ་དག་པར་བསམ་ལ༔ ཕྲག་པ་གཡོན་གྱི་རྒྱབ་ཏུ་ལན་གསུམ་དོར་རོ༔ དེ་ནས་མིག་དར་གཏད་ལ༔ འོ༔ ཁྱོད་རང་གི་མ་རིག་པའི་ལིང་ཐོག་བསལ་ཕྱིར་རྟེན་འབྲེལ་མཚོན་པའི་མིག་དར་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ མེ་ཏོག་གཏད་ལ༔ དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་ཨུ་དུམ་ཝ་རའི་ཆུན་པོ་རེ་འཛིན་པའི་མོས་པ་མཛོད༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སློབ་བུ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ཅིང་བླ་མར་མོས་གུས་དུང་དུང་པ་གཅིག་བྱས་རྗེས་ལྷར་བསྐྱེད་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགས་ཧཱུྃ༔ སློབ་མའི་ལྟོ་བར་རཾ་ཡིག་ནི༔ དམར་པོ་མེ་ཡི་འོད་ཟེར་འབར༔ དེ་ལས་ཡེ་ཤེས་མེ་མཆེད་ནས༔ ཕུང་ཁམས་སྐྱེ་མཆེད་རྣམ་སྨིན་ལུས༔ གཞོབ་ཐུལ་བསྲེགས་ནས་སྟོང་པར་བསམ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སོགས་གཞུང་གི་ལྷ་བསྐྱེད་ལ་འཇུག༔ སྤྱན་འདྲེན་དག་གིས་བྱིན་ཆེན་དབབ༔ ཁྱོད་རང་དཔལ་ཆེན་སྐུར་གསལ་བའི༔ ལྟོ་བར་ཆོས་འབྱུང་ཟུར་དྲུག་ནི༔ མཐིང་ནག་འོད་ཟེར་འབར་བར་བསྒོམ༔ དེ་ཡི་ལྟེ་བར་སྟོང་པའི་ཆར༔ རྡོ་རྗེ་ཕག་མོ་ཉུང་འབྲུ་ཙམ༔ བདེ་བས་མ་བཟོད་གར་སྟབས་བྱེད༔ ཐུགས་དབུས་དགའ་འཁྱིལ་དམར་པོ་ནི༔ གཡས་སུ་དྲག་ཏུ་འཁོར་བ་ལ༔ འདུན་པ་གཏོད་ཅིག་རིགས་ཀྱི་བུ༔ རྩ་སྔགས་མཐར༔ སརྦ་བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་བཾ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ ཞེས་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ནི༔ ཧོཿམཆོག་གསུམ་རྩ་གསུམ་བདེན་སྟོབས་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ ལྷག་པའི་ལྷ་ཡི་དཀྱིལ་འཁོར་དུ༔ རིགས་ཀྱི་མེ་ཏོག་དབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་བཛྲ་ཧོཿཞེས་མེ་ཏོག་དོར་ལ༔ དེ་ནས་མིང་གདགས་པ་ནི༔ མེ་ཏོག་དབུས་སུ་བབ་ན་བུདྡྷ་ཧེ་རུ༔ ཤར་དུ་བབ་ན་བཛྲ་ཧེ་རུ༔ ལྷོ་རུ་བབ་ན་རིན་ཆེན་ཧེ་རུ༔ ནུབ་ཏུ་བབ་ན་པདྨ་ཧེ་རུ༔ བྱང་དུ་བབ་ན་ཀརྨ་ཧེ་རུ༔ སྐྱེ་དམན་རྣམས༔ དབུས་སུ་བབ་ན་བུདྡྷ་ཀྲོ་ཏི༔ ཤར་དུ་བབ་ན་བཛྲ་ཀྲོ་ཏི༔ ལྷོ་རུ་བབ་ན་རིན་ཆེན་ཀྲོ་ཏི༔ ནུབ་ཏུ་བབ་ན་པདྨ་ཀྲོ་ཏི༔ བྱང་དུ་བབ་ན་ཀརྨ་ཀྲོ་ཏི་ལ་སོགས་པ་གདག་གོ༔ སླར་ཡང་ལྷག་ལྷ་སྤྱི་བོར་ཐིམ་པའི་མོས་པ་མཛོད༔ པྲ་ཏི་གྲྀཧྞ་ཨེ་མཾ་སཏྭ་མ་ཧཱ་བྷ་ལ༔ དེ་ནས་མིག་དར་བསལ་བ་ནི༔ ཧོཿབཅོམ་ལྡན་རྒྱལ་བའི་ཐུགས་རྗེ་དང་༔ ལྷ་སྔགས་ཏིང་འཛིན་ནུས་པའི་མཐུས༔ སློབ་བུའི་མ་རིག་ལིང་ཐོག་སྒྲིབ༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་དཀྱིལ་འཁོར་མཐོང་བ་བསྟན་པ་ནི༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེ༔ ཀུན་གཞི་དག་ཆེན་དག་པའི་ཞིང་༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས༔ ལྷན་སྐྱེས་བདེ་རོལ་དཔའ་བོ་ཆེ༔ མ་བཅོས་མི་འགགས་རྡོ་རྗེ་ཡུམ༔ མི་འཕྲོག་ཚད་མེད་སྲས་ཀྱི་མཆོག༔ ཏིང་འཛིན་མི་གཡོ་མཉམ་ཉིད་ཐུགས༔ བདེ་སྟོང་ཡེ་ཤེས་ལྷན་སྐྱེས་གར༔ ཟུང་འཇུག་མཆོད་པའི་ཕྱག་རྒྱར་དག༔ ཡེ་ནས་གཉིས་མེད་ཆོས་ཀྱི་སྐུ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཡང་༔ རང་རིག་ཡེ་ཤེས་བྱང་ཆུབ་སེམས༔ སྐུ་གསུམ་རྫོགས་པའི་དཀྱིལ་འཁོར་ལས༔ ལོགས་ན་མེད་དོ་ཤེས་པར་གྱིས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ༔ རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པ༔ ཀུན་གྱི་སྤྲོ་བསྡུས་མཆོག་ཆེན་པོ༔ འདི་ལས་གཞན་ན་མི་དམིགས་ཏེ༔ རང་རིག་ངོ་བོར་རང་ལོངས་སྤྱོད༔ རང་ལ་རང་དབང་བསྒྱུར་བ་ན༔ མ་བསྒྲུབ་ཡེ་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་དག་སྣང་མོས་གུས་བློ༔ ཚད་མེད་ཤུགས་བསྐྱེད་དགའ་སྤྲོ་བསྐྱེད༔ སངས་རྒྱས་འབྲས་བུ་རང་ལ་རྙེད༔ འཁོར་བའི་འཁྲུལ་སྣང་ཡེ་ཤེས་སུ༔ རང་བཞིན་རྣམ་པར་དག་པ་སྟེ༔ ངོ་ཤེས་ངང་ལ་འདི་སྒྲུབས་ཤིག༔ སླར་ཡང་དབང་ལྷ་སྤྱན་དྲངས་པ་ནི༔ རང་ཉིད་རྡོ་རྗེ་སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྤྱན་དྲངས༔ ཨོཾ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོཿཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཀྱིས་མཆོད་ཅིང་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་སོགས་བསྟོད༔ ཧོཿདུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཉེ་བའི་སྲས་མཆོག་སེམས་དཔའ་ལ༔ འཁོར་བ་སྐྱོབ་པའི་ཆེད་དུ་དབང་༔ ཡོན་ཏན་འབྱུང་གནས་ཅི་ལྟར་བསྩལ༔ དེ་ལྟར་འདི་ལ་སྩལ་དུ་གསོལ༔ ཅེས་གསོལ་བ་བཏབ་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད༔ གཤེགས་མ་རྣམས་ཀྱིས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད༔ སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད༔ ཁྲོ་མོ་རྣམས་ཀྱིས་བར་ཆད་བསལ༔ ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར༔ སློབ་མ་རྣམས་རྡོ་རྗེ་མི་བསྐྱོད་པ་མཐིང་ནག་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ལྷ་རྡོ་རྗེ་མི་བསྐྱོད་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྣམ་བུམ་ཐོགས་ལ༔ ཧཱུྃ༔ རྣམ་ཤེས་ཞེ་སྡང་རྣམ་དག་དབྱིངས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ༔ རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མ་མཱ་ཀིར་སངས་རྒྱས༔ ཞེ་སྡང་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སློབ་མ་རིན་ཆེན་འབྱུང་ལྡན་སེར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་ལྟེ་བར་སྭཱཿཡིག་སེར་གསལ་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་གྱི་ལྷ་རིན་ཆེན་འབྱུང་ལྡན་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ དབུ་རྒྱན་ཐོགས་ལ༔ ཧཱུྃ༔ ཚོར་ཕུང་ང་རྒྱལ་གནས་དག་དབྱིངས༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་དབུ་རྒྱན་འདི་བསྐོན་པས༔ དཔལ་ལྡན་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱོངས༔ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་མར་དག༔ ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་པས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་སྣང་བ་མཐའ་ཡས་དམར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་མགྲིན་པར་ཨཱཿཡིག་དམར་པོ་འོད་འབར་བ་ལས་འོད་འཕྲོས༔ རྒྱལ་བ་རྣམས་ཀྱི་གསུང་མཆོག་སྣང་བ་མཐའ་ཡས་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ འདུ་ཤེས་འདོད་ཆགས་རྣམ་དག་དབྱིངས༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ གསེར་གྱི་རྡོ་རྗེ་འདི་གཏད་པས༔ དཔལ་ལྡན་གསུང་གི་དབང་ཐོབ་ཤོག༔ ཨཱཾཿཔདྨ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་སྣང་མཐའི་ངོ་བོ་རྡོ་རྗེའི་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ༔ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས༔ འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་པདྨའི་རིགས་ཀྱི་གསུང་འགགས་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་རྣམས་དོན་ཡོད་གྲུབ་པ་ལྗང་གུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་གསང་བར་ཧཱཿཡིག་ལྗང་གུ་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཀྱི་ལྷ་དོན་ཡོད་གྲུབ་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ དྲིལ་བུ་ཐོགས་ལ༔ ཧཱུྃ༔ འདུ་བྱེད་ཕྲག་དོག་རྣམ་དག་དབྱིངས༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་དྲིལ་བུ་འདི་གཏད་པས༔ དཔལ་ལྡན་ཕྲིན་ལས་དབང་ཐོབ་ཤོག༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་དོན་གྲུབ་ཀྱི་ངོ་བོ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག༔ སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ༔ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས༔ ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་སྒྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་རྣམ་པར་སྣང་མཛད་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨོཾ་ཡིག་དཀར་པོ་འོད་འབར་བ་ལས་འོད་འཕྲོས༔ རྒྱལ་བ་རྣམས་ཀྱི་སྐུ་ཡི་ལྷ་རྣམ་པར་སྣང་མཛད་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྣམ་པར་སྣང་མཛད་གཏད་ལ༔ ཧཱུྃ༔ གཟུགས་ཕུང་གཏི་མུག་གནས་དག་དབྱིངས༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ རྣམ་པར་སྣང་མཛད་མིང་གི་དབང་༔ བསྐུར་བས་རྒྱལ་ཀུན་སྐུ་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ༔ གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས༔ གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་སྒྲོལ་ཏེ༔ དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ རྡོ་རྗེ་སློབ་དཔོན་གྱི་དབང་ནི༔ རྡོར་དྲིལ་གདན་ཁྲི་བཅས་གཏད་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ སྣང་སྟོང་དབྱེར་མེད་རྡོར་དྲིལ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་དང་༔ འཆད་རྩོད་རྩོམ་གསུམ་གང་འདུལ་གྱིས༔ འགྲོ་ཀུན་རྗེས་སུ་བཟུང་བར་མཛོད༔ ཐུགས་ཀྱི་དམ་ཚིག་ཏུ་རྡོ་རྗེ་སྙིང་གར་གསོར༔ གསུང་གི་དམ་ཚིག་ཏུ་དྲིལ་བུ་འཁྲོལ༔ སྐུ་ཡི་དམ་ཚིག་ཏུ་འཁྱུད་རྒྱ་བྱེད་དོ༔ དེ་ནས་བུམ་པ་སྐུ་ཡི་དབང་བསྐུར་བ་ལ༔ བུམ་པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་བུམ་པ་ལྷའི་གཞལ་ཁང༔ མཚན་ཉིད་བཀོད་པ་རབ་རྫོགས་པའི༔ ནང་དུ་དོན་གྱི་རིག་སྐུ་ཉིད༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་གནམ་ཞལ་དབང་ཕྱུག་ཡུམ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ལྷ༔ རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་ཆེ༔ མ་ལུས་ལྷུན་གྲུབ་ཆེན་པོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ སྤྲུལ་པའི་སྐུ་ཡི་གོ་འཕང་དང་༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་ཆད་ནས་ཁྱོད་རང་ལ་ཐིམ་པས་ལྷ་སོ་སོའི་དཔལ་དང་ཡོན་ཏན་ཐམས་ཅད་རྫོགས་པར་བསམ༔ དེ་ནས་སྤྱི་དཔལ་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངོ་བོ་ཉིད་སྐུ་ཆེ་བའི་མཆོག༔ དོན་གྱི་ཧེ་རུ་ཀ་དཔལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡེ་ཤེས་བྱ་ཁྱུང་འབར་བའི་སྐུ་གཏད་ལ༔ ཧཱུྃཿཆོས་ཉིད་མ་འགགས་སྟོང་པ་ཆེ༔ རང་མདངས་ཡེ་ཤེས་ལྔ་ཡི་དངོས༔ བྱ་ཁྱུང་རྒྱལ་པོས་དབང་བསྐུར་རོ༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིགས་བདག་ཀུན་བཟང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ འཁོར་འདས་ཆོས་རྣམས་མ་ལུས་ཀུན༔ གཞི་དབྱིངས་རོལ་པར་འུབ་ཆུབ་པ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་རོ༔ ཆོས་ཀྱི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ ས་ཆུ་མེ་རླུང་འབྱུང་བའི་ཁམས༔ གནས་དག་ཕྲིན་ལས་བཞི་ཡི་བདག༔ རིགས་བཞི་ཧེ་རུས་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བཅུ་གཏད་ལ༔ ཧཱུྃ༔ ཕྱོགས་བཅུའི་གདུག་པ་ཟིལ་གནོན་ཕྱིར༔ ཡེ་ཤེས་བཅུ་ཡི་རོལ་པ་ལས༔ ཁྲོ་བཅུ་ཡབ་ཡུམ་དབང་བསྐུར་རོ༔ གདུག་པ་མ་ལུས་ཟིལ་གནོན་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་གཏད་ལ༔ ཧཱུྃ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ མ་ལུས་ཐོགས་མེད་སྒྲུབ་མཛད་པ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་བཞི་ལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ལྕེ་སྤྱང་བརྒྱད་གཏད་ལ༔ ཧཱུྃ༔ ཐུགས་རྗེས་གདུག་པ་འདུལ་བའི་ཕྱིར༔ གང་འདུལ་ཐབས་ཀྱིས་སྤྲུལ་པ་འགྱེད༔ ལྕེ་སྤྱང་མ་བརྒྱད་དབང་བསྐུར་རོ༔ སྲུང་མ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡང་དག་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་ཧེ་རུ་ཀ༔ ཡང་དག་སངས་རྒྱས་ཀྲོ་ཏི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲག་འཐུང་ཡབ་ཡུམ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་ངོ་བོ་ལ༔ འབར་བའི་ཁྲོ་རྒྱལ་སྐུར་བཞེངས་པ༔ རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀཽ་སེང་བཅུ་དྲུག་གཏད་ལ༔ ཧཱུྃ༔ ཚོགས་ཡུལ་རྟོག་པ་གནས་དག་ཅིང་༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་གར༔ ཀཽ་རཱི་སེང་ཧའི་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་བ་བཞིའི་སྐུ་གཏད་ལ༔ ཧཱུྃཿསྙིང་རྗེ་བྱམས་པ་བཏང་སྙོམས་དང་༔ དགའ་བ་བཞི་ཡི་རང་གཟུགས་གར༔ སྒོ་བ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབང་ཕྱུག་ཉེར་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་པ་དང་༔ ཞིང་བཅུའི་དགྲ་བགེགས་རྡུལ་དུ་བརླག༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོར་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་སྐུ་ཡི་དཔལ་ཆེན་པོ༔ གཤིན་རྗེ་གཤེད་པོ་དུར་བདག་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཤེད་བཞི་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས༔ གཤེད་བཞི་ཡབ་ཡུམ་སྤྲུལ་འཁོར་བཅས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལས་རྣམས་ཐོགས་མེད་ཡོངས་འགྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕྱོགས་སྐྱོང་ཁྲོ་བོ་ཡབ་ཡུམ་གཏད་ལ༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར༔ དབང་མཛད་གདུག་པ་འདུལ་མཛད་པ༔ ཁྲོ་ཆེན་བཅུ་གཉིས་ཡབ་ཡུམ་འཁོར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕྱོགས་སྐྱོང་བཞིའི་སྐུ་གཏད་ལ༔ ཧཱུྃ༔ དཀྱིལ་འཁོར་སྒོ་བཞི་ཐུབ་པར་སྲུང་༔ རྣལ་འབྱོར་ཕྲིན་ལས་ཐོགས་མེད་སྒྲུབ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲམ་ཐོགས་བདུད་བཞི༔ གྲི་ཐོགས་གིང་བཞི༔ ཤྭ་ཐོགས་རྩིས་བཞི༔ སྲོག་གཅོད་ཤན་པ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ རབ་འབྱམས་ཕྲིན་ལས་སྒྲུབ་མཛད་པ༔ བདུད་གིང་རྩིས་དང་ཤན་པ་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོར་བར་ཤོགརྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྟ་མགྲིན་ཡབ་ཡུམ་དང་ཟ་གསོད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་གསུང་གི་ཧེ་རུ་ཀ༔ རྟ་མགྲིན་རྒྱལ་པོ་གཟི་ལྡན་ཡུམ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་ཆེན་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དབང་ཆེན་སྐུ་གསུང་ཐུགས་ལས་སྤྲུལ༔ འབྱུང་པོ་མ་རུངས་འདུལ་མཛད་པ༔ ཁྲོ་ཆེན་བརྒྱད་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མ་རུངས་གདུག་པ་འཇོམས་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ ལས་རྣམས་ཀུན་ལ་དབང་བསྒྱུར་ཞིང་༔ མ་རུངས་ལོག་རྟོག་འཇོམས་མཛད་པ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དཔལ་གྱི་ཁྱི་སྤྱང༔ དམུས་ལོང་བཅུ་དྲུག༔ ཁམས་བརྒྱད་མ་དྲུག༔ འདབ་གཤོག་མཆེད་བཞི༔ མེ་འབྲུག་རླུང་འབྲུག་བཅས་གཏད་ལ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཡང་སྤྲུལ་གཟུགས༔ ཁམས་བརྒྱད་དམུས་ལོང་མཆེད་གཤོག་བཞི༔ ཁྱི་སྤྱང་མེ་འབྲུག་རླུང་འབྲུག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྟན་དགྲ་མ་རུངས་ཚོགས་རྣམས་ཀུན༔ བརྣག་པ་ཙམ་གྱིས་སྒྲོལ་ནུས་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཕྲིན་ལས་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་རྒྱས་འདེབས་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྲས་མཆོག་རིགས་ལྔ་སྒྲོལ་ཡུམ་བཅས་གཏད་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ མི་གཞན་སྲས་མཆོག་རིགས་ལྔ་དང་༔ ཨེ་ཀ་ཙ་ཏིས་དབང་བསྐུར་རོ༔ དུག་ལྔའི་དགྲ་གདོན་བརླག་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས་གཏད་ལ༔ ཧཱུྃ༔ ཕྱོགས་བཅུའི་གདོན་བགེགས་འདུལ་བ་དང་༔ ཡེ་ཤེས་ཕྲིན་ལས་རྒྱས་མཛད་པ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས༔ བུ་ལ་དབང་བསྐུར་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་གཏད་ལ༔ ཧཱུྃ༔ འགལ་རྐྱེན་བར་ཆད་བརླག་པ་དང་༔ དངོས་གྲུབ་སྲུང་བའི་མཐུ་མོ་ཆེ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕུར་སྲུང་བཅུ་དྲུག་གཏད་ལ༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་དམ་ཅན་སྡེ༔ ཤྭ་ན་ས་བདག་རེ་ཏཱི་དང་༔ སྐྱེས་བུ་མཆེད་བཞིས་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བླ་མེད་ཧེ་རུ་ཀ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་མིན་འཆི་བ་བཟློག་མཛད་པ༔ བླ་མེད་ཧེ་རུ་ཉིད་བཞི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབྱིངས་ཡུམ་ལྔའི་སྐུ་གཏད་ལ༔ ཧཱུྃ༔ འབྱུང་བ་ལྔ་ལ་དབང་མཛད་མོ༔ རྟག་རྒྱལ་མ་ལྔས་དབང་བསྐུར་རོ༔ དབྱིངས་དང་ཡེ་ཤེས་གཉིས་མེད་པ༔ ཟུང་འཇུག་བདེ་བའི་སྐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྗེ་མོ་བཅུ་གཉིས་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྣང་སྲིད་ཁམས་རྣམས་མ་ལུས་ཀུན༔ མ་མོའི་སྐུ་གསུང་ཐུགས་ཀྱིས་ཁྱབ༔ རྗེ་མོ་བཅུ་གཉིས་དབང་བསྐུར་རོ༔ མ་མོའི་སྲོག་ལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིནྩ་ཨོཾ༔ སྨན་མོ་ལྔ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ འཇིགས་པའི་ཆོ་འཕྲུལ་དུ་མ་སྟོན༔ ཉམས་པའི་ཤ་ལ་ཟ་བ་མོ༔ སྨན་མོ་ལྔ་བཅུས་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ ཕྲིན་ལས་བཞི་ལ་མངའ་དབང་མཛད༔ རྫུ་འཕྲུལ་ཐོགས་མེད་ལས་ཀྱི་བདག༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ལས་ཀུན་འབད་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ བྱིན་རླབས་ཀུན་གྱི་འབྱུང་གནས་ཆེ༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ རང་སྣང་ཡུམ་བཅས་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིག་འཛིན་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྒྲུབ་སྡེ་བརྒྱད་ཀྱི་དངོས་གྲུབ་བརྙེས༔ རིག་འཛིན་བརྒྱད་ཀྱིས་དབང་བསྐུར་རོ༔ གྲུབ་པ་བརྒྱད་ལ་དབང་འབྱོར་ནས༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མཁའ་འགྲོ་སྡེ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་རིགས་འཆང་མཁའ་འགྲོ་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་བཞི་ལ་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གིང་ཆེན་སྡེ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ དངོས་གྲུབ་ཀུན་གྱི་རྗེས་འབྲང་ཞིང་༔ རྣལ་འབྱོར་ཕྲིན་ལས་ཐོགས་མེད་སྒྲུབ༔ གིང་ཆེན་སྡེ་བཞིས་དབང་བསྐུར་རོ༔ མཐུ་སྟོབས་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དྲེགས་པ་ཀུན་འདུལ་ཡབ་ཡུམ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེ་འཛིན༔ ཁམས་གསུམ་སྤྱི་འདུལ་རིགས་ཀྱི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དྲེགས་པ་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲེགས་པ་སུམ་ཅུའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་མཐུ་སྟོབས་རྨད་བྱུང་བ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྟན་སྲུང་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྟོབས་ལྡན་ནག་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྟོབས་ལྡན་ནག་པོ་ཧེ་རུ་ཀ༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གང་འདུལ་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲེགས་ཆེན་བཅོ་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ དྲེགས་པ་མ་ལུས་ཀུན་གྱི་རྗེ༔ དྲེགས་ཆེན་བཅོ་བརྒྱད་དབང་བསྐུར་རོ༔ དྲེགས་པའི་སྲོག་ལ་དབང་ཐོབ་ནས༔ བསྟན་དགྲ་བསྒྲལ་བའི་མཐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བསྟན་སྲུང་རྣམས་ཀྱི་སྐུའམ་སྲོག་ཡིག་གཏད་ལ༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླང་དམ་བཅས་པའི༔ རྡོ་རྗེ་དམ་ཚིག་ལས་ཀྱི་བདག༔ དབང་མོ་འབར་མ་མིང་སྲིང་དང་༔ གིང་དང་མཁའ་འགྲོ་ས་བདག་སྡེ༔ བསྟན་སྲུང་རྒྱ་མཚོའི་དབང་བསྐུར་རོ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ འགོ་ཞིང་སྡོང་གྲོགས་མཛད་པ་དང་༔ ཕྲིན་ལས་མ་ལུས་ཐོགས་མེད་སྒྲུབས༔ གང་བསམ་འདོད་དོན་ཡོངས་གྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཐལ་ཚོམ་གཏད་ལ༔ ཧཱུྃ༔ མ་རུངས་རཱུ་ཏྲ་བསྒྲལ་བ་ཡི༔ ཞིང་ཆེན་ཐལ་ཚོམ་དཔྲལ་བར་བཀོད༔ ལོག་རྟོག་བདུད་ཀྱི་དཔུང་འཇོམས་ནས༔ ཧེ་རུ་ཀ་དཔལ་ཐོབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རཀྟའི་ཐིག་ལེ་མཁུར་ཚོས་སུ་བཀོད་ལ༔ ཧཱུྃ༔ ཁམས་གསུམ་འཁོར་བ་སྟོང་བྱེད་རྫས༔ རཀྟ་ཁྲག་ཐིག་མཁུར་ཚོས་བཀོད༔ ཏན་གན་བརྟུལ་ཞུགས་མཐར་ཕྱིན་ནས༔ གཞན་དོན་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཞག་གི་ཟོ་རིས་ཞལ་དུ་བཀོད་ལ༔ ཧཱུྃ༔ ཁྲོ་ཆེན་གདུག་པ་རབ་འདུལ་བས༔ ཞིང་ཆེན་ཞག་གི་ཟོ་རིས་བཀོད༔ དཔའ་ཤུགས་གཟི་བརྗིད་རབ་འབར་བས༔ མ་རུངས་ཟིལ་གྱིས་གནོན་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གླང་ཆེན་ཀོ་རློན་སྟོད་དུ་བསྐོན་ལ༔ ཧཱུྃ༔ གཏི་མུག་རྟོག་པ་གནས་དག་པ༔ གླང་ཆེན་ཀོ་རློན་འདི་གཏད་པས༔ བརྗིད་དང་ཤེས་རབ་སྣང་བ་ཡི༔ སྟོབས་ནུས་ཤེས་རབ་འབར་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མི་ལྤགས་གཡང་གཞི་སྐེད་པར་དཀྲིས་ལ༔ ཧཱུྃ༔ འདོད་ཆགས་རྟོག་པ་གནས་དག་པ༔ མི་ལྤགས་གཡང་གཞི་འདི་གཏད་པས༔ ཆགས་དང་བདེ་ཆེན་འབར་བ་ཡིས༔ འགྲོ་ཀུན་རྗེས་སུ་འཛིན་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྟག་ལྤགས་ཤམ་ཐབས་སྨད་དུ་གསོལ་ལ༔ ཧཱུྃ༔ ཞེ་སྡང་རྟོག་པ་གནས་དག་པ༔ སྟག་ལྤགས་ཤམ་ཐབས་འདི་གཏད་པས༔ ལོག་རྟོག་བདུད་དཔུང་འདུལ་བ་དང་༔ ཡེ་ཤེས་ཆེན་པོར་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྦྲུལ་རིགས་ལྔ་དང་མི་མགོའི་དོ་ཤལ་གཏད་ལ༔ ཧཱུྃ༔ དུག་ལྔ་དབྱིངས་སུ་འཇོམས་པ་དང་༔ རྟོག་ཚོགས་ཆོས་སྐུར་དག་པའི་རྫས༔ སྦྲུལ་རིགས་ལྔ་དང་ཁྲག་འཛག་པའི༔ མི་མགོ་ལྔ་བཅུའི་ཕྲེང་བ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གཟུང་འཛིན་རྟོག་པ་ཆོས་སྐུར་སངས༔ ཕྲིན་ལས་འགྲོ་འདུལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེའི་གཤོག་པ་གཏད་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པ༔ སྣང་སྟོང་ཟུང་འཇུག་རྫོགས་པའི་དབང་༔ སྐལ་ལྡན་བུ་ལ་བསྐུར་བར་བྱ༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐོད་སྐམ་ལྔའི་དབུ་རྒྱན་དར་སྣའི་ཅོད་པན་གཏད་ལ༔ ཧཱུྃ༔ ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་རྫོགས༔ ཡེ་ཤེས་ལྔ་དང་འདུ་འབྲལ་མེད༔ དབུ་རྒྱན་ཅོད་པན་འདི་གཏད་པས༔ ཁམས་གསུམ་སྲིད་ལས་རྣམ་པར་རྒྱལ༔ རང་བྱུང་ཡེ་ཤེས་དབང་རྫོགས་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཉི་ཟླའི་སྙན་རྒྱན་གཏད་ལ༔ ཧཱུྃ༔ ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱིས༔ མ་རིག་མུན་པ་རབ་བསལ་ཏེ༔ འགྲོ་ཀུན་ཐབས་ཤེས་ཟུང་འཇུག་དབྱིངས༔ གྲོལ་བྱེད་སྙན་ཆས་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ པད་ཉི་བམ་རོ་མེ་དཔུང་གཏད་ལ༔ ཧཱུྃ༔ སྲིད་ལས་འཕགས་པའི་རིན་ཆེན་ཁྲི༔ མ་ཆགས་སྐྱོན་བྲལ་པད་ཉི་དང་༔ འཁོར་བའི་སྒོ་རྫོགས་བམ་ཆེན་རོ༔ ལོག་རྟོག་སྲེག་བྱེད་མེ་དཔུང་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་ཏེ༔ དོན་གཉིས་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པ་སྐུ་ཡི་དབང་བསྐུར་བས་ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ༔ ལུས་རྡོ་རྗེ་སྐུ་ཡི་རོལ་པར་སྨིན༔ སྤྲུལ་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་གསང་དབང་བསྐུར་བ་ནི༔ བྷནྡྷ་བདུད་རྩི་གཏད་ལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་བྷནྡྷ་རུ༔ རྒྱལ་བ་རྒྱ་མཚོ་སྤྱི་དང་ནི༔ ཁྱད་པར་བདེ་གཤེགས་འདུས་པ་ཡི༔ གསུང་གི་གསང་འདུས་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྩ་སྔགས་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡང་སྙིང་རྩ་བའི་སྔགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ ཆོས་ཕུང་ཡོངས་རྫོགས་རིན་ཆེན་ཕྲེང་༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཧཱུྃ་ཡིག་དགུ་ཚོམ་གཏད་ལ༔ ཧཱུྃ༔ ཧཱུྃ་ནི་འཁོར་འདས་ཡོངས་ཀྱི་སྲོག༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་གནས་སུ་དག༔ སྐྱེ་བ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ ངག་རྡོ་རྗེ་གསུང་གི་རོལ་པར་སྨིན༔ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཤེར་དབང་བསྐུར་བ་ནི༔ རྡོ་རྗེ་རྩེ་དགུ་གཏད་ལ༔ ཧཱུྃ༔ ཐེག་པ་དགུ་རྫོགས་ས་དགུ་འཇོམས༔ ཡེ་ཤེས་རྫོགས་པའི་རྡོ་རྗེའི་དབང་༔ རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ འབྲས་བུ་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྩེ་ལྔ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ལྔ་དང་སྐུ་ལྔ་རྫོགས༔ བརྡ་རྟགས་རྫོགས་པའི་དབང་བསྐུར་རོ༔ འགྲོ་ཀུན་སྒྲིབ་གཉིས་བཅོམ་པ་དང་༔ ཡང་དག་ས་ལ་འགོད་ནུས་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྩེ་གསུམ་གཏད་ལ༔ ཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེ་ཆེ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་རོ༔ དུག་གསུམ་རྟོག་པའི་དགྲ་བཅོམ་སྟེ༔ ཟུང་འཇུག་ཆོས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་སྐམ་པོ་གཏད་ལ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གཟུགས་མེད་སྐྱེ་བའི་སྒོ་བཅད་ནས༔ ཆོས་ཀྱི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་ར་རི་གཏད་ལ༔ ཧཱུྃ༔ རང་བཞིན་མ་འགགས་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གཟུགས་ཁམས་སྐྱེ་བའི་སྒོ་བཅད་ནས༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་རློན་པ་གཏད་ལ༔ ཧཱུྃ༔ ཚོགས་དྲུག་རང་གྲོལ་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ འདོད་ཁམས་སྐྱེ་བའི་སྒོ་བཅད་ནས༔ སྤྲུལ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁ་ཊྭཱྃ་གཏད་ལ༔ ཧཱུྃ༔ དུག་གསུམ་དབྱིངས་སྒྲོལ་སྐུ་གསུམ་མཚོན༔ བྱང་ཆུབ་སེམས་ཀྱི་ཁ་ཊྭཱྃ་ཀ༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ ཉོན་མོངས་དགྲ་བགེགས་སྒྲོལ་བར་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ངོ་བོ་རྡོ་རྗེའི་དབང་༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རྒྱལ་ཀུན་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་གཏད་ལ༔ ཧཱུྃ༔ འཁོར་འདས་བདེ་ཆེན་ཀློང་རྒྱས་འདེབས༔ ཤེས་རབ་ཆེན་པོའི་མཁའ་དབྱིངས་སུ༔ འཁོར་འདས་མ་བཅོས་ངང་གིས་འཆོས༔ འུབ་ཆུབ་རོལ་པའི་བྷ་ག་རུ༔ ཁམས་གསུམ་འཁོར་བའི་རྒྱུ་རྐྱེན་བཅོམ༔ ཀ་དག་བདེ་ཆེན་ཡུམ་ཆེན་མོ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཞིང་༔ འབར་དང་འཛག་པ་ལྟོ་སྦྱར་བས༔ དགའ་བ་བཞི་ཡི་ཡེ་ཤེས་རྙེད༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས༔ འཁོར་འདས་གཉིས་མེད་ཆོས་སྐུར་སངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྲོག་འཁོར་གཏད་ལ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་པའི༔ ཐུགས་གསང་རྫོགས་པའི་དཀྱིལ་འཁོར་ཆེ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ སྒྲུབ་དང་དཀྱིལ་འཁོར་སྒོར་ཞུགས་ནས༔ ལྷ་སྔགས་ཆོས་ཉིད་ངང་མངོན་གྱུར༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན༔ ཀ་དག་གཏིང་གསལ་ལྷུན་གྲུབ་སྦུབས༔ འོད་གསལ་ཆོས་སྐུར་སངས་རྒྱས་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ཡོན་ཏན་རབ་རྫོགས་པ༔ འཁོར་འདས་བཅུད་དྲིལ་རིལ་བུ་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་སྨིན༔ ཆོས་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཕྲིན་ལས་སྒྲོལ་བའི་དབང་ནི༔ གསེར་སྐྱེམས་མཁྱེན་གཟུ་སྔོན་སོང་ལྟར༔ ཨེ་བསྐྱེད་འགུགས་པ་འཆིང་བཞིའི་ལས༔ ཚེ་ཁྲུས་གནས་གསུམ་རྫོགས་པའི་མཐར༔ ཨེ་ཁང་ལིང་ག་གཏད་ལ༔ ཧཱུྃ་ཨེ༔ རྣམ་ཐར་གསུམ་ལྡན་སྟོང་ཉིད་མཁར༔ གཟུང་འཛིན་རཱུ་ཏྲ་འཁོར་བའི་འདྲེ༔ མ་ལུས་འགུགས་བསྒྲལ་འདྲེན་པའི་དབང་༔ སྐལ་ལྡན་ཁྱོད་ལ་ཐོབ་པར་ཤོག༔ དཔལ་དགུའི་སྔགས་ཚན་རྣམས་ཀྱི་སྔགས་ཤམ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒྲོལ་ཕུར་གཏད་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་འཁོར་བར་འཁྱམས་པའི་བླ༔ ཆོས་ཉིད་དབྱིངས་སུ་སྒྲོལ་ནུས་ཤོག༔ དཔལ་དགུའི་སྔགས་ཚན་རྣམས་ཀྱི་སྔགས་ཤམ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕུར་པ་ཏ་ཕཊ༔ ཅེས་བརྗོད་བཞིན་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་བླ་གཡས་དཔུང་གཡོན་བརླ་གཡོན་རྣམས་སུ་རིམ་པར་གདབ༔ དེ་ནས་ཐུན་ཆས་རྣམས་གཏད་ལ༔ ཧཱུྃ༔ དྲག་པོའི་སྒྱུ་འཕྲུལ་མེ་རླུང་མཚོན༔ ཐུན་དང་ཁྲོ་ཆུང་ལྕགས་སྡིག་སོགས༔ མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དགྲ་བགེགས་ལོག་འདྲེན་ནད་མུག་མཚོན༔ མ་ལུས་བཟློག་བསྒྱུར་བསད་མནན་གྱི༔ ལས་ཀུན་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧོམ་གཏད་ལ༔ ཧཱུྃ༔ རང་རྩལ་ལྷུན་གྲུབ་ཧེ་རུ་ཀའི༔ མཉམ་ཉིད་ཞལ་གྱི་ཧོམ་ཁུང་དུ༔ དགྲ་བགེགས་བསྲེགས་པའི་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུན་ཟོར་གཏད་ལ༔ ཧཱུྃ༔ རང་བྱུང་ཡེ་ཤེས་རོལ་པའི་གདངས༔ ཡེ་ཤེས་ཐུན་མཚོན་འབར་བ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕ་རོལ་མི་མཐུན་བསམ་སྦྱོར་གནག༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས༔ མ་ལུས་བསད་ཅིང་འདྲེན་པ་ཡི༔ མཐུ་སྟོབས་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད་སོད་ཨ་བྷི་ཥིཉྩ་ཧཱུྃ༔ རི་རབ་གཏད་ལ༔ ཧཱུྃ༔ མཐུ་སྟོབས་ནུས་པ་རབ་རྫོགས་པ༔ རི་རབ་འབར་བ་འདི་གཏད་པས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ བསད་བཟློག་བྲུབ་མནན་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲལ་བསྟབ་བྱའོ༔ དེ་ལྟར་ཕྲིན་ལས་མངོན་སྤྱོད་ཀྱི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཐམས་ཅད་དྲག་པོའི་ལས་ཀྱི་ཚར་གཅོད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ འཇའ་ཤེལ་གཏད་ལ༔ ཧཱུྃ༔ ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས༔ རང་བཞིན་མ་འགགས་འོད་དུ་གསལ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་སྐུ༔ བརྡ་རྟགས་མཚོན་པའི་འཇའ་ཤེལ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས་སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་ཐིག་ལེ་སྟོང་སྒྲོན་གཏད་ལ༔ ཧཱུྃ༔ རང་རིག་ཡེ་ཤེས་ངོ་བོ་ཉིད༔ ཐིག་ལེ་སྟོང་སྒྲོན་འོད་དུ་འབར༔ རྡོ་རྗེ་ལུག་རྒྱུད་དབང་བསྐུར་རོ༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨཱཿཕཊ༔ དེ་ནས་གཉིས་མེད་ཡེ་ཤེས་ཀྱི་དབང་ནི༔ སློབ་མ་རྣམ་སྣང་ཆོས་བདུན་གྱིས་འདུག་སྟེ༔ རིག་པ་བླ་མའི་ཐུགས་ཀར་གཏད་དོ༔ བླ་མས་འདི་སྐད་དོ༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་ངོ་བོ་ཡེ་སྟོང་སྤྲོས་དང་བྲལ་བ༔ རང་བཞིན་མ་འགགས་ལྷུན་གྲུབ་ཀྱི་གདངས་ཆེན༔ ཐུགས་རྗེ་རང་ཤར་རང་གྲོལ་གྱི་ངང་གནས་ཆེན་པོ༔ འདི་དག་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ངོ་བོ་ཡིན་ནོ༔ འདི་ཡི་ངང་དུ་ཞོག་ཅིག༔ མི་བསྒོམ་པར་རང་བབས་སུ་ཞོག༔ མ་འཁྲུལ་བར་ཞེན་བྲལ་དུ་ལྷོད༔ མ་འཛིན་པར་ཀ་དག་ཏུ་སྐྱོངས༔ མ་ཡེངས་པར་ལྷུན་གྲུབ་ཏུ་ཞོག༔ ཡེ་གྲོལ་ཡིན་ཏེ་ཡང་གྲོལ་མི་གཞུག༔ བརྗོད་བྲལ་ཡིན་ཏེ་མཚན་དཔེར་མ་འཁྲུལ༔ རིག་པ་ཡིན་ཏེ་མ་རིག་པ་དང་མ་ནོར༔ ངོ་བོའི་ངང་བཞག་ངང་གནས་ཡིན་ཏེ་འཁྲུལ་པ་རང་གར་འཁྱོལ་བ་དང་མ་ནོར་བར་དོན་དམ་མི་ཤིགས་པའི་ངོ་བོར་གདིང་ཐོབ་པར་གྱིས་ཤིག༔ དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་དུས་གཅིག་ཏུ་ཐོབ་པ་ནི༔ ཆོས་ཉིད་ཀྱི་གནས་ལུགས་མཐོང་བ་ཉིད་དོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ དེ་ལྟར་ཀ་དག་ཚིག་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག༔ ཀ་དག་ཚིག་གི་དབང་ཐོབ༔ བརྗོད་པ་དང་བྲལ་བའི་གནས་ལུགས་མངོན་དུ་གྱུར༔ ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར་ཏེ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་ནུས་པའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་གཏོར་དབང་བསྐུར་བ་ནི༔ ཧཱུྃ༔ ཁྱབ་བརྡལ་ཡངས་པའི་གཏོར་གཞོང་དུ༔ ལྷུན་གྲུབ་རྫོགས་པའི་གཏོར་མ་བཤམས༔ ཡེ་ཤེས་ལྔ་ཡིས་གཏོར་རྒྱན་སྤྲས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དངོས་གྲུབ་ཀུན་ཐོབ་ཤོག༔ རྩ་སྔགས་སརྦ་མཎྜ་ལ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མཐའ་བརྟེན་གཏོར་མའི་དབང་བསྐུར་བས་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཐམས་ཅད་བསྙེན་ཅིང་བསྒྲུབ་པ་ཙམ་གྱིས་འགྲུབ་ཅིང་དངོས་གྲུབ་ཐམས་ཅད་ཐོབ་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་བཀའ་དབང་བསྐུར་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ དགའ་རབ་རྡོ་རྗེ་མཁའ་འགྲོ་ལས་ཀྱི་དབང་༔ མཉྫུ་མི་ཏྲ་རིག་འཛིན་ཤྲཱི་སེང་༔ གྲུབ་ཆེན་བརྒྱད་དང་པད་འབྱུང་ཆོས་རྒྱལ་དང་༔ མཁར་ཆེན་བཟའ་དང་རྗེ་འབངས་ཉི་ཤུ་ལྔ༔ གཏེར་ཆེན་བརྒྱ་རྩ་བརྒྱུད་ཚུལ་དྲུག་ལྡན་མཛོད༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བདུད་འཇོམས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་མི་ཁྱབ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་དམ་ཅན་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་བྱིན་གྱིས༔ མདོ་སྔགས་རྒྱ་མཚོ་རྒྱུད་སྡེ་ཕྱི་ནང་གཉིས༔ ཁྱད་པར་འོད་གསལ་རྫོགས་ཆེན་གསང་བའི་མཛོད༔ ལུང་དང་རྟོགས་པའི་གསུང་རབ་མ་ལུས་པའི༔ བཀའ་དབང་རབ་འབྱམས་སྒོ་གསུམ་ལ་ཐོབ་སྟེ༔ སྣང་སྲིད་དག་པ་རབ་འབྱམས་བདེ་བ་ཆེ༔ རགས་པའི་སྒྱུ་ལུས་ཡེ་ཤེས་ལྷ་སྐུར་སྨིན༔ སྒྲ་གྲགས་སྔགས་དང་དྲན་རྟོག་ཆོས་སྐུར་འཕོས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ འབད་པ་མེད་པར་མྱུར་དུ་འགྲུབ་གྱུར་ཅིག༔ མཐར་ཐུག་རང་སྣང་གཞོན་ནུ་བུམ་པའི་སྐུ༔ ཁྱད་ཆོས་དྲུག་ལྡན་ཆོས་སྐུའི་རྒྱལ་སྲིད་ལ༔ དབང་འབྱོར་ཡིད་བཞིན་ནོར་བུ་རིན་ཆེན་ལྟར༔ སེམས་ཅན་རྣམས་ཀྱི་དོན་རབ་བསྒྲུབ་པ་དང་༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ ལན་གསུམ་བརྗོད་ཅིང་གླགས་བམ་སྤྱི་བོར་བཞག་གོ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ བཅོམ་ལྡན་ཐུབ་པའི་དབང་པོ་ཡི༔ བྱིན་གྱིས་བརླབས་པའི་རྫས་མཆོག་བརྒྱད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ སརྦ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ རྒྱལ་བའི་མཚན་དཔེ་ལས་བྱུང་བའི༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་སྟེ༔ འགྲོ་དོན་ཐོགས་མེད་འགྲུབ་པར་ཤོག༔ སརྦ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བདུན༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕགས་པའི་ནོར་བདུན་གྱིས་ཕྱུག་ཅིང་༔ རང་རིག་ཆོས་སྐུའི་སྲིད་ཐོབ་ཤོག༔ སརྦ་རཏྣ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ལྟར་བཀྲ་ཤིས་རྫས་རྟགས་དང་སྣ་བདུན་གྱིས་དབང་བསྐུར་བས་རང་དོན་དུ་བཀྲ་ཤིས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་ཐོབ་པ་དང་༔ གཞན་དོན་དུ་གཟུགས་ཀྱི་སྐུས་འཁོར་བ་དོང་ནས་སྤྲུགས་ནུས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་དམ་ཁས་བླང་བ་ནི༔ ཧོཿརྡོ་རྗེ་རྒྱལ་པོ་ཧེ་རུ་ཀས༔ ཇི་ལྟར་དམ་ནི་བསྒྲགས་པ་བཞིན༔ བདག་གི་སྲོག་ལ་བབ་གྱུར་ཀྱང་༔ རྡོ་རྗེའི་གནས་ལས་འདའ་མི་བགྱིད༔ དཀྱིལ་འཁོར་གསུམ་ལས་མི་འདའ་ཞིང་༔ ཕུང་ཁམས་ཡེ་ཤེས་ལྷ་རུ་སྦྱོར༔ སངས་རྒྱས་གཞན་དུ་མི་འཛིན་པར༔ རང་རིག་རྫོགས་པའི་དཀྱིལ་འཁོར་ལས༔ ནམ་ཡང་འདའ་བར་མི་བགྱིད་དོ༔ ཞེས་པ་ལན་གསུམ་བོར་ནས་ནི༔ དམ་ཚིག་ཁས་བླང་གཉེར་དུ་གཏད༔ སྐུ་དྲིན་བཟོ་བའི་སླད་དུ་ནི༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བློས་བླངས་འཕངས་པ་མེད་པར་འབུལ༔ བླ་མའི་ཕྱོགས་སུ་འབུལ་སྙམ་ནས༔ མཎྜལ་ཕུལ་མཐར་ཚིག་འདི་བརྗོད༔ ཨེ་མ༔ རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གཙོ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ འཕངས་མེད་བློ་ཡིས་རབ་བླངས་ཏེ༔ གུས་པ་ཆེན་པོས་འབུལ་ལགས་ཀྱིས༔ བདག་གི་ཚོགས་གཉིས་རབ་རྫོགས་ཕྱིར༔ ཐུགས་རྗེའི་དགྱེས་པར་བཞེས་ནས་ཀྱང་༔ ཁྱོད་ཀྱི་སློབ་མར་བཟུང་དུ་གསོལ༔ ཅེས་པ་ལན་གསུམ་བརྗོད་ནས་སླར༔ ཤིས་བརྗོད་བསྔོ་སྨོན་གདབ་པར་བྱ༔ དེ་ལ་དཔོན་སློབ་རྟེན་འབྲེལ་ནི༔ མ་འཛོལ་ལེགས་པར་བརྟགས་པ་དང་༔ བླ་མ་ནུས་པ་རྫོགས་པ་དང་༔ སློབ་མ་མོས་གུས་ལྡན་པ་གཅེས༔ སྲོག་གི་དམ་ཚིག་སྲུང་བ་གནད༔ རྟེན་ནི་གསུམ་པོ་གང་རུང་སྟེ༔ དབང་གི་རིམ་པ་བཞི་རུ་དབྱེ༔ ཐུན་མོང་དབང་ལྔ་སློབ་བུའི་དབང་༔ རྡོ་རྗེ་སློབ་དཔོན་དབང་དང་བདུན༔ བུམ་པ་བསྐྱེད་པ་སྐུ་ཡི་དབང་༔ བྷནྡྷ་རྫོགས་རིམ་གསང་བའི་དབང་༔ རིག་མ་ཤེས་རབ་ཡེ་ཤེས་དབང་༔ འཇའ་ཤེལ་ཀ་དག་ཚིག་གི་དབང་༔ དཀྱིལ་འཁོར་ཡོངས་རྫོགས་གཏོར་མའི་དབང་༔ དངོས་གྲུབ་བརྟན་ཕྱིར་མཐའ་རྟེན་དབང་༔ དབང་རྣམས་ལེགས་པར་རྫོགས་པར་བྱ༔ དེ་ཡང་རྟེན་ནི་ཚོགས་བརྒྱད་དང་༔ བརྟེན་པ་ཡེ་ཤེས་ལྷ་ཡིན་ཕྱིར༔ རྐྱེན་ནི་རྡོ་རྗེ་སློབ་དཔོན་ཏེ༔ རྒྱུ་ནི་རིག་པ་བྱང་ཆུབ་སེམས༔ རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་ལས༔ དབང་གི་སྨིན་པས་འབྲས་བུ་ལེགས༔ སྐུ་ལྔ་གསུང་ལྔ་ཐུགས་ལྔ་དང་༔ ཡོན་ཏན་ལྔ་དང་ཕྲིན་ལས་ལྔ༔ རང་རིག་གཞི་ལ་རྫོགས་པ་ཡི༔ དབང་ཐོབ་དོན་གཉིས་མཛད་པ་འགྲུབ༔ ཕྱི་ནང་བར་ཆད་བགེགས་ལས་རྒྱལ༔ མ་དང་མཁའ་འགྲོས་བུ་བཞིན་བརྩེ༔ ནང་དུ་རླུང་སེམས་འཆིང་བ་ལས༔ ཕྱི་རུ་ཟས་ནོར་ལོངས་སྤྱོད་འདུ༔ བརྗོད་མེད་གནས་ལུགས་མངོན་དུ་གྱུར༔ སྙན་དང་གྲགས་པས་ས་སྟེང་ཁྱབ༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ བཀའ་འདི་དབང་ཕྱུག་ཉེར་བརྒྱད་དང་༔ མཁའ་འགྲོ་སུམ་ཅུ་གིང་བཅོ་བརྒྱད༔ ཀཽ་སེང་དཔལ་གྱི་ཁྱི་སྤྱང་དང་༔ ཕུར་སྲུང་བཅུ་དྲུག་མཁའ་འགྲོའི་ཚོགས༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ སྡེ་དཔོན་སུམ་ཅུ་བརྟན་མ་སྐྱོང་༔ དྲེགས་ཆེན་བཅོ་བརྒྱད་ལ་སོགས་པའི༔ བཀའ་བརྒྱད་གསང་བ་འདུས་པ་ཡི༔ ཕྱི་ནང་གསང་བའི་སྲུང་མ་རྣམས༔ བཀའ་འདི་གཏད་ཅིང་གཉེར་དུ་བཅོལ༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ ང་སྤྲུལ་ལས་ཅན་བུ་མཆོག་ནི༔ ཁྲག་འཐུང་ཆོས་ཉིད་ཀློང་བརྡོལ་དང་༔ འདི་འཕྲད་འགྲོ་དོན་མཐའ་རྒྱས་ཤོག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་ཡངས་པ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གླིང་པ་བདུད་འཇོམས་རྡོ་རྗེས་ཤོག་སེར་རཱུ་ཏྲའི་སྙིང་ལྤགས་ལོགས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཚུལ་ཁྲིམས་རྡོ་རྗེས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ ཆོས་ཉིད་གཅིག་ཏུ་མཉམ་བརྡལ་ཏེ༔ གདུལ་དཀའ་འདུལ་མཛད་ཁྲོ་བོའི་སྐུར༔ ཡོངས་བཞེངས་ཧེ་རུ་ཀ་ལ་འདུད༔ ལས་སྐལ་ལྡན་པའི་སྐྱེས་བུ་རྣམས༔ གསང་སྔགས་ཟབ་མོའི་སྒོར་བཞུགས་ནས༔ ཚེ་གཅིག་སངས་རྒྱས་སྒྲུབ་འདོད་ན༔ དང་པོ་དབང་གིས་སྨིན་དགོས་ཏེ༔ དཔེར་ན་ཞིང་ས་གཤིན་པོ་ལ༔ ས་བོན་གང་བཏབ་འབྲས་བུ་སྨིན༔ ཆུད་མི་ཟ་བར་ལོངས་སྤྱོད་ལྟར༔ དབང་གི་དལ་ཞུགས་རྣལ་འབྱོར་པས༔ དམ་ཚིག་གཉན་པོ་ཚུལ་བཞིན་སྲུངས༔ བསྐྱེད་རྫོགས་ཟབ་མོའི་སྒོར་ཞུགས་ན༔ ཡི་དམ་ལྷ་ཡི་ཞལ་གཟིགས་ཤིང་༔ ཕྱི་ནང་གསང་བའི་དྲོད་ཚད་རྙེད༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ འབད་མེད་བདེ་བླག་ཉིད་དུ་འཐོབ༔ དབང་མ་ཐོབ་པར་སྨིན་མི་སྲིད༔ དཔེར་ན་མ་དུལ་ས་གཞི་ལ༔ ས་བོན་བཏབ་ཀྱང་ཕན་པ་མེད༔ འབྲས་བུ་མི་ཐོབ་མ་ཟད་ཀྱི༔ ས་བོན་ཉིད་ཀྱང་སྟོང་པར་གྱུར༔ དེ་བཞིན་ལྷ་དང་དཀྱིལ་འཁོར་ཞལ༔ མ་མཐོང་དབང་གིས་རྒྱུད་མ་སྨིན༔ དམ་ཚིག་སྡོམ་པ་འཆལ་བ་ལ༔ ཞེན་ཆགས་ཆེ་ཞིང་དད་མོས་མེད༔ མཚན་ཉིད་མི་ལྡན་གང་ཟག་གིས༔ དཀྱིལ་འཁོར་གཉན་པོ་ཞལ་བཤུས་ཏེ༔ གྱེར་གདངས་དབྱངས་སུ་བྱེད་ན་ཡང་༔ ཤི་བའི་རོ་བཞིན་འབྲས་བུ་སྡུག༔ བྱེ་མ་བཙིར་བས་མར་དང་ནི༔ གསེར་མི་འབྱུང་བ་ཅི་བཞིན་ནོ༔ དེ་ཕྱིར་དབེན་པའི་གནས་མཆོག་ཏུ༔ དཔའ་བོ་དཔའ་མོའི་སྟོན་མོ་བྱ༔ གནས་ཁང་ཕྱག་དར་ཆག་ཆག་གདབ༔ རྡོ་རྗེ་སེམས་དཔའ་ལ་བརྟེན་ནས༔ དོང་སྤྲུགས་སྙིང་པོ་བདུན་གསུམ་མོ༔ ཐ་ནའང་བདུན་གཅིག་ལས་མི་ཉུང་༔ སྒྲིབ་པ་སྦྱངས་ཕྱིར་ཞི་སྦྱིན་དང་༔ སྡེ་བརྒྱད་ཀོ་ལོང་སྡོམ་པའི་ཕྱིར༔ ཕྱི་རུ་གླུད་དང་གཏོར་མས་བརྔན༔ ནང་དུ་སྡེ་བརྒྱད་ཕྱིི་ནང་མཆོད༔ གསང་བར་འབྱུང་ལྔའི་སཱཙྪ་གདབ༔ རྟེན་ནི་རབ་ན་དགེ་སློང་དང་༔ འབྲིང་ནི་དགེ་ཚུལ་ཐ་ནའང་༔ དགེ་བསྙེན་སྡོམ་པ་གང་རུང་འབོག༔ བསྙེན་གནས་གསོ་སྦྱོང་ལེགས་པར་བླང་༔ དཀྱིལ་འཁོར་མདའ་གང་གྲུ་བཞི་བྱ༔ འབྱུང་པོ་སྤྱི་ལ་ངར་གླུད་བཏང་༔ དཀར་ཕྱོགས་སྐྱོང་རྣམས་དཀར་གྱིས་བརྔན༔ དམར་ཕྱོགས་རིགས་ལ་དམར་གཏོར་དང་༔ ནག་ཕྱོགས་འབྲས་ཆན་ཆངས་བུ་བསྔོ༔ ཀོ་ལོང་རུ་ང་གདུག་རྩུབ་ཞི༔ ཀུན་གྱིས་རྡོ་རྗེ་སློབ་དཔོན་དུ༔ མཐོང་ནས་ཅི་བགྱིས་བཀའ་ཉན་བསམ༔ ས་ཡི་ལྷ་མོ་འཁོར་དང་བཅས༔ རྒྱལ་བ་ཤཱཀ་ཐུབ་བཀའ་བཞིན་དུ༔ གཏོར་འབུལ་ཕྲིན་ལས་དམ་བསྒྲགས་པས༔ དགྱེས་བཞིན་དངོས་གྲུབ་སྟེར་བར་བསམ༔ དཀྱིལ་འཁོར་བུམ་པ་ལྷ་སྟ་གོན༔ སློབ་མ་སྟ་གོན་ཅི་བཞིན་བྱ༔ དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལྟེར༔ རང་མདོག་ཚོམ་བུ་དགོད་པ་དང་༔ རྩིབས་མཐིང་མུ་ཁྱུད་སེར་པོ་བྱ༔ གྲུ་ཆད་གློ་འབུར་ཕྱོགས་མདོག་ལ༔ ཁྱམས་དམར་རྩིག་པ་རིམ་པ་ལྔ༔ མཐིང་དཀར་སེར་དམར་ལྗང་གུར་བྱ༔ སྒོ་འཁྱུད་སྒོ་འགྲམ་སྒོ་ལོག་སྟེང་༔ ཀཱ་བ་གསེར་ལ་ཀཱ་རྒྱན་གཡུ༔ རྟ་རྐང་ཆུ་སྐྱེས་སྒྲོམ་ལེབ་དང་༔ ཟར་ཚགས་སྣམ་འཕྱང་ཆུ་འཕྱང་དང་༔ ཁྱུང་མགོ་ཤར་བུ་མདའ་ཡབ་སྟེང་༔ ཆོས་འཁོར་ཆོས་ཉན་རི་དྭགས་གདུགས༔ རྩིག་པའི་ཕྱི་རིམ་འདོད་རྣམས་དང་༔ ཕ་གུ་དྲྭ་ཕྱེད་མདའ་ཡབ་དང་༔ སྒོ་བཞི་རྡོ་རྗེའི་རྭ་དང་ནི༔ གསེར་ཁྱམས་དུར་ཁྲོད་པདྨ་དང་༔ རྡོ་ར་མེ་རི་ཕྱག་མཚན་ལྔ༔ མཛེས་ཚོན་སྤྱི་ལྟར་ལེགས་པར་བྱ༔ དབུས་སུ་མཉྫི་ཁྲི་ཡི་ཁར༔ བུམ་པའི་ཁ་སྟེང་བྷནྡྷ་དང་༔ དེ་སྟེང་མེ་ལོང་ཆོས་འབྱུང་མཚན༔ རིགས་ལྔ་ཡབ་ཡུམ་སྙིང་པོ་དང་༔ རྟེན་འབྲེལ་སྙིང་པོ་དབྱངས་གསལ་བཀོད༔ དེ་སྟེང་འཇའ་ཤེལ་གཞུག་པར་བྱ༔ གཡས་སུ་ཙཀླི་གཡོན་དུ་ནི༔ གཏོར་མ་མདུན་དུ་རྡོ་དྲིལ་བཤམས༔ ཕྱི་རིམ་ཉེར་སྤྱོད་ལ་སོགས་པའི༔ མཆོད་པའི་ཡོ་བྱད་ཚང་བར་བཤམས༔ བླ་མ་རྡོ་རྗེ་འཛིན་པ་ཉིད༔ དཀྱིལ་འཁོར་གཙོ་བོར་ང་རྒྱལ་བཟུང་༔ བདག་མདུན་བུམ་གསུམ་དུས་གཅིག་སྒྲུབ༔ མཆོད་བསྟོད་འོད་ཞུ་བདག་དབང་བླང་༔ དེ་ནས་རྡོ་རྗེའི་སློབ་མ་རྣམས༔ སྒོ་དྲུང་འཁོད་ནས་གསོལ་གདབ་ནི༔ ཀྱཻཿདུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རྗེ་བཙུན་བླ་མ་འགྲོ་བའི་མགོན༔ ཁྱེད་ཀྱིས་བདག་ཅག་རྗེས་བཟུང་མཛོད༔ སྒོ་སྐྱོང་ཕོ་མོས་སྒོ་ཕྱེས་འཚལ༔ ལན་གསུམ་ཞུས་མཐར་ལན་གདབ་པ༔ ཧོཿ ཁྱེད་ཅག་ཅི་འདོད་ང་ལ་སྨྲོས༔ དམ་ཚིག་ཚུལ་བཞིན་སྲུང་ནུས་སམ༔ སླར་ཡང་ཞུ་བ༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ ཁྱེད་ལ་གུས་པས་གསོལ་བ་འདེབས༔ བདག་ཅག་གསང་སྔགས་དཀྱིལ་འཁོར་དུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ་ཞུས་མཐར་ལན་གདབ་པ༔ ཧོཿ ཁྱེད་ཅག་བསོད་ནམས་སྐལ་བ་བཟང་༔ གསང་སྔགས་དབང་ལ་མ་བརྟེན་མིན༔ དབང་གི་རྩ་བ་དམ་ཚིག་སྟེ༔ སྲུང་བར་ནུས་རྣམས་ནང་དུ་གཤེགས༔ མི་ནུས་པ་རྣམས་ཕྱིར་དེངས་ཤིག༔ དེ་ནས་ཁྲུས་བུམ་བདུད་རྩི་འཁྱིལ་བའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་ཁྲུས་ཆུ་བུམ་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་བཅུད་ཐམས་ཅད་འདུས་པ༔ མྱང་བ་ཙམ་གྱིས་སྒོ་གསུམ་གྱི་ཉེས་སྐྱོན་སྦྱངས་ནུས་པའི་རང་བཞིན་ཅན་དུ་དམིགས་ལ༔ ཧོཿ བདེ་གཤེགས་རྒྱལ་བ་ཐམས་ཅད་དང་༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ བྱིན་རླབས་འདུས་པའི་ཆུ་བོ་ཡིས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིའོ༔ ཡི་གེ་བརྒྱ་པ་བཟླ་བཞིན་ཁྲུས་ཆུ་འཐུང་བས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་སྦྱང་བར་བསམ་ལ་ནང་དུ་གཤེགས༔ དེ་ནས་གླུད་ཟན་རེ་གཏད་ལ༔ འོ་སྐལ་ལྡན་གྱི་བུ་མཆོག་ཁྱེད་ཅག་རྣམས་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་འོད་ནག་གི་རྣམ་པར་གླུད་ཟན་ལ་ཐིམ་པར་མོས་ལ་ཧུས་ཐོབས་ལ་ཆངས་བུ་རེ་གྱིས་ཤིག༔ སླར་ཆངས་བུ་རྣམས་བསྡུས་ཏེ་བགེགས་གཏོར་དང་ལྷན་དུ་འདུ་བར་བྱ༔ དེ་ནས་སློབ་དཔོན་གྱི་མདུན་གཡས་སུ་མེ་དང་༔ གཡོན་དུ་ཆུ་བཤམས་ལ༔ ཨོཾ་བཛྲ་སཏྭ་ཧེ་རུ་ཀ་ཧཱུྃ༔ སྐལ་ལྡན་གྱི་སློབ་བུའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་རེ་བཟླ་བཞིན་སློབ་མ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་སྣ་བུག་གཡོན་ནས་བྱུང་སྟེ་ཏིལ་ལ་ཐིམ་པར་བསམ་ལ༔ ཏིལ་ཉག་རེ་ལག་པ་གཡས་པའི་རྡོ་རྗེ་བཅས་ཏེ་ཐོགས་ལ༔ གཡོན་བསྐོར་གྱི་ཚུལ་གྱིས༔ ཡེ་ཤེས་ཀྱི་མེ་དང་ཆོས་ཉིད་ཀྱི་ཆུར་སྦྱང་བར་བསམ་ལ་མེ་ཆུར་དོར༔ སླར་མེ་ཆུ་སྣོད་གཅིག་ཏུ་བྱས་ཏེ་བགེགས་གཏོར་དང་ལྷན་དུ་བཤམ་ལ༔ བྱིན་རླབས་འགུགས་དང་བསྔོ་བ་དང་༔ བསྐྲད་པ་བསྲུང་བའི་འཁོར་ལོ་བསྒོམ༔ ཆོས་བཤད་མཎྜལ་ཕུལ་ནས་སླར༔ མེ་ཏོག་སྙིམ་པའི་ཐལ་སྦྱར་དང་༔ བཅས་ཏེ་གསོལ་བ་གདབ་པ་ནི༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ཕྱི་ནང་གསང་བའི་དབང་རྣམས་ཀུན༔ སྩོལ་ཅིང་གནང་བར་མཛད་དུ་གསོལ༔ སྒོ་གསུམ་རྡོ་རྗེར་སྨིན་པར་མཛོད༔ ལན་གསུམ་ཞུས་མཐར་ལན་གདབ་པ་ནི༔ ཀྱཻ་ཧོ་སྐལ་ལྡན་སློབ་མ་རྣམས༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ༔ བདག་གིས་སྨིན་པར་མཛད་ལགས་ཀྱིས༔ དམ་ཚིག་གཉན་པོ་སྲུང་ནུས་སམ༔ སླར་ཡང་ཞུ་བ་ནི༔ ཁྱེད་ཀྱིས་ཅི་ལྟར་བསྒོ་བ་བཞིན༔ བདག་གིས་དེ་ལྟར་བསྒྲུབས་ལགས་ཀྱིས༔ དགྱེས་པ་ཆེན་པོས་རྗེས་བཟུང་ནས༔ རྡོ་རྗེའི་ཆོ་གས་བསྡམས་པར་མཛོད༔ ལན་གསུམ་ཞུས་མཐར་དམ་ཚིག་འབོགས་པ་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ བླ་མ་ལ་ཡང་ཕྱག་འཚལ་ལོ༔ བླ་མ་རྡོ་རྗེ་འཛིན་པ་དང་༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ རིགས་ལྔའི་དམ་ཚིག་རྗེས་བཟུང་སྟེ༔ རྡོ་རྗེ་དྲིལ་བུ་ལ་སོགས་པ༔ དམ་ཚིག་རྫས་རྣམས་བཟུང་བར་བགྱི༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ ནམ་དུ་ཡང་ནི་མི་གཏོང་ངོ་༔ རྡོ་རྗེ་སློབ་དཔོན་མི་གཏོང་ངོ་༔ རྡོ་རྗེའི་སྤུན་སྲིང་རྣམས་ལ་ཡང་༔ ནམ་ཡང་སྨད་པར་མི་བྱའོ༔ སེམས་ཅན་རྣམས་ལ་འཚེ་བ་སྤང་༔ འཕགས་པ་རྣམས་ལ་སྨད་མི་བགྱི༔ ཉན་ཐོས་རང་རྒྱལ་རྣམས་ལ་ཡང་༔ ཅུང་ཟད་བརྙས་པར་མི་བྱ་ཞིང་༔ སྔགས་འཆང་སྤང་བར་མི་བྱའོ༔ བསྙེན་བསྒྲུབ་ལས་ཀྱི་མཐར་རྣམས་ཀྱང་༔ དུས་འདི་ཉིད་ནས་བཟུང་བར་གྱི༔ དམ་ཚིག་སྡོམ་པ་ལ་གནས་ཤིང་༔ སྐུ་གསུང་ཐུགས་ལས་མི་འདའ་འོ༔ སྲོག་ཆགས་བསད་པར་མི་བྱ་ཞིང་༔ དམ་ཆོས་ནམ་ཡང་མི་གཏོང་ངོ་༔ བླ་མའི་བྱ་བ་མི་གཏོང་ཞིང་༔ འཁྲུལ་པའི་བྱ་བ་མི་བགྱིད་དོ༔ སེམས་ཅན་སྨིན་པ་ཉིད་དང་ནི༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་༔ སེམས་ཅན་མྱ་ངན་འདས་ལ་འགོད༔ བསྟན་པ་སྨད་པར་མི་བྱ་ཞིང་༔ བླ་མ་ལ་ཡང་ཡོན་འབུལ་ལོ༔ འཁོར་བ་རིང་དུ་སྤང་བྱ་ཞིང་༔ མྱ་ངན་འདས་པ་བླང་བར་བགྱི༔ དགེ་སློང་སེམས་སུན་མི་དབྱུང་ཞིང་༔ བསམ་གཏན་སྒོམ་པ་དཀྲུགས་མི་བྱ༔ ཆོས་དང་གང་ཟག་མི་སྨད་ཅིང་༔ ཁྱད་པར་དཀྱིལ་འཁོར་བསྒོམ་པར་བགྱི༔ རྫོགས་རིམ་སྒོམ་ལས་མི་འདའ་ཞིང་༔ ཅི་ལྟར་བླ་མས་གསུངས་པ་ལས༔ བདག་ནི་ནམ་ཡང་མི་འདའ་འོ༔ ཞེས་གསུམ་བརྗོད་ཅིང་ཁས་བླང་༔ དེ་ནས་དམ་ཆུ་ཐོགས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་པའི་རང་བཞིན་ལ༔ གནོད་དང་གནོད་བྱ་མ་གྲུབ་ཀྱང་༔ རྒྱུ་རྐྱེན་འབྱུང་བའི་རྟེན་འབྲེལ་ཁམས༔ བདེ་དང་སྡུག་བསྔལ་ངོ་བོར་སྨིན༔ ཐེག་པ་ཀུན་གྱི་མཐར་ཐུག་པ༔ གསང་ཆེན་ཟབ་མོའི་སྒོར་འཇུག་ན༔ མི་འདའ་རྡོ་རྗེ་དམ་བཟུང་ཕྱིར༔ རྡོ་རྗེའི་དམ་ཚིག་ཆུ་འདི་འཐུང་༔ བསྐལ་པ་སྟོང་གི་སྡིག་སྒྲིབ་ཀྱང་༔ ཆུ་འདིའི་བྱིན་གྱིས་དག་པར་འགྱུར༔ མཆོག་ཐུན་དངོས་གྲུབ་འབད་མེད་ཐོབ༔ གལ་ཏེ་དམ་ལས་ཉམས་གྱུར་ན༔ རྡོ་རྗེ་དམྱལ་བའི་གནས་སུ་མནར༔ སྡུག་བསྔལ་ཆེན་པོ་ཡུན་རིང་མྱོང་༔ དེ་ཕྱིར་སྲོག་དང་བསྡོས་ནས་ནི༔ དམ་ཚིག་ཚུལ་བཞིན་སྲུང་བར་གྱིས༔ ས་མ་ཡ་ན་ར་ཀན༔ ཞེས་སྙིམ་པ་གཡོན་པས་བླང་སྟེ་སྐུ་གསུང་ཐུགས་ཀྱི་བདུད་རྩིར་མོས་ལ་ཧུབ་གསུམ་རེ་བཏུང་༔ སྒོ་གསུམ་གྱི་སྒྲིབ་པ་དག་པར་བསམ་ལ༔ ཕྲག་པ་གཡོན་གྱི་རྒྱབ་ཏུ་ལན་གསུམ་དོར་རོ༔ དེ་ནས་མིག་དར་གཏད་ལ༔ འོ༔ ཁྱོད་རང་གི་མ་རིག་པའི་ལིང་ཐོག་བསལ་ཕྱིར་རྟེན་འབྲེལ་མཚོན་པའི་མིག་དར་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ མེ་ཏོག་གཏད་ལ༔ དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་ཨུ་དུམ་ཝ་རའི་ཆུན་པོ་རེ་འཛིན་པའི་མོས་པ་མཛོད༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སློབ་བུ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ཅིང་བླ་མར་མོས་གུས་དུང་དུང་པ་གཅིག་བྱས་རྗེས་ལྷར་བསྐྱེད་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགས་ཧཱུྃ༔ སློབ་མའི་ལྟོ་བར་རཾ་ཡིག་ནི༔ དམར་པོ་མེ་ཡི་འོད་ཟེར་འབར༔ དེ་ལས་ཡེ་ཤེས་མེ་མཆེད་ནས༔ ཕུང་ཁམས་སྐྱེ་མཆེད་རྣམ་སྨིན་ལུས༔ གཞོབ་ཐུལ་བསྲེགས་ནས་སྟོང་པར་བསམ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སོགས་གཞུང་གི་ལྷ་བསྐྱེད་ལ་འཇུག༔ སྤྱན་འདྲེན་དག་གིས་བྱིན་ཆེན་དབབ༔ ཁྱོད་རང་དཔལ་ཆེན་སྐུར་གསལ་བའི༔ ལྟོ་བར་ཆོས་འབྱུང་ཟུར་དྲུག་ནི༔ མཐིང་ནག་འོད་ཟེར་འབར་བར་བསྒོམ༔ དེ་ཡི་ལྟེ་བར་སྟོང་པའི་ཆར༔ རྡོ་རྗེ་ཕག་མོ་ཉུང་འབྲུ་ཙམ༔ བདེ་བས་མ་བཟོད་གར་སྟབས་བྱེད༔ ཐུགས་དབུས་དགའ་འཁྱིལ་དམར་པོ་ནི༔ གཡས་སུ་དྲག་ཏུ་འཁོར་བ་ལ༔ འདུན་པ་གཏོད་ཅིག་རིགས་ཀྱི་བུ༔ རྩ་སྔགས་མཐར༔ སརྦ་བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་བཾ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ ཞེས་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ནི༔ ཧོཿམཆོག་གསུམ་རྩ་གསུམ་བདེན་སྟོབས་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ ལྷག་པའི་ལྷ་ཡི་དཀྱིལ་འཁོར་དུ༔ རིགས་ཀྱི་མེ་ཏོག་དབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་བཛྲ་ཧོཿཞེས་མེ་ཏོག་དོར་ལ༔ དེ་ནས་མིང་གདགས་པ་ནི༔ མེ་ཏོག་དབུས་སུ་བབ་ན་བུདྡྷ་ཧེ་རུ༔ ཤར་དུ་བབ་ན་བཛྲ་ཧེ་རུ༔ ལྷོ་རུ་བབ་ན་རིན་ཆེན་ཧེ་རུ༔ ནུབ་ཏུ་བབ་ན་པདྨ་ཧེ་རུ༔ བྱང་དུ་བབ་ན་ཀརྨ་ཧེ་རུ༔ སྐྱེ་དམན་རྣམས༔ དབུས་སུ་བབ་ན་བུདྡྷ་ཀྲོ་ཏི༔ ཤར་དུ་བབ་ན་བཛྲ་ཀྲོ་ཏི༔ ལྷོ་རུ་བབ་ན་རིན་ཆེན་ཀྲོ་ཏི༔ ནུབ་ཏུ་བབ་ན་པདྨ་ཀྲོ་ཏི༔ བྱང་དུ་བབ་ན་ཀརྨ་ཀྲོ་ཏི་ལ་སོགས་པ་གདག་གོ༔ སླར་ཡང་ལྷག་ལྷ་སྤྱི་བོར་ཐིམ་པའི་མོས་པ་མཛོད༔ པྲ་ཏི་གྲྀཧྞ་ཨེ་མཾ་སཏྭ་མ་ཧཱ་བྷ་ལ༔ དེ་ནས་མིག་དར་བསལ་བ་ནི༔ ཧོཿབཅོམ་ལྡན་རྒྱལ་བའི་ཐུགས་རྗེ་དང་༔ ལྷ་སྔགས་ཏིང་འཛིན་ནུས་པའི་མཐུས༔ སློབ་བུའི་མ་རིག་ལིང་ཐོག་སྒྲིབ༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་དཀྱིལ་འཁོར་མཐོང་བ་བསྟན་པ་ནི༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེ༔ ཀུན་གཞི་དག་ཆེན་དག་པའི་ཞིང་༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས༔ ལྷན་སྐྱེས་བདེ་རོལ་དཔའ་བོ་ཆེ༔ མ་བཅོས་མི་འགགས་རྡོ་རྗེ་ཡུམ༔ མི་འཕྲོག་ཚད་མེད་སྲས་ཀྱི་མཆོག༔ ཏིང་འཛིན་མི་གཡོ་མཉམ་ཉིད་ཐུགས༔ བདེ་སྟོང་ཡེ་ཤེས་ལྷན་སྐྱེས་གར༔ ཟུང་འཇུག་མཆོད་པའི་ཕྱག་རྒྱར་དག༔ ཡེ་ནས་གཉིས་མེད་ཆོས་ཀྱི་སྐུ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཡང་༔ རང་རིག་ཡེ་ཤེས་བྱང་ཆུབ་སེམས༔ སྐུ་གསུམ་རྫོགས་པའི་དཀྱིལ་འཁོར་ལས༔ ལོགས་ན་མེད་དོ་ཤེས་པར་གྱིས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ༔ རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པ༔ ཀུན་གྱི་སྤྲོ་བསྡུས་མཆོག་ཆེན་པོ༔ འདི་ལས་གཞན་ན་མི་དམིགས་ཏེ༔ རང་རིག་ངོ་བོར་རང་ལོངས་སྤྱོད༔ རང་ལ་རང་དབང་བསྒྱུར་བ་ན༔ མ་བསྒྲུབ་ཡེ་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་དག་སྣང་མོས་གུས་བློ༔ ཚད་མེད་ཤུགས་བསྐྱེད་དགའ་སྤྲོ་བསྐྱེད༔ སངས་རྒྱས་འབྲས་བུ་རང་ལ་རྙེད༔ འཁོར་བའི་འཁྲུལ་སྣང་ཡེ་ཤེས་སུ༔ རང་བཞིན་རྣམ་པར་དག་པ་སྟེ༔ ངོ་ཤེས་ངང་ལ་འདི་སྒྲུབས་ཤིག༔ སླར་ཡང་དབང་ལྷ་སྤྱན་དྲངས་པ་ནི༔ རང་ཉིད་རྡོ་རྗེ་སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྤྱན་དྲངས༔ ཨོཾ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ཧོཿཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཀྱིས་མཆོད་ཅིང་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་སོགས་བསྟོད༔ ཧོཿདུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཉེ་བའི་སྲས་མཆོག་སེམས་དཔའ་ལ༔ འཁོར་བ་སྐྱོབ་པའི་ཆེད་དུ་དབང་༔ ཡོན་ཏན་འབྱུང་གནས་ཅི་ལྟར་བསྩལ༔ དེ་ལྟར་འདི་ལ་སྩལ་དུ་གསོལ༔ ཅེས་གསོལ་བ་བཏབ་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད༔ གཤེགས་མ་རྣམས་ཀྱིས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད༔ སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད༔ ཁྲོ་མོ་རྣམས་ཀྱིས་བར་ཆད་བསལ༔ ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར༔ སློབ་མ་རྣམས་རྡོ་རྗེ་མི་བསྐྱོད་པ་མཐིང་ནག་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ལྷ་རྡོ་རྗེ་མི་བསྐྱོད་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྣམ་བུམ་ཐོགས་ལ༔ ཧཱུྃ༔ རྣམ་ཤེས་ཞེ་སྡང་རྣམ་དག་དབྱིངས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ༔ རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མ་མཱ་ཀིར་སངས་རྒྱས༔ ཞེ་སྡང་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སློབ་མ་རིན་ཆེན་འབྱུང་ལྡན་སེར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་ལྟེ་བར་སྭཱཿཡིག་སེར་གསལ་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་གྱི་ལྷ་རིན་ཆེན་འབྱུང་ལྡན་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ དབུ་རྒྱན་ཐོགས་ལ༔ ཧཱུྃ༔ ཚོར་ཕུང་ང་རྒྱལ་གནས་དག་དབྱིངས༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་དབུ་རྒྱན་འདི་བསྐོན་པས༔ དཔལ་ལྡན་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱོངས༔ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་མར་དག༔ ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་པས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་སྣང་བ་མཐའ་ཡས་དམར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་མགྲིན་པར་ཨཱཿཡིག་དམར་པོ་འོད་འབར་བ་ལས་འོད་འཕྲོས༔ རྒྱལ་བ་རྣམས་ཀྱི་གསུང་མཆོག་སྣང་བ་མཐའ་ཡས་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ འདུ་ཤེས་འདོད་ཆགས་རྣམ་དག་དབྱིངས༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ གསེར་གྱི་རྡོ་རྗེ་འདི་གཏད་པས༔ དཔལ་ལྡན་གསུང་གི་དབང་ཐོབ་ཤོག༔ ཨཱཾཿཔདྨ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་སྣང་མཐའི་ངོ་བོ་རྡོ་རྗེའི་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ༔ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས༔ འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་པདྨའི་རིགས་ཀྱི་གསུང་འགགས་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་རྣམས་དོན་ཡོད་གྲུབ་པ་ལྗང་གུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་གསང་བར་ཧཱཿཡིག་ལྗང་གུ་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཀྱི་ལྷ་དོན་ཡོད་གྲུབ་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ དྲིལ་བུ་ཐོགས་ལ༔ ཧཱུྃ༔ འདུ་བྱེད་ཕྲག་དོག་རྣམ་དག་དབྱིངས༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་དྲིལ་བུ་འདི་གཏད་པས༔ དཔལ་ལྡན་ཕྲིན་ལས་དབང་ཐོབ་ཤོག༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་དོན་གྲུབ་ཀྱི་ངོ་བོ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག༔ སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ༔ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས༔ ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་སྒྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་རྣམ་པར་སྣང་མཛད་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨོཾ་ཡིག་དཀར་པོ་འོད་འབར་བ་ལས་འོད་འཕྲོས༔ རྒྱལ་བ་རྣམས་ཀྱི་སྐུ་ཡི་ལྷ་རྣམ་པར་སྣང་མཛད་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྣམ་པར་སྣང་མཛད་གཏད་ལ༔ ཧཱུྃ༔ གཟུགས་ཕུང་གཏི་མུག་གནས་དག་དབྱིངས༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ རྣམ་པར་སྣང་མཛད་མིང་གི་དབང་༔ བསྐུར་བས་རྒྱལ་ཀུན་སྐུ་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ༔ གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས༔ གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་སྒྲོལ་ཏེ༔ དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ རྡོ་རྗེ་སློབ་དཔོན་གྱི་དབང་ནི༔ རྡོར་དྲིལ་གདན་ཁྲི་བཅས་གཏད་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ སྣང་སྟོང་དབྱེར་མེད་རྡོར་དྲིལ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་དང་༔ འཆད་རྩོད་རྩོམ་གསུམ་གང་འདུལ་གྱིས༔ འགྲོ་ཀུན་རྗེས་སུ་བཟུང་བར་མཛོད༔ ཐུགས་ཀྱི་དམ་ཚིག་ཏུ་རྡོ་རྗེ་སྙིང་གར་གསོར༔ གསུང་གི་དམ་ཚིག་ཏུ་དྲིལ་བུ་འཁྲོལ༔ སྐུ་ཡི་དམ་ཚིག་ཏུ་འཁྱུད་རྒྱ་བྱེད་དོ༔ དེ་ནས་བུམ་པ་སྐུ་ཡི་དབང་བསྐུར་བ་ལ༔ བུམ་པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་བུམ་པ་ལྷའི་གཞལ་ཁང༔ མཚན་ཉིད་བཀོད་པ་རབ་རྫོགས་པའི༔ ནང་དུ་དོན་གྱི་རིག་སྐུ་ཉིད༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་གནམ་ཞལ་དབང་ཕྱུག་ཡུམ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ལྷ༔ རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་ཆེ༔ མ་ལུས་ལྷུན་གྲུབ་ཆེན་པོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ སྤྲུལ་པའི་སྐུ་ཡི་གོ་འཕང་དང་༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་ཆད་ནས་ཁྱོད་རང་ལ་ཐིམ་པས་ལྷ་སོ་སོའི་དཔལ་དང་ཡོན་ཏན་ཐམས་ཅད་རྫོགས་པར་བསམ༔ དེ་ནས་སྤྱི་དཔལ་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངོ་བོ་ཉིད་སྐུ་ཆེ་བའི་མཆོག༔ དོན་གྱི་ཧེ་རུ་ཀ་དཔལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡེ་ཤེས་བྱ་ཁྱུང་འབར་བའི་སྐུ་གཏད་ལ༔ ཧཱུྃཿཆོས་ཉིད་མ་འགགས་སྟོང་པ་ཆེ༔ རང་མདངས་ཡེ་ཤེས་ལྔ་ཡི་དངོས༔ བྱ་ཁྱུང་རྒྱལ་པོས་དབང་བསྐུར་རོ༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིགས་བདག་ཀུན་བཟང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ འཁོར་འདས་ཆོས་རྣམས་མ་ལུས་ཀུན༔ གཞི་དབྱིངས་རོལ་པར་འུབ་ཆུབ་པ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་རོ༔ ཆོས་ཀྱི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ ས་ཆུ་མེ་རླུང་འབྱུང་བའི་ཁམས༔ གནས་དག་ཕྲིན་ལས་བཞི་ཡི་བདག༔ རིགས་བཞི་ཧེ་རུས་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བཅུ་གཏད་ལ༔ ཧཱུྃ༔ ཕྱོགས་བཅུའི་གདུག་པ་ཟིལ་གནོན་ཕྱིར༔ ཡེ་ཤེས་བཅུ་ཡི་རོལ་པ་ལས༔ ཁྲོ་བཅུ་ཡབ་ཡུམ་དབང་བསྐུར་རོ༔ གདུག་པ་མ་ལུས་ཟིལ་གནོན་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་གཏད་ལ༔ ཧཱུྃ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ མ་ལུས་ཐོགས་མེད་སྒྲུབ་མཛད་པ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་བཞི་ལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ལྕེ་སྤྱང་བརྒྱད་གཏད་ལ༔ ཧཱུྃ༔ ཐུགས་རྗེས་གདུག་པ་འདུལ་བའི་ཕྱིར༔ གང་འདུལ་ཐབས་ཀྱིས་སྤྲུལ་པ་འགྱེད༔ ལྕེ་སྤྱང་མ་བརྒྱད་དབང་བསྐུར་རོ༔ སྲུང་མ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡང་དག་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་ཧེ་རུ་ཀ༔ ཡང་དག་སངས་རྒྱས་ཀྲོ་ཏི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲག་འཐུང་ཡབ་ཡུམ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་ངོ་བོ་ལ༔ འབར་བའི་ཁྲོ་རྒྱལ་སྐུར་བཞེངས་པ༔ རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀཽ་སེང་བཅུ་དྲུག་གཏད་ལ༔ ཧཱུྃ༔ ཚོགས་ཡུལ་རྟོག་པ་གནས་དག་ཅིང་༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་གར༔ ཀཽ་རཱི་སེང་ཧའི་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་བ་བཞིའི་སྐུ་གཏད་ལ༔ ཧཱུྃཿསྙིང་རྗེ་བྱམས་པ་བཏང་སྙོམས་དང་༔ དགའ་བ་བཞི་ཡི་རང་གཟུགས་གར༔ སྒོ་བ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབང་ཕྱུག་ཉེར་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་པ་དང་༔ ཞིང་བཅུའི་དགྲ་བགེགས་རྡུལ་དུ་བརླག༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོར་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་སྐུ་ཡི་དཔལ་ཆེན་པོ༔ གཤིན་རྗེ་གཤེད་པོ་དུར་བདག་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཤེད་བཞི་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས༔ གཤེད་བཞི་ཡབ་ཡུམ་སྤྲུལ་འཁོར་བཅས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལས་རྣམས་ཐོགས་མེད་ཡོངས་འགྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕྱོགས་སྐྱོང་ཁྲོ་བོ་ཡབ་ཡུམ་གཏད་ལ༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར༔ དབང་མཛད་གདུག་པ་འདུལ་མཛད་པ༔ ཁྲོ་ཆེན་བཅུ་གཉིས་ཡབ་ཡུམ་འཁོར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕྱོགས་སྐྱོང་བཞིའི་སྐུ་གཏད་ལ༔ ཧཱུྃ༔ དཀྱིལ་འཁོར་སྒོ་བཞི་ཐུབ་པར་སྲུང་༔ རྣལ་འབྱོར་ཕྲིན་ལས་ཐོགས་མེད་སྒྲུབ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲམ་ཐོགས་བདུད་བཞི༔ གྲི་ཐོགས་གིང་བཞི༔ ཤྭ་ཐོགས་རྩིས་བཞི༔ སྲོག་གཅོད་ཤན་པ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ རབ་འབྱམས་ཕྲིན་ལས་སྒྲུབ་མཛད་པ༔ བདུད་གིང་རྩིས་དང་ཤན་པ་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོར་བར་ཤོགརྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྟ་མགྲིན་ཡབ་ཡུམ་དང་ཟ་གསོད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་གསུང་གི་ཧེ་རུ་ཀ༔ རྟ་མགྲིན་རྒྱལ་པོ་གཟི་ལྡན་ཡུམ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་ཆེན་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དབང་ཆེན་སྐུ་གསུང་ཐུགས་ལས་སྤྲུལ༔ འབྱུང་པོ་མ་རུངས་འདུལ་མཛད་པ༔ ཁྲོ་ཆེན་བརྒྱད་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མ་རུངས་གདུག་པ་འཇོམས་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ ལས་རྣམས་ཀུན་ལ་དབང་བསྒྱུར་ཞིང་༔ མ་རུངས་ལོག་རྟོག་འཇོམས་མཛད་པ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དཔལ་གྱི་ཁྱི་སྤྱང༔ དམུས་ལོང་བཅུ་དྲུག༔ ཁམས་བརྒྱད་མ་དྲུག༔ འདབ་གཤོག་མཆེད་བཞི༔ མེ་འབྲུག་རླུང་འབྲུག་བཅས་གཏད་ལ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཡང་སྤྲུལ་གཟུགས༔ ཁམས་བརྒྱད་དམུས་ལོང་མཆེད་གཤོག་བཞི༔ ཁྱི་སྤྱང་མེ་འབྲུག་རླུང་འབྲུག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྟན་དགྲ་མ་རུངས་ཚོགས་རྣམས་ཀུན༔ བརྣག་པ་ཙམ་གྱིས་སྒྲོལ་ནུས་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཕྲིན་ལས་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་རྒྱས་འདེབས་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྲས་མཆོག་རིགས་ལྔ་སྒྲོལ་ཡུམ་བཅས་གཏད་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ མི་གཞན་སྲས་མཆོག་རིགས་ལྔ་དང་༔ ཨེ་ཀ་ཙ་ཏིས་དབང་བསྐུར་རོ༔ དུག་ལྔའི་དགྲ་གདོན་བརླག་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས་གཏད་ལ༔ ཧཱུྃ༔ ཕྱོགས་བཅུའི་གདོན་བགེགས་འདུལ་བ་དང་༔ ཡེ་ཤེས་ཕྲིན་ལས་རྒྱས་མཛད་པ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས༔ བུ་ལ་དབང་བསྐུར་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་གཏད་ལ༔ ཧཱུྃ༔ འགལ་རྐྱེན་བར་ཆད་བརླག་པ་དང་༔ དངོས་གྲུབ་སྲུང་བའི་མཐུ་མོ་ཆེ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕུར་སྲུང་བཅུ་དྲུག་གཏད་ལ༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་དམ་ཅན་སྡེ༔ ཤྭ་ན་ས་བདག་རེ་ཏཱི་དང་༔ སྐྱེས་བུ་མཆེད་བཞིས་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བླ་མེད་ཧེ་རུ་ཀ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་མིན་འཆི་བ་བཟློག་མཛད་པ༔ བླ་མེད་ཧེ་རུ་ཉིད་བཞི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབྱིངས་ཡུམ་ལྔའི་སྐུ་གཏད་ལ༔ ཧཱུྃ༔ འབྱུང་བ་ལྔ་ལ་དབང་མཛད་མོ༔ རྟག་རྒྱལ་མ་ལྔས་དབང་བསྐུར་རོ༔ དབྱིངས་དང་ཡེ་ཤེས་གཉིས་མེད་པ༔ ཟུང་འཇུག་བདེ་བའི་སྐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྗེ་མོ་བཅུ་གཉིས་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྣང་སྲིད་ཁམས་རྣམས་མ་ལུས་ཀུན༔ མ་མོའི་སྐུ་གསུང་ཐུགས་ཀྱིས་ཁྱབ༔ རྗེ་མོ་བཅུ་གཉིས་དབང་བསྐུར་རོ༔ མ་མོའི་སྲོག་ལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིནྩ་ཨོཾ༔ སྨན་མོ་ལྔ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ འཇིགས་པའི་ཆོ་འཕྲུལ་དུ་མ་སྟོན༔ ཉམས་པའི་ཤ་ལ་ཟ་བ་མོ༔ སྨན་མོ་ལྔ་བཅུས་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ ཕྲིན་ལས་བཞི་ལ་མངའ་དབང་མཛད༔ རྫུ་འཕྲུལ་ཐོགས་མེད་ལས་ཀྱི་བདག༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ལས་ཀུན་འབད་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ བྱིན་རླབས་ཀུན་གྱི་འབྱུང་གནས་ཆེ༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ རང་སྣང་ཡུམ་བཅས་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིག་འཛིན་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྒྲུབ་སྡེ་བརྒྱད་ཀྱི་དངོས་གྲུབ་བརྙེས༔ རིག་འཛིན་བརྒྱད་ཀྱིས་དབང་བསྐུར་རོ༔ གྲུབ་པ་བརྒྱད་ལ་དབང་འབྱོར་ནས༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མཁའ་འགྲོ་སྡེ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་རིགས་འཆང་མཁའ་འགྲོ་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་བཞི་ལ་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གིང་ཆེན་སྡེ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ དངོས་གྲུབ་ཀུན་གྱི་རྗེས་འབྲང་ཞིང་༔ རྣལ་འབྱོར་ཕྲིན་ལས་ཐོགས་མེད་སྒྲུབ༔ གིང་ཆེན་སྡེ་བཞིས་དབང་བསྐུར་རོ༔ མཐུ་སྟོབས་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དྲེགས་པ་ཀུན་འདུལ་ཡབ་ཡུམ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེ་འཛིན༔ ཁམས་གསུམ་སྤྱི་འདུལ་རིགས་ཀྱི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དྲེགས་པ་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲེགས་པ་སུམ་ཅུའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་མཐུ་སྟོབས་རྨད་བྱུང་བ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྟན་སྲུང་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྟོབས་ལྡན་ནག་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྟོབས་ལྡན་ནག་པོ་ཧེ་རུ་ཀ༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གང་འདུལ་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲེགས་ཆེན་བཅོ་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ དྲེགས་པ་མ་ལུས་ཀུན་གྱི་རྗེ༔ དྲེགས་ཆེན་བཅོ་བརྒྱད་དབང་བསྐུར་རོ༔ དྲེགས་པའི་སྲོག་ལ་དབང་ཐོབ་ནས༔ བསྟན་དགྲ་བསྒྲལ་བའི་མཐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བསྟན་སྲུང་རྣམས་ཀྱི་སྐུའམ་སྲོག་ཡིག་གཏད་ལ༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླང་དམ་བཅས་པའི༔ རྡོ་རྗེ་དམ་ཚིག་ལས་ཀྱི་བདག༔ དབང་མོ་འབར་མ་མིང་སྲིང་དང་༔ གིང་དང་མཁའ་འགྲོ་ས་བདག་སྡེ༔ བསྟན་སྲུང་རྒྱ་མཚོའི་དབང་བསྐུར་རོ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ འགོ་ཞིང་སྡོང་གྲོགས་མཛད་པ་དང་༔ ཕྲིན་ལས་མ་ལུས་ཐོགས་མེད་སྒྲུབས༔ གང་བསམ་འདོད་དོན་ཡོངས་གྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཐལ་ཚོམ་གཏད་ལ༔ ཧཱུྃ༔ མ་རུངས་རཱུ་ཏྲ་བསྒྲལ་བ་ཡི༔ ཞིང་ཆེན་ཐལ་ཚོམ་དཔྲལ་བར་བཀོད༔ ལོག་རྟོག་བདུད་ཀྱི་དཔུང་འཇོམས་ནས༔ ཧེ་རུ་ཀ་དཔལ་ཐོབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རཀྟའི་ཐིག་ལེ་མཁུར་ཚོས་སུ་བཀོད་ལ༔ ཧཱུྃ༔ ཁམས་གསུམ་འཁོར་བ་སྟོང་བྱེད་རྫས༔ རཀྟ་ཁྲག་ཐིག་མཁུར་ཚོས་བཀོད༔ ཏན་གན་བརྟུལ་ཞུགས་མཐར་ཕྱིན་ནས༔ གཞན་དོན་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཞག་གི་ཟོ་རིས་ཞལ་དུ་བཀོད་ལ༔ ཧཱུྃ༔ ཁྲོ་ཆེན་གདུག་པ་རབ་འདུལ་བས༔ ཞིང་ཆེན་ཞག་གི་ཟོ་རིས་བཀོད༔ དཔའ་ཤུགས་གཟི་བརྗིད་རབ་འབར་བས༔ མ་རུངས་ཟིལ་གྱིས་གནོན་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གླང་ཆེན་ཀོ་རློན་སྟོད་དུ་བསྐོན་ལ༔ ཧཱུྃ༔ གཏི་མུག་རྟོག་པ་གནས་དག་པ༔ གླང་ཆེན་ཀོ་རློན་འདི་གཏད་པས༔ བརྗིད་དང་ཤེས་རབ་སྣང་བ་ཡི༔ སྟོབས་ནུས་ཤེས་རབ་འབར་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མི་ལྤགས་གཡང་གཞི་སྐེད་པར་དཀྲིས་ལ༔ ཧཱུྃ༔ འདོད་ཆགས་རྟོག་པ་གནས་དག་པ༔ མི་ལྤགས་གཡང་གཞི་འདི་གཏད་པས༔ ཆགས་དང་བདེ་ཆེན་འབར་བ་ཡིས༔ འགྲོ་ཀུན་རྗེས་སུ་འཛིན་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྟག་ལྤགས་ཤམ་ཐབས་སྨད་དུ་གསོལ་ལ༔ ཧཱུྃ༔ ཞེ་སྡང་རྟོག་པ་གནས་དག་པ༔ སྟག་ལྤགས་ཤམ་ཐབས་འདི་གཏད་པས༔ ལོག་རྟོག་བདུད་དཔུང་འདུལ་བ་དང་༔ ཡེ་ཤེས་ཆེན་པོར་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྦྲུལ་རིགས་ལྔ་དང་མི་མགོའི་དོ་ཤལ་གཏད་ལ༔ ཧཱུྃ༔ དུག་ལྔ་དབྱིངས་སུ་འཇོམས་པ་དང་༔ རྟོག་ཚོགས་ཆོས་སྐུར་དག་པའི་རྫས༔ སྦྲུལ་རིགས་ལྔ་དང་ཁྲག་འཛག་པའི༔ མི་མགོ་ལྔ་བཅུའི་ཕྲེང་བ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གཟུང་འཛིན་རྟོག་པ་ཆོས་སྐུར་སངས༔ ཕྲིན་ལས་འགྲོ་འདུལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེའི་གཤོག་པ་གཏད་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པ༔ སྣང་སྟོང་ཟུང་འཇུག་རྫོགས་པའི་དབང་༔ སྐལ་ལྡན་བུ་ལ་བསྐུར་བར་བྱ༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐོད་སྐམ་ལྔའི་དབུ་རྒྱན་དར་སྣའི་ཅོད་པན་གཏད་ལ༔ ཧཱུྃ༔ ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་རྫོགས༔ ཡེ་ཤེས་ལྔ་དང་འདུ་འབྲལ་མེད༔ དབུ་རྒྱན་ཅོད་པན་འདི་གཏད་པས༔ ཁམས་གསུམ་སྲིད་ལས་རྣམ་པར་རྒྱལ༔ རང་བྱུང་ཡེ་ཤེས་དབང་རྫོགས་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཉི་ཟླའི་སྙན་རྒྱན་གཏད་ལ༔ ཧཱུྃ༔ ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱིས༔ མ་རིག་མུན་པ་རབ་བསལ་ཏེ༔ འགྲོ་ཀུན་ཐབས་ཤེས་ཟུང་འཇུག་དབྱིངས༔ གྲོལ་བྱེད་སྙན་ཆས་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ པད་ཉི་བམ་རོ་མེ་དཔུང་གཏད་ལ༔ ཧཱུྃ༔ སྲིད་ལས་འཕགས་པའི་རིན་ཆེན་ཁྲི༔ མ་ཆགས་སྐྱོན་བྲལ་པད་ཉི་དང་༔ འཁོར་བའི་སྒོ་རྫོགས་བམ་ཆེན་རོ༔ ལོག་རྟོག་སྲེག་བྱེད་མེ་དཔུང་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་ཏེ༔ དོན་གཉིས་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པ་སྐུ་ཡི་དབང་བསྐུར་བས་ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ༔ ལུས་རྡོ་རྗེ་སྐུ་ཡི་རོལ་པར་སྨིན༔ སྤྲུལ་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་གསང་དབང་བསྐུར་བ་ནི༔ བྷནྡྷ་བདུད་རྩི་གཏད་ལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་བྷནྡྷ་རུ༔ རྒྱལ་བ་རྒྱ་མཚོ་སྤྱི་དང་ནི༔ ཁྱད་པར་བདེ་གཤེགས་འདུས་པ་ཡི༔ གསུང་གི་གསང་འདུས་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྩ་སྔགས་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡང་སྙིང་རྩ་བའི་སྔགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ ཆོས་ཕུང་ཡོངས་རྫོགས་རིན་ཆེན་ཕྲེང་༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཧཱུྃ་ཡིག་དགུ་ཚོམ་གཏད་ལ༔ ཧཱུྃ༔ ཧཱུྃ་ནི་འཁོར་འདས་ཡོངས་ཀྱི་སྲོག༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་གནས་སུ་དག༔ སྐྱེ་བ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ ངག་རྡོ་རྗེ་གསུང་གི་རོལ་པར་སྨིན༔ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཤེར་དབང་བསྐུར་བ་ནི༔ རྡོ་རྗེ་རྩེ་དགུ་གཏད་ལ༔ ཧཱུྃ༔ ཐེག་པ་དགུ་རྫོགས་ས་དགུ་འཇོམས༔ ཡེ་ཤེས་རྫོགས་པའི་རྡོ་རྗེའི་དབང་༔ རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ འབྲས་བུ་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྩེ་ལྔ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ལྔ་དང་སྐུ་ལྔ་རྫོགས༔ བརྡ་རྟགས་རྫོགས་པའི་དབང་བསྐུར་རོ༔ འགྲོ་ཀུན་སྒྲིབ་གཉིས་བཅོམ་པ་དང་༔ ཡང་དག་ས་ལ་འགོད་ནུས་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྩེ་གསུམ་གཏད་ལ༔ ཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེ་ཆེ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་རོ༔ དུག་གསུམ་རྟོག་པའི་དགྲ་བཅོམ་སྟེ༔ ཟུང་འཇུག་ཆོས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་སྐམ་པོ་གཏད་ལ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གཟུགས་མེད་སྐྱེ་བའི་སྒོ་བཅད་ནས༔ ཆོས་ཀྱི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་ར་རི་གཏད་ལ༔ ཧཱུྃ༔ རང་བཞིན་མ་འགགས་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གཟུགས་ཁམས་སྐྱེ་བའི་སྒོ་བཅད་ནས༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་རློན་པ་གཏད་ལ༔ ཧཱུྃ༔ ཚོགས་དྲུག་རང་གྲོལ་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ འདོད་ཁམས་སྐྱེ་བའི་སྒོ་བཅད་ནས༔ སྤྲུལ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁ་ཊྭཱྃ་གཏད་ལ༔ ཧཱུྃ༔ དུག་གསུམ་དབྱིངས་སྒྲོལ་སྐུ་གསུམ་མཚོན༔ བྱང་ཆུབ་སེམས་ཀྱི་ཁ་ཊྭཱྃ་ཀ༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ ཉོན་མོངས་དགྲ་བགེགས་སྒྲོལ་བར་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ངོ་བོ་རྡོ་རྗེའི་དབང་༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རྒྱལ་ཀུན་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་གཏད་ལ༔ ཧཱུྃ༔ འཁོར་འདས་བདེ་ཆེན་ཀློང་རྒྱས་འདེབས༔ ཤེས་རབ་ཆེན་པོའི་མཁའ་དབྱིངས་སུ༔ འཁོར་འདས་མ་བཅོས་ངང་གིས་འཆོས༔ འུབ་ཆུབ་རོལ་པའི་བྷ་ག་རུ༔ ཁམས་གསུམ་འཁོར་བའི་རྒྱུ་རྐྱེན་བཅོམ༔ ཀ་དག་བདེ་ཆེན་ཡུམ་ཆེན་མོ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཞིང་༔ འབར་དང་འཛག་པ་ལྟོ་སྦྱར་བས༔ དགའ་བ་བཞི་ཡི་ཡེ་ཤེས་རྙེད༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས༔ འཁོར་འདས་གཉིས་མེད་ཆོས་སྐུར་སངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྲོག་འཁོར་གཏད་ལ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་པའི༔ ཐུགས་གསང་རྫོགས་པའི་དཀྱིལ་འཁོར་ཆེ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ སྒྲུབ་དང་དཀྱིལ་འཁོར་སྒོར་ཞུགས་ནས༔ ལྷ་སྔགས་ཆོས་ཉིད་ངང་མངོན་གྱུར༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན༔ ཀ་དག་གཏིང་གསལ་ལྷུན་གྲུབ་སྦུབས༔ འོད་གསལ་ཆོས་སྐུར་སངས་རྒྱས་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ཡོན་ཏན་རབ་རྫོགས་པ༔ འཁོར་འདས་བཅུད་དྲིལ་རིལ་བུ་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་སྨིན༔ ཆོས་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཕྲིན་ལས་སྒྲོལ་བའི་དབང་ནི༔ གསེར་སྐྱེམས་མཁྱེན་གཟུ་སྔོན་སོང་ལྟར༔ ཨེ་བསྐྱེད་འགུགས་པ་འཆིང་བཞིའི་ལས༔ ཚེ་ཁྲུས་གནས་གསུམ་རྫོགས་པའི་མཐར༔ ཨེ་ཁང་ལིང་ག་གཏད་ལ༔ ཧཱུྃ་ཨེ༔ རྣམ་ཐར་གསུམ་ལྡན་སྟོང་ཉིད་མཁར༔ གཟུང་འཛིན་རཱུ་ཏྲ་འཁོར་བའི་འདྲེ༔ མ་ལུས་འགུགས་བསྒྲལ་འདྲེན་པའི་དབང་༔ སྐལ་ལྡན་ཁྱོད་ལ་ཐོབ་པར་ཤོག༔ དཔལ་དགུའི་སྔགས་ཚན་རྣམས་ཀྱི་སྔགས་ཤམ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒྲོལ་ཕུར་གཏད་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་འཁོར་བར་འཁྱམས་པའི་བླ༔ ཆོས་ཉིད་དབྱིངས་སུ་སྒྲོལ་ནུས་ཤོག༔ དཔལ་དགུའི་སྔགས་ཚན་རྣམས་ཀྱི་སྔགས་ཤམ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕུར་པ་ཏ་ཕཊ༔ ཅེས་བརྗོད་བཞིན་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་བླ་གཡས་དཔུང་གཡོན་བརླ་གཡོན་རྣམས་སུ་རིམ་པར་གདབ༔ དེ་ནས་ཐུན་ཆས་རྣམས་གཏད་ལ༔ ཧཱུྃ༔ དྲག་པོའི་སྒྱུ་འཕྲུལ་མེ་རླུང་མཚོན༔ ཐུན་དང་ཁྲོ་ཆུང་ལྕགས་སྡིག་སོགས༔ མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དགྲ་བགེགས་ལོག་འདྲེན་ནད་མུག་མཚོན༔ མ་ལུས་བཟློག་བསྒྱུར་བསད་མནན་གྱི༔ ལས་ཀུན་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧོམ་གཏད་ལ༔ ཧཱུྃ༔ རང་རྩལ་ལྷུན་གྲུབ་ཧེ་རུ་ཀའི༔ མཉམ་ཉིད་ཞལ་གྱི་ཧོམ་ཁུང་དུ༔ དགྲ་བགེགས་བསྲེགས་པའི་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུན་ཟོར་གཏད་ལ༔ ཧཱུྃ༔ རང་བྱུང་ཡེ་ཤེས་རོལ་པའི་གདངས༔ ཡེ་ཤེས་ཐུན་མཚོན་འབར་བ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕ་རོལ་མི་མཐུན་བསམ་སྦྱོར་གནག༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས༔ མ་ལུས་བསད་ཅིང་འདྲེན་པ་ཡི༔ མཐུ་སྟོབས་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད་སོད་ཨ་བྷི་ཥིཉྩ་ཧཱུྃ༔ རི་རབ་གཏད་ལ༔ ཧཱུྃ༔ མཐུ་སྟོབས་ནུས་པ་རབ་རྫོགས་པ༔ རི་རབ་འབར་བ་འདི་གཏད་པས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ བསད་བཟློག་བྲུབ་མནན་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲལ་བསྟབ་བྱའོ༔ དེ་ལྟར་ཕྲིན་ལས་མངོན་སྤྱོད་ཀྱི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཐམས་ཅད་དྲག་པོའི་ལས་ཀྱི་ཚར་གཅོད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ འཇའ་ཤེལ་གཏད་ལ༔ ཧཱུྃ༔ ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས༔ རང་བཞིན་མ་འགགས་འོད་དུ་གསལ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་སྐུ༔ བརྡ་རྟགས་མཚོན་པའི་འཇའ་ཤེལ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས་སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་ཐིག་ལེ་སྟོང་སྒྲོན་གཏད་ལ༔ ཧཱུྃ༔ རང་རིག་ཡེ་ཤེས་ངོ་བོ་ཉིད༔ ཐིག་ལེ་སྟོང་སྒྲོན་འོད་དུ་འབར༔ རྡོ་རྗེ་ལུག་རྒྱུད་དབང་བསྐུར་རོ༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨཱཿཕཊ༔ དེ་ནས་གཉིས་མེད་ཡེ་ཤེས་ཀྱི་དབང་ནི༔ སློབ་མ་རྣམ་སྣང་ཆོས་བདུན་གྱིས་འདུག་སྟེ༔ རིག་པ་བླ་མའི་ཐུགས་ཀར་གཏད་དོ༔ བླ་མས་འདི་སྐད་དོ༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་ངོ་བོ་ཡེ་སྟོང་སྤྲོས་དང་བྲལ་བ༔ རང་བཞིན་མ་འགགས་ལྷུན་གྲུབ་ཀྱི་གདངས་ཆེན༔ ཐུགས་རྗེ་རང་ཤར་རང་གྲོལ་གྱི་ངང་གནས་ཆེན་པོ༔ འདི་དག་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ངོ་བོ་ཡིན་ནོ༔ འདི་ཡི་ངང་དུ་ཞོག་ཅིག༔ མི་བསྒོམ་པར་རང་བབས་སུ་ཞོག༔ མ་འཁྲུལ་བར་ཞེན་བྲལ་དུ་ལྷོད༔ མ་འཛིན་པར་ཀ་དག་ཏུ་སྐྱོངས༔ མ་ཡེངས་པར་ལྷུན་གྲུབ་ཏུ་ཞོག༔ ཡེ་གྲོལ་ཡིན་ཏེ་ཡང་གྲོལ་མི་གཞུག༔ བརྗོད་བྲལ་ཡིན་ཏེ་མཚན་དཔེར་མ་འཁྲུལ༔ རིག་པ་ཡིན་ཏེ་མ་རིག་པ་དང་མ་ནོར༔ ངོ་བོའི་ངང་བཞག་ངང་གནས་ཡིན་ཏེ་འཁྲུལ་པ་རང་གར་འཁྱོལ་བ་དང་མ་ནོར་བར་དོན་དམ་མི་ཤིགས་པའི་ངོ་བོར་གདིང་ཐོབ་པར་གྱིས་ཤིག༔ དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་དུས་གཅིག་ཏུ་ཐོབ་པ་ནི༔ ཆོས་ཉིད་ཀྱི་གནས་ལུགས་མཐོང་བ་ཉིད་དོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ དེ་ལྟར་ཀ་དག་ཚིག་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག༔ ཀ་དག་ཚིག་གི་དབང་ཐོབ༔ བརྗོད་པ་དང་བྲལ་བའི་གནས་ལུགས་མངོན་དུ་གྱུར༔ ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར་ཏེ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་ནུས་པའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་གཏོར་དབང་བསྐུར་བ་ནི༔ ཧཱུྃ༔ ཁྱབ་བརྡལ་ཡངས་པའི་གཏོར་གཞོང་དུ༔ ལྷུན་གྲུབ་རྫོགས་པའི་གཏོར་མ་བཤམས༔ ཡེ་ཤེས་ལྔ་ཡིས་གཏོར་རྒྱན་སྤྲས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དངོས་གྲུབ་ཀུན་ཐོབ་ཤོག༔ རྩ་སྔགས་སརྦ་མཎྜ་ལ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མཐའ་བརྟེན་གཏོར་མའི་དབང་བསྐུར་བས་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཐམས་ཅད་བསྙེན་ཅིང་བསྒྲུབ་པ་ཙམ་གྱིས་འགྲུབ་ཅིང་དངོས་གྲུབ་ཐམས་ཅད་ཐོབ་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་བཀའ་དབང་བསྐུར་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ དགའ་རབ་རྡོ་རྗེ་མཁའ་འགྲོ་ལས་ཀྱི་དབང་༔ མཉྫུ་མི་ཏྲ་རིག་འཛིན་ཤྲཱི་སེང་༔ གྲུབ་ཆེན་བརྒྱད་དང་པད་འབྱུང་ཆོས་རྒྱལ་དང་༔ མཁར་ཆེན་བཟའ་དང་རྗེ་འབངས་ཉི་ཤུ་ལྔ༔ གཏེར་ཆེན་བརྒྱ་རྩ་བརྒྱུད་ཚུལ་དྲུག་ལྡན་མཛོད༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བདུད་འཇོམས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་མི་ཁྱབ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་དམ་ཅན་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་བྱིན་གྱིས༔ མདོ་སྔགས་རྒྱ་མཚོ་རྒྱུད་སྡེ་ཕྱི་ནང་གཉིས༔ ཁྱད་པར་འོད་གསལ་རྫོགས་ཆེན་གསང་བའི་མཛོད༔ ལུང་དང་རྟོགས་པའི་གསུང་རབ་མ་ལུས་པའི༔ བཀའ་དབང་རབ་འབྱམས་སྒོ་གསུམ་ལ་ཐོབ་སྟེ༔ སྣང་སྲིད་དག་པ་རབ་འབྱམས་བདེ་བ་ཆེ༔ རགས་པའི་སྒྱུ་ལུས་ཡེ་ཤེས་ལྷ་སྐུར་སྨིན༔ སྒྲ་གྲགས་སྔགས་དང་དྲན་རྟོག་ཆོས་སྐུར་འཕོས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ འབད་པ་མེད་པར་མྱུར་དུ་འགྲུབ་གྱུར་ཅིག༔ མཐར་ཐུག་རང་སྣང་གཞོན་ནུ་བུམ་པའི་སྐུ༔ ཁྱད་ཆོས་དྲུག་ལྡན་ཆོས་སྐུའི་རྒྱལ་སྲིད་ལ༔ དབང་འབྱོར་ཡིད་བཞིན་ནོར་བུ་རིན་ཆེན་ལྟར༔ སེམས་ཅན་རྣམས་ཀྱི་དོན་རབ་བསྒྲུབ་པ་དང་༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ ལན་གསུམ་བརྗོད་ཅིང་གླགས་བམ་སྤྱི་བོར་བཞག་གོ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ བཅོམ་ལྡན་ཐུབ་པའི་དབང་པོ་ཡི༔ བྱིན་གྱིས་བརླབས་པའི་རྫས་མཆོག་བརྒྱད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ སརྦ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ རྒྱལ་བའི་མཚན་དཔེ་ལས་བྱུང་བའི༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་སྟེ༔ འགྲོ་དོན་ཐོགས་མེད་འགྲུབ་པར་ཤོག༔ སརྦ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བདུན༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕགས་པའི་ནོར་བདུན་གྱིས་ཕྱུག་ཅིང་༔ རང་རིག་ཆོས་སྐུའི་སྲིད་ཐོབ་ཤོག༔ སརྦ་རཏྣ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ལྟར་བཀྲ་ཤིས་རྫས་རྟགས་དང་སྣ་བདུན་གྱིས་དབང་བསྐུར་བས་རང་དོན་དུ་བཀྲ་ཤིས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་ཐོབ་པ་དང་༔ གཞན་དོན་དུ་གཟུགས་ཀྱི་སྐུས་འཁོར་བ་དོང་ནས་སྤྲུགས་ནུས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་དམ་ཁས་བླང་བ་ནི༔ ཧོཿརྡོ་རྗེ་རྒྱལ་པོ་ཧེ་རུ་ཀས༔ ཇི་ལྟར་དམ་ནི་བསྒྲགས་པ་བཞིན༔ བདག་གི་སྲོག་ལ་བབ་གྱུར་ཀྱང་༔ རྡོ་རྗེའི་གནས་ལས་འདའ་མི་བགྱིད༔ དཀྱིལ་འཁོར་གསུམ་ལས་མི་འདའ་ཞིང་༔ ཕུང་ཁམས་ཡེ་ཤེས་ལྷ་རུ་སྦྱོར༔ སངས་རྒྱས་གཞན་དུ་མི་འཛིན་པར༔ རང་རིག་རྫོགས་པའི་དཀྱིལ་འཁོར་ལས༔ ནམ་ཡང་འདའ་བར་མི་བགྱིད་དོ༔ ཞེས་པ་ལན་གསུམ་བོར་ནས་ནི༔ དམ་ཚིག་ཁས་བླང་གཉེར་དུ་གཏད༔ སྐུ་དྲིན་བཟོ་བའི་སླད་དུ་ནི༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བློས་བླངས་འཕངས་པ་མེད་པར་འབུལ༔ བླ་མའི་ཕྱོགས་སུ་འབུལ་སྙམ་ནས༔ མཎྜལ་ཕུལ་མཐར་ཚིག་འདི་བརྗོད༔ ཨེ་མ༔ རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གཙོ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ འཕངས་མེད་བློ་ཡིས་རབ་བླངས་ཏེ༔ གུས་པ་ཆེན་པོས་འབུལ་ལགས་ཀྱིས༔ བདག་གི་ཚོགས་གཉིས་རབ་རྫོགས་ཕྱིར༔ ཐུགས་རྗེའི་དགྱེས་པར་བཞེས་ནས་ཀྱང་༔ ཁྱོད་ཀྱི་སློབ་མར་བཟུང་དུ་གསོལ༔ ཅེས་པ་ལན་གསུམ་བརྗོད་ནས་སླར༔ ཤིས་བརྗོད་བསྔོ་སྨོན་གདབ་པར་བྱ༔ དེ་ལ་དཔོན་སློབ་རྟེན་འབྲེལ་ནི༔ མ་འཛོལ་ལེགས་པར་བརྟགས་པ་དང་༔ བླ་མ་ནུས་པ་རྫོགས་པ་དང་༔ སློབ་མ་མོས་གུས་ལྡན་པ་གཅེས༔ སྲོག་གི་དམ་ཚིག་སྲུང་བ་གནད༔ རྟེན་ནི་གསུམ་པོ་གང་རུང་སྟེ༔ དབང་གི་རིམ་པ་བཞི་རུ་དབྱེ༔ ཐུན་མོང་དབང་ལྔ་སློབ་བུའི་དབང་༔ རྡོ་རྗེ་སློབ་དཔོན་དབང་དང་བདུན༔ བུམ་པ་བསྐྱེད་པ་སྐུ་ཡི་དབང་༔ བྷནྡྷ་རྫོགས་རིམ་གསང་བའི་དབང་༔ རིག་མ་ཤེས་རབ་ཡེ་ཤེས་དབང་༔ འཇའ་ཤེལ་ཀ་དག་ཚིག་གི་དབང་༔ དཀྱིལ་འཁོར་ཡོངས་རྫོགས་གཏོར་མའི་དབང་༔ དངོས་གྲུབ་བརྟན་ཕྱིར་མཐའ་རྟེན་དབང་༔ དབང་རྣམས་ལེགས་པར་རྫོགས་པར་བྱ༔ དེ་ཡང་རྟེན་ནི་ཚོགས་བརྒྱད་དང་༔ བརྟེན་པ་ཡེ་ཤེས་ལྷ་ཡིན་ཕྱིར༔ རྐྱེན་ནི་རྡོ་རྗེ་སློབ་དཔོན་ཏེ༔ རྒྱུ་ནི་རིག་པ་བྱང་ཆུབ་སེམས༔ རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་ལས༔ དབང་གི་སྨིན་པས་འབྲས་བུ་ལེགས༔ སྐུ་ལྔ་གསུང་ལྔ་ཐུགས་ལྔ་དང་༔ ཡོན་ཏན་ལྔ་དང་ཕྲིན་ལས་ལྔ༔ རང་རིག་གཞི་ལ་རྫོགས་པ་ཡི༔ དབང་ཐོབ་དོན་གཉིས་མཛད་པ་འགྲུབ༔ ཕྱི་ནང་བར་ཆད་བགེགས་ལས་རྒྱལ༔ མ་དང་མཁའ་འགྲོས་བུ་བཞིན་བརྩེ༔ ནང་དུ་རླུང་སེམས་འཆིང་བ་ལས༔ ཕྱི་རུ་ཟས་ནོར་ལོངས་སྤྱོད་འདུ༔ བརྗོད་མེད་གནས་ལུགས་མངོན་དུ་གྱུར༔ སྙན་དང་གྲགས་པས་ས་སྟེང་ཁྱབ༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ བཀའ་འདི་དབང་ཕྱུག་ཉེར་བརྒྱད་དང་༔ མཁའ་འགྲོ་སུམ་ཅུ་གིང་བཅོ་བརྒྱད༔ ཀཽ་སེང་དཔལ་གྱི་ཁྱི་སྤྱང་དང་༔ ཕུར་སྲུང་བཅུ་དྲུག་མཁའ་འགྲོའི་ཚོགས༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ སྡེ་དཔོན་སུམ་ཅུ་བརྟན་མ་སྐྱོང་༔ དྲེགས་ཆེན་བཅོ་བརྒྱད་ལ་སོགས་པའི༔ བཀའ་བརྒྱད་གསང་བ་འདུས་པ་ཡི༔ ཕྱི་ནང་གསང་བའི་སྲུང་མ་རྣམས༔ བཀའ་འདི་གཏད་ཅིང་གཉེར་དུ་བཅོལ༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ ང་སྤྲུལ་ལས་ཅན་བུ་མཆོག་ནི༔ ཁྲག་འཐུང་ཆོས་ཉིད་ཀློང་བརྡོལ་དང་༔ འདི་འཕྲད་འགྲོ་དོན་མཐའ་རྒྱས་ཤོག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་ཡངས་པ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གླིང་པ་བདུད་འཇོམས་རྡོ་རྗེས་ཤོག་སེར་རཱུ་ཏྲའི་སྙིང་ལྤགས་ལོགས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཚུལ་ཁྲིམས་རྡོ་རྗེས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 11:21, 12 August 2025

Wylie title zab gsang mkha' 'gro'i snying thig las: bde gshegs gsang ba 'dus pa'i dbang chog rdo rjer smin byed: TTDL-ZABTER-06-CHA-001.pdf
Location bdud 'joms gling pa zab gter
Volume 6, Text 1, Pages 1-44 (Folios 1a1 to 22b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bde gshegs gsang ba 'dus pa'i dbang chog rdo rjer smin byed. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 1-44. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang chog   Verso: bdud 'joms bka' brgyad chu 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle བཀའ་བརྒྱད་བདེ་གཤེགས་ཆུ་གཏེར་འདུས་པ་ (bka' brgyad bde gshegs chu gter 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
Colophon

ཞེས་པ་འདི་ཉིད་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་ཡངས་པ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གླིང་པ་བདུད་འཇོམས་རྡོ་རྗེས་ཤོག་སེར་རཱུ་ཏྲའི་སྙིང་ལྤགས་ལོགས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཚུལ་ཁྲིམས་རྡོ་རྗེས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di nyid chos kyi bdag po sna tshogs rang grol dang mkhyen rab rgya mtsho klong chen yangs pa rnams kyis nan du bskul ngor khrag 'thung rdo rje khro lod rtsal gling pa bdud 'joms rdo rjes shog ser rU tra'i snying lpags logs nas dag par phab pa'i yi ge pa ni tshul khrims rdo rjes bgyis pa dge zhing bkra shis par gyur cig /dge'o/ /dge'o/ /dge'o/ /legs so/ /sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་དབང་ཆོག་རྡོ་རྗེར་སྨིན་བྱེད་བཞུགས༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ ཆོས་ཉིད་གཅིག་ཏུ་མཉམ་བརྡལ་ཏེ༔ གདུལ་དཀའ་འདུལ་མཛད་ཁྲོ་བོའི་སྐུར༔ ཡོངས་བཞེངས་ཧེ་རུ་ཀ་ལ་འདུད༔ ལས་སྐལ་ལྡན་པའི་སྐྱེས་བུ་རྣམས༔ གསང་སྔགས་ཟབ་མོའི་སྒོར་བཞུགས་ནས༔ ཚེ་གཅིག་སངས་རྒྱས་སྒྲུབ་འདོད་ན༔ དང་པོ་དབང་གིས་སྨིན་དགོས་ཏེ༔ དཔེར་ན་ཞིང་ས་གཤིན་པོ་ལ༔ ས་བོན་གང་བཏབ་འབྲས་བུ་སྨིན༔ ཆུད་མི་ཟ་བར་ལོངས་སྤྱོད་ལྟར༔ དབང་གི་དལ་ཞུགས་རྣལ་འབྱོར་པས༔ དམ་ཚིག་གཉན་པོ་ཚུལ་བཞིན་སྲུངས༔ བསྐྱེད་རྫོགས་ཟབ་མོའི་སྒོར་ཞུགས་ན༔ ཡི་དམ་ལྷ་ཡི་ཞལ་གཟིགས་ཤིང་༔ ཕྱི་ནང་གསང་བའི་དྲོད་ཚད་རྙེད༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ འབད་མེད་བདེ་བླག་ཉིད་དུ་འཐོབ༔ དབང་མ་ཐོབ་པར་སྨིན་མི་སྲིད༔ དཔེར་ན་མ་དུལ་ས་གཞི་ལ༔ ས་བོན་བཏབ་ཀྱང་ཕན་པ་མེད༔ འབྲས་བུ་མི་ཐོབ་མ་ཟད་ཀྱི༔ ས་བོན་ཉིད་ཀྱང་སྟོང་པར་གྱུར༔ དེ་བཞིན་ལྷ་དང་དཀྱིལ་འཁོར་ཞལ༔ མ་མཐོང་དབང་གིས་རྒྱུད་མ་སྨིན༔ དམ་ཚིག་སྡོམ་པ་འཆལ་བ་ལ༔ ཞེན་ཆགས་ཆེ་ཞིང་དད་མོས་མེད༔ མཚན་ཉིད་མི་ལྡན་གང་ཟག་གིས༔ དཀྱིལ་འཁོར་གཉན་པོ་ཞལ་བཤུས་ཏེ༔ གྱེར་གདངས་དབྱངས་སུ་བྱེད་ན་ཡང་༔ ཤི་བའི་རོ་བཞིན་འབྲས་བུ་སྡུག༔ བྱེ་མ་བཙིར་བས་མར་དང་ནི༔ གསེར་མི་འབྱུང་བ་ཅི་བཞིན་ནོ༔ དེ་ཕྱིར་དབེན་པའི་གནས་མཆོག་ཏུ༔ དཔའ་བོ་དཔའ་མོའི་སྟོན་མོ་བྱ༔ གནས་ཁང་ཕྱག་དར་ཆག་ཆག་གདབ༔ རྡོ་རྗེ་སེམས་དཔའ་ལ་བརྟེན་ནས༔ དོང་སྤྲུགས་སྙིང་པོ་བདུན་གསུམ་མོ༔ ཐ་ནའང་བདུན་གཅིག་ལས་མི་ཉུང་༔ སྒྲིབ་པ་སྦྱངས་ཕྱིར་ཞི་སྦྱིན་དང་༔ སྡེ་བརྒྱད་ཀོ་ལོང་སྡོམ་པའི་ཕྱིར༔ ཕྱི་རུ་གླུད་དང་གཏོར་མས་བརྔན༔ ནང་དུ་སྡེ་བརྒྱད་ཕྱིི་ནང་མཆོད༔ གསང་བར་འབྱུང་ལྔའི་སཱཙྪ་གདབ༔ རྟེན་ནི་རབ་ན་དགེ་སློང་དང་༔ འབྲིང་ནི་དགེ་ཚུལ་ཐ་ནའང་༔ དགེ་བསྙེན་སྡོམ་པ་གང་རུང་འབོག༔ བསྙེན་གནས་གསོ་སྦྱོང་ལེགས་པར་བླང་༔ དཀྱིལ་འཁོར་མདའ་གང་གྲུ་བཞི་བྱ༔ འབྱུང་པོ་སྤྱི་ལ་ངར་གླུད་བཏང་༔ དཀར་ཕྱོགས་སྐྱོང་རྣམས་དཀར་གྱིས་བརྔན༔ དམར་ཕྱོགས་རིགས་ལ་དམར་གཏོར་དང་༔ ནག་ཕྱོགས་འབྲས་ཆན་ཆངས་བུ་བསྔོ༔ ཀོ་ལོང་རུ་ང་གདུག་རྩུབ་ཞི༔ ཀུན་གྱིས་རྡོ་རྗེ་སློབ་དཔོན་དུ༔ མཐོང་ནས་ཅི་བགྱིས་བཀའ་ཉན་བསམ༔ ས་ཡི་ལྷ་མོ་འཁོར་དང་བཅས༔ རྒྱལ་བ་ཤཱཀ་ཐུབ་བཀའ་བཞིན་དུ༔ གཏོར་འབུལ་ཕྲིན་ལས་དམ་བསྒྲགས་པས༔ དགྱེས་བཞིན་དངོས་གྲུབ་སྟེར་བར་བསམ༔ དཀྱིལ་འཁོར་བུམ་པ་ལྷ་སྟ་གོན༔ སློབ་མ་སྟ་གོན་ཅི་བཞིན་བྱ༔ དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལྟེར༔ རང་མདོག་ཚོམ་བུ་དགོད་པ་དང་༔ རྩིབས་མཐིང་མུ་ཁྱུད་སེར་པོ་བྱ༔ གྲུ་ཆད་གློ་འབུར་ཕྱོགས་མདོག་ལ༔ ཁྱམས་དམར་རྩིག་པ་རིམ་པ་ལྔ༔ མཐིང་དཀར་སེར་དམར་ལྗང་གུར་བྱ༔ སྒོ་འཁྱུད་སྒོ་འགྲམ་སྒོ་ལོག་སྟེང་༔ ཀཱ་བ་གསེར་ལ་ཀཱ་རྒྱན་གཡུ༔ རྟ་རྐང་ཆུ་སྐྱེས་སྒྲོམ་ལེབ་དང་༔ ཟར་ཚགས་སྣམ་འཕྱང་ཆུ་འཕྱང་དང་༔ ཁྱུང་མགོ་ཤར་བུ་མདའ་ཡབ་སྟེང་༔ ཆོས་འཁོར་ཆོས་ཉན་རི་དྭགས་གདུགས༔ རྩིག་པའི་ཕྱི་རིམ་འདོད་རྣམས་དང་༔ ཕ་གུ་དྲྭ་ཕྱེད་མདའ་ཡབ་དང་༔ སྒོ་བཞི་རྡོ་རྗེའི་རྭ་དང་ནི༔ གསེར་ཁྱམས་དུར་ཁྲོད་པདྨ་དང་༔ རྡོ་ར་མེ་རི་ཕྱག་མཚན་ལྔ༔ མཛེས་ཚོན་སྤྱི་ལྟར་ལེགས་པར་བྱ༔ དབུས་སུ་མཉྫི་ཁྲི་ཡི་ཁར༔ བུམ་པའི་ཁ་སྟེང་བྷནྡྷ་དང་༔ དེ་སྟེང་མེ་ལོང་ཆོས་འབྱུང་མཚན༔ རིགས་ལྔ་ཡབ་ཡུམ་སྙིང་པོ་དང་༔ རྟེན་འབྲེལ་སྙིང་པོ་དབྱངས་གསལ་བཀོད༔ དེ་སྟེང་འཇའ་ཤེལ་གཞུག་པར་བྱ༔ གཡས་སུ་ཙཀླི་གཡོན་དུ་ནི༔ གཏོར་མ་མདུན་དུ་རྡོ་དྲིལ་བཤམས༔ ཕྱི་རིམ་ཉེར་སྤྱོད་ལ་སོགས་པའི༔ མཆོད་པའི་ཡོ་བྱད་ཚང་བར་བཤམས༔ བླ་མ་རྡོ་རྗེ་འཛིན་པ་ཉིད༔ དཀྱིལ་འཁོར་གཙོ་བོར་ང་རྒྱལ་བཟུང་༔ བདག་མདུན་བུམ་གསུམ་དུས་གཅིག་སྒྲུབ༔ མཆོད་བསྟོད་འོད་ཞུ་བདག་དབང་བླང་༔ དེ་ནས་རྡོ་རྗེའི་སློབ་མ་རྣམས༔ སྒོ་དྲུང་འཁོད་ནས་གསོལ་གདབ་ནི༔ ཀྱཻཿདུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རྗེ་བཙུན་བླ་མ་འགྲོ་བའི་མགོན༔ ཁྱེད་ཀྱིས་བདག་ཅག་རྗེས་བཟུང་མཛོད༔ སྒོ་སྐྱོང་ཕོ་མོས་སྒོ་ཕྱེས་འཚལ༔ ལན་གསུམ་ཞུས་མཐར་ལན་གདབ་པ༔ ཧོཿ ཁྱེད་ཅག་ཅི་འདོད་ང་ལ་སྨྲོས༔ དམ་ཚིག་ཚུལ་བཞིན་སྲུང་ནུས་སམ༔ སླར་ཡང་ཞུ་བ༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ ཁྱེད་ལ་གུས་པས་གསོལ་བ་འདེབས༔ བདག་ཅག་གསང་སྔགས་དཀྱིལ་འཁོར་དུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ་ཞུས་མཐར་ལན་གདབ་པ༔ ཧོཿ ཁྱེད་ཅག་བསོད་ནམས་སྐལ་བ་བཟང་༔ གསང་སྔགས་དབང་ལ་མ་བརྟེན་མིན༔ དབང་གི་རྩ་བ་དམ་ཚིག་སྟེ༔ སྲུང་བར་ནུས་རྣམས་ནང་དུ་གཤེགས༔ མི་ནུས་པ་རྣམས་ཕྱིར་དེངས་ཤིག༔ དེ་ནས་ཁྲུས་བུམ་བདུད་རྩི་འཁྱིལ་བའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་ཁྲུས་ཆུ་བུམ་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་བཅུད་ཐམས་ཅད་འདུས་པ༔ མྱང་བ་ཙམ་གྱིས་སྒོ་གསུམ་གྱི་ཉེས་སྐྱོན་སྦྱངས་ནུས་པའི་རང་བཞིན་ཅན་དུ་དམིགས་ལ༔ ཧོཿ བདེ་གཤེགས་རྒྱལ་བ་ཐམས་ཅད་དང་༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ བྱིན་རླབས་འདུས་པའི་ཆུ་བོ་ཡིས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིའོ༔ ཡི་གེ་བརྒྱ་པ་བཟླ་བཞིན་ཁྲུས་ཆུ་འཐུང་བས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་སྦྱང་བར་བསམ་ལ་ནང་དུ་གཤེགས༔ དེ་ནས་གླུད་ཟན་རེ་གཏད་ལ༔ འོ་སྐལ་ལྡན་གྱི་བུ་མཆོག་ཁྱེད་ཅག་རྣམས་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་འོད་ནག་གི་རྣམ་པར་གླུད་ཟན་ལ་ཐིམ་པར་མོས་ལ་ཧུས་ཐོབས་ལ་ཆངས་བུ་རེ་གྱིས་ཤིག༔ སླར་ཆངས་བུ་རྣམས་བསྡུས་ཏེ་བགེགས་གཏོར་དང་ལྷན་དུ་འདུ་བར་བྱ༔ དེ་ནས་སློབ་དཔོན་གྱི་མདུན་གཡས་སུ་མེ་དང་༔ གཡོན་དུ་ཆུ་བཤམས་ལ༔ ཨོཾ་བཛྲ་སཏྭ་ཧེ་རུ་ཀ་ཧཱུྃ༔ སྐལ་ལྡན་གྱི་སློབ་བུའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་རེ་བཟླ་བཞིན་སློབ་མ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་སྣ་བུག་གཡོན་ནས་བྱུང་སྟེ་ཏིལ་ལ་ཐིམ་པར་བསམ་ལ༔ ཏིལ་ཉག་རེ་ལག་པ་གཡས་པའི་རྡོ་རྗེ་བཅས་ཏེ་ཐོགས་ལ༔ གཡོན་བསྐོར་གྱི་ཚུལ་གྱིས༔ ཡེ་ཤེས་ཀྱི་མེ་དང་ཆོས་ཉིད་ཀྱི་ཆུར་སྦྱང་བར་བསམ་ལ་མེ་ཆུར་དོར༔ སླར་མེ་ཆུ་སྣོད་གཅིག་ཏུ་བྱས་ཏེ་བགེགས་གཏོར་དང་ལྷན་དུ་བཤམ་ལ༔ བྱིན་རླབས་འགུགས་དང་བསྔོ་བ་དང་༔ བསྐྲད་པ་བསྲུང་བའི་འཁོར་ལོ་བསྒོམ༔ ཆོས་བཤད་མཎྜལ་ཕུལ་ནས་སླར༔ མེ་ཏོག་སྙིམ་པའི་ཐལ་སྦྱར་དང་༔ བཅས་ཏེ་གསོལ་བ་གདབ་པ་ནི༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ཕྱི་ནང་གསང་བའི་དབང་རྣམས་ཀུན༔ སྩོལ་ཅིང་གནང་བར་མཛད་དུ་གསོལ༔ སྒོ་གསུམ་རྡོ་རྗེར་སྨིན་པར་མཛོད༔ ལན་གསུམ་ཞུས་མཐར་ལན་གདབ་པ་ནི༔ ཀྱཻ་ཧོ་སྐལ་ལྡན་སློབ་མ་རྣམས༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ༔ བདག་གིས་སྨིན་པར་མཛད་ལགས་ཀྱིས༔ དམ་ཚིག་གཉན་པོ་སྲུང་ནུས་སམ༔ སླར་ཡང་ཞུ་བ་ནི༔ ཁྱེད་ཀྱིས་ཅི་ལྟར་བསྒོ་བ་བཞིན༔ བདག་གིས་དེ་ལྟར་བསྒྲུབས་ལགས་ཀྱིས༔ དགྱེས་པ་ཆེན་པོས་རྗེས་བཟུང་ནས༔ རྡོ་རྗེའི་ཆོ་གས་བསྡམས་པར་མཛོད༔ ལན་གསུམ་ཞུས་མཐར་དམ་ཚིག་འབོགས་པ་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ བླ་མ་ལ་ཡང་ཕྱག་འཚལ་ལོ༔ བླ་མ་རྡོ་རྗེ་འཛིན་པ་དང་༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ རིགས་ལྔའི་དམ་ཚིག་རྗེས་བཟུང་སྟེ༔ རྡོ་རྗེ་དྲིལ་བུ་ལ་སོགས་པ༔ དམ་ཚིག་རྫས་རྣམས་བཟུང་བར་བགྱི༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ ནམ་དུ་ཡང་ནི་མི་གཏོང་ངོ་༔ རྡོ་རྗེ་སློབ་དཔོན་མི་གཏོང་ངོ་༔ རྡོ་རྗེའི་སྤུན་སྲིང་རྣམས་ལ་ཡང་༔ ནམ་ཡང་སྨད་པར་མི་བྱའོ༔ སེམས་ཅན་རྣམས་ལ་འཚེ་བ་སྤང་༔ འཕགས་པ་རྣམས་ལ་སྨད་མི་བགྱི༔ ཉན་ཐོས་རང་རྒྱལ་རྣམས་ལ་ཡང་༔ ཅུང་ཟད་བརྙས་པར་མི་བྱ་ཞིང་༔ སྔགས་འཆང་སྤང་བར་མི་བྱའོ༔ བསྙེན་བསྒྲུབ་ལས་ཀྱི་མཐར་རྣམས་ཀྱང་༔ དུས་འདི་ཉིད་ནས་བཟུང་བར་གྱི༔ དམ་ཚིག་སྡོམ་པ་ལ་གནས་ཤིང་༔ སྐུ་གསུང་ཐུགས་ལས་མི་འདའ་འོ༔ སྲོག་ཆགས་བསད་པར་མི་བྱ་ཞིང་༔ དམ་ཆོས་ནམ་ཡང་མི་གཏོང་ངོ་༔ བླ་མའི་བྱ་བ་མི་གཏོང་ཞིང་༔ འཁྲུལ་པའི་བྱ་བ་མི་བགྱིད་དོ༔ སེམས་ཅན་སྨིན་པ་ཉིད་དང་ནི༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་༔ སེམས་ཅན་མྱ་ངན་འདས་ལ་འགོད༔ བསྟན་པ་སྨད་པར་མི་བྱ་ཞིང་༔ བླ་མ་ལ་ཡང་ཡོན་འབུལ་ལོ༔ འཁོར་བ་རིང་དུ་སྤང་བྱ་ཞིང་༔ མྱ་ངན་འདས་པ་བླང་བར་བགྱི༔ དགེ་སློང་སེམས་སུན་མི་དབྱུང་ཞིང་༔ བསམ་གཏན་སྒོམ་པ་དཀྲུགས་མི་བྱ༔ ཆོས་དང་གང་ཟག་མི་སྨད་ཅིང་༔ ཁྱད་པར་དཀྱིལ་འཁོར་བསྒོམ་པར་བགྱི༔ རྫོགས་རིམ་སྒོམ་ལས་མི་འདའ་ཞིང་༔ ཅི་ལྟར་བླ་མས་གསུངས་པ་ལས༔ བདག་ནི་ནམ་ཡང་མི་འདའ་འོ༔ ཞེས་གསུམ་བརྗོད་ཅིང་ཁས་བླང་༔ དེ་ནས་དམ་ཆུ་ཐོགས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་པའི་རང་བཞིན་ལ༔ གནོད་དང་གནོད་བྱ་མ་གྲུབ་ཀྱང་༔ རྒྱུ་རྐྱེན་འབྱུང་བའི་རྟེན་འབྲེལ་ཁམས༔ བདེ་དང་སྡུག་བསྔལ་ངོ་བོར་སྨིན༔ ཐེག་པ་ཀུན་གྱི་མཐར་ཐུག་པ༔ གསང་ཆེན་ཟབ་མོའི་སྒོར་འཇུག་ན༔ མི་འདའ་རྡོ་རྗེ་དམ་བཟུང་ཕྱིར༔ རྡོ་རྗེའི་དམ་ཚིག་ཆུ་འདི་འཐུང་༔ བསྐལ་པ་སྟོང་གི་སྡིག་སྒྲིབ་ཀྱང་༔ ཆུ་འདིའི་བྱིན་གྱིས་དག་པར་འགྱུར༔ མཆོག་ཐུན་དངོས་གྲུབ་འབད་མེད་ཐོབ༔ གལ་ཏེ་དམ་ལས་ཉམས་གྱུར་ན༔ རྡོ་རྗེ་དམྱལ་བའི་གནས་སུ་མནར༔ སྡུག་བསྔལ་ཆེན་པོ་ཡུན་རིང་མྱོང་༔ དེ་ཕྱིར་སྲོག་དང་བསྡོས་ནས་ནི༔ དམ་ཚིག་ཚུལ་བཞིན་སྲུང་བར་གྱིས༔ ས་མ་ཡ་ན་ར་ཀན༔ ཞེས་སྙིམ་པ་གཡོན་པས་བླང་སྟེ་སྐུ་གསུང་ཐུགས་ཀྱི་བདུད་རྩིར་མོས་ལ་ཧུབ་གསུམ་རེ་བཏུང་༔ སྒོ་གསུམ་གྱི་སྒྲིབ་པ་དག་པར་བསམ་ལ༔ ཕྲག་པ་གཡོན་གྱི་རྒྱབ་ཏུ་ལན་གསུམ་དོར་རོ༔ དེ་ནས་མིག་དར་གཏད་ལ༔ འོ༔ ཁྱོད་རང་གི་མ་རིག་པའི་ལིང་ཐོག་བསལ་ཕྱིར་རྟེན་འབྲེལ་མཚོན་པའི་མིག་དར་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ མེ་ཏོག་གཏད་ལ༔ དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་ཨུ་དུམ་ཝ་རའི་ཆུན་པོ་རེ་འཛིན་པའི་མོས་པ་མཛོད༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སློབ་བུ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ཅིང་བླ་མར་མོས་གུས་དུང་དུང་པ་གཅིག་བྱས་རྗེས་ལྷར་བསྐྱེད་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགས་ཧཱུྃ༔ སློབ་མའི་ལྟོ་བར་རཾ་ཡིག་ནི༔ དམར་པོ་མེ་ཡི་འོད་ཟེར་འབར༔ དེ་ལས་ཡེ་ཤེས་མེ་མཆེད་ནས༔ ཕུང་ཁམས་སྐྱེ་མཆེད་རྣམ་སྨིན་ལུས༔ གཞོབ་ཐུལ་བསྲེགས་ནས་སྟོང་པར་བསམ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སོགས་གཞུང་གི་ལྷ་བསྐྱེད་ལ་འཇུག༔ སྤྱན་འདྲེན་དག་གིས་བྱིན་ཆེན་དབབ༔ ཁྱོད་རང་དཔལ་ཆེན་སྐུར་གསལ་བའི༔ ལྟོ་བར་ཆོས་འབྱུང་ཟུར་དྲུག་ནི༔ མཐིང་ནག་འོད་ཟེར་འབར་བར་བསྒོམ༔ དེ་ཡི་ལྟེ་བར་སྟོང་པའི་ཆར༔ རྡོ་རྗེ་ཕག་མོ་ཉུང་འབྲུ་ཙམ༔ བདེ་བས་མ་བཟོད་གར་སྟབས་བྱེད༔ ཐུགས་དབུས་དགའ་འཁྱིལ་དམར་པོ་ནི༔ གཡས་སུ་དྲག་ཏུ་འཁོར་བ་ལ༔ འདུན་པ་གཏོད་ཅིག་རིགས་ཀྱི་བུ༔ རྩ་སྔགས་མཐར༔ སརྦ་བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་བཾ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ ཞེས་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ནི༔ ཧོཿམཆོག་གསུམ་རྩ་གསུམ་བདེན་སྟོབས་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ ལྷག་པའི་ལྷ་ཡི་དཀྱིལ་འཁོར་དུ༔ རིགས་ཀྱི་མེ་ཏོག་དབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་བཛྲ་ཧོཿཞེས་མེ་ཏོག་དོར་ལ༔ དེ་ནས་མིང་གདགས་པ་ནི༔ མེ་ཏོག་དབུས་སུ་བབ་ན་བུདྡྷ་ཧེ་རུ༔ ཤར་དུ་བབ་ན་བཛྲ་ཧེ་རུ༔ ལྷོ་རུ་བབ་ན་རིན་ཆེན་ཧེ་རུ༔ ནུབ་ཏུ་བབ་ན་པདྨ་ཧེ་རུ༔ བྱང་དུ་བབ་ན་ཀརྨ་ཧེ་རུ༔ སྐྱེ་དམན་རྣམས༔ དབུས་སུ་བབ་ན་བུདྡྷ་ཀྲོ་ཏི༔ ཤར་དུ་བབ་ན་བཛྲ་ཀྲོ་ཏི༔ ལྷོ་རུ་བབ་ན་རིན་ཆེན་ཀྲོ་ཏི༔ ནུབ་ཏུ་བབ་ན་པདྨ་ཀྲོ་ཏི༔ བྱང་དུ་བབ་ན་ཀརྨ་ཀྲོ་ཏི་ལ་སོགས་པ་གདག་གོ༔ སླར་ཡང་ལྷག་ལྷ་སྤྱི་བོར་ཐིམ་པའི་མོས་པ་མཛོད༔ པྲ་ཏི་གྲྀཧྞ་ཨེ་མཾ་སཏྭ་མ་ཧཱ་བྷ་ལ༔ དེ་ནས་མིག་དར་བསལ་བ་ནི༔ ཧོཿབཅོམ་ལྡན་རྒྱལ་བའི་ཐུགས་རྗེ་དང་༔ ལྷ་སྔགས་ཏིང་འཛིན་ནུས་པའི་མཐུས༔ སློབ་བུའི་མ་རིག་ལིང་ཐོག་སྒྲིབ༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་དཀྱིལ་འཁོར་མཐོང་བ་བསྟན་པ་ནི༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེ༔ ཀུན་གཞི་དག་ཆེན་དག་པའི་ཞིང་༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས༔ ལྷན་སྐྱེས་བདེ་རོལ་དཔའ་བོ་ཆེ༔ མ་བཅོས་མི་འགགས་རྡོ་རྗེ་ཡུམ༔ མི་འཕྲོག་ཚད་མེད་སྲས་ཀྱི་མཆོག༔ ཏིང་འཛིན་མི་གཡོ་མཉམ་ཉིད་ཐུགས༔ བདེ་སྟོང་ཡེ་ཤེས་ལྷན་སྐྱེས་གར༔ ཟུང་འཇུག་མཆོད་པའི་ཕྱག་རྒྱར་དག༔ ཡེ་ནས་གཉིས་མེད་ཆོས་ཀྱི་སྐུ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཡང་༔ རང་རིག་ཡེ་ཤེས་བྱང་ཆུབ་སེམས༔ སྐུ་གསུམ་རྫོགས་པའི་དཀྱིལ་འཁོར་ལས༔ ལོགས་ན་མེད་དོ་ཤེས་པར་གྱིས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ༔ རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པ༔ ཀུན་གྱི་སྤྲོ་བསྡུས་མཆོག་ཆེན་པོ༔ འདི་ལས་གཞན་ན་མི་དམིགས་ཏེ༔ རང་རིག་ངོ་བོར་རང་ལོངས་སྤྱོད༔ རང་ལ་རང་དབང་བསྒྱུར་བ་ན༔ མ་བསྒྲུབ་ཡེ་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་དག་སྣང་མོས་གུས་བློ༔ ཚད་མེད་ཤུགས་བསྐྱེད་དགའ་སྤྲོ་བསྐྱེད༔ སངས་རྒྱས་འབྲས་བུ་རང་ལ་རྙེད༔ འཁོར་བའི་འཁྲུལ་སྣང་ཡེ་ཤེས་སུ༔ རང་བཞིན་རྣམ་པར་དག་པ་སྟེ༔ ངོ་ཤེས་ངང་ལ་འདི་སྒྲུབས་ཤིག༔ སླར་ཡང་དབང་ལྷ་སྤྱན་དྲངས་པ་ནི༔ རང་ཉིད་རྡོ་རྗེ་སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྤྱན་དྲངས༔ ཨོཾ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ཧོཿཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཀྱིས་མཆོད་ཅིང་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་སོགས་བསྟོད༔ ཧོཿདུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཉེ་བའི་སྲས་མཆོག་སེམས་དཔའ་ལ༔ འཁོར་བ་སྐྱོབ་པའི་ཆེད་དུ་དབང་༔ ཡོན་ཏན་འབྱུང་གནས་ཅི་ལྟར་བསྩལ༔ དེ་ལྟར་འདི་ལ་སྩལ་དུ་གསོལ༔ ཅེས་གསོལ་བ་བཏབ་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད༔ གཤེགས་མ་རྣམས་ཀྱིས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད༔ སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད༔ ཁྲོ་མོ་རྣམས་ཀྱིས་བར་ཆད་བསལ༔ ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར༔ སློབ་མ་རྣམས་རྡོ་རྗེ་མི་བསྐྱོད་པ་མཐིང་ནག་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ལྷ་རྡོ་རྗེ་མི་བསྐྱོད་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྣམ་བུམ་ཐོགས་ལ༔ ཧཱུྃ༔ རྣམ་ཤེས་ཞེ་སྡང་རྣམ་དག་དབྱིངས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ༔ རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མ་མཱ་ཀིར་སངས་རྒྱས༔ ཞེ་སྡང་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སློབ་མ་རིན་ཆེན་འབྱུང་ལྡན་སེར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་ལྟེ་བར་སྭཱཿཡིག་སེར་གསལ་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་གྱི་ལྷ་རིན་ཆེན་འབྱུང་ལྡན་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ དབུ་རྒྱན་ཐོགས་ལ༔ ཧཱུྃ༔ ཚོར་ཕུང་ང་རྒྱལ་གནས་དག་དབྱིངས༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་དབུ་རྒྱན་འདི་བསྐོན་པས༔ དཔལ་ལྡན་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱོངས༔ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་མར་དག༔ ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་པས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་སྣང་བ་མཐའ་ཡས་དམར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་མགྲིན་པར་ཨཱཿཡིག་དམར་པོ་འོད་འབར་བ་ལས་འོད་འཕྲོས༔ རྒྱལ་བ་རྣམས་ཀྱི་གསུང་མཆོག་སྣང་བ་མཐའ་ཡས་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ འདུ་ཤེས་འདོད་ཆགས་རྣམ་དག་དབྱིངས༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ གསེར་གྱི་རྡོ་རྗེ་འདི་གཏད་པས༔ དཔལ་ལྡན་གསུང་གི་དབང་ཐོབ་ཤོག༔ ཨཱཾཿཔདྨ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་སྣང་མཐའི་ངོ་བོ་རྡོ་རྗེའི་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ༔ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས༔ འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་པདྨའི་རིགས་ཀྱི་གསུང་འགགས་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་རྣམས་དོན་ཡོད་གྲུབ་པ་ལྗང་གུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་གསང་བར་ཧཱཿཡིག་ལྗང་གུ་འོད་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཀྱི་ལྷ་དོན་ཡོད་གྲུབ་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ དྲིལ་བུ་ཐོགས་ལ༔ ཧཱུྃ༔ འདུ་བྱེད་ཕྲག་དོག་རྣམ་དག་དབྱིངས༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་དྲིལ་བུ་འདི་གཏད་པས༔ དཔལ་ལྡན་ཕྲིན་ལས་དབང་ཐོབ་ཤོག༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་དོན་གྲུབ་ཀྱི་ངོ་བོ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག༔ སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ༔ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས༔ ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་སྒྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ སློབ་མ་རྣམ་པར་སྣང་མཛད་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨོཾ་ཡིག་དཀར་པོ་འོད་འབར་བ་ལས་འོད་འཕྲོས༔ རྒྱལ་བ་རྣམས་ཀྱི་སྐུ་ཡི་ལྷ་རྣམ་པར་སྣང་མཛད་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ རྣམ་པར་སྣང་མཛད་གཏད་ལ༔ ཧཱུྃ༔ གཟུགས་ཕུང་གཏི་མུག་གནས་དག་དབྱིངས༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ རྣམ་པར་སྣང་མཛད་མིང་གི་དབང་༔ བསྐུར་བས་རྒྱལ་ཀུན་སྐུ་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ༔ གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས༔ གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་སྒྲོལ་ཏེ༔ དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ རྡོ་རྗེ་སློབ་དཔོན་གྱི་དབང་ནི༔ རྡོར་དྲིལ་གདན་ཁྲི་བཅས་གཏད་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ སྣང་སྟོང་དབྱེར་མེད་རྡོར་དྲིལ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་དང་༔ འཆད་རྩོད་རྩོམ་གསུམ་གང་འདུལ་གྱིས༔ འགྲོ་ཀུན་རྗེས་སུ་བཟུང་བར་མཛོད༔ ཐུགས་ཀྱི་དམ་ཚིག་ཏུ་རྡོ་རྗེ་སྙིང་གར་གསོར༔ གསུང་གི་དམ་ཚིག་ཏུ་དྲིལ་བུ་འཁྲོལ༔ སྐུ་ཡི་དམ་ཚིག་ཏུ་འཁྱུད་རྒྱ་བྱེད་དོ༔ དེ་ནས་བུམ་པ་སྐུ་ཡི་དབང་བསྐུར་བ་ལ༔ བུམ་པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་བུམ་པ་ལྷའི་གཞལ་ཁང༔ མཚན་ཉིད་བཀོད་པ་རབ་རྫོགས་པའི༔ ནང་དུ་དོན་གྱི་རིག་སྐུ་ཉིད༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་གནམ་ཞལ་དབང་ཕྱུག་ཡུམ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ལྷ༔ རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་ཆེ༔ མ་ལུས་ལྷུན་གྲུབ་ཆེན་པོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ སྤྲུལ་པའི་སྐུ་ཡི་གོ་འཕང་དང་༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་ཆད་ནས་ཁྱོད་རང་ལ་ཐིམ་པས་ལྷ་སོ་སོའི་དཔལ་དང་ཡོན་ཏན་ཐམས་ཅད་རྫོགས་པར་བསམ༔ དེ་ནས་སྤྱི་དཔལ་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངོ་བོ་ཉིད་སྐུ་ཆེ་བའི་མཆོག༔ དོན་གྱི་ཧེ་རུ་ཀ་དཔལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡེ་ཤེས་བྱ་ཁྱུང་འབར་བའི་སྐུ་གཏད་ལ༔ ཧཱུྃཿཆོས་ཉིད་མ་འགགས་སྟོང་པ་ཆེ༔ རང་མདངས་ཡེ་ཤེས་ལྔ་ཡི་དངོས༔ བྱ་ཁྱུང་རྒྱལ་པོས་དབང་བསྐུར་རོ༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིགས་བདག་ཀུན་བཟང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ འཁོར་འདས་ཆོས་རྣམས་མ་ལུས་ཀུན༔ གཞི་དབྱིངས་རོལ་པར་འུབ་ཆུབ་པ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་རོ༔ ཆོས་ཀྱི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ ས་ཆུ་མེ་རླུང་འབྱུང་བའི་ཁམས༔ གནས་དག་ཕྲིན་ལས་བཞི་ཡི་བདག༔ རིགས་བཞི་ཧེ་རུས་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བཅུ་གཏད་ལ༔ ཧཱུྃ༔ ཕྱོགས་བཅུའི་གདུག་པ་ཟིལ་གནོན་ཕྱིར༔ ཡེ་ཤེས་བཅུ་ཡི་རོལ་པ་ལས༔ ཁྲོ་བཅུ་ཡབ་ཡུམ་དབང་བསྐུར་རོ༔ གདུག་པ་མ་ལུས་ཟིལ་གནོན་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་གཏད་ལ༔ ཧཱུྃ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ མ་ལུས་ཐོགས་མེད་སྒྲུབ་མཛད་པ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་བཞི་ལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ལྕེ་སྤྱང་བརྒྱད་གཏད་ལ༔ ཧཱུྃ༔ ཐུགས་རྗེས་གདུག་པ་འདུལ་བའི་ཕྱིར༔ གང་འདུལ་ཐབས་ཀྱིས་སྤྲུལ་པ་འགྱེད༔ ལྕེ་སྤྱང་མ་བརྒྱད་དབང་བསྐུར་རོ༔ སྲུང་མ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡང་དག་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་ཧེ་རུ་ཀ༔ ཡང་དག་སངས་རྒྱས་ཀྲོ་ཏི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲག་འཐུང་ཡབ་ཡུམ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་ངོ་བོ་ལ༔ འབར་བའི་ཁྲོ་རྒྱལ་སྐུར་བཞེངས་པ༔ རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀཽ་སེང་བཅུ་དྲུག་གཏད་ལ༔ ཧཱུྃ༔ ཚོགས་ཡུལ་རྟོག་པ་གནས་དག་ཅིང་༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་གར༔ ཀཽ་རཱི་སེང་ཧའི་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་བ་བཞིའི་སྐུ་གཏད་ལ༔ ཧཱུྃཿསྙིང་རྗེ་བྱམས་པ་བཏང་སྙོམས་དང་༔ དགའ་བ་བཞི་ཡི་རང་གཟུགས་གར༔ སྒོ་བ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབང་ཕྱུག་ཉེར་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་པ་དང་༔ ཞིང་བཅུའི་དགྲ་བགེགས་རྡུལ་དུ་བརླག༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོར་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་སྐུ་ཡི་དཔལ་ཆེན་པོ༔ གཤིན་རྗེ་གཤེད་པོ་དུར་བདག་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཤེད་བཞི་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས༔ གཤེད་བཞི་ཡབ་ཡུམ་སྤྲུལ་འཁོར་བཅས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལས་རྣམས་ཐོགས་མེད་ཡོངས་འགྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕྱོགས་སྐྱོང་ཁྲོ་བོ་ཡབ་ཡུམ་གཏད་ལ༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར༔ དབང་མཛད་གདུག་པ་འདུལ་མཛད་པ༔ ཁྲོ་ཆེན་བཅུ་གཉིས་ཡབ་ཡུམ་འཁོར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕྱོགས་སྐྱོང་བཞིའི་སྐུ་གཏད་ལ༔ ཧཱུྃ༔ དཀྱིལ་འཁོར་སྒོ་བཞི་ཐུབ་པར་སྲུང་༔ རྣལ་འབྱོར་ཕྲིན་ལས་ཐོགས་མེད་སྒྲུབ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲམ་ཐོགས་བདུད་བཞི༔ གྲི་ཐོགས་གིང་བཞི༔ ཤྭ་ཐོགས་རྩིས་བཞི༔ སྲོག་གཅོད་ཤན་པ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ རབ་འབྱམས་ཕྲིན་ལས་སྒྲུབ་མཛད་པ༔ བདུད་གིང་རྩིས་དང་ཤན་པ་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོར་བར་ཤོགརྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྟ་མགྲིན་ཡབ་ཡུམ་དང་ཟ་གསོད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་གསུང་གི་ཧེ་རུ་ཀ༔ རྟ་མགྲིན་རྒྱལ་པོ་གཟི་ལྡན་ཡུམ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་ཆེན་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དབང་ཆེན་སྐུ་གསུང་ཐུགས་ལས་སྤྲུལ༔ འབྱུང་པོ་མ་རུངས་འདུལ་མཛད་པ༔ ཁྲོ་ཆེན་བརྒྱད་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མ་རུངས་གདུག་པ་འཇོམས་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ ལས་རྣམས་ཀུན་ལ་དབང་བསྒྱུར་ཞིང་༔ མ་རུངས་ལོག་རྟོག་འཇོམས་མཛད་པ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དཔལ་གྱི་ཁྱི་སྤྱང༔ དམུས་ལོང་བཅུ་དྲུག༔ ཁམས་བརྒྱད་མ་དྲུག༔ འདབ་གཤོག་མཆེད་བཞི༔ མེ་འབྲུག་རླུང་འབྲུག་བཅས་གཏད་ལ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཡང་སྤྲུལ་གཟུགས༔ ཁམས་བརྒྱད་དམུས་ལོང་མཆེད་གཤོག་བཞི༔ ཁྱི་སྤྱང་མེ་འབྲུག་རླུང་འབྲུག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྟན་དགྲ་མ་རུངས་ཚོགས་རྣམས་ཀུན༔ བརྣག་པ་ཙམ་གྱིས་སྒྲོལ་ནུས་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཕྲིན་ལས་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་རྒྱས་འདེབས་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྲས་མཆོག་རིགས་ལྔ་སྒྲོལ་ཡུམ་བཅས་གཏད་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ མི་གཞན་སྲས་མཆོག་རིགས་ལྔ་དང་༔ ཨེ་ཀ་ཙ་ཏིས་དབང་བསྐུར་རོ༔ དུག་ལྔའི་དགྲ་གདོན་བརླག་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས་གཏད་ལ༔ ཧཱུྃ༔ ཕྱོགས་བཅུའི་གདོན་བགེགས་འདུལ་བ་དང་༔ ཡེ་ཤེས་ཕྲིན་ལས་རྒྱས་མཛད་པ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས༔ བུ་ལ་དབང་བསྐུར་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་གཏད་ལ༔ ཧཱུྃ༔ འགལ་རྐྱེན་བར་ཆད་བརླག་པ་དང་༔ དངོས་གྲུབ་སྲུང་བའི་མཐུ་མོ་ཆེ༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕུར་སྲུང་བཅུ་དྲུག་གཏད་ལ༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་དམ་ཅན་སྡེ༔ ཤྭ་ན་ས་བདག་རེ་ཏཱི་དང་༔ སྐྱེས་བུ་མཆེད་བཞིས་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བླ་མེད་ཧེ་རུ་ཀ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་མིན་འཆི་བ་བཟློག་མཛད་པ༔ བླ་མེད་ཧེ་རུ་ཉིད་བཞི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབྱིངས་ཡུམ་ལྔའི་སྐུ་གཏད་ལ༔ ཧཱུྃ༔ འབྱུང་བ་ལྔ་ལ་དབང་མཛད་མོ༔ རྟག་རྒྱལ་མ་ལྔས་དབང་བསྐུར་རོ༔ དབྱིངས་དང་ཡེ་ཤེས་གཉིས་མེད་པ༔ ཟུང་འཇུག་བདེ་བའི་སྐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྗེ་མོ་བཅུ་གཉིས་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྣང་སྲིད་ཁམས་རྣམས་མ་ལུས་ཀུན༔ མ་མོའི་སྐུ་གསུང་ཐུགས་ཀྱིས་ཁྱབ༔ རྗེ་མོ་བཅུ་གཉིས་དབང་བསྐུར་རོ༔ མ་མོའི་སྲོག་ལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིནྩ་ཨོཾ༔ སྨན་མོ་ལྔ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ འཇིགས་པའི་ཆོ་འཕྲུལ་དུ་མ་སྟོན༔ ཉམས་པའི་ཤ་ལ་ཟ་བ་མོ༔ སྨན་མོ་ལྔ་བཅུས་དབང་བསྐུར་རོ༔ དྲེགས་པ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ ཕྲིན་ལས་བཞི་ལ་མངའ་དབང་མཛད༔ རྫུ་འཕྲུལ་ཐོགས་མེད་ལས་ཀྱི་བདག༔ སྒོ་མ་བཞི་ཡིས་དབང་བསྐུར་རོ༔ ལས་ཀུན་འབད་མེད་འགྲུབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ བྱིན་རླབས་ཀུན་གྱི་འབྱུང་གནས་ཆེ༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ རང་སྣང་ཡུམ་བཅས་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིག་འཛིན་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྒྲུབ་སྡེ་བརྒྱད་ཀྱི་དངོས་གྲུབ་བརྙེས༔ རིག་འཛིན་བརྒྱད་ཀྱིས་དབང་བསྐུར་རོ༔ གྲུབ་པ་བརྒྱད་ལ་དབང་འབྱོར་ནས༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མཁའ་འགྲོ་སྡེ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་རིགས་འཆང་མཁའ་འགྲོ་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་བཞི་ལ་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གིང་ཆེན་སྡེ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ དངོས་གྲུབ་ཀུན་གྱི་རྗེས་འབྲང་ཞིང་༔ རྣལ་འབྱོར་ཕྲིན་ལས་ཐོགས་མེད་སྒྲུབ༔ གིང་ཆེན་སྡེ་བཞིས་དབང་བསྐུར་རོ༔ མཐུ་སྟོབས་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དྲེགས་པ་ཀུན་འདུལ་ཡབ་ཡུམ་གཏད་ལ༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེ་འཛིན༔ ཁམས་གསུམ་སྤྱི་འདུལ་རིགས་ཀྱི་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དྲེགས་པ་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲེགས་པ་སུམ་ཅུའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་མཐུ་སྟོབས་རྨད་བྱུང་བ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྟན་སྲུང་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྟོབས་ལྡན་ནག་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྟོབས་ལྡན་ནག་པོ་ཧེ་རུ་ཀ༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གང་འདུལ་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲེགས་ཆེན་བཅོ་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ དྲེགས་པ་མ་ལུས་ཀུན་གྱི་རྗེ༔ དྲེགས་ཆེན་བཅོ་བརྒྱད་དབང་བསྐུར་རོ༔ དྲེགས་པའི་སྲོག་ལ་དབང་ཐོབ་ནས༔ བསྟན་དགྲ་བསྒྲལ་བའི་མཐུ་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བསྟན་སྲུང་རྣམས་ཀྱི་སྐུའམ་སྲོག་ཡིག་གཏད་ལ༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླང་དམ་བཅས་པའི༔ རྡོ་རྗེ་དམ་ཚིག་ལས་ཀྱི་བདག༔ དབང་མོ་འབར་མ་མིང་སྲིང་དང་༔ གིང་དང་མཁའ་འགྲོ་ས་བདག་སྡེ༔ བསྟན་སྲུང་རྒྱ་མཚོའི་དབང་བསྐུར་རོ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ འགོ་ཞིང་སྡོང་གྲོགས་མཛད་པ་དང་༔ ཕྲིན་ལས་མ་ལུས་ཐོགས་མེད་སྒྲུབས༔ གང་བསམ་འདོད་དོན་ཡོངས་གྲུབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཐལ་ཚོམ་གཏད་ལ༔ ཧཱུྃ༔ མ་རུངས་རཱུ་ཏྲ་བསྒྲལ་བ་ཡི༔ ཞིང་ཆེན་ཐལ་ཚོམ་དཔྲལ་བར་བཀོད༔ ལོག་རྟོག་བདུད་ཀྱི་དཔུང་འཇོམས་ནས༔ ཧེ་རུ་ཀ་དཔལ་ཐོབ་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རཀྟའི་ཐིག་ལེ་མཁུར་ཚོས་སུ་བཀོད་ལ༔ ཧཱུྃ༔ ཁམས་གསུམ་འཁོར་བ་སྟོང་བྱེད་རྫས༔ རཀྟ་ཁྲག་ཐིག་མཁུར་ཚོས་བཀོད༔ ཏན་གན་བརྟུལ་ཞུགས་མཐར་ཕྱིན་ནས༔ གཞན་དོན་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཞག་གི་ཟོ་རིས་ཞལ་དུ་བཀོད་ལ༔ ཧཱུྃ༔ ཁྲོ་ཆེན་གདུག་པ་རབ་འདུལ་བས༔ ཞིང་ཆེན་ཞག་གི་ཟོ་རིས་བཀོད༔ དཔའ་ཤུགས་གཟི་བརྗིད་རབ་འབར་བས༔ མ་རུངས་ཟིལ་གྱིས་གནོན་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གླང་ཆེན་ཀོ་རློན་སྟོད་དུ་བསྐོན་ལ༔ ཧཱུྃ༔ གཏི་མུག་རྟོག་པ་གནས་དག་པ༔ གླང་ཆེན་ཀོ་རློན་འདི་གཏད་པས༔ བརྗིད་དང་ཤེས་རབ་སྣང་བ་ཡི༔ སྟོབས་ནུས་ཤེས་རབ་འབར་བར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མི་ལྤགས་གཡང་གཞི་སྐེད་པར་དཀྲིས་ལ༔ ཧཱུྃ༔ འདོད་ཆགས་རྟོག་པ་གནས་དག་པ༔ མི་ལྤགས་གཡང་གཞི་འདི་གཏད་པས༔ ཆགས་དང་བདེ་ཆེན་འབར་བ་ཡིས༔ འགྲོ་ཀུན་རྗེས་སུ་འཛིན་པར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྟག་ལྤགས་ཤམ་ཐབས་སྨད་དུ་གསོལ་ལ༔ ཧཱུྃ༔ ཞེ་སྡང་རྟོག་པ་གནས་དག་པ༔ སྟག་ལྤགས་ཤམ་ཐབས་འདི་གཏད་པས༔ ལོག་རྟོག་བདུད་དཔུང་འདུལ་བ་དང་༔ ཡེ་ཤེས་ཆེན་པོར་དབང་བསྒྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྦྲུལ་རིགས་ལྔ་དང་མི་མགོའི་དོ་ཤལ་གཏད་ལ༔ ཧཱུྃ༔ དུག་ལྔ་དབྱིངས་སུ་འཇོམས་པ་དང་༔ རྟོག་ཚོགས་ཆོས་སྐུར་དག་པའི་རྫས༔ སྦྲུལ་རིགས་ལྔ་དང་ཁྲག་འཛག་པའི༔ མི་མགོ་ལྔ་བཅུའི་ཕྲེང་བ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གཟུང་འཛིན་རྟོག་པ་ཆོས་སྐུར་སངས༔ ཕྲིན་ལས་འགྲོ་འདུལ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེའི་གཤོག་པ་གཏད་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པ༔ སྣང་སྟོང་ཟུང་འཇུག་རྫོགས་པའི་དབང་༔ སྐལ་ལྡན་བུ་ལ་བསྐུར་བར་བྱ༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐོད་སྐམ་ལྔའི་དབུ་རྒྱན་དར་སྣའི་ཅོད་པན་གཏད་ལ༔ ཧཱུྃ༔ ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་རྫོགས༔ ཡེ་ཤེས་ལྔ་དང་འདུ་འབྲལ་མེད༔ དབུ་རྒྱན་ཅོད་པན་འདི་གཏད་པས༔ ཁམས་གསུམ་སྲིད་ལས་རྣམ་པར་རྒྱལ༔ རང་བྱུང་ཡེ་ཤེས་དབང་རྫོགས་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཉི་ཟླའི་སྙན་རྒྱན་གཏད་ལ༔ ཧཱུྃ༔ ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱིས༔ མ་རིག་མུན་པ་རབ་བསལ་ཏེ༔ འགྲོ་ཀུན་ཐབས་ཤེས་ཟུང་འཇུག་དབྱིངས༔ གྲོལ་བྱེད་སྙན་ཆས་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ པད་ཉི་བམ་རོ་མེ་དཔུང་གཏད་ལ༔ ཧཱུྃ༔ སྲིད་ལས་འཕགས་པའི་རིན་ཆེན་ཁྲི༔ མ་ཆགས་སྐྱོན་བྲལ་པད་ཉི་དང་༔ འཁོར་བའི་སྒོ་རྫོགས་བམ་ཆེན་རོ༔ ལོག་རྟོག་སྲེག་བྱེད་མེ་དཔུང་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་ཏེ༔ དོན་གཉིས་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པ་སྐུ་ཡི་དབང་བསྐུར་བས་ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ༔ ལུས་རྡོ་རྗེ་སྐུ་ཡི་རོལ་པར་སྨིན༔ སྤྲུལ་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་གསང་དབང་བསྐུར་བ་ནི༔ བྷནྡྷ་བདུད་རྩི་གཏད་ལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་བྷནྡྷ་རུ༔ རྒྱལ་བ་རྒྱ་མཚོ་སྤྱི་དང་ནི༔ ཁྱད་པར་བདེ་གཤེགས་འདུས་པ་ཡི༔ གསུང་གི་གསང་འདུས་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྩ་སྔགས་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡང་སྙིང་རྩ་བའི་སྔགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ ཆོས་ཕུང་ཡོངས་རྫོགས་རིན་ཆེན་ཕྲེང་༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཧཱུྃ་ཡིག་དགུ་ཚོམ་གཏད་ལ༔ ཧཱུྃ༔ ཧཱུྃ་ནི་འཁོར་འདས་ཡོངས་ཀྱི་སྲོག༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་གནས་སུ་དག༔ སྐྱེ་བ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ ངག་རྡོ་རྗེ་གསུང་གི་རོལ་པར་སྨིན༔ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཤེར་དབང་བསྐུར་བ་ནི༔ རྡོ་རྗེ་རྩེ་དགུ་གཏད་ལ༔ ཧཱུྃ༔ ཐེག་པ་དགུ་རྫོགས་ས་དགུ་འཇོམས༔ ཡེ་ཤེས་རྫོགས་པའི་རྡོ་རྗེའི་དབང་༔ རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ འབྲས་བུ་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྩེ་ལྔ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ལྔ་དང་སྐུ་ལྔ་རྫོགས༔ བརྡ་རྟགས་རྫོགས་པའི་དབང་བསྐུར་རོ༔ འགྲོ་ཀུན་སྒྲིབ་གཉིས་བཅོམ་པ་དང་༔ ཡང་དག་ས་ལ་འགོད་ནུས་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྩེ་གསུམ་གཏད་ལ༔ ཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེ་ཆེ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་རོ༔ དུག་གསུམ་རྟོག་པའི་དགྲ་བཅོམ་སྟེ༔ ཟུང་འཇུག་ཆོས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་སྐམ་པོ་གཏད་ལ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གཟུགས་མེད་སྐྱེ་བའི་སྒོ་བཅད་ནས༔ ཆོས་ཀྱི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་ར་རི་གཏད་ལ༔ ཧཱུྃ༔ རང་བཞིན་མ་འགགས་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གཟུགས་ཁམས་སྐྱེ་བའི་སྒོ་བཅད་ནས༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་རློན་པ་གཏད་ལ༔ ཧཱུྃ༔ ཚོགས་དྲུག་རང་གྲོལ་བྷནྡྷ་འབར༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ འདོད་ཁམས་སྐྱེ་བའི་སྒོ་བཅད་ནས༔ སྤྲུལ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁ་ཊྭཱྃ་གཏད་ལ༔ ཧཱུྃ༔ དུག་གསུམ་དབྱིངས་སྒྲོལ་སྐུ་གསུམ་མཚོན༔ བྱང་ཆུབ་སེམས་ཀྱི་ཁ་ཊྭཱྃ་ཀ༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ ཉོན་མོངས་དགྲ་བགེགས་སྒྲོལ་བར་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ངོ་བོ་རྡོ་རྗེའི་དབང་༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རྒྱལ་ཀུན་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་གཏད་ལ༔ ཧཱུྃ༔ འཁོར་འདས་བདེ་ཆེན་ཀློང་རྒྱས་འདེབས༔ ཤེས་རབ་ཆེན་པོའི་མཁའ་དབྱིངས་སུ༔ འཁོར་འདས་མ་བཅོས་ངང་གིས་འཆོས༔ འུབ་ཆུབ་རོལ་པའི་བྷ་ག་རུ༔ ཁམས་གསུམ་འཁོར་བའི་རྒྱུ་རྐྱེན་བཅོམ༔ ཀ་དག་བདེ་ཆེན་ཡུམ་ཆེན་མོ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཞིང་༔ འབར་དང་འཛག་པ་ལྟོ་སྦྱར་བས༔ དགའ་བ་བཞི་ཡི་ཡེ་ཤེས་རྙེད༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས༔ འཁོར་འདས་གཉིས་མེད་ཆོས་སྐུར་སངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྲོག་འཁོར་གཏད་ལ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་པའི༔ ཐུགས་གསང་རྫོགས་པའི་དཀྱིལ་འཁོར་ཆེ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ སྒྲུབ་དང་དཀྱིལ་འཁོར་སྒོར་ཞུགས་ནས༔ ལྷ་སྔགས་ཆོས་ཉིད་ངང་མངོན་གྱུར༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན༔ ཀ་དག་གཏིང་གསལ་ལྷུན་གྲུབ་སྦུབས༔ འོད་གསལ་ཆོས་སྐུར་སངས་རྒྱས་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ཡོན་ཏན་རབ་རྫོགས་པ༔ འཁོར་འདས་བཅུད་དྲིལ་རིལ་བུ་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་སྨིན༔ ཆོས་སྐུའི་གོ་འཕང་ཐོབ་སྟེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཕྲིན་ལས་སྒྲོལ་བའི་དབང་ནི༔ གསེར་སྐྱེམས་མཁྱེན་གཟུ་སྔོན་སོང་ལྟར༔ ཨེ་བསྐྱེད་འགུགས་པ་འཆིང་བཞིའི་ལས༔ ཚེ་ཁྲུས་གནས་གསུམ་རྫོགས་པའི་མཐར༔ ཨེ་ཁང་ལིང་ག་གཏད་ལ༔ ཧཱུྃ་ཨེ༔ རྣམ་ཐར་གསུམ་ལྡན་སྟོང་ཉིད་མཁར༔ གཟུང་འཛིན་རཱུ་ཏྲ་འཁོར་བའི་འདྲེ༔ མ་ལུས་འགུགས་བསྒྲལ་འདྲེན་པའི་དབང་༔ སྐལ་ལྡན་ཁྱོད་ལ་ཐོབ་པར་ཤོག༔ དཔལ་དགུའི་སྔགས་ཚན་རྣམས་ཀྱི་སྔགས་ཤམ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒྲོལ་ཕུར་གཏད་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་འཁོར་བར་འཁྱམས་པའི་བླ༔ ཆོས་ཉིད་དབྱིངས་སུ་སྒྲོལ་ནུས་ཤོག༔ དཔལ་དགུའི་སྔགས་ཚན་རྣམས་ཀྱི་སྔགས་ཤམ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕུར་པ་ཏ་ཕཊ༔ ཅེས་བརྗོད་བཞིན་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་བླ་གཡས་དཔུང་གཡོན་བརླ་གཡོན་རྣམས་སུ་རིམ་པར་གདབ༔ དེ་ནས་ཐུན་ཆས་རྣམས་གཏད་ལ༔ ཧཱུྃ༔ དྲག་པོའི་སྒྱུ་འཕྲུལ་མེ་རླུང་མཚོན༔ ཐུན་དང་ཁྲོ་ཆུང་ལྕགས་སྡིག་སོགས༔ མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དགྲ་བགེགས་ལོག་འདྲེན་ནད་མུག་མཚོན༔ མ་ལུས་བཟློག་བསྒྱུར་བསད་མནན་གྱི༔ ལས་ཀུན་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧོམ་གཏད་ལ༔ ཧཱུྃ༔ རང་རྩལ་ལྷུན་གྲུབ་ཧེ་རུ་ཀའི༔ མཉམ་ཉིད་ཞལ་གྱི་ཧོམ་ཁུང་དུ༔ དགྲ་བགེགས་བསྲེགས་པའི་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུན་ཟོར་གཏད་ལ༔ ཧཱུྃ༔ རང་བྱུང་ཡེ་ཤེས་རོལ་པའི་གདངས༔ ཡེ་ཤེས་ཐུན་མཚོན་འབར་བ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕ་རོལ་མི་མཐུན་བསམ་སྦྱོར་གནག༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས༔ མ་ལུས་བསད་ཅིང་འདྲེན་པ་ཡི༔ མཐུ་སྟོབས་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད་སོད་ཨ་བྷི་ཥིཉྩ་ཧཱུྃ༔ རི་རབ་གཏད་ལ༔ ཧཱུྃ༔ མཐུ་སྟོབས་ནུས་པ་རབ་རྫོགས་པ༔ རི་རབ་འབར་བ་འདི་གཏད་པས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ བསད་བཟློག་བྲུབ་མནན་དབང་ཐོབ་ཤོག༔ རྩ་སྔགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲལ་བསྟབ་བྱའོ༔ དེ་ལྟར་ཕྲིན་ལས་མངོན་སྤྱོད་ཀྱི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཐམས་ཅད་དྲག་པོའི་ལས་ཀྱི་ཚར་གཅོད་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ འཇའ་ཤེལ་གཏད་ལ༔ ཧཱུྃ༔ ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས༔ རང་བཞིན་མ་འགགས་འོད་དུ་གསལ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་སྐུ༔ བརྡ་རྟགས་མཚོན་པའི་འཇའ་ཤེལ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས་སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་ཐིག་ལེ་སྟོང་སྒྲོན་གཏད་ལ༔ ཧཱུྃ༔ རང་རིག་ཡེ་ཤེས་ངོ་བོ་ཉིད༔ ཐིག་ལེ་སྟོང་སྒྲོན་འོད་དུ་འབར༔ རྡོ་རྗེ་ལུག་རྒྱུད་དབང་བསྐུར་རོ༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨཱཿཕཊ༔ དེ་ནས་གཉིས་མེད་ཡེ་ཤེས་ཀྱི་དབང་ནི༔ སློབ་མ་རྣམ་སྣང་ཆོས་བདུན་གྱིས་འདུག་སྟེ༔ རིག་པ་བླ་མའི་ཐུགས་ཀར་གཏད་དོ༔ བླ་མས་འདི་སྐད་དོ༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་ངོ་བོ་ཡེ་སྟོང་སྤྲོས་དང་བྲལ་བ༔ རང་བཞིན་མ་འགགས་ལྷུན་གྲུབ་ཀྱི་གདངས་ཆེན༔ ཐུགས་རྗེ་རང་ཤར་རང་གྲོལ་གྱི་ངང་གནས་ཆེན་པོ༔ འདི་དག་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ངོ་བོ་ཡིན་ནོ༔ འདི་ཡི་ངང་དུ་ཞོག་ཅིག༔ མི་བསྒོམ་པར་རང་བབས་སུ་ཞོག༔ མ་འཁྲུལ་བར་ཞེན་བྲལ་དུ་ལྷོད༔ མ་འཛིན་པར་ཀ་དག་ཏུ་སྐྱོངས༔ མ་ཡེངས་པར་ལྷུན་གྲུབ་ཏུ་ཞོག༔ ཡེ་གྲོལ་ཡིན་ཏེ་ཡང་གྲོལ་མི་གཞུག༔ བརྗོད་བྲལ་ཡིན་ཏེ་མཚན་དཔེར་མ་འཁྲུལ༔ རིག་པ་ཡིན་ཏེ་མ་རིག་པ་དང་མ་ནོར༔ ངོ་བོའི་ངང་བཞག་ངང་གནས་ཡིན་ཏེ་འཁྲུལ་པ་རང་གར་འཁྱོལ་བ་དང་མ་ནོར་བར་དོན་དམ་མི་ཤིགས་པའི་ངོ་བོར་གདིང་ཐོབ་པར་གྱིས་ཤིག༔ དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་དུས་གཅིག་ཏུ་ཐོབ་པ་ནི༔ ཆོས་ཉིད་ཀྱི་གནས་ལུགས་མཐོང་བ་ཉིད་དོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ དེ་ལྟར་ཀ་དག་ཚིག་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག༔ ཀ་དག་ཚིག་གི་དབང་ཐོབ༔ བརྗོད་པ་དང་བྲལ་བའི་གནས་ལུགས་མངོན་དུ་གྱུར༔ ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར་ཏེ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་ནུས་པའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་གཏོར་དབང་བསྐུར་བ་ནི༔ ཧཱུྃ༔ ཁྱབ་བརྡལ་ཡངས་པའི་གཏོར་གཞོང་དུ༔ ལྷུན་གྲུབ་རྫོགས་པའི་གཏོར་མ་བཤམས༔ ཡེ་ཤེས་ལྔ་ཡིས་གཏོར་རྒྱན་སྤྲས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དངོས་གྲུབ་ཀུན་ཐོབ་ཤོག༔ རྩ་སྔགས་སརྦ་མཎྜ་ལ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མཐའ་བརྟེན་གཏོར་མའི་དབང་བསྐུར་བས་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཐམས་ཅད་བསྙེན་ཅིང་བསྒྲུབ་པ་ཙམ་གྱིས་འགྲུབ་ཅིང་དངོས་གྲུབ་ཐམས་ཅད་ཐོབ་ནུས་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ དེ་ནས་བཀའ་དབང་བསྐུར་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ དགའ་རབ་རྡོ་རྗེ་མཁའ་འགྲོ་ལས་ཀྱི་དབང་༔ མཉྫུ་མི་ཏྲ་རིག་འཛིན་ཤྲཱི་སེང་༔ གྲུབ་ཆེན་བརྒྱད་དང་པད་འབྱུང་ཆོས་རྒྱལ་དང་༔ མཁར་ཆེན་བཟའ་དང་རྗེ་འབངས་ཉི་ཤུ་ལྔ༔ གཏེར་ཆེན་བརྒྱ་རྩ་བརྒྱུད་ཚུལ་དྲུག་ལྡན་མཛོད༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བདུད་འཇོམས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་མི་ཁྱབ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་དམ་ཅན་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་བྱིན་གྱིས༔ མདོ་སྔགས་རྒྱ་མཚོ་རྒྱུད་སྡེ་ཕྱི་ནང་གཉིས༔ ཁྱད་པར་འོད་གསལ་རྫོགས་ཆེན་གསང་བའི་མཛོད༔ ལུང་དང་རྟོགས་པའི་གསུང་རབ་མ་ལུས་པའི༔ བཀའ་དབང་རབ་འབྱམས་སྒོ་གསུམ་ལ་ཐོབ་སྟེ༔ སྣང་སྲིད་དག་པ་རབ་འབྱམས་བདེ་བ་ཆེ༔ རགས་པའི་སྒྱུ་ལུས་ཡེ་ཤེས་ལྷ་སྐུར་སྨིན༔ སྒྲ་གྲགས་སྔགས་དང་དྲན་རྟོག་ཆོས་སྐུར་འཕོས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ འབད་པ་མེད་པར་མྱུར་དུ་འགྲུབ་གྱུར་ཅིག༔ མཐར་ཐུག་རང་སྣང་གཞོན་ནུ་བུམ་པའི་སྐུ༔ ཁྱད་ཆོས་དྲུག་ལྡན་ཆོས་སྐུའི་རྒྱལ་སྲིད་ལ༔ དབང་འབྱོར་ཡིད་བཞིན་ནོར་བུ་རིན་ཆེན་ལྟར༔ སེམས་ཅན་རྣམས་ཀྱི་དོན་རབ་བསྒྲུབ་པ་དང་༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ ལན་གསུམ་བརྗོད་ཅིང་གླགས་བམ་སྤྱི་བོར་བཞག་གོ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ བཅོམ་ལྡན་ཐུབ་པའི་དབང་པོ་ཡི༔ བྱིན་གྱིས་བརླབས་པའི་རྫས་མཆོག་བརྒྱད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ སརྦ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ རྒྱལ་བའི་མཚན་དཔེ་ལས་བྱུང་བའི༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་སྟེ༔ འགྲོ་དོན་ཐོགས་མེད་འགྲུབ་པར་ཤོག༔ སརྦ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བདུན༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕགས་པའི་ནོར་བདུན་གྱིས་ཕྱུག་ཅིང་༔ རང་རིག་ཆོས་སྐུའི་སྲིད་ཐོབ་ཤོག༔ སརྦ་རཏྣ་མངྒ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ལྟར་བཀྲ་ཤིས་རྫས་རྟགས་དང་སྣ་བདུན་གྱིས་དབང་བསྐུར་བས་རང་དོན་དུ་བཀྲ་ཤིས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་ཐོབ་པ་དང་༔ གཞན་དོན་དུ་གཟུགས་ཀྱི་སྐུས་འཁོར་བ་དོང་ནས་སྤྲུགས་ནུས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་དམ་ཁས་བླང་བ་ནི༔ ཧོཿརྡོ་རྗེ་རྒྱལ་པོ་ཧེ་རུ་ཀས༔ ཇི་ལྟར་དམ་ནི་བསྒྲགས་པ་བཞིན༔ བདག་གི་སྲོག་ལ་བབ་གྱུར་ཀྱང་༔ རྡོ་རྗེའི་གནས་ལས་འདའ་མི་བགྱིད༔ དཀྱིལ་འཁོར་གསུམ་ལས་མི་འདའ་ཞིང་༔ ཕུང་ཁམས་ཡེ་ཤེས་ལྷ་རུ་སྦྱོར༔ སངས་རྒྱས་གཞན་དུ་མི་འཛིན་པར༔ རང་རིག་རྫོགས་པའི་དཀྱིལ་འཁོར་ལས༔ ནམ་ཡང་འདའ་བར་མི་བགྱིད་དོ༔ ཞེས་པ་ལན་གསུམ་བོར་ནས་ནི༔ དམ་ཚིག་ཁས་བླང་གཉེར་དུ་གཏད༔ སྐུ་དྲིན་བཟོ་བའི་སླད་དུ་ནི༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བློས་བླངས་འཕངས་པ་མེད་པར་འབུལ༔ བླ་མའི་ཕྱོགས་སུ་འབུལ་སྙམ་ནས༔ མཎྜལ་ཕུལ་མཐར་ཚིག་འདི་བརྗོད༔ ཨེ་མ༔ རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གཙོ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ འཕངས་མེད་བློ་ཡིས་རབ་བླངས་ཏེ༔ གུས་པ་ཆེན་པོས་འབུལ་ལགས་ཀྱིས༔ བདག་གི་ཚོགས་གཉིས་རབ་རྫོགས་ཕྱིར༔ ཐུགས་རྗེའི་དགྱེས་པར་བཞེས་ནས་ཀྱང་༔ ཁྱོད་ཀྱི་སློབ་མར་བཟུང་དུ་གསོལ༔ ཅེས་པ་ལན་གསུམ་བརྗོད་ནས་སླར༔ ཤིས་བརྗོད་བསྔོ་སྨོན་གདབ་པར་བྱ༔ དེ་ལ་དཔོན་སློབ་རྟེན་འབྲེལ་ནི༔ མ་འཛོལ་ལེགས་པར་བརྟགས་པ་དང་༔ བླ་མ་ནུས་པ་རྫོགས་པ་དང་༔ སློབ་མ་མོས་གུས་ལྡན་པ་གཅེས༔ སྲོག་གི་དམ་ཚིག་སྲུང་བ་གནད༔ རྟེན་ནི་གསུམ་པོ་གང་རུང་སྟེ༔ དབང་གི་རིམ་པ་བཞི་རུ་དབྱེ༔ ཐུན་མོང་དབང་ལྔ་སློབ་བུའི་དབང་༔ རྡོ་རྗེ་སློབ་དཔོན་དབང་དང་བདུན༔ བུམ་པ་བསྐྱེད་པ་སྐུ་ཡི་དབང་༔ བྷནྡྷ་རྫོགས་རིམ་གསང་བའི་དབང་༔ རིག་མ་ཤེས་རབ་ཡེ་ཤེས་དབང་༔ འཇའ་ཤེལ་ཀ་དག་ཚིག་གི་དབང་༔ དཀྱིལ་འཁོར་ཡོངས་རྫོགས་གཏོར་མའི་དབང་༔ དངོས་གྲུབ་བརྟན་ཕྱིར་མཐའ་རྟེན་དབང་༔ དབང་རྣམས་ལེགས་པར་རྫོགས་པར་བྱ༔ དེ་ཡང་རྟེན་ནི་ཚོགས་བརྒྱད་དང་༔ བརྟེན་པ་ཡེ་ཤེས་ལྷ་ཡིན་ཕྱིར༔ རྐྱེན་ནི་རྡོ་རྗེ་སློབ་དཔོན་ཏེ༔ རྒྱུ་ནི་རིག་པ་བྱང་ཆུབ་སེམས༔ རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་ལས༔ དབང་གི་སྨིན་པས་འབྲས་བུ་ལེགས༔ སྐུ་ལྔ་གསུང་ལྔ་ཐུགས་ལྔ་དང་༔ ཡོན་ཏན་ལྔ་དང་ཕྲིན་ལས་ལྔ༔ རང་རིག་གཞི་ལ་རྫོགས་པ་ཡི༔ དབང་ཐོབ་དོན་གཉིས་མཛད་པ་འགྲུབ༔ ཕྱི་ནང་བར་ཆད་བགེགས་ལས་རྒྱལ༔ མ་དང་མཁའ་འགྲོས་བུ་བཞིན་བརྩེ༔ ནང་དུ་རླུང་སེམས་འཆིང་བ་ལས༔ ཕྱི་རུ་ཟས་ནོར་ལོངས་སྤྱོད་འདུ༔ བརྗོད་མེད་གནས་ལུགས་མངོན་དུ་གྱུར༔ སྙན་དང་གྲགས་པས་ས་སྟེང་ཁྱབ༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ བཀའ་འདི་དབང་ཕྱུག་ཉེར་བརྒྱད་དང་༔ མཁའ་འགྲོ་སུམ་ཅུ་གིང་བཅོ་བརྒྱད༔ ཀཽ་སེང་དཔལ་གྱི་ཁྱི་སྤྱང་དང་༔ ཕུར་སྲུང་བཅུ་དྲུག་མཁའ་འགྲོའི་ཚོགས༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ སྡེ་དཔོན་སུམ་ཅུ་བརྟན་མ་སྐྱོང་༔ དྲེགས་ཆེན་བཅོ་བརྒྱད་ལ་སོགས་པའི༔ བཀའ་བརྒྱད་གསང་བ་འདུས་པ་ཡི༔ ཕྱི་ནང་གསང་བའི་སྲུང་མ་རྣམས༔ བཀའ་འདི་གཏད་ཅིང་གཉེར་དུ་བཅོལ༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ ང་སྤྲུལ་ལས་ཅན་བུ་མཆོག་ནི༔ ཁྲག་འཐུང་ཆོས་ཉིད་ཀློང་བརྡོལ་དང་༔ འདི་འཕྲད་འགྲོ་དོན་མཐའ་རྒྱས་ཤོག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་ཡངས་པ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གླིང་པ་བདུད་འཇོམས་རྡོ་རྗེས་ཤོག་སེར་རཱུ་ཏྲའི་སྙིང་ལྤགས་ལོགས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཚུལ་ཁྲིམས་རྡོ་རྗེས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།