TTDL-ZABTER-11-DA-012: Difference between revisions

From Dudjom Wiki
TTDL-ZABTER-11-DA-012
No edit summary
m (Text replacement - "ཧོཿ" to "ཧོཿ ")
Line 39: Line 39:

༄༅།  །བླ་མ་དང་རྒྱལ་ཡུམ་ཁྲོས་མ་ནག་མོ་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ལོ།  །བྱང་ཆུབ་སྙིང་པོའི་བར་དུ་བརྩེ་བས་རྗེས་སུ་བཟུང་དུ་གསོལ།  དེ་ལ་འདིར་གྲུབ་མཆོག་ས་ར་ཧ་པའི་ཐུགས་བཅུད་མཁའ་འགྲོའི་སྲོག་ཏིག་དངོས་འཛིན་རེ་དོགས་གཅོད་པའི་གདམས་པ་ཟབ་མོ་ཉམས་སུ་ལེན་པ་ལ།  དང་པོ་ཐུན་མོང་དང་ཐུན་མིན་སྔོན་འགྲོའི་སྤྱི་ཁྲིད་རྣམས་ཀྱིས་རང་རྒྱུད་འདུལ་བ་གཞིར་བཞག་ནས།  དབང་བསྐུར་ལེགས་པར་ཐོབ་ཅིང་དངོས་གཞི་ཐུན་མོང་མ་ཡིན་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཏན་ལ་དབབ་ནས་འཁོར་འདས་རང་སྣང་ལས་གཞན་དུ་གྲུབ་པ་མེད་པའི་ཐག་གཏིང་དཔོག་པར་ཆོད་པར་བྱས་ཏེ།  མཐར་རྐྱེན་ཐོག་ཏུ་གནད་ངོ་འཕྲོད་ཕྱིར་ཡུལ་འཛིན་རེ་དོགས་ཀྱི་མཚང་ལ་རྒོལ་ཞིང་གཉན་ཁྲོད་ངེས་མེད་དུ་འགྲིམས་པའི་ལག་ལེན་ལ་བཞི་ལས།  དང་པོ་ནི།  འདི་ལྟར་འཁོར་བ་མཐའ་མེད་པའི་གནས་ན་བཟོད་མེད་སྡུག་བསྔལ་གྱིས་གདུང་བའི་མ་རྒན་སེམས་ཅན་འདི་རྣམས་ཐམས་ཅད་སྙིང་རེ་རྗེ།  ད་ནི་ངས་འདི་རྣམས་ཐར་པ་དང་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ།  །དེའི་ཆེད་དུ་བདག་གིས་དཀའ་བ་དང་དུ་ལེན།  ངལ་བ་ཁྱད་དུ་གསོད།  དམ་པའི་ཆོས་དོན་དུ་གཉེར།  འཁོར་བར་རྒྱབ་ཀྱིས་ཕྱོགས་ནས་ཕྱིན་ཆད་འཁོར་བ་རུ་མི་ལྡོག་གོ་བསམ་ཞིང་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་འགྲོ་བ་ནི་ཀུན་སློང་ངོ་།  །དེ་ལ་ཐོག་མར་སྔ་ནོན་བཏང་བ་ལ།  རང་ཁྲོས་མ་ནག་མོའི་ཐུགས་ཀར་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཡིག་གསལ་བ་དེ་ལས་མེ་ལས་མེ་སྟག་གམ་སྐར་མ་ལས་སྐར་མདའ་ཆད་པ་ལྟར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་བ་བརྟན་པ་ལྕི་བ་འཐས་པ་ཡེ་ཤེས་ཀྱི་མེ་འབར་བ་ཞིག་འཕྲོས་ཏེ་གཉན་ས་དེ་རུ་ཐོག་ལྟར་དུ་བབས་པས་རི་བྲག་དང་གྲོང་ཁྱིམ་ཡིན་ན་བཤིག་ཅིང་གཏོར།  ཤིང་དང་ནགས་ཚལ་ཡིན་ན་བཅད་ཅིང་བསྲེགས།  ཆུ་དང་མཚོ་ཡིན་ན་སྐམ།  ཐང་དང་ལམ་ཡིན་ན་བསིགས་ཤིང་གཏོར་ཏེ་ལྷ་འདྲེ་ཅི་ཡོད་ཐམས་ཅད་ཀྱི་རང་སྣང་ལས་གྲུབ་པའི་རྟེན་གནས་ཁང་ཁྱིམ་ཐམས་ཅད་རྗེས་མེད་དུ་བཤིག་ཅིང་བསྲེགས་ནས་གཅེར་བུ་མགོན་མེད་དུ་གྱུར་པའི་མཐར་རྡོ་རྗེ་མེ་འབར་བའི་ར་བ།  དེ་མཐར་མེ་དཔུང་འབར་བའི་ར་བ།  དེ་མཐར་མི་ནག་མཚོན་ཐོགས་ཀྱི་ར་བ།  དེ་མཐར་མཁའ་འགྲོ་ཁྲོས་མའི་ར་བ།  དེ་མཐར་རྡོ་རྗེའི་ཆུ་བོ་རྦ་རླབས་དགུང་ལ་འཕྱོ་བའི་ར་བ།  དེ་མཐར་རླུང་ནག་སྤུ་གྲི་རེག་གཅོད་ཀྱི་ར་བས་བསྐོར་ནས་གང་དུ་བྲོས་ས་དང་ཐར་ཡུལ་མེད་པར་གྱུར་ནས་སྟོབས་དང་ནུས་པ་ཡང་ཡང་འཆིང་བར་བསྒོམ་པ་སྤྱི་ཆིངས་ཡིན།  ཐོག་བབ་ཏུ་ཟིལ་གནོན་བྱེད་དགོས་པ་བྱུང་ན་ཕྱོགས་མཚམས་རྣམས་སུ་ལྟ་སྟངས་ཀྱིས་གཟིར་ཏེ་ལྷ་འདྲེ་གནོད་བྱེད་ཐམས་ཅད་འཕར་ལྡང་མེད་པར་ནུས་པ་འཆིང་བ་ལྟར་གཡོ་འགུལ་མེད་པར་ཟིལ་གྱིས་གནོན་པར་བསམ་ལ་ལྟ་བའི་ངར་གདིང་བསྐྱེད་དེ།  རྐང་གླིང་ཆངས་པའི་མཐིལ་དུ་ལན་གསུམ་བརྡབ་པས་ལྷ་འདྲེ་ཉམ་ཆུང་བ་རྣམས་མ་འཇིགས།  མ་སྐྲག།  མ་སྔངས་ཞེས་བརྗོད་དོ།  །འབུད་པ་ཙམ་གྱིས་འཁོར་བའི་འཁྲུལ་འཁོར་ཞིག་གོ།  །ཁོའི་དཔའ་ཟིིལ་བཅོམ་ནས་འདར་ཕྲི་ལི་ལི་བྱེད་པར་བསམ་ལ།  སྒྲ་དང་པོས་སེམས་ཅན་ཐམས་ཅད་གཏི་མུག་གི་གཉིད་ལས་སད་པར་བྱས།  གཉིས་པས་རྟོག་མེད་ཀྱི་ངང་དུ་བསྡུས།  གསུམ་པས་རང་སྣང་གི་ཀློང་དུ་འུབ་ཀྱིས་འདུས་ནས་གཡོ་འགུལ་མེད་པར་བསམ་ལ།  དབང་སྡུད་ཟིལ་གནོན་འདོན།  ཡང་གཉན་ས་ཐག་ཉེ་ཞག་བདུན་སོགས་ཀྱི་སྐབས་སུ་རང་གི་ཁང་ཁྱིམ་ཀ་ཆ་བཅོལ་དགོས་གལ་བྱུང་ན་ཁང་ཁྱིམ་གྱི་ཕྱི་སྒོར་ཐོན་ནས་མི་རྐང་ལན་གསུམ་འབུད་དེ།  ཀྭིའི་ཀྭིའི།  བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་འདིར་གཤེགས་འདིར་འདུས་ཤིག།  ཅེས་ལན་གསུམ་བརྗོད་པས་ཐིབས་ཀྱིས་འདུས་པར་བསམ་ལ་ཤ་ཁྲག་འདོད་ཡོན་སྣ་ཚོགས་སུ་བསྒྱུར་ནས་ཕོག་གཏད་ལ།  བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་མི་མ་ཡིན་ཁྱོད་རྣམས་ལ་ངའི་གནས་ཁང་ཀ་ཆ་ནོར་རྫས་འདི་རྣམས་བཅོལ་ལོ།  །  གཉེར་རོ།  །བདག་ཕྱིར་མ་སླེབ་ཀྱི་བར་དུ་དགྲ་འདྲེ་ཐམས་ཅད་ཀྱི་ལག་ཏུ་མ་བཏང་།  དབང་དུ་མ་བཏང་བར་སྲུངས་ཤིག།  བཀའ་ཡིས་གཏད་དོ།  །དམ་ཚིག་གིས་བཅོལ་ལོ།  །གལ་ཏེ་དགྲ་ཇག་ཆོམ་རྐུན་ལ་ཤོར་ན་ངས་མཛེ་ཤའི་རི་བོ་སྤུངས།  མཛེ་ཁྲག་གི་རྒྱ་མཚོར་བསྐྱིལ།  མཛེ་ཚིལ་དང་ཡུག་སྐྲས་གཞོབ་བདུག་བྱས་ནས་ཁྱེད་རྣམས་རྩད་ནས་གཅོད་ཅིང་ཤུལ་མེད་དུ་བརླག་པར་མི་བྱེད་རེ་ན་ར་ཀན་ཞེས་བརྗོད་དེ་བཅོལ།  གཉན་ས་བརྒྱ་རྩ་སོགས་ལ་འགྲོ་ན་ནང་མཚམས་བསྙེན་པ་ཞལ་རྒྱུན་ལྟར་གྲུབ་ནས།  དང་པོ་སྒོ་ཐེམས་མཚམས་སུ་ཞག་གསུམ།  དེ་ནས་མིག་མཐོང་གང་དུ་སྔ་ཚད་རྫོགས་པའི་བར་དུ་བསྡད།  དེ་ནས་གོམ་པ་བདུན་གྱི་མཚམས་སུ་ཕྱིན་ནས་དམིགས་པ་འདི་ལྟར་བྱ།  སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་རང་གི་སྣང་བ་ཆེན་པོས་ཁྱབ་པར་རིགས་ཏེ།  སྣང་སྲིད་འཁོར་འདས་ཐམས་ཅད་རངགི་སེམས་ལས་མི་གཞན་པས་ལྷ་འདྲེ་དང་སེམས་ཅན་ཐམས་ཅད་རང་གི་སེམས་ཀྱི་རྣམ་རྟོག་ཏུ་འདུག་པས་རྣམ་པར་རྟོག་པ་ཐམས་ཅད་གཡོ་མེད་ཀྱི་ཀློང་དུ་བསྡུས་ཤིང་འཁྲུལ་མེད་ཀྱི་གཞི་རུ་གནོན་པར་བྱའོ།  །དེ་ནི་བསམ་བྱ་བློས་བཞག་མ་ཡིན་པར་ཡེ་ཡིན་ཡིན་ལུགས་ཀྱི་ཐོག་ཏུ་གཏན་ལ་ཕེབ་པ་གལ་ཆེ།  དེ་ལ་དང་པོ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་ཞེས་བྱ་བས་ཆོས་སྐུའི་རང་ཞལ་བསྒྲིབས་ཏེ་ངར་འཛིན་གྱི་ཤེས་པ་ལངས་ནས་ལུས་མེད་པ་ལ་ལུས་སྣང་།  དེར་བདག་ཏུ་བཟུང་ནས་གཅེས་འཛིན་གྱི་ཤེས་པ་ཤིན་ཏུ་བརྟན་ཅིང་འཐས་པ་བྱུང་ནས་སེམས་ཀྱིས་དེ་གཅེས་པར་བསྐྱངས་ཏེ་འཁྲུལ་པའི་སྣང་བ་རེ་དོགས་དགའ་སྡུག་སྣ་ཚོགས་ཉེ་བར་ལེན་ཞིང་སེམས་མེད་པའི་གནས་སྐབས་རེ་ཙམ་མ་གཏོགས་པར་ཟག་བཅས་ཉེར་ལེན་གྱི་ལུས་འདི་ལུས་དང་གྲི་མ་བཞིན་དུ་འགྲོགས་པའི་སྡུག་བསྔལ་སྣ་ཚོགས་པའི་གཞི་རུ་གྱུར་པ་ཡིན་ཏེ།  དེའི་ཕྱིར་འཁོར་བ་དང་ངན་སོང་གི་གཞི་ནི་ལུས་ལ་གཅེས་འཛིན་བྱས་པ་ཡིན།  དེ་གཅོད་པའི་ཐབས་སུ་ལུས་འདི་རོ་ལྟ་བུར་ཤེས་ཏེ།  རྣམ་པར་ཤེས་པ་ལ་རོ་ཁུར་མིའི་འདུ་ཤེས་དང་།  གཅེས་འཛིན་ལ་ཁུར་ཐག་གི་འདུ་ཤེས་དང་།  གཉན་ས་ལ་དུར་ཁྲོད་ཀྱི་འདུ་ཤེས་དང་།  ལྷ་འདྲེ་ལ་བྱ་དང་གཅན་གཟན་གྱི་འདུ་ཤེས་ཏེ་རྣམ་པ་ལྔའི་སྒོ་ནས་འགྲོ་བར་བྱ།  འགྲོ་བའི་དུས་དང་གནས་དང་འགྲོ་བ་རྣམས་ཤིན་ཏུ་གསང་བར་བྱ་བ་དང་།  དུས་ནི་མཚན་མོ་མུན་པའི་སྨག་ལ་མཚོན་དང་གྲོགས་དང་སྲུང་བ་སོགས་བློ་ཕུག་གཏོད་ཡུལ་་མེད་པར་འགྲོ།  འགྲོ་ལུགས་རྣལ་འབྱོར་པ་རབ་ཀྱིས་འཁོར་འདས་རང་སྣང་དུ་ངོ་ཤེས་པའི་ངང་ནས་སེམས་རྩལ་སྣང་བར་རྫོགས་པའི་གདིང་ཀྱིས་ལྟ་སྟངས་བྱེད་ཅིང་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུར་ལྟ་བའི་གདིང་ཀྱིས་འགྲོ།  དེ་ལྟར་མི་ལྡན་པ་དག་གིས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་ཆེ་བརྗིད་རབ་ཏུ་འཇིགས་པའི་སྐུར་བསྒོམ།  སྣང་སྲིད་ཀྱི་ཁམས་ཐམས་ཅད་ནམ་མཁའ་སྟོང་པ་ཁྱབ་བརྡལ་གྱི་རང་བཞིན་དུ་བསམ་སྟེ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ར་ལུག་སེར་བས་དེད་པ་བཞིན་དུ་རང་དབང་མེད་པར་དེད་ནས་འགྲོ་བར་བསམ་ལ་འགྱིང་སྟབས་ཀྱིས་འགྲོ་བ་ནི་དཔའ་བོའི་སྟབས་འགྲོས་དང་།  མཁའ་འགྲོའི་གར་གྱིས་འགྲོ་ཚུལ་ལ་མིག་གིས་ཁེབས་ཚད་གང་ཚུན་ཆད་ཀྱི་ལྷ་འདྲེ་ཐམས་ཅད་རང་གི་ལུས་ལ་ཐིམ་པར་ཡང་ཡང་བསམ་ནས་གར་སྟབས་རེ་བྱ་ཞིང་འགྲོ་བ་དང་།  ལམ་དེའི་ས་བདག་ཀླུ་གཉན་ཐམས་ཅད་གནས་མལ་དང་བཅས་པ་རྗེས་ཤུལ་ཙམ་ཡང་མ་ལུས་པར་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་གཉན་ས་དེར་ཁྱེར་བར་བསམ་ལ་སྦྲུལ་ནག་འཁྱིལ་འགྲོས་ཀྱིས་འགྲོ་བར་བྱའོ།  །དེ་ནས་གཉན་སའི་མགོ་བོ་མཐོང་སར་སླེབ་ཚེ།  རང་ཉིད་ཁྲོས་མའི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་མཐིང་ནག་དཀར་སེར་དམར་ལྗང་གྲངས་མེད་པས་གཡོན་པས་མི་རྐང་གི་གླིང་བུའི་སྒྲས་ཁམས་གསུམ་དབང་དུ་སྡུད་ཅིང་།  གཡས་པའི་མི་ལྤགས་ཀྱི་གཡང་གཞི་བརྡབ་པས་དེ་དག་གི་རྒྱུད་ཀྱི་གདུག་སེམས་དཔའ་ཟིལ་བཅོམ་ནས་ན་བུན་འཐོར་རླུང་གིས་དེད་པའམ་བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟར་གཉན་མིག་གི་ར་བ་དྲུག་གི་ནང་དུ་བཙུད་པས་ཐར་འཆོར་མེད་པར་བསམས་ཏེ་དབང་སྡུད་ཟིལ་གནོན་བྱ།  གཅོད་མཁན་གྱི་མཚོན་ཆའི་མཆོག་མི་ལྤགས་ཀྱི་གཡང་གཞི་འདི་ནི་འཁོར་བ་དབྱིངས་སུ་བཤིག་བྱེད་ཀྱི་རྫས་ཡིན་པས་ཀླད་ལ་བསྐོར་བས་ཡུལ་དང་ཡུལ་ཅན་ཐམས་ཅད་ཁོ་རོ་རོ་སྐུ་གསུམ་གྱི་དབྱིངས་སུ་བསྐོར་ནས་ས་ལ་བརྡབ་པ་ཙམ་གྱིས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཡུལ་མེད་ཟང་ཐལ་དུ་བཤིག་པར་བྱེད་པའོ།  །དེ་ནས་གཉན་སར་སླེབ་མ་ཐག་ཏུ་རང་ཉིད་ཁྲོས་མའི་ཕྱག་གཡས་པས་གཡང་གཞི་བརྡབ་པས་ལྷ་འདྲེའི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་བཅོམ་ནས་མི་ནག་ཆེན་པོ་ཞིག་ཏུ་གྱུར་པའི་རྐང་པ་གཡས་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་གྱི་ལྷ་འདྲེ་ཐམས་ཅད་བསྟིམ།  ཡང་ན་རང་འདྲ་བའི་མཁའ་འགྲོ་མ་གྲངས་མེད་པས་ལྷ་འདྲེ་དུ་ཡོད་རྣམས་ཀྱི་རྐང་པ་གཡས་ནས་བཟུང་སྟེ་གོང་བཞིན་ཀླད་ལ་བསྐོར།  ས་ལ་ཐང་གསུམ་བརྡབ་པས་ཉོན་མོངས་པ་དུག་གསུམ་དང་འཁོར་བའི་འཁྲུལ་རྟོག་ཐམས་ཅད་དབྱིངས་སུ་གཞིག་ནས་དཔའ་ཟིལ་བཅོམ།  ཐང་ལ་འཕང་ནས་གན་རྐྱལ་དུ་ཡོད་པའི་སྟེང་དུ་རང་ཉིད་ཁྲོས་མའི་དཀྱིལ་འཁོར་དུ་བཞེངས་པར་བསམ་ནས་དབང་སྡུད་ཟིལ་གནོན་འདོན་ཅིང་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་དཔག་ཏུ་མེད་པས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས་ནས་གདན་འོག་གི་མི་ནག་ལ་ཐིམ།  སྙིང་གར་ཉི་གདན་ཆེན་པོས་མནན་ནས་དེ་སྟེང་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་ཐམས་ཅད་ཀྱིས་རྟ་བྲོ་འཁྲབ་པས་དེ་དག་གི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རགས་གདུག་སེམས་ནུས་མཐུ་ཐམས་ཅད་བཅོམ་པར་བསམ་ལ་བྲོ་ར་འདོན་ཅིང་འཁྲབ།  མགོ་དང་ཡན་ལག་རྣམས་སུ་ཡེ་ཤེས་ལྔའི་ཕུར་པ་བཏབ་ནས་འཕར་ལྡང་གཡོ་འགུལ་མེད་པར་བསམ་སྟེ་ཕུར་ཁྱེར་འདོན།  ཅོག་གུར་གྱི་ཕྱི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་འདོད་རྒུ་འབྱུང་བའི་རང་བཞིན་ཅན་ལ་ནང་མཁའ་འགྲོ་འདུ་བའི་གནས་མཆོག་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་བསྒོམ་པར་བྱ་བ་སྐབས་དང་པོའོ།  །གཉིས་པ་བར་ནོན་ནི།  གནས་དེའི་ཕྱོགས་བཞིར་ཐོ་བཞི་བརྩིགས་ལ་ལྷ་བསྐྱེད་པ་ནི།  ཨོཾ་སརྦ་དྷརྨ་ག་ག་ན་ཨ་ཨཱཿཞེས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་པད་ཉིིའི་གདན་ལ་ཤར་གྱི་ཐོ་ཧཿལས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་མོ༔ ལྷོའི་ཐོ་རིཿལས་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ༔ ནུབ་ཀྱི་ཐོ་ནིཿལས་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ༔ བྱང་གི་ཐོ་སཿལས་ཀརྨ་མཁའ་འགྲོ་སྐུ་མདོག་ལྗང་གུ༔ ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ མཆན་ཁུང་གཡོན་དུ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་རྩེ་གསུམ་འཛིན་པ༔ སྤྱན་གསུམ་དང་ལྡན་ཞིང་ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ༔ དབུ་སྐྲ་ཐོར་གཙུག་དང་ལྷག་མས་སྐུ་རྒྱབ་ཁེབས་པ༔ སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཞབས་གཉིས་གར་སྟབས་ལིང་ལིང་བསྒྱུར་བ་སྤྲུལ་པ་འབུམ་ཕྲག་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ཏེ་སྐྱེ་འགྲོ་ཐུགས་རྗེས་སྒྲོལ་ནུས་པའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་གཤེགས་རྟེན་འདིར་རྟེན་ཆོས་ལ༔ ངའི་བསམ་པ་ཡོངས་སུ་མ་རྫོགས་བར༔ ཁྱེད་འདིར་བཞུགས་གང་འདུལ་ཐབས་མང་གིས༔ བདུད་རྣམ་བཞི་དབྱིངས་སུ་གཅོད་པ་དང་༔ ཡུལ་ལྷ་འདྲེའི་འགྲོ་དོན་མཐར་ཕྱིན་ནས༔ དཔལ་ཧེ་རུ་ཀ་ལྟར་བྱིན་གྱིས་རློབས༔ ཧ་བཛྲ་ཌཱཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿདེ་ནས་ལྷོའི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་སོགས༔ རློབས༔ རི་རཏྣ་ཌཱ་ཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿདེ་ནས་ནུབ་ཀྱི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་སོགས༔ རློབས༔ ནི་པདྨ་ཌཱཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿདེ་ནས་བྱང་གི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་སོགས༔ རློབས༔ ས་ཀརྨ་ཌཱ་ཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿཡང་རྒྱས་པར་སྤྲོ་ན༔ ཤར་གྱི་ཐོ་ལ༔ ཨོཾ་སརྦ་དྷརྨ་ག་ག་ན་ཨ་ཨཱཿསྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་ཤར་གྱི་ཐོ་ཧཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁར་ཕྱར་བ་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་དུ་བརྟེན་པ༔ སྤྱན་གསུམ་དང་ལྡན་ཞིང་སོགས༔ བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས༔ ཕ་ལ་ཧོཿདེ་ནས་ལྷོའི་ཐོ་ལ༔ ཨོཾ་སརྦ་དྷརྨ་ག་ག་ན་ཨ་ཨཱཿསྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ལྷོའི་ཐོ་རིཿཡིག་སེར་པོ་ཡོངས་སུ་གྱུར་པ་ལས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་སེར་པོ་སོགས༔ བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས༔ ཕ་ལ་ཧོཿདེ་ནས་ནུབ་ཀྱི་ཐོ་ལ༔ ཨོཾ་སརྦ་སོགས༔ ནུབ་ཀྱི་ཐོ་ནིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་སོགས༔ བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས༔ ཕ་ལ་ཧོཿདེ་ནས་བྱང་གི་ཐོ་ལ༔ ཨོཾ་སརྦ་དྷརྨ་སོགས༔ བྱང་གི་ཐོ་སཿཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་སོགས༔ བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས༔ ཕ་ལ་ཧོཿཞེས་གོང་ལྟར་རོ། །སླར་ཡང་གདན་ལ་འཁོད་ནས་རང་ལུས་སྲ་བརྟན་ལྕི་ཞིང་འཐས་པ་མགོ་བོས་ལུང་པའི་ཕུ་དང་རྩིབ་ལོག་གཡས་པས་ཉིན་གཡོན་པས་སྲིབ་རྐང་པས་མདའ་རྒལ་པས་གཞུང་ཐམས་ཅད་གནོན་ཅིང་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་འདམ་སྒོང་བཅར་བ་ལྟར་མནན་ནས་ལྷ་འདྲེ་ཐམས་ཅད་ཀྱིས་སྐད་ངན་ཙིར་ཙིར་འདོན་པར་བསམ་ལ༔ འཻ་བསྐལ་པ་མ་ཞིག་གི་བར་དུ་ང་ནི་གནས་འདིར་འདུག་གོ།  །འདི་ལས་མི་གཡོའོ།  །འདི་ཉིད་དུ་ཉལ་ལོ།  །ཞེས་བརྗོད་ནས་སེམས་ལ་དམ་བཅའ་བཟུང་བ་ནི།  བདག་དུས་འདི་ནས་བཟུང་སྟེ་ཁམས་གསུམ་གྱི་སེམས་ཅན་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གནས་འདི་ལས་མི་འགུལ་ལོ།  །མི་གཡོའོ།  །བསམ་ལ་འདུག།  སླར་ཡང་རིག་པ་གཏད་མེད་ཀྱི་ངང་ནས་སྟེང་གི་ནམ་མཁར་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་བཀྲ་དཔུང་ངེ་འོད་འཐིབས་སེ་བཞུགས་པར་བསམ་ལ་ཡེངས་མེད་འཛིན་མེད་ཀྱི་ངང་དུ་གདིང་བཅའ།  བར་སྐབས་སུ་ཕྱོགས་བཅུའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་རྩྭ་སྦུར་ཕྲ་མོ་དྲི་བཞོན་གྱིས་བསྐྱོད་པ་ལྟར་རང་གི་འོད་ཀྱིས་བཀུག་སྟེ་གདན་འོག་གི་མི་ནག་ལ་ཐིམ་པར་བསམ་ལ།  དབང་སྡུད་ཟིལ་གནོན་འདོན་ཅིང་ཆོས་བཤད་པ་སོགས་རེས་མོས་སུ་བྱ།  དེའི་དུས་སུ་རབ་ལ་དངོས།  འབྲིང་ལ་ཉམས།  ཐ་མ་ལའང་རྨི་ལམ་དུ་ཕྱི་ནང་གསང་བའི་སློང་ཚད་ངེས་པར་འབྱུང་བ་ཡིན།  སློང་ཚད་ལའང་ཐོགས་བཅས་བདུད་ནི་མངོན་དུ་གྱུར་པའི་སྣང་བ་ལ་བྱ།  ཐོགས་མེད་ནི་མི་མངོན་ལྐོག་གྱུར་གྱི་སྣང་བ་ལ་བྱ།  དགའ་བྲོད་ནི་ང་རྒྱལ་དགའ་སྤྲོ་ཞེན་ཡུལ་དྲག་ལ་ཤུགས་ཆེ་བ་ཐམས་ཅད་ལ་བྱ།  སྙེམས་བྱེད་བདུད་ནི་རྣམ་པར་རྟོག་པ་ལུ་གུ་རྒྱུད་དུ་བར་མ་ཆད་པར་སྐྱེས་ཏེ་ཤེས་རྒྱུད་བསླུ་བ་ལ་བྱའོ།  །ཕྱི་སློང་ནི་ལྷ་འདྲེ་གདོད་ནས་མ་གྲུབ་པ་ལ་རྣམ་རྟོག་གིས་བཟོས་པའི་ལྷ་འདྲེ་སྣང་བའི་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་དང་།  ནང་སློང་ལུས་ལ་ན་ཚ་མི་བདེ་བའི་ཟུག་རྔུ་འབྱུང་བ་དང་།  གསང་སློང་སེམས་ཀྱི་ཐོག་ཏུ་དགའ་སྡུག་ཆགས་སྡང་མྱོང་ཞེན་ཅན་ཅི་བྱུང་ཡང་།  དང་པོ་རྒྱུད་སློང་བ་ལ་སློང་།  རྗེས་སུ་འབྲང་བ་ལ་ཞེན།  བདེན་པར་འཐས་པ་ན་དབང་དུ་སོང་བ་ཡིན་པས།  སློང་མ་ཐག་ཏུ་འཁྲུལ་སྣང་བདེན་མེད་དུ་ཐག་བཅད་ནས་ཚུལ་བཞིན་གདིང་ཐོག་ཏུ་སླེབ་ན་ཆོད་པ་ཡིན།  གལ་ཏེ་སློང་ཚད་མ་བྱུང་ན་རང་ལུས་ཀེང་རུས་སྐམ་པོ་མེ་འབར་བ་ལས་མེ་མཆེད་པས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་བསྲེགས་ནས་ཐལ་བ་ཙམ་ཡང་མེད་པར་བསམ་པའི་དམིགས་པ་ཡང་ཡང་བྱ།  དེས་མ་སློང་ན་རང་གི་རིག་པ་དབྱིངས་སུ་སྤར་ཏེ་ཁྲོས་མར་གྱུར་པ་ལས།  ལྤགས་པ་ས་གཞིར་བཀྲམ་པའི་སྟེང་དུ་ཤ་ཁྲག་ཞིག་པ་གནས་དེའི་ལྷ་འདྲེ་ཐམས་ཅད་ཀྱིས་ཟ་རུ་ཡོད་པར་བསྒོམ་ལ།  གཡང་གཞིའི་མཐའ་ནས་བསྡུས་ཏེ་ཐུམ་བུར་བྱས་པ་སྦྲུལ་དང་རྒྱུ་མའི་ཞགས་པས་ཁ་བསྡམས་ནས་ཀླད་ལ་བསྐོར་ནས་ས་གཞི་ལ་བརྡབ་པས་ཤ་མྱོག་རུས་མྱོག་ཏུ་སོང་བར་ཡང་ཡང་བསམ་པས་སློང་ཚད་ངེས་པར་འབྱུང་།  དེས་ཀྱང་མི་སློང་ན་རི་བོ་ཁམ་ཆོད་དང་རྒྱ་མཚོ་ཧུབ་འདེབས་སོགས་བྱ།  ཡང་ན་གནམ་ས་དང་སྲིད་པ་མགོ་མཇུག་ལྡོག་པར་དམིགས་ལ་རང་གི་མགོ་ཐུར་དུ་བསྟན་ལ་ཉལ།  ཡང་ན་རང་ཁྲོས་མར་བསྒོམས་ཏེ་སྣང་སྲིད་ཐམས་ཅད་ཧུབ་ཀྱིས་འདེབས་ཤིང་ནམ་མཁའ་ལས་མེད་པར་བསམས་ཡང་གཡང་གཞི་ས་ལ་རྡེབ་ཅིང་སྣང་སྲིད་ཀྱི་ས་རྡོ་རི་བྲག་རྒྱ་མཚོ་ཐམས་ཅད་ཐར་གྱིས་བཤིག་ནས་ནམ་མཁའ་རུ་གྱུར་ཏེ་ལྷ་འདྲེ་གནས་རྟེན་དང་བྲལ་ནས་རྗེན་ལ་ཕུད་པར་བསམ་ལ་ཉལ་བས་སློང་ཚད་ངེས་པར་འབྱུང་།  རྒྱུན་གྱི་སྤྱོད་ལམ་ནི།  ཡུལ་བརྒྱད་དུར་ཁྲོད་བརྒྱད།  ཚོགས་བརྒྱད་དུར་ཁྲོད་ཀྱི་བདག་པོ་བདག་མོ།  གཞན་ཡང་སྒལ་ཚིགས་ལྷུ་ཚིགས་གནས་ལྔ་དོན་སྣོད་ཐམས་ཅད་གནས་ཉེར་བཞི་ཡུལ་སོ་གཉིས་ཧེ་རུ་ཀའི་གནས་བཅུ་རུ་བསྒོམ།  དེར་བཞུགས་པའི་དཔའ་བོ་མཁའ་འགྲོ་བཀའ་སྲུང་དམ་ཅན་ལྷ་འདྲེ་ཐམས་ཅད་ལ་སྣང་སྲིད་བདེན་མེད་ཀྱི་དོན་དྲན་པའི་ངང་ནས་བཟའ་བཏུང་ཚོགས་འཁོར་གྱི་རོལ་པར་ལམ་དུ་ཁྱེར་རོ།  །གོས་ལྷན་པ་ཅན་མདུན།  ལྷྭམ་སྔས།  ཞྭ་རྟེན་མར་བཞག་ལ།  བརླ་དང་དཔུང་གཡས་ཕྱོགས་འོག་ཏུ་བསྟན་ལ་ཉལ་བ་དང་།  གཞན་ཡང་མཚན་མོ་མེ་མི་བཏང་།  རྐང་རྗེན་དུ་མི་འགྲོ།  གཤང་གཅི་དང་དྲི་ཆུ་ཕྱོགས་གཅིག་ལས་མི་འདོར།  འདུ་འཛི་གླེང་མོ་དང་ལྟད་མོ་རྩེད་འཇོ་ཐམས་ཅད་སྤངས།  རྟེན་འབྲེལ་བརྟགས་པ་སོགས་རེ་དོགས་ཐམས་ཅད་གཅོད།  མོ་རྩིས་སྐར་དཔྱད་སོགས་མི་བྱ།  དམ་སྡོམ་མ་གཏོགས་པའི་མི་རུང་མི་འདོད་པ་ཐམས་ཅད་ལ་ཐོག་བརྫིས་བྱ།  ནད་དང་སྡུག་བསྔལ་ཐམས་ཅད་ལ་དངོས་གྲུབ་ཏུ་ཤེས་པའི་རེ་བ་དང་།  དེའི་ཐོག་ཏུ་དེ་འདྲ་བ་དགུ་འགྱུར་ཤོག་ཅེས་ངག་ནས་བརྗོད་ཅིང་ཡིད་ལ་བསམ།  འབྱུང་ཐབས་ཀྱང་བྱ།  ཟས་ནོར་ལྟོ་གོས་འདུ་ལོང་རྨི་ཉམས་མངོན་སུམ་དུ་བྱུང་ཡང་བཟང་པོ་ལ་རེ་བ་དང་དགའ་སྤྲོ་གཞན་ལ་སྨྲ་བ་སོགས་ཐམས་ཅད་གཅོད་དེ་བཟང་ངན་མེད་པར་བཏང་སྙོམས་སུ་འཇོག་པ་དང་།  དུས་དང་རྣམ་པ་ཐམས་ཅད་དུ་བླ་མ་ལ་མོས་གུས།  སེམས་ཅན་ལ་སྙིང་རྗེ།  མཆེད་གྲོགས་ལ་བརྩེ་གདུང་།  ཚེ་མི་རྟག་པ་བསྒོམ་པ་རྣམས་ནི་གནད་ཀྱི་ཡང་གཅེས་དམ་པའོ།  །རབ་ལྷ་འདྲེ་རང་སེམས།  འབྲིང་བླ་མ།  ཐ་མས་ཀྱང་ཕ་མའི་འདུ་ཤེས་སུ་བསྒོམ།  འཇིགས་སྐྲག་ཆེ་ཆུང་གཉིས་འཛིན་རེ་དོགས་ཐམས་ཅད་འབྱུང་ཙམ་ནས་ཡུལ་མེད་དུ་གཅོད་པར་བྱ།  དེའི་དུས་སུ་ལུས་འཕར་ངག་འཆལ་སེམས་བསྔངས་པར་བྱེད་པའི་འཇིགས་སྐྲག་ཅི་བྱུང་ཡང་སྒོ་གསུམ་སློང་བའི་ཚད་དེ་སློང་ཚད་དུ་བྱ།  ཚར་ཚད་ནི་འཇིགས་སྐྲག་ཞི་ཞིང་སེམས་བློས་བཏང་ནས་དགའ་ཡལ་ལེ་བདེ་སལ་ལེ་བར་ཤུགས་འབྱུང་དུ་གནས་པ་ལ་བྱ།  ཆོད་པའི་ཚད་ནི་གཟུགས་ཅན་གཟུགས་མེད་སྣ་ཚོགས་འདུས་ནས་ཁྲི་ལ་བཞག་དཔོན་དུ་བསྐོས་པ་དབང་ཞུ་བ་བྲན་དུ་ཁས་བླངས་པ་སྲོག་སྙིང་ཕུལ་བ་སོགས་འབྱུང་བ་ལ་བྱ།  མདོར་ན་སྣང་བ་ཐམས་ཅད་རང་སྣང་དུ་ཐག་ཆོད་ནས་གདིང་ངེས་པར་རྙེད་པ་ནི་རབ་ཏུ་ཆོད་པའི་ཚད་དང་།  རིག་པ་རང་ལ་རང་གདིང་ཐོབ་ནས་བློ་དང་ཡིད་དཔྱོད་ང་རྒྱལ་བརྟན་པ་ཙམ་ལས་འདས་ཏེ།  འཁོར་འདས་འུབ་ཆུབ་ཏུ་ངེས་པར་གོ་མྱོང་རྟོགས་གསུམ་གྱི་གདིང་དང་ལྡན་པ་ཞིག་བྱུང་ན་རྩད་ནས་ཆོད་པའི་ཚད་དུ་གདོན་མི་ཟའོ།  །ལར་བཟའ་བཅའ་བཏུང་བ་སོགས་གཞན་གྱིས་སྟེར་སྣང་བྱུང་ཡང་བདེན་པར་མི་འཛིན།  མཚོན་ཆ་སོགས་ཀྱིས་འདེབས་པར་མི་བྱ།  ཚར་ཚད་འདྲ་བའི་སློང་ཚད་ཡིན་པས་རང་གི་ཤ་ཁྲག་ཏུ་ངེས་པའི་ཉེན་ཡང་འདའ།  གཞན་ཡང་འབུ་སྲིན་སེམས་ཅན་ཕྲ་རགས་རྫས་ལ་སོགས་རང་གི་ལུས་ལ་གནོད་བྱེད་དུ་བྱུང་ན་ཡང་རང་གི་ལུས་ཀྱི་རྩ་རྒྱུས་ཤ་ཁྲག་སོགས་སུ་ངེས་པས་ནམ་ཡང་མཚོན་ཆ་འདེབས་པ་སོགས་སྤང་བ་དང་།  དེ་རིང་གི་འཚོ་ཆས་དཀོར་ཆ་རྙེད་པ་ལ་ཡང་དེ་ཉིན་མི་ཟ་མི་ཆགས་མི་ཞེན་པའི་ངང་ནས་དགོངས་པ་དབྱིངས་ལ་གཏད།  གོས་རྒྱན་སྦྱིན་བདག་སོགས་དང་གཞན་ལ་བསྲུང་སྐྱོབ་དང་གཞན་དབང་ལ་སྐད་ཅིག་ཙམ་ཡང་མི་འགྱུར་བར་རང་ས་བཟུང་ནས་སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་ནས་གཅོད་པ་དང་།  སུའི་ཁ་ལ་མི་ཉན།  སུའི་རྗེས་སུ་མི་འབྲང་།  སུའི་བྱ་བ་མི་བསྒྲུབ་པར་བཏང་སྙོམས་སུ་ཆམ་གྱིས་བསྐྱུར་ནས་དུར་ཁྲོད་ཀྱི་མི་རོ་ལྟར་དུ་སྡོད།  དུས་དང་རྣམ་པ་ཀུན་ཏུ་རང་གི་འཇིགས་སྐྱོབ་དང་དཔུང་གཉེན་གྱི་ཆེད་དུ་དད་མོས་གསོལ་འདེབས་བསྒོམ་སྒྲུབ་སོགས་མི་བྱ་བར་ལྷ་འདྲེས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསོལ་འདེབས་མོས་གུས་བསྒོམ་བསྒྲུབ་བྱ་བ་དང་།  ཁྱད་པར་འདི་ལྟར་འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་འཁྲུལ་པའི་གཞི་མ་ངར་འཛིན་གྱི་ཕུང་པོ་གྲུབ་པ་ལས་བྱུང་བའི་རྒྱུ་བྱས།  འཕྲལ་བྱུང་གི་ཉེ་བར་ལེན་པའི་སེམས་ཀྱིས་རྐྱེན་བྱས་ནས་འཁྲུལ་པ་ཡིན་པས།  བར་སྐབས་སུ་གཅེས་འཛིན་གྱི་ཕུང་པོ་ཞེན་མེད་དུ་གཞིག་ཕྱིར་ཚོགས་དང་སྟོན་མོར་འགྱེད་ནས་སེམས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པར་བྱ་བ་ནི་གཉིས་འཛིན་རྩད་ནས་གཅོད་པའི་ཐབས་ཟབ་མོ་ཡིན་པས་འབད་པར་བྱ།  དེ་ལའང་ནང་ཟག་བཅས་ཉེར་ལེན་གྱི་སྒྱུ་ལུས།  བར་འདོད་ཡོན་འཕྲུལ་སྣང་གི་སྒྱུ་ལུས།  ཕྱི་འབྱུང་བ་དངོས་སྣང་གི་སྒྱུ་ལུས་ཏེ།  འདི་དག་ཐམས་ཅད་ངོ་བོ་སྟོང་པ་ཡིན་ཏེ་སྟོང་པ་ལ་དངོས་པོར་འཛིན་པའི་ཤེས་རིག་ནི་སེམས་ཡིན་པས་སེམས་དབྱིངས་སུ་སྤར།  དངོས་པོ་རོ་རུ་བསྒྱུར་ནས།  གཏོང་མཁན་བདག་སྒྱུ་མ་མཁན་ལྟ་བུར་ཤེས་པ་དང་།  ལུས་འདོད་རྒུར་བསྒྱུར་བ་སྒྱུ་མའི་དགའ་སྟོན་ལྟ་བུ་དང་།  གཏོང་ཡུལ་སྒྱུ་མའི་འཕྲུལ་གྱི་ཁྲོམ་ཚོགས་ལྟ་བུར་ཤེས་ནས།  ནངས་པར་དཀར་པོར་འགྱེད་པ་དཀར་གསུམ་མངར་གསུམ་གྱི་ཕུང་པོར་བསྒྱུར་ནས་དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་ཀྱི་མགྲོན་དཀར་ཕྱོགས་སྐྱོང་བའི་ལྷ་འདྲེ་དང་བཅས་པ་ལ་འབུལ།  ཉིན་གུང་ཁྲ་བོར་འགྱེད་པ་འདོད་རྒུའི་དཔལ་ཡོན་ཏུ་འཕྲུལ་ནས་མགྲོན་བཞི་ཡོངས་ལ་འགྱེད།  དགོང་མོ་དམར་པོར་འགྱེད་པ་ཤ་རི་ཁྲག་གི་རྒྱ་མཚོར་འཕྲུལ་ནས་ལྷ་སྲིན་སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་ལ་སྦྱིན།  ནམ་ཕྱེད་ནག་པོར་འགྱེད་པ་ནད་གདོན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་ནག་པོར་འཕྲུལ་ཏེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པར་བྱ་བ་རྣམས་ནི་དུས་བཞིར་སྦྱར་ཏེ་གཏོང་བ་དང་།  གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་།  རང་གི་བདེ་བ་གཞན་ལ་གཏོང་བའི་བསམ་པ་ལ་ནན་ཏན་བྱ།  དབང་སྡུད་ཟིལ་གནོན་གྱི་རྐང་གླིང་ནི།  ཕཊ་ཨེ་ཧཱུྃ།  སྤྱན་འདྲེན་ལ།  ཛཿཧཱུྃ་བཾ་ཧོཿདང་པོས་མགྲོན་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ། གཉིས་པས་སྤྱན་དྲངས།  གསུམ་པས་ཐམས་ཅད་ཐིབ་ཀྱིས་འདུས།  བཞི་པས་གཞན་དུ་མི་གཡོ་བར་ཚོགས་ཞིང་དུ་བསྒོམ་པའོ།  །མཆོད་འབུལ་ལ།  པཱུ་ཛ་ཧོཿདང་པོས་མཆོད། གཉིས་པས་ཐོབ།  གསུམ་པས་ཟག་མེད་ཀྱི་བདེ་བས་ཚིམས་པར་བསམ།  དབང་སྡུད་དང་སྤྱན་འདྲེན་མཆོད་པའི་ཕཊ་ཀྱང་དེ་བཞིན་ནོ།  །བསྲེ་བ་ལ་ཕཊ་དང་པོས་བདག་དང་ལྷ་འདྲེའི་རྒྱུད་བསྲེས།  གཉིས་པས་སྐུ་གསུམ་གྱི་ཀློང་དུ་སད།  གསུམ་པས་གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་བརྡལ་བའོ།  །གཏོར་བ་ལ་ཕཊ་དང་པོས་འཁོར་བ་མྱང་འདས་སྤྲུལ་སྐུའི་ཀློང་དུ་བཤིག།  གཉིས་པས་ལོངས་སྐུའི་ཀློང་དུ་བཤིག།  གསུམ་པས་ཆོས་སྐུའི་ཀློང་དུ་མཉམ་པར་བཤིག་གོ།  །དེ་ལྟར་བདུད་གཅོད་ཟབ་མོ་ཉམས་སུ་ལེན་པ་ལ།  དང་པོ་ཟབ་མོ་སྟོང་པ་ཉིད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བ་ནི་གཅོད་ཀྱི་གཞི་ངེས་པ་ཡིན་པ་དང་།  མཐར་ནི་འཁོར་འདས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འུབ་ཀྱིས་ཆུབ་པའི་དོན་གཤིས་ཐོག་ཏུ་ཕེབས་པར་བྱ་བ་མཐར་ཐུག་དོན་གྱི་འཇོག་སོ་བླ་ན་མེད་པ་ཡིན་ནོ།  །གནད་འདི་ཚུལ་བཞིན་དུ་མ་ཤེས་ན་གཅོད་ཅེས་ཁ་རུ་བརྗོད་པ་དང་ཌཱ་དྲིལ་བསྒྲགས་པ་ཙམ་ལ་མི་བྱའོ།  །མདོར་ན་ལྟ་བའི་སྟངས་མ་ཤོར་བ།  སྒོམ་པའི་གདིང་མ་ཤོར་བ།  སྤྱོད་པ་བག་མེད་དུ་མི་ཤོར་བ་གནད་དམ་པ་ཡིན།  སྐབས་གཉིས་པའོ།  །  གསུམ་པ་ཐོར་བུའི་དམིགས་པ་ནི།  གཟུགས་ཅན་གཟུགས་མེད་གང་ཡིན་ངོ་མ་ཤེས་ཤིང་ཐག་མི་ཆོད་ན།  རང་གི་སེམས་དང་ཕ་རོལ་པོའི་སེམས་རྒྱུད་གཉིས་གཉིས་མེད་དུ་བསྲེས་ཏེ་དམིགས་པ་གསལ་བའི་ངང་ནས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་ཕཊ་སྒྲ་ཉེར་གཅིག་གིས་བསྲེ་འཕོ་བྱས་པས་གཟུགས་མེད་ནི་མི་ཡལ་མི་སྲིད་པས།  ད་དུང་ཡང་མི་ཡལ་ན་གཟུགས་ཅན་དུ་ངེས་སོ།  །མཐར་རང་གི་རྣམ་ཤེས་ཁྲོས་མར་གྱུར་ཏེ་ཤ་ཁྲག་སྦྱིན་པར་བཏང་།  ཁོའི་རྣམ་ཤེས་དམིགས་མེད་དུ་བཞག་གོ།  ཐོག་དམིགས་ནི་ནམ་མཁར་སེར་སྤྲིན་དྲག་པོ་འཁྲིགས་བྱུང་བའི་དུས་ན།  རང་ཉིད་ཁྲོས་མ་ནག་མོའི་སྤྱི་གཙུག་ཏུ་སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་རིམ་པར་བསྐྱེད།  དེའི་སྟེང་དུ་པདྨ་འབྱུང་གནས་སམ་ཕྱག་ན་རྡོ་རྗེ་སྐུ་ཆེ་བརྗིད་རི་རབ་ཙམ་གྱི་དབུ་འོག་མིན་གྱི་གནས་སུ་སླེབ་པ་སྐུ་ཡིས་སྣང་སྲིད་ཁྱབ་པར་བསྒོམ་ནས་དེའི་གནས་ཐམས་ཅད་སེང་གེ་ལྕགས་སྡིག་ཁྱུང་ལྔ་མཚོན་ཐུན་སྣ་ཚོགས་སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས་པས་སྤྲིན་གྱི་ནང་ཐམས་ཅད་ཁྱབ་ཧཱུྃ་དམར་ནག་མེ་འབར་གྱིས་སྤྲིན་མེའི་རང་བཞིན་དུ་བསྒྱུར་བར་བསྒོམ།  སྟེང་གི་ནམ་མཁའ་ལ་འབྲུག་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྐད་ཅིག་ཀྱང་རྒྱུ་བའི་གནས་མེད་པར་བསམ་ལ།  རྒྱུ་བར་གྱུར་པ་ཐམས་ཅད་ཐལ་བ་རླུང་གིས་གཏོར་བ་ལྟར་དཔག་ཚད་གསུམ་གྱི་ཕ་མཐའ་རུ་བསྐྲད་པར་བསམ།  འོག་ཐམས་ཅད་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་ས་གཞི་ཡངས་པ་བར་སྣང་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཁྱབ་པར་བསྒོམ།  ནི་ནཱ་ག་ཛ་མུན་ཏི་ཨཱཿཞེས་བཟླས་ཏེ་འཁོར་འདས་འུབ་ཆུབ་ཀྱི་ངང་དུ་མཉམ་པར་བཞག་པས་ངེས་པར་གནོད་པ་མི་འབྱུང་།  ཆོས་ཉིད་དོན་གྱི་གནས་ལུགས་ངེས་པར་རྟོགས་པའི་རྣལ་འབྱོར་པ་རྣམས་ལ་འཇིགས་པ་གང་གིས་ཀྱང་མི་འཇིགས་ཏེ།  གདིང་མ་ཐོབ་པ་རྣམས་ཀྱིས་གནམ་ལྕགས་ཐོག་གི་འཇིགས་པ་ལ་ནི་དམིགས་པ་གཟབ་པར་བྱ།  གཞན་ལ་ནི་འཁུ་འཕྲིག་རེ་དོགས་བསྲུང་བཟློག་ལྷ་བསྒོམ་སྔགས་བཟླས་ཐུན་བྲབ་ཐམས་ཅད་སྤངས་ནས་རོ་སྙོམས་པའི་ངང་དུ་ལྷུག་པར་འཇོག་པ་ནི་གནད་དམ་པའི་ཡང་སྙིང་ཡིན་པས་ཤེས་པར་བྱ།  ལར་གང་ལ་རེ་བ་སྐྱེས་ཚད་ནི་འདོད་པའི་ཕྱོགས་ཐམས་ཅད་འཇོམས་པའི་འགོང་པོ་ཡིན་པས་རེ་བ་བཅད།  གང་ལ་དོགས་པ་སྐྱེས་ཚད་ནི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འགུགས་པར་བྱེད་པའི་ཕོ་ཉ་ཡིན་པས་དོགས་པ་མི་བྱ།  དེའི་ཕྱིར་རེ་དོགས་དང་ཕན་གནོད་རོ་སྙོམས་པར་བདེ་སྡུག་གཏོང་ལེན་བྱེད་པ་ནི་རྐྱེན་ངན་དངོས་གྲུབ་དང་།  ལྟས་ངན་གཡང་ལེན་གྱི་མན་ངག་ཟབ་མོ་ཡིན།  ནད་བྱུང་ཚེ་དུས་ལྔར་ཉམས་ལེན་གྱི་དམིགས་པ་ནི།  སྔ་དྲོ་འཁོར་འདས་ཡོངས་ཀྱི་དབང་མོ་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་ཞེ་སྡང་འཇོམས་མཛད་མཁའ་འགྲོ་དཀར་མོ་སྦྲུལ་གྱི་གདོང་པ་ཅན།  ཉིན་གུང་ང་རྒྱལ་འཇོམས་མཛད་སེར་མོ་རྟ་ཡི་གདོང་པ་ཅན།  དགོང་མོ་འདོད་ཆགས་འཇོམས་མཛད་དམར་མོ་བྱ་རྒོད་ཀྱི་གདོང་པ་ཅན།  སྲོད་དུ་ཕྲག་དོག་འཇོམས་མཛད་ལྗང་མོ་ཁྱི་ཡི་གདོང་པ་ཅན།  ཐོ་རངས་གཏི་མུག་འཇོམས་མཛད་ནག་མོ་ཕག་གི་གདོང་པ་ཅན།  བར་སྐབས་སུ་ལྕགས་སྡིག་དང་།  རེ་འགའ་བྱ་ཁྱུང་དཀར་ནག།  རེ་འགའ་ཕག་དཀར་ནག།  རེ་འགའ་ཁྲོ་བོ་ཁྲོ་མོ།  རེ་འགའ་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་ནད་ན་ས་དང་བཅས་པ་ཇུར་མིད་དུ་ཟོས་ནས་རྗེས་ཤུལ་ཙམ་ཡང་མེད་པར་ཡང་ཡང་བསམ་པའི་མཐར་ལུས་སྦྱིན་ཡང་གྲངས་དང་དཔག་མཐར་དམིགས་མེད་ཀྱི་ངང་དུ་བཞག་པས་ངེས་པར་སེལ་བ་ཡིན།  དེ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ནད་དེ་ལ་ཐིམ་པར་བསམ་ལ་བྱ།  རིམས་ཡམས་འགོ་ནད་ཐམས་ཅད་ལ་རང་ལུས་ཀེང་རུས་སྐམ་པོ་ཤ་མེད་པ་བུ་ག་དགུ་ནས་བཙན་དུག་གི་ངད་རླངས་དང་རྡོ་རྗེ་མེ་འབར་བ་ཞིག་ཏུ་བསྒོམས་ཏེ།  ང་ལ་ཤ་མེད་ཀྱི་རུས་པ་ལ་ནད་འཇུག་པའི་ཡུལ་མེད་པ་འདི་ཕུང་རེ་ཆེ།  ང་ལ་སྒྲིབ་པ་སྦྱོང་བ་དང་ལན་ཆགས་བྱང་བའི་ཕྱིར་ནད་ངན་འདི་བྱུང་ན་ཅི་མ་རུང་སྙམ་ནས་རེ་བའི་ཚུལ་གྱིས་སྡོད་པས་སེལ།  ནད་ཀྱི་ཁྲོད་དུ་ཤ་ཁྲག་སྤང་བར་བྱ།  མདོར་ན་ན་དགའ་ཤི་སྐྱིད་བདེ་སྡུག་གཏོང་ལེན་བྱ་བ་གནད་དམ་པ་ཡིན།  གལ་ཏེ་གཉན་སའི་ལྷ་འདྲེ་བྱང་ཆེ་དྲག་རྣལ་འབྱོར་པ་ནུས་པ་ཆུང་བས་སློང་མི་ནུས་སམ།  རྣལ་འབྱོར་པ་ལྟ་དགོངས་མཐོ་བ་ལྷ་འདྲེ་བྱང་ཆུང་བས་སློང་མི་ནུས་གང་ལྟར་ཡང་མཐའ་གཏད་ཀྱི་དམིགས་སྤྱོད་ཟབ་མོ་འབྱེད་པར་འགྱུར་བས།  རང་གི་མགུལ་དུ་ཐག་པ་བཏགས་ཏེ་སྣེ་རྟེན་གཉན་པོ་ལ་བཏགས་པའམ།  ལྷ་འདྲེ་ལ་ཕར་འཕང་ལ་འདི་ལྟར་བརྗོད།  ཀྭིའི་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཁྱེད་རྣམས་འདིར་ཤོག།  འདིར་འདུས་ཤིག།  ལན་གསུམ་བརྗོད་ཅིང་དམིགས་པ་འདི་ལྟར་བྱ།  རང་གི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནས་དེའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་ཉ་མོ་ལྕགས་ཀྱུས་འཐེན་པ་ལྟར་མདུན་དུ་བཀུག་ནས་བྲོས་ཐར་གབ་ཡུལ་མེད་པར་བསམ་ལ།  སྙེམས་ཐག་བཅད་ནས་གནས་དེའི་ལྷ་འདྲེ་དྲག་རྩལ་ཅན་ཁྱེད་རྣམས་ལ་ངས་བཅོལ་ལས་ནི།  རབ་ན་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས་ཤིག།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་ཤི་མིན་གསོན་མིན་ཞིག་གྱིས་ཤིག།  ཅེས་ཟེར་ཞིང་སེམས་ཀྱིས་ཀྱང་ཡ་ང་བག་ཚ་འཁུ་འཕྲིག་སྤང་ལ་ཞེ་ཐག་པ་ནས་བསམ་པས།  ལྷ་འདྲེས་ངུ་འབོད་སྐོར་རྒྱུག་སོགས་བྱས་ནས་སློང་ཚད་ངེས་པར་འབྱུང་ངོ་།  །ཕན་མེད་ནད་ཀྱིས་གདུང་ནས་ཅིས་ཀྱང་མ་ཕན་ནའང་།  ཡང་སྐྲ་སེན་ལུས་དྲེག་སོགས་བསྲེག་ཅིང་ཐབ་གཞོབ་ཆེན་པོ་བྱས་ཏེ་འབོད་དམིགས་གོང་ལྟར་བྱས་ཏེ།  ང་ནི་མི་ཤོར་ནད་ཀྱིས་བཏབ་ནས་ཟླ་ཞག་གྲངས་མང་སོང་།  ཅིས་ཀྱང་ཕན་ཐབས་བྱས་ཀྱང་མ་ཕན།  སྤུན་ཟླ་བཟའ་མི་རྣམས་ཀྱིས་ཀྱང་ཤི་ན་ཅི་མ་རུང་ཟེར།  ཡུལ་མི་ཁྱིམ་མཚེས་དག་གིས་ཤི་སྨོན་བྱེད་ཀྱིན་འདུག།  ང་རང་ལ་ཡང་ད་ལྟ་ཤི་ན་དེ་ལས་དགའ་བ་ཚེ་རབས་ཐམས་ཅད་ན་མེད།  རབ་ན་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས་ཤིག།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་ཤི་མིན་གསོན་མིན་ཞིག་གྱིས་ཤིག།  ཅེས་ཟེར་ཞིང་ཀྭི་བཏབ་ཐུན་ཆུང་རེ་ལ་ཉལ།  ཡང་འབོད་བཅོལ་བྱ།  སྙེམས་ཐག་བཅད་ལ་ཤི་དགའ་བསྒོམ།  རྟགས་བྱུང་ན་འགྱེད་བཞི་དུས་ཚོད་དང་སྦྱར་ལ་རིམ་བཞིན་བྱ།  རྗེས་སུ་ཕྱི་ནོན་བྱ་བ་ལག་ལེན་ནོ།  ཆོམ་རྐུན་གྱི་འཇིགས་པ་བྱུང་ན།  གཉན་སར་ཕྱིན་ཏེ་ཟན་གྱི་སྤྲེའུ་དམར་ལག་སྦྲེལ་གྱི་སྟེང་དུ་མི་རོ་བཀལ་ནས་དགྲའི་ཕུག་ཏུ་མཆོང་རྒྱུག་བྱེད་པར་བསམ་ལ།  ཀྭིའི་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཁྱེད་རྣམས་ཀྱིས་ངའི་དགྲ་བོ་ལ་སྤྲེལ་དམར་ལག་སྦྲེལ་རོ་ཁུར་གྱི་གཟུགས་ད་ལྟ་ཉིད་དུ་སྟོན་ཅིག།  མིན་ན་ད་ལྟ་ཉིད་དུ་སོད་ཅིག།  དེ་མིན་ན་བསྐལ་པ་ངས་བཤིག་རྒྱུ་མིན་རེ་ཞེས་ཟེར་ནས་ཉལ།  དེ་ལྟར་བྱས་ཀྱང་རྟགས་མ་བྱུང་ན་ལུས་དམར་འགྱེད་བྱས་ལ།  སྣང་སྲིད་ལྷ་འདྲེའི་དམག་དཔུང་བསྐྱེད།  །སྡང་བའི་དགྲ་ལ་དྲག་ཏུ་རྒྱུག།  ལྟས་ངན་གློ་བུར་ཡེ་འདྲོག་ཐོངས།  །རྗེས་ཤུལ་ཙམ་ཡང་མེད་པར་རློགས།  །ཅེས་མཁའ་འགྲོ་བཅུ་འགྱེད་ཀྱི་རེ་རེ་བཞིན་དུ་སྦྱར་ཏེ།  ཕྱོགས་མཚམས་སྟེང་འོག་གི་མཁའ་འགྲོ་མ་རྣམས་ལ་བཀའ་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་ལྷ་འདྲེའི་ཚོགས་དང་བཅས་པས་བསྐོར་ནས་ཆོ་སྒྲ་འུར་སྒྲ་སོད་རྒྱོབ་ཀྱི་སྒྲ་དང་བཅས་ཏེ་སོང་བར་ཡང་ཡང་བསམ།  ཡང་ན་ལབ་རྩེ་གཉན་པོ་གཏོར།  རླུང་རྟ་གདན་དུ་བཏིང་།  གོས་ཕྱི་ནང་བསྒྱུར།  སྙེམས་ཐག་བཅད་ནས།  ཀྭིའི་འདིར་གནས་ཀྱི་ལྷ་འདྲེ་ཟོ་དོར་གཉན་པོ་ཁྱེད་ཅག་གི་མིག་མ་ལོང་ན་ལྟོས།  རྣ་བ་མ་འོན་ན་ཉོན།  ཞ་བོ་མིན་ན་མགྱོགས།  ཤི་བོ་མིན་ན་ཤོག།  རོ་མིན་ན་ལོངས།  ང་ནི་དགྲ་བོས་བཅོམ་ནས་ཐལ།  ཉེས་པ་ནི་མ་བྱས།  ལན་ཆགས་ནི་མེད།  མ་ཉེས་པ་ལ་དགྲ་བྱུང་ནས་བཅོམ་པ་ཡིན།  ད་ནི་མུ་གེས་ཤི་བ་ལས་ད་ལྟ་ཤི་ན་དགའ།  རབ་ན་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས་ཤིག།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་སང་གི་ནམ་ལངས་ཚུན་ཆད་དུ་སོད་ཅིག།  ཡང་ན་དགྲ་བོ་དེ་མ་འགྱང་མ་ཐོགས་པར་སོད་ལ་དོན་སྙིང་མངོན་སུམ་དུ་ང་ལ་སྤྲོད་ཅིག།  ཅེས་སྨྲ་ཞིང་ཉལ།  ཟིལ་གནོན་ཡང་ཡང་བྱ།  གཞན་ཡང་ཚོགས་ལྷག་དང་གཏོར་མ་ལ་དགྲ་བོའི་མི་ནོར་འཁོར་བཅས་རྫོགས་པར་བསྒོམས་ཏེ་མགྲོན་གྱི་ཞལ་དུ་བསྟབས་པས་ཀྱང་ཐུབ།  རང་ཁྲོས་མའི་ང་རྒྱལ་དང་མ་བྲལ་བར་གཅེས།  དེ་ལྟར་དམིགས་པའི་རིམ་པ་མང་ཡང་ཡི་གེར་འཛེམ་ནས་མ་བྲིས་མདོར་བསྡུས་གཅིག་དྲིལ་ཡིན།  དུས་དང་རྣམ་པ་ཐམས་ཅད་དུ་ལྷ་འདྲེ་གཞན་དུ་བཟུང་ནས་གནོད་སེམས་སྡང་སེམས་དྲག་དམིགས་སོགས་བསམ་སྦྱོར་ངན་པ་ཐམས་ཅད་སྲོག་ལ་བབ་ཀྱང་མི་བྱ།  བྱས་ན་གཅོད་ལོག་ཡིན་པས་ཤེས་པར་བྱ།  གཉན་མིག་རེ་རེ་བཞིན་ཚོགས་བསྐང་སོགས་བྱ་བ་དང་།  སློང་ནས་ཚར་ཆོད་བྱུང་ན་གཉན་ས་དེར་མི་སྡོད་པ་གནད་དུ་ཤེས་པར་བྱ།  སྐབས་གསུམ་པའོ།  །བཞི་པ་གནས་འཕོ་བའི་དུས་ལ་བབ་པའི་ཚེ་ར་བ་དྲུག་པོ་བསྡུ་བ་ནི།  ཕཊ་ཕཊ་ཕཊ།  རང་ཉིད་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་སྤྲུལ་པའི་ར་བ་དྲུག་པོ་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ།  གནས་གསོ་བ་ནི།  སླར་ཡང་གནས་ཞིང་ཁམས་རྣམ་པར་དག་པ་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གནས་ཁང་མཛེས་ཤིང་ཡིད་དུ་འོང་བ་འདོད་རྒུའི་དཔལ་ཡོན་ཐམས་ཅད་རྒྱུན་མི་ཆད་པའི་རང་བཞིན་ཅན་དུ་གྱུར།  ཕཊ་ཕཊ་ཕཊ།  དེ་ནས་ཐོའི་ཡེ་ཤེས་པ་རྣམས་བསྡུ་བ་ནི།  དང་པོ་ཤར་གྱི་ཐོ་ལ།  ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ གསལ་སྟོང་ཟུང་འཇུག་དབྱིངས་སུ་གཤེགས༔ མེ་ལོང་ཡེ་ཤེས་ངང་དུ་བཞུགས༔ མི་འཇིགས་གདིང་ཐོབ་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ དེ་ནས་ལྷོའི་ཐོ།  ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ དག་མཉམ་ཆེན་པོའི་དབྱིངས་སུ་གཤེགས༔ མཉམ་ཉིད་ཡེ་ཤེས་ངང་དུ་བཞུགས༔ གཉིས་སྣང་བྲལ་བའི་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ དེ་ནས་ནུབ་ཀྱི་ཐོ།  ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་གྲོའི་ཚོགས་དང་བཅས༔ རང་བྱུང་ཡེ་ཤེས་དབྱིངས་སུ་གཤེགས༔ སོར་རྟོག་ཡེ་ཤེས་ངང་དུ་བཞུགས༔ ཟག་མེད་བདེ་ཆེན་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ དེ་ནས་བྱང་གི་ཐོ་ལ།  ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཕྲིན་ལས་ཡོངས་གྲུབ་དབྱིངས་སུ་གཤེགས༔ བྱ་གྲུབ་ཡེ་ཤེས་ངང་དུ་བཞུགས༔ རྟོགས་གྲོལ་གཉིས་ལྡན་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ ཅེས་ཐོ་རྣམས་བསྡུ།  དེ་ནས་བཙོན་བཀྲོལ་བ་ནི།  ཕཊ་ཕཊ་ཕཊ༔ རང་གི་གདན་དུ་བཏིང་བའི་མི་ནག་དེ་ཉིད་ཀྱི་ཡན་ལག་ལྔར་གཟེར་གྱིས་གདབ་པའི་ཕུར་པ་རྣམས་ལས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཤག་གིས་ཕྱུང་བ་ཙམ་གྱིས་ཁྲོལ་གྱིས་ཞིག་ནས་ལྷ་འདྲེ་དེ་དག་འཁྲུལ་པ་བག་ཆགས་ལས་སད་ཅིང་བདེ་ལྡན་ལྷའི་ལུས་ལྟ་བུ་ཤ་སྟག་ཏུ་གྱུར་ཏེ་རང་རང་གི་གནས་ཁང་དུ་འཁོད་ནས་དགའ་བདེ་ཟད་མི་ཤེས་པའི་གནས་ལ་བཀོད་པར་གྱུར༔ ཕཊ་ཕཊ་ཕཊ༔ ཐབ་ཀ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ།  དེ་ནས་རྟེན་བཞེངས་པ་ནི།  ཤུལ་དུ་ཐོ་ཞིག་བརྩིགས་ཏེ་སྐུ་གསུང་ཐུགས་རྟེན་གང་རུང་བཞེངས་ལ་རྩ་བརྒྱུད་ཀྱི་བླ་མ་དང་རྒྱལ་བ་སྲས་དང་བཅས་པ་རྣམས་བསྟིམ་ནས་ལྷ་འདྲེ་ལ་ཕྱག་མཆོད་བཀུར་སྟིའི་རྟེན་དུ་བསྒོམ།  དེ་ཡང་།  ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས།  ཀོ྅་ཧཾ་གིས།  རྟེན་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར།  སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞི་འཛུམ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་བ༔ སྣང་ལ་རང་བཞིན་མ་གྲུབ་པ་འཇའ་ལུས་སྒྱུ་མའི་སྐུ་རུ་གསལ་བའི་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྒྱ་མཚོ་ལ་ཁ་ཆར་བབས་པ་ལྟར་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ་པར་གྱུར༔ སརྦ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ བཛྲ་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨ་ཨ༔ ཞེས་དབྱངས་གསལ་རྟེན་སྙིང་བཅས་ལན་གསུམ་བརྗོད་མཐར༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ འདིར་གནས་ཀྱི་ལྷ་འདྲེ་ཐམས་ཅད་ཐར་པ་དང་རྣམ་མཁྱེན་གྱི་ས་ལ་མ་འགོད་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་རྟེན་འདི་ལ་བརྟན་པར་བཞུགས་སུ་གསོལ༔ བརྟན་པར་བཞུགས་ནས་ཀྱང་གང་ལ་གང་འདུལ་གྱི་ཐབས་དུ་མའི་སྒོ་ནས་ཆོས་སྟོན་ཅིང་འགྲོ་བ་འདྲེན་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བཀྲ་ཤིས་བརྗོད།  ལྷ་འདྲེ་ཐམས་ཅད་ཀྱིས་ཕྱག་སྐོར་མཆོད་གནས་བྱེད་པར་བསམ།  ཆོས་ཀྱི་སྦྱིན་པ་བྱ།  དེ་ནས་ཁུར་པོ་ཁུར་ནས་གོམ་པ་བདུན་དུ་ཕྱིན་ལ།  ལུས་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་ནས་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རྐང་དང་ལྷ་བ་ཚིལ་ཞུན་གྱི་མཚོ་མོ་འདོད་ཡོན་སྣ་ཚོགས་ཀྱི་ལྦུ་རླངས་འཁྲིགས་པ་ནམ་མཁའ་ལྟ་བུར་ཟད་མི་ཤེས་པའི་རང་བཞིན་དུ་བསྒོམ་ལ།  གནས་དེའི་ལྷ་འདྲེ་ཐམས་ཅད་ཀྱིས་ལོངས་སྤྱད་པར་བསམ་ལ།  གནས་བཅོལ་བ་ལ།  ཀྭིའི་ཀྭིའི།  བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་སྲིན་དྲེགས་པ་ཅན་ཁྱེད་རྣམས་ཀྱིས་ངའི་གནས་པོ་འདི་ལ་བསྲུང་སྐྱོབ་མེལ་རྩེ་མཛོད་ལ་འདིར་གནས་ཀྱི་ལྷ་འདྲེ་ཕྱི་ལ་མ་བཏང་།  སྔར་མེད་ཀྱི་ལྷ་འདྲེ་སླར་ལ་མ་བཙུད།  ཁྱེད་རྣམས་ལ་བཀས་གཏད་དོ།  །དམ་ཚིག་གིས་བཅོལ་ལོ།  །ནུས་མཐུ་ཅི་འདུག་བལྟའོ།  །ས་མ་ཡ།  ཞེས་ལན་གསུམ་བརྗོད།  རིག་པ་གཏད་མེད་ཀྱི་ངང་ནས་ཧ་ཧ།  ཧི་ཧི།  ཧེ་ཧེ།  ཧོ་ཧོ།  ཧཱུྃ་ཧཱུྃ།  ཕཊ་ཕཊ༔ ཅེས་གད་རྒྱངས་བཅུ་གཉིས་བསྒྲགས་བཞིན་འཆམ་སྟབས་ཀྱིས་ཅུང་ཟད་འགྲོ།  མིག་མཐོང་གང་ཙམ་དུ་ཕྱིན་ཏེ་ཐོ་ཞིག་བརྩིགས།  དེ་ལ་ཁྲོཾ་ཡིག་བྲིས་ཏེ།  ཨོཾ་སརྦ་དྷརྨ་ག་ག་ན་ཨ།  དམིགས་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར།  སྟོང་པའི་ངང་ལས་ཡི་གེ་ཁྲོཾཿཡོངས་སུ་གྱུར་པ་ལས།  ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ་རྭ་གཉིས་གནམ་དུ་གཟིང་ཞིང་རྭ་བར་ནས་ཡིད་བཞིན་གྱི་ནོར་བུ་ལས་སྒྲུབ་པ་པོ་ལ་དགོས་འདོད་ཀྱི་ཆར་འབེབས་པ་རལ་པ་དམར་སེར་སྲིད་པའི་རྩེ་མོ་ན་མེ་ལྟར་དུ་འབར་བ།  མིག་གཉིས་ཉི་ཟླའི་འོད་ཟེར་འཕྲོ་བ་ཁྲོ་ཆུ་ཞུན་མའི་ལུས་པོ་ལ་གནམ་ལྕགས་ཀྱི་མཆུ་སྡེར་བགྲད་པས་ས་བདག་ཀླུ་གཉན་རྣམས་ཀྱི་དོན་སྙིང་འདྲེན་པ་གཤོག་པས་བར་སྣང་ཁྱབ་ཅིང་མཇུག་མས་ས་གཞི་ཁེབས་པ།  ཀྲིཾ་ཀྲིཾ་གི་སྒྲ་སྒྲོགས་པས་ས་གསུམ་གཡོ་བར་བྱེད་པ།  ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་བཞུགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ།  །  ཨོཾ་བཛྲ་ག་རུ་ཌ་ཨ་ཝེ་ཤ་ཡ་ཨ་ཨ།  དབྱངས་གསལ་རྟེན་སྙིང་དང་བཅས་པས་རབ་ཏུ་གནས་ཤིང་བརྟན་པར་བྱས་ལ།  བདག་དང་ལྷ་འདྲེའི་མཚམས་བཅད་པར་བསམ་ལ།  བཀའ་དམ་གཏའ་རུ་བཞག་ནས་ཕྲིན་ལས་བཅོལ་བ་ནི།  འེ་འེ།  ཡེ་ཤེས་ཀྱི་བྱ་ཁྱུང་རྒྱལ་པོ་མཐུ་དང་ནུས་སྟོབས་ཀྱི་བདག་པོ་དགོངས་སུ་གསོལ།  བདག་གི་ཕྱི་ལམ་དུ་གནས་འདིའི་ལྷ་འདྲེ་ཐམས་ཅད་མ་བཏང་ཞིག་མཚམས་ཆོད་ཅིག།  ཨོཾ་བཛྲ་ག་རུ་ཌ་ས་མ་ཡ།  ཞེས་ལན་གསུམ་བརྗོད་ནས།  དང་པོ་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་ལམ་མཐིང་།  མེ་ལོང་ཡེ་ཤེས་འོད་དཀར།  མཉམ་ཉིད་ཡེ་ཤེས་འོད་སེར།  སོར་རྟོག་ཡེ་ཤེས་འོད་དམར།  བྱ་གྲུབ་ཡེ་ཤེས་འོད་ལྗང་དེ་དག་གི་ཀློང་དུ་རིམ་པ་བཞིན་དུ་གོམ་པ་བདུན་རེ་འགྲོ།  བདུན་ལྔ་རྫོགས་ཚེ་ཡང་གཉན་ཁྲོད་ལ་འགྲོ་ན་སྔ་ནོན་བཏང་ལ་འགྲོ་ཚུལ་སྔར་བཞིན་བྱ།  ངེས་མེད་དུ་འགྲོ་ན་རང་བཞིན་དུ་འགྲོ།  རང་ཁྱིམ་དུ་འགྲོ་ན་ཤ་ཁྲག་ས་གཞི་གང་བར་ཞིག།  རིག་པ་སྟེང་ཕྱོགས་འོག་མིན་གྱི་དབྱིངས་སུ་ཐིམ་པས།  མཁའ་འགྲོ་མ་ལྔར་དེངས་ནས་ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་ལྔར་ཕྱིན་ནས་སླར་འོད་གསལ་རྫོགས་པ་ཆེན་པོའི་ཀློང་དུ་རོ་གཅིག་ཏུ་འདྲེས་ཏེ་ཐིག་ལེ་དཀར་པོ་སྲན་མ་ཙམ་དུ་གྱུར་ནས་འོད་ཟེར་གྱི་ཐག་པར་བརྒྱུད་དེ་རང་གི་གནས་ཁང་གི་ཐོག་ཏུ་ཧྲི་ལི་ལི་འདྲིལ་ཏེ་བབས་པར་བསམ་ལ་འགྲོ།  ཕྱི་ནོན་རྗེས་གཅོད་ཟབ་མོ་སྟེ།  སྐབས་བཞི་པའི་བདག་ཉིད་ཅན་གྱིས་རྫོགས་པའོ།  །ཞེས་རང་གི་སློབ་མའི་ཚོགས་ལ་ཉེ་བར་མཁོ་བའི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག  །དགེའོ།  །དགེའོ།  །དགེའོ།།  །།   
༄༅།  །བླ་མ་དང་རྒྱལ་ཡུམ་ཁྲོས་མ་ནག་མོ་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ལོ།  །བྱང་ཆུབ་སྙིང་པོའི་བར་དུ་བརྩེ་བས་རྗེས་སུ་བཟུང་དུ་གསོལ།  དེ་ལ་འདིར་གྲུབ་མཆོག་ས་ར་ཧ་པའི་ཐུགས་བཅུད་མཁའ་འགྲོའི་སྲོག་ཏིག་དངོས་འཛིན་རེ་དོགས་གཅོད་པའི་གདམས་པ་ཟབ་མོ་ཉམས་སུ་ལེན་པ་ལ།  དང་པོ་ཐུན་མོང་དང་ཐུན་མིན་སྔོན་འགྲོའི་སྤྱི་ཁྲིད་རྣམས་ཀྱིས་རང་རྒྱུད་འདུལ་བ་གཞིར་བཞག་ནས།  དབང་བསྐུར་ལེགས་པར་ཐོབ་ཅིང་དངོས་གཞི་ཐུན་མོང་མ་ཡིན་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཏན་ལ་དབབ་ནས་འཁོར་འདས་རང་སྣང་ལས་གཞན་དུ་གྲུབ་པ་མེད་པའི་ཐག་གཏིང་དཔོག་པར་ཆོད་པར་བྱས་ཏེ།  མཐར་རྐྱེན་ཐོག་ཏུ་གནད་ངོ་འཕྲོད་ཕྱིར་ཡུལ་འཛིན་རེ་དོགས་ཀྱི་མཚང་ལ་རྒོལ་ཞིང་གཉན་ཁྲོད་ངེས་མེད་དུ་འགྲིམས་པའི་ལག་ལེན་ལ་བཞི་ལས།  དང་པོ་ནི།  འདི་ལྟར་འཁོར་བ་མཐའ་མེད་པའི་གནས་ན་བཟོད་མེད་སྡུག་བསྔལ་གྱིས་གདུང་བའི་མ་རྒན་སེམས་ཅན་འདི་རྣམས་ཐམས་ཅད་སྙིང་རེ་རྗེ།  ད་ནི་ངས་འདི་རྣམས་ཐར་པ་དང་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ།  །དེའི་ཆེད་དུ་བདག་གིས་དཀའ་བ་དང་དུ་ལེན།  ངལ་བ་ཁྱད་དུ་གསོད།  དམ་པའི་ཆོས་དོན་དུ་གཉེར།  འཁོར་བར་རྒྱབ་ཀྱིས་ཕྱོགས་ནས་ཕྱིན་ཆད་འཁོར་བ་རུ་མི་ལྡོག་གོ་བསམ་ཞིང་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་འགྲོ་བ་ནི་ཀུན་སློང་ངོ་།  །དེ་ལ་ཐོག་མར་སྔ་ནོན་བཏང་བ་ལ།  རང་ཁྲོས་མ་ནག་མོའི་ཐུགས་ཀར་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཡིག་གསལ་བ་དེ་ལས་མེ་ལས་མེ་སྟག་གམ་སྐར་མ་ལས་སྐར་མདའ་ཆད་པ་ལྟར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་བ་བརྟན་པ་ལྕི་བ་འཐས་པ་ཡེ་ཤེས་ཀྱི་མེ་འབར་བ་ཞིག་འཕྲོས་ཏེ་གཉན་ས་དེ་རུ་ཐོག་ལྟར་དུ་བབས་པས་རི་བྲག་དང་གྲོང་ཁྱིམ་ཡིན་ན་བཤིག་ཅིང་གཏོར།  ཤིང་དང་ནགས་ཚལ་ཡིན་ན་བཅད་ཅིང་བསྲེགས།  ཆུ་དང་མཚོ་ཡིན་ན་སྐམ།  ཐང་དང་ལམ་ཡིན་ན་བསིགས་ཤིང་གཏོར་ཏེ་ལྷ་འདྲེ་ཅི་ཡོད་ཐམས་ཅད་ཀྱི་རང་སྣང་ལས་གྲུབ་པའི་རྟེན་གནས་ཁང་ཁྱིམ་ཐམས་ཅད་རྗེས་མེད་དུ་བཤིག་ཅིང་བསྲེགས་ནས་གཅེར་བུ་མགོན་མེད་དུ་གྱུར་པའི་མཐར་རྡོ་རྗེ་མེ་འབར་བའི་ར་བ།  དེ་མཐར་མེ་དཔུང་འབར་བའི་ར་བ།  དེ་མཐར་མི་ནག་མཚོན་ཐོགས་ཀྱི་ར་བ།  དེ་མཐར་མཁའ་འགྲོ་ཁྲོས་མའི་ར་བ།  དེ་མཐར་རྡོ་རྗེའི་ཆུ་བོ་རྦ་རླབས་དགུང་ལ་འཕྱོ་བའི་ར་བ།  དེ་མཐར་རླུང་ནག་སྤུ་གྲི་རེག་གཅོད་ཀྱི་ར་བས་བསྐོར་ནས་གང་དུ་བྲོས་ས་དང་ཐར་ཡུལ་མེད་པར་གྱུར་ནས་སྟོབས་དང་ནུས་པ་ཡང་ཡང་འཆིང་བར་བསྒོམ་པ་སྤྱི་ཆིངས་ཡིན།  ཐོག་བབ་ཏུ་ཟིལ་གནོན་བྱེད་དགོས་པ་བྱུང་ན་ཕྱོགས་མཚམས་རྣམས་སུ་ལྟ་སྟངས་ཀྱིས་གཟིར་ཏེ་ལྷ་འདྲེ་གནོད་བྱེད་ཐམས་ཅད་འཕར་ལྡང་མེད་པར་ནུས་པ་འཆིང་བ་ལྟར་གཡོ་འགུལ་མེད་པར་ཟིལ་གྱིས་གནོན་པར་བསམ་ལ་ལྟ་བའི་ངར་གདིང་བསྐྱེད་དེ།  རྐང་གླིང་ཆངས་པའི་མཐིལ་དུ་ལན་གསུམ་བརྡབ་པས་ལྷ་འདྲེ་ཉམ་ཆུང་བ་རྣམས་མ་འཇིགས།  མ་སྐྲག།  མ་སྔངས་ཞེས་བརྗོད་དོ།  །འབུད་པ་ཙམ་གྱིས་འཁོར་བའི་འཁྲུལ་འཁོར་ཞིག་གོ།  །ཁོའི་དཔའ་ཟིིལ་བཅོམ་ནས་འདར་ཕྲི་ལི་ལི་བྱེད་པར་བསམ་ལ།  སྒྲ་དང་པོས་སེམས་ཅན་ཐམས་ཅད་གཏི་མུག་གི་གཉིད་ལས་སད་པར་བྱས།  གཉིས་པས་རྟོག་མེད་ཀྱི་ངང་དུ་བསྡུས།  གསུམ་པས་རང་སྣང་གི་ཀློང་དུ་འུབ་ཀྱིས་འདུས་ནས་གཡོ་འགུལ་མེད་པར་བསམ་ལ།  དབང་སྡུད་ཟིལ་གནོན་འདོན།  ཡང་གཉན་ས་ཐག་ཉེ་ཞག་བདུན་སོགས་ཀྱི་སྐབས་སུ་རང་གི་ཁང་ཁྱིམ་ཀ་ཆ་བཅོལ་དགོས་གལ་བྱུང་ན་ཁང་ཁྱིམ་གྱི་ཕྱི་སྒོར་ཐོན་ནས་མི་རྐང་ལན་གསུམ་འབུད་དེ།  ཀྭིའི་ཀྭིའི།  བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་འདིར་གཤེགས་འདིར་འདུས་ཤིག།  ཅེས་ལན་གསུམ་བརྗོད་པས་ཐིབས་ཀྱིས་འདུས་པར་བསམ་ལ་ཤ་ཁྲག་འདོད་ཡོན་སྣ་ཚོགས་སུ་བསྒྱུར་ནས་ཕོག་གཏད་ལ།  བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་མི་མ་ཡིན་ཁྱོད་རྣམས་ལ་ངའི་གནས་ཁང་ཀ་ཆ་ནོར་རྫས་འདི་རྣམས་བཅོལ་ལོ།  །  གཉེར་རོ།  །བདག་ཕྱིར་མ་སླེབ་ཀྱི་བར་དུ་དགྲ་འདྲེ་ཐམས་ཅད་ཀྱི་ལག་ཏུ་མ་བཏང་།  དབང་དུ་མ་བཏང་བར་སྲུངས་ཤིག།  བཀའ་ཡིས་གཏད་དོ།  །དམ་ཚིག་གིས་བཅོལ་ལོ།  །གལ་ཏེ་དགྲ་ཇག་ཆོམ་རྐུན་ལ་ཤོར་ན་ངས་མཛེ་ཤའི་རི་བོ་སྤུངས།  མཛེ་ཁྲག་གི་རྒྱ་མཚོར་བསྐྱིལ།  མཛེ་ཚིལ་དང་ཡུག་སྐྲས་གཞོབ་བདུག་བྱས་ནས་ཁྱེད་རྣམས་རྩད་ནས་གཅོད་ཅིང་ཤུལ་མེད་དུ་བརླག་པར་མི་བྱེད་རེ་ན་ར་ཀན་ཞེས་བརྗོད་དེ་བཅོལ།  གཉན་ས་བརྒྱ་རྩ་སོགས་ལ་འགྲོ་ན་ནང་མཚམས་བསྙེན་པ་ཞལ་རྒྱུན་ལྟར་གྲུབ་ནས།  དང་པོ་སྒོ་ཐེམས་མཚམས་སུ་ཞག་གསུམ།  དེ་ནས་མིག་མཐོང་གང་དུ་སྔ་ཚད་རྫོགས་པའི་བར་དུ་བསྡད།  དེ་ནས་གོམ་པ་བདུན་གྱི་མཚམས་སུ་ཕྱིན་ནས་དམིགས་པ་འདི་ལྟར་བྱ།  སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་རང་གི་སྣང་བ་ཆེན་པོས་ཁྱབ་པར་རིགས་ཏེ།  སྣང་སྲིད་འཁོར་འདས་ཐམས་ཅད་རངགི་སེམས་ལས་མི་གཞན་པས་ལྷ་འདྲེ་དང་སེམས་ཅན་ཐམས་ཅད་རང་གི་སེམས་ཀྱི་རྣམ་རྟོག་ཏུ་འདུག་པས་རྣམ་པར་རྟོག་པ་ཐམས་ཅད་གཡོ་མེད་ཀྱི་ཀློང་དུ་བསྡུས་ཤིང་འཁྲུལ་མེད་ཀྱི་གཞི་རུ་གནོན་པར་བྱའོ།  །དེ་ནི་བསམ་བྱ་བློས་བཞག་མ་ཡིན་པར་ཡེ་ཡིན་ཡིན་ལུགས་ཀྱི་ཐོག་ཏུ་གཏན་ལ་ཕེབ་པ་གལ་ཆེ།  དེ་ལ་དང་པོ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་ཞེས་བྱ་བས་ཆོས་སྐུའི་རང་ཞལ་བསྒྲིབས་ཏེ་ངར་འཛིན་གྱི་ཤེས་པ་ལངས་ནས་ལུས་མེད་པ་ལ་ལུས་སྣང་།  དེར་བདག་ཏུ་བཟུང་ནས་གཅེས་འཛིན་གྱི་ཤེས་པ་ཤིན་ཏུ་བརྟན་ཅིང་འཐས་པ་བྱུང་ནས་སེམས་ཀྱིས་དེ་གཅེས་པར་བསྐྱངས་ཏེ་འཁྲུལ་པའི་སྣང་བ་རེ་དོགས་དགའ་སྡུག་སྣ་ཚོགས་ཉེ་བར་ལེན་ཞིང་སེམས་མེད་པའི་གནས་སྐབས་རེ་ཙམ་མ་གཏོགས་པར་ཟག་བཅས་ཉེར་ལེན་གྱི་ལུས་འདི་ལུས་དང་གྲི་མ་བཞིན་དུ་འགྲོགས་པའི་སྡུག་བསྔལ་སྣ་ཚོགས་པའི་གཞི་རུ་གྱུར་པ་ཡིན་ཏེ།  དེའི་ཕྱིར་འཁོར་བ་དང་ངན་སོང་གི་གཞི་ནི་ལུས་ལ་གཅེས་འཛིན་བྱས་པ་ཡིན།  དེ་གཅོད་པའི་ཐབས་སུ་ལུས་འདི་རོ་ལྟ་བུར་ཤེས་ཏེ།  རྣམ་པར་ཤེས་པ་ལ་རོ་ཁུར་མིའི་འདུ་ཤེས་དང་།  གཅེས་འཛིན་ལ་ཁུར་ཐག་གི་འདུ་ཤེས་དང་།  གཉན་ས་ལ་དུར་ཁྲོད་ཀྱི་འདུ་ཤེས་དང་།  ལྷ་འདྲེ་ལ་བྱ་དང་གཅན་གཟན་གྱི་འདུ་ཤེས་ཏེ་རྣམ་པ་ལྔའི་སྒོ་ནས་འགྲོ་བར་བྱ།  འགྲོ་བའི་དུས་དང་གནས་དང་འགྲོ་བ་རྣམས་ཤིན་ཏུ་གསང་བར་བྱ་བ་དང་།  དུས་ནི་མཚན་མོ་མུན་པའི་སྨག་ལ་མཚོན་དང་གྲོགས་དང་སྲུང་བ་སོགས་བློ་ཕུག་གཏོད་ཡུལ་་མེད་པར་འགྲོ།  འགྲོ་ལུགས་རྣལ་འབྱོར་པ་རབ་ཀྱིས་འཁོར་འདས་རང་སྣང་དུ་ངོ་ཤེས་པའི་ངང་ནས་སེམས་རྩལ་སྣང་བར་རྫོགས་པའི་གདིང་ཀྱིས་ལྟ་སྟངས་བྱེད་ཅིང་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུར་ལྟ་བའི་གདིང་ཀྱིས་འགྲོ།  དེ་ལྟར་མི་ལྡན་པ་དག་གིས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་ཆེ་བརྗིད་རབ་ཏུ་འཇིགས་པའི་སྐུར་བསྒོམ།  སྣང་སྲིད་ཀྱི་ཁམས་ཐམས་ཅད་ནམ་མཁའ་སྟོང་པ་ཁྱབ་བརྡལ་གྱི་རང་བཞིན་དུ་བསམ་སྟེ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ར་ལུག་སེར་བས་དེད་པ་བཞིན་དུ་རང་དབང་མེད་པར་དེད་ནས་འགྲོ་བར་བསམ་ལ་འགྱིང་སྟབས་ཀྱིས་འགྲོ་བ་ནི་དཔའ་བོའི་སྟབས་འགྲོས་དང་།  མཁའ་འགྲོའི་གར་གྱིས་འགྲོ་ཚུལ་ལ་མིག་གིས་ཁེབས་ཚད་གང་ཚུན་ཆད་ཀྱི་ལྷ་འདྲེ་ཐམས་ཅད་རང་གི་ལུས་ལ་ཐིམ་པར་ཡང་ཡང་བསམ་ནས་གར་སྟབས་རེ་བྱ་ཞིང་འགྲོ་བ་དང་།  ལམ་དེའི་ས་བདག་ཀླུ་གཉན་ཐམས་ཅད་གནས་མལ་དང་བཅས་པ་རྗེས་ཤུལ་ཙམ་ཡང་མ་ལུས་པར་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་གཉན་ས་དེར་ཁྱེར་བར་བསམ་ལ་སྦྲུལ་ནག་འཁྱིལ་འགྲོས་ཀྱིས་འགྲོ་བར་བྱའོ།  །དེ་ནས་གཉན་སའི་མགོ་བོ་མཐོང་སར་སླེབ་ཚེ།  རང་ཉིད་ཁྲོས་མའི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་མཐིང་ནག་དཀར་སེར་དམར་ལྗང་གྲངས་མེད་པས་གཡོན་པས་མི་རྐང་གི་གླིང་བུའི་སྒྲས་ཁམས་གསུམ་དབང་དུ་སྡུད་ཅིང་།  གཡས་པའི་མི་ལྤགས་ཀྱི་གཡང་གཞི་བརྡབ་པས་དེ་དག་གི་རྒྱུད་ཀྱི་གདུག་སེམས་དཔའ་ཟིལ་བཅོམ་ནས་ན་བུན་འཐོར་རླུང་གིས་དེད་པའམ་བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟར་གཉན་མིག་གི་ར་བ་དྲུག་གི་ནང་དུ་བཙུད་པས་ཐར་འཆོར་མེད་པར་བསམས་ཏེ་དབང་སྡུད་ཟིལ་གནོན་བྱ།  གཅོད་མཁན་གྱི་མཚོན་ཆའི་མཆོག་མི་ལྤགས་ཀྱི་གཡང་གཞི་འདི་ནི་འཁོར་བ་དབྱིངས་སུ་བཤིག་བྱེད་ཀྱི་རྫས་ཡིན་པས་ཀླད་ལ་བསྐོར་བས་ཡུལ་དང་ཡུལ་ཅན་ཐམས་ཅད་ཁོ་རོ་རོ་སྐུ་གསུམ་གྱི་དབྱིངས་སུ་བསྐོར་ནས་ས་ལ་བརྡབ་པ་ཙམ་གྱིས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཡུལ་མེད་ཟང་ཐལ་དུ་བཤིག་པར་བྱེད་པའོ།  །དེ་ནས་གཉན་སར་སླེབ་མ་ཐག་ཏུ་རང་ཉིད་ཁྲོས་མའི་ཕྱག་གཡས་པས་གཡང་གཞི་བརྡབ་པས་ལྷ་འདྲེའི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་བཅོམ་ནས་མི་ནག་ཆེན་པོ་ཞིག་ཏུ་གྱུར་པའི་རྐང་པ་གཡས་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་གྱི་ལྷ་འདྲེ་ཐམས་ཅད་བསྟིམ།  ཡང་ན་རང་འདྲ་བའི་མཁའ་འགྲོ་མ་གྲངས་མེད་པས་ལྷ་འདྲེ་དུ་ཡོད་རྣམས་ཀྱི་རྐང་པ་གཡས་ནས་བཟུང་སྟེ་གོང་བཞིན་ཀླད་ལ་བསྐོར།  ས་ལ་ཐང་གསུམ་བརྡབ་པས་ཉོན་མོངས་པ་དུག་གསུམ་དང་འཁོར་བའི་འཁྲུལ་རྟོག་ཐམས་ཅད་དབྱིངས་སུ་གཞིག་ནས་དཔའ་ཟིལ་བཅོམ།  ཐང་ལ་འཕང་ནས་གན་རྐྱལ་དུ་ཡོད་པའི་སྟེང་དུ་རང་ཉིད་ཁྲོས་མའི་དཀྱིལ་འཁོར་དུ་བཞེངས་པར་བསམ་ནས་དབང་སྡུད་ཟིལ་གནོན་འདོན་ཅིང་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་དཔག་ཏུ་མེད་པས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས་ནས་གདན་འོག་གི་མི་ནག་ལ་ཐིམ།  སྙིང་གར་ཉི་གདན་ཆེན་པོས་མནན་ནས་དེ་སྟེང་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་ཐམས་ཅད་ཀྱིས་རྟ་བྲོ་འཁྲབ་པས་དེ་དག་གི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རགས་གདུག་སེམས་ནུས་མཐུ་ཐམས་ཅད་བཅོམ་པར་བསམ་ལ་བྲོ་ར་འདོན་ཅིང་འཁྲབ།  མགོ་དང་ཡན་ལག་རྣམས་སུ་ཡེ་ཤེས་ལྔའི་ཕུར་པ་བཏབ་ནས་འཕར་ལྡང་གཡོ་འགུལ་མེད་པར་བསམ་སྟེ་ཕུར་ཁྱེར་འདོན།  ཅོག་གུར་གྱི་ཕྱི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་འདོད་རྒུ་འབྱུང་བའི་རང་བཞིན་ཅན་ལ་ནང་མཁའ་འགྲོ་འདུ་བའི་གནས་མཆོག་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་བསྒོམ་པར་བྱ་བ་སྐབས་དང་པོའོ།  །གཉིས་པ་བར་ནོན་ནི།  གནས་དེའི་ཕྱོགས་བཞིར་ཐོ་བཞི་བརྩིགས་ལ་ལྷ་བསྐྱེད་པ་ནི།  ཨོཾ་སརྦ་དྷརྨ་ག་ག་ན་ཨ་ཨཱཿཞེས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་པད་ཉིིའི་གདན་ལ་ཤར་གྱི་ཐོ་ཧཿལས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་མོ༔ ལྷོའི་ཐོ་རིཿལས་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ༔ ནུབ་ཀྱི་ཐོ་ནིཿལས་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ༔ བྱང་གི་ཐོ་སཿལས་ཀརྨ་མཁའ་འགྲོ་སྐུ་མདོག་ལྗང་གུ༔ ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ མཆན་ཁུང་གཡོན་དུ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་རྩེ་གསུམ་འཛིན་པ༔ སྤྱན་གསུམ་དང་ལྡན་ཞིང་ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ༔ དབུ་སྐྲ་ཐོར་གཙུག་དང་ལྷག་མས་སྐུ་རྒྱབ་ཁེབས་པ༔ སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཞབས་གཉིས་གར་སྟབས་ལིང་ལིང་བསྒྱུར་བ་སྤྲུལ་པ་འབུམ་ཕྲག་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ཏེ་སྐྱེ་འགྲོ་ཐུགས་རྗེས་སྒྲོལ་ནུས་པའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་གཤེགས་རྟེན་འདིར་རྟེན་ཆོས་ལ༔ ངའི་བསམ་པ་ཡོངས་སུ་མ་རྫོགས་བར༔ ཁྱེད་འདིར་བཞུགས་གང་འདུལ་ཐབས་མང་གིས༔ བདུད་རྣམ་བཞི་དབྱིངས་སུ་གཅོད་པ་དང་༔ ཡུལ་ལྷ་འདྲེའི་འགྲོ་དོན་མཐར་ཕྱིན་ནས༔ དཔལ་ཧེ་རུ་ཀ་ལྟར་བྱིན་གྱིས་རློབས༔ ཧ་བཛྲ་ཌཱཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿ དེ་ནས་ལྷོའི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་སོགས༔ རློབས༔ རི་རཏྣ་ཌཱ་ཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿ དེ་ནས་ནུབ་ཀྱི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་སོགས༔ རློབས༔ ནི་པདྨ་ཌཱཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿ དེ་ནས་བྱང་གི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་སོགས༔ རློབས༔ ས་ཀརྨ་ཌཱ་ཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿ ཡང་རྒྱས་པར་སྤྲོ་ན༔ ཤར་གྱི་ཐོ་ལ༔ ཨོཾ་སརྦ་དྷརྨ་ག་ག་ན་ཨ་ཨཱཿསྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་ཤར་གྱི་ཐོ་ཧཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁར་ཕྱར་བ་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་དུ་བརྟེན་པ༔ སྤྱན་གསུམ་དང་ལྡན་ཞིང་སོགས༔ བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས༔ ཕ་ལ་ཧོཿ དེ་ནས་ལྷོའི་ཐོ་ལ༔ ཨོཾ་སརྦ་དྷརྨ་ག་ག་ན་ཨ་ཨཱཿསྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ལྷོའི་ཐོ་རིཿཡིག་སེར་པོ་ཡོངས་སུ་གྱུར་པ་ལས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་སེར་པོ་སོགས༔ བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས༔ ཕ་ལ་ཧོཿ དེ་ནས་ནུབ་ཀྱི་ཐོ་ལ༔ ཨོཾ་སརྦ་སོགས༔ ནུབ་ཀྱི་ཐོ་ནིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་སོགས༔ བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས༔ ཕ་ལ་ཧོཿ དེ་ནས་བྱང་གི་ཐོ་ལ༔ ཨོཾ་སརྦ་དྷརྨ་སོགས༔ བྱང་གི་ཐོ་སཿཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་སོགས༔ བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས༔ ཕ་ལ་ཧོཿ ཞེས་གོང་ལྟར་རོ། །སླར་ཡང་གདན་ལ་འཁོད་ནས་རང་ལུས་སྲ་བརྟན་ལྕི་ཞིང་འཐས་པ་མགོ་བོས་ལུང་པའི་ཕུ་དང་རྩིབ་ལོག་གཡས་པས་ཉིན་གཡོན་པས་སྲིབ་རྐང་པས་མདའ་རྒལ་པས་གཞུང་ཐམས་ཅད་གནོན་ཅིང་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་འདམ་སྒོང་བཅར་བ་ལྟར་མནན་ནས་ལྷ་འདྲེ་ཐམས་ཅད་ཀྱིས་སྐད་ངན་ཙིར་ཙིར་འདོན་པར་བསམ་ལ༔ འཻ་བསྐལ་པ་མ་ཞིག་གི་བར་དུ་ང་ནི་གནས་འདིར་འདུག་གོ།  །འདི་ལས་མི་གཡོའོ།  །འདི་ཉིད་དུ་ཉལ་ལོ།  །ཞེས་བརྗོད་ནས་སེམས་ལ་དམ་བཅའ་བཟུང་བ་ནི།  བདག་དུས་འདི་ནས་བཟུང་སྟེ་ཁམས་གསུམ་གྱི་སེམས་ཅན་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གནས་འདི་ལས་མི་འགུལ་ལོ།  །མི་གཡོའོ།  །བསམ་ལ་འདུག།  སླར་ཡང་རིག་པ་གཏད་མེད་ཀྱི་ངང་ནས་སྟེང་གི་ནམ་མཁར་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་བཀྲ་དཔུང་ངེ་འོད་འཐིབས་སེ་བཞུགས་པར་བསམ་ལ་ཡེངས་མེད་འཛིན་མེད་ཀྱི་ངང་དུ་གདིང་བཅའ།  བར་སྐབས་སུ་ཕྱོགས་བཅུའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་རྩྭ་སྦུར་ཕྲ་མོ་དྲི་བཞོན་གྱིས་བསྐྱོད་པ་ལྟར་རང་གི་འོད་ཀྱིས་བཀུག་སྟེ་གདན་འོག་གི་མི་ནག་ལ་ཐིམ་པར་བསམ་ལ།  དབང་སྡུད་ཟིལ་གནོན་འདོན་ཅིང་ཆོས་བཤད་པ་སོགས་རེས་མོས་སུ་བྱ།  དེའི་དུས་སུ་རབ་ལ་དངོས།  འབྲིང་ལ་ཉམས།  ཐ་མ་ལའང་རྨི་ལམ་དུ་ཕྱི་ནང་གསང་བའི་སློང་ཚད་ངེས་པར་འབྱུང་བ་ཡིན།  སློང་ཚད་ལའང་ཐོགས་བཅས་བདུད་ནི་མངོན་དུ་གྱུར་པའི་སྣང་བ་ལ་བྱ།  ཐོགས་མེད་ནི་མི་མངོན་ལྐོག་གྱུར་གྱི་སྣང་བ་ལ་བྱ།  དགའ་བྲོད་ནི་ང་རྒྱལ་དགའ་སྤྲོ་ཞེན་ཡུལ་དྲག་ལ་ཤུགས་ཆེ་བ་ཐམས་ཅད་ལ་བྱ།  སྙེམས་བྱེད་བདུད་ནི་རྣམ་པར་རྟོག་པ་ལུ་གུ་རྒྱུད་དུ་བར་མ་ཆད་པར་སྐྱེས་ཏེ་ཤེས་རྒྱུད་བསླུ་བ་ལ་བྱའོ།  །ཕྱི་སློང་ནི་ལྷ་འདྲེ་གདོད་ནས་མ་གྲུབ་པ་ལ་རྣམ་རྟོག་གིས་བཟོས་པའི་ལྷ་འདྲེ་སྣང་བའི་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་དང་།  ནང་སློང་ལུས་ལ་ན་ཚ་མི་བདེ་བའི་ཟུག་རྔུ་འབྱུང་བ་དང་།  གསང་སློང་སེམས་ཀྱི་ཐོག་ཏུ་དགའ་སྡུག་ཆགས་སྡང་མྱོང་ཞེན་ཅན་ཅི་བྱུང་ཡང་།  དང་པོ་རྒྱུད་སློང་བ་ལ་སློང་།  རྗེས་སུ་འབྲང་བ་ལ་ཞེན།  བདེན་པར་འཐས་པ་ན་དབང་དུ་སོང་བ་ཡིན་པས།  སློང་མ་ཐག་ཏུ་འཁྲུལ་སྣང་བདེན་མེད་དུ་ཐག་བཅད་ནས་ཚུལ་བཞིན་གདིང་ཐོག་ཏུ་སླེབ་ན་ཆོད་པ་ཡིན།  གལ་ཏེ་སློང་ཚད་མ་བྱུང་ན་རང་ལུས་ཀེང་རུས་སྐམ་པོ་མེ་འབར་བ་ལས་མེ་མཆེད་པས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་བསྲེགས་ནས་ཐལ་བ་ཙམ་ཡང་མེད་པར་བསམ་པའི་དམིགས་པ་ཡང་ཡང་བྱ།  དེས་མ་སློང་ན་རང་གི་རིག་པ་དབྱིངས་སུ་སྤར་ཏེ་ཁྲོས་མར་གྱུར་པ་ལས།  ལྤགས་པ་ས་གཞིར་བཀྲམ་པའི་སྟེང་དུ་ཤ་ཁྲག་ཞིག་པ་གནས་དེའི་ལྷ་འདྲེ་ཐམས་ཅད་ཀྱིས་ཟ་རུ་ཡོད་པར་བསྒོམ་ལ།  གཡང་གཞིའི་མཐའ་ནས་བསྡུས་ཏེ་ཐུམ་བུར་བྱས་པ་སྦྲུལ་དང་རྒྱུ་མའི་ཞགས་པས་ཁ་བསྡམས་ནས་ཀླད་ལ་བསྐོར་ནས་ས་གཞི་ལ་བརྡབ་པས་ཤ་མྱོག་རུས་མྱོག་ཏུ་སོང་བར་ཡང་ཡང་བསམ་པས་སློང་ཚད་ངེས་པར་འབྱུང་།  དེས་ཀྱང་མི་སློང་ན་རི་བོ་ཁམ་ཆོད་དང་རྒྱ་མཚོ་ཧུབ་འདེབས་སོགས་བྱ།  ཡང་ན་གནམ་ས་དང་སྲིད་པ་མགོ་མཇུག་ལྡོག་པར་དམིགས་ལ་རང་གི་མགོ་ཐུར་དུ་བསྟན་ལ་ཉལ།  ཡང་ན་རང་ཁྲོས་མར་བསྒོམས་ཏེ་སྣང་སྲིད་ཐམས་ཅད་ཧུབ་ཀྱིས་འདེབས་ཤིང་ནམ་མཁའ་ལས་མེད་པར་བསམས་ཡང་གཡང་གཞི་ས་ལ་རྡེབ་ཅིང་སྣང་སྲིད་ཀྱི་ས་རྡོ་རི་བྲག་རྒྱ་མཚོ་ཐམས་ཅད་ཐར་གྱིས་བཤིག་ནས་ནམ་མཁའ་རུ་གྱུར་ཏེ་ལྷ་འདྲེ་གནས་རྟེན་དང་བྲལ་ནས་རྗེན་ལ་ཕུད་པར་བསམ་ལ་ཉལ་བས་སློང་ཚད་ངེས་པར་འབྱུང་།  རྒྱུན་གྱི་སྤྱོད་ལམ་ནི།  ཡུལ་བརྒྱད་དུར་ཁྲོད་བརྒྱད།  ཚོགས་བརྒྱད་དུར་ཁྲོད་ཀྱི་བདག་པོ་བདག་མོ།  གཞན་ཡང་སྒལ་ཚིགས་ལྷུ་ཚིགས་གནས་ལྔ་དོན་སྣོད་ཐམས་ཅད་གནས་ཉེར་བཞི་ཡུལ་སོ་གཉིས་ཧེ་རུ་ཀའི་གནས་བཅུ་རུ་བསྒོམ།  དེར་བཞུགས་པའི་དཔའ་བོ་མཁའ་འགྲོ་བཀའ་སྲུང་དམ་ཅན་ལྷ་འདྲེ་ཐམས་ཅད་ལ་སྣང་སྲིད་བདེན་མེད་ཀྱི་དོན་དྲན་པའི་ངང་ནས་བཟའ་བཏུང་ཚོགས་འཁོར་གྱི་རོལ་པར་ལམ་དུ་ཁྱེར་རོ།  །གོས་ལྷན་པ་ཅན་མདུན།  ལྷྭམ་སྔས།  ཞྭ་རྟེན་མར་བཞག་ལ།  བརླ་དང་དཔུང་གཡས་ཕྱོགས་འོག་ཏུ་བསྟན་ལ་ཉལ་བ་དང་།  གཞན་ཡང་མཚན་མོ་མེ་མི་བཏང་།  རྐང་རྗེན་དུ་མི་འགྲོ།  གཤང་གཅི་དང་དྲི་ཆུ་ཕྱོགས་གཅིག་ལས་མི་འདོར།  འདུ་འཛི་གླེང་མོ་དང་ལྟད་མོ་རྩེད་འཇོ་ཐམས་ཅད་སྤངས།  རྟེན་འབྲེལ་བརྟགས་པ་སོགས་རེ་དོགས་ཐམས་ཅད་གཅོད།  མོ་རྩིས་སྐར་དཔྱད་སོགས་མི་བྱ།  དམ་སྡོམ་མ་གཏོགས་པའི་མི་རུང་མི་འདོད་པ་ཐམས་ཅད་ལ་ཐོག་བརྫིས་བྱ།  ནད་དང་སྡུག་བསྔལ་ཐམས་ཅད་ལ་དངོས་གྲུབ་ཏུ་ཤེས་པའི་རེ་བ་དང་།  དེའི་ཐོག་ཏུ་དེ་འདྲ་བ་དགུ་འགྱུར་ཤོག་ཅེས་ངག་ནས་བརྗོད་ཅིང་ཡིད་ལ་བསམ།  འབྱུང་ཐབས་ཀྱང་བྱ།  ཟས་ནོར་ལྟོ་གོས་འདུ་ལོང་རྨི་ཉམས་མངོན་སུམ་དུ་བྱུང་ཡང་བཟང་པོ་ལ་རེ་བ་དང་དགའ་སྤྲོ་གཞན་ལ་སྨྲ་བ་སོགས་ཐམས་ཅད་གཅོད་དེ་བཟང་ངན་མེད་པར་བཏང་སྙོམས་སུ་འཇོག་པ་དང་།  དུས་དང་རྣམ་པ་ཐམས་ཅད་དུ་བླ་མ་ལ་མོས་གུས།  སེམས་ཅན་ལ་སྙིང་རྗེ།  མཆེད་གྲོགས་ལ་བརྩེ་གདུང་།  ཚེ་མི་རྟག་པ་བསྒོམ་པ་རྣམས་ནི་གནད་ཀྱི་ཡང་གཅེས་དམ་པའོ།  །རབ་ལྷ་འདྲེ་རང་སེམས།  འབྲིང་བླ་མ།  ཐ་མས་ཀྱང་ཕ་མའི་འདུ་ཤེས་སུ་བསྒོམ།  འཇིགས་སྐྲག་ཆེ་ཆུང་གཉིས་འཛིན་རེ་དོགས་ཐམས་ཅད་འབྱུང་ཙམ་ནས་ཡུལ་མེད་དུ་གཅོད་པར་བྱ།  དེའི་དུས་སུ་ལུས་འཕར་ངག་འཆལ་སེམས་བསྔངས་པར་བྱེད་པའི་འཇིགས་སྐྲག་ཅི་བྱུང་ཡང་སྒོ་གསུམ་སློང་བའི་ཚད་དེ་སློང་ཚད་དུ་བྱ།  ཚར་ཚད་ནི་འཇིགས་སྐྲག་ཞི་ཞིང་སེམས་བློས་བཏང་ནས་དགའ་ཡལ་ལེ་བདེ་སལ་ལེ་བར་ཤུགས་འབྱུང་དུ་གནས་པ་ལ་བྱ།  ཆོད་པའི་ཚད་ནི་གཟུགས་ཅན་གཟུགས་མེད་སྣ་ཚོགས་འདུས་ནས་ཁྲི་ལ་བཞག་དཔོན་དུ་བསྐོས་པ་དབང་ཞུ་བ་བྲན་དུ་ཁས་བླངས་པ་སྲོག་སྙིང་ཕུལ་བ་སོགས་འབྱུང་བ་ལ་བྱ།  མདོར་ན་སྣང་བ་ཐམས་ཅད་རང་སྣང་དུ་ཐག་ཆོད་ནས་གདིང་ངེས་པར་རྙེད་པ་ནི་རབ་ཏུ་ཆོད་པའི་ཚད་དང་།  རིག་པ་རང་ལ་རང་གདིང་ཐོབ་ནས་བློ་དང་ཡིད་དཔྱོད་ང་རྒྱལ་བརྟན་པ་ཙམ་ལས་འདས་ཏེ།  འཁོར་འདས་འུབ་ཆུབ་ཏུ་ངེས་པར་གོ་མྱོང་རྟོགས་གསུམ་གྱི་གདིང་དང་ལྡན་པ་ཞིག་བྱུང་ན་རྩད་ནས་ཆོད་པའི་ཚད་དུ་གདོན་མི་ཟའོ།  །ལར་བཟའ་བཅའ་བཏུང་བ་སོགས་གཞན་གྱིས་སྟེར་སྣང་བྱུང་ཡང་བདེན་པར་མི་འཛིན།  མཚོན་ཆ་སོགས་ཀྱིས་འདེབས་པར་མི་བྱ།  ཚར་ཚད་འདྲ་བའི་སློང་ཚད་ཡིན་པས་རང་གི་ཤ་ཁྲག་ཏུ་ངེས་པའི་ཉེན་ཡང་འདའ།  གཞན་ཡང་འབུ་སྲིན་སེམས་ཅན་ཕྲ་རགས་རྫས་ལ་སོགས་རང་གི་ལུས་ལ་གནོད་བྱེད་དུ་བྱུང་ན་ཡང་རང་གི་ལུས་ཀྱི་རྩ་རྒྱུས་ཤ་ཁྲག་སོགས་སུ་ངེས་པས་ནམ་ཡང་མཚོན་ཆ་འདེབས་པ་སོགས་སྤང་བ་དང་།  དེ་རིང་གི་འཚོ་ཆས་དཀོར་ཆ་རྙེད་པ་ལ་ཡང་དེ་ཉིན་མི་ཟ་མི་ཆགས་མི་ཞེན་པའི་ངང་ནས་དགོངས་པ་དབྱིངས་ལ་གཏད།  གོས་རྒྱན་སྦྱིན་བདག་སོགས་དང་གཞན་ལ་བསྲུང་སྐྱོབ་དང་གཞན་དབང་ལ་སྐད་ཅིག་ཙམ་ཡང་མི་འགྱུར་བར་རང་ས་བཟུང་ནས་སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་ནས་གཅོད་པ་དང་།  སུའི་ཁ་ལ་མི་ཉན།  སུའི་རྗེས་སུ་མི་འབྲང་།  སུའི་བྱ་བ་མི་བསྒྲུབ་པར་བཏང་སྙོམས་སུ་ཆམ་གྱིས་བསྐྱུར་ནས་དུར་ཁྲོད་ཀྱི་མི་རོ་ལྟར་དུ་སྡོད།  དུས་དང་རྣམ་པ་ཀུན་ཏུ་རང་གི་འཇིགས་སྐྱོབ་དང་དཔུང་གཉེན་གྱི་ཆེད་དུ་དད་མོས་གསོལ་འདེབས་བསྒོམ་སྒྲུབ་སོགས་མི་བྱ་བར་ལྷ་འདྲེས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསོལ་འདེབས་མོས་གུས་བསྒོམ་བསྒྲུབ་བྱ་བ་དང་།  ཁྱད་པར་འདི་ལྟར་འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་འཁྲུལ་པའི་གཞི་མ་ངར་འཛིན་གྱི་ཕུང་པོ་གྲུབ་པ་ལས་བྱུང་བའི་རྒྱུ་བྱས།  འཕྲལ་བྱུང་གི་ཉེ་བར་ལེན་པའི་སེམས་ཀྱིས་རྐྱེན་བྱས་ནས་འཁྲུལ་པ་ཡིན་པས།  བར་སྐབས་སུ་གཅེས་འཛིན་གྱི་ཕུང་པོ་ཞེན་མེད་དུ་གཞིག་ཕྱིར་ཚོགས་དང་སྟོན་མོར་འགྱེད་ནས་སེམས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པར་བྱ་བ་ནི་གཉིས་འཛིན་རྩད་ནས་གཅོད་པའི་ཐབས་ཟབ་མོ་ཡིན་པས་འབད་པར་བྱ།  དེ་ལའང་ནང་ཟག་བཅས་ཉེར་ལེན་གྱི་སྒྱུ་ལུས།  བར་འདོད་ཡོན་འཕྲུལ་སྣང་གི་སྒྱུ་ལུས།  ཕྱི་འབྱུང་བ་དངོས་སྣང་གི་སྒྱུ་ལུས་ཏེ།  འདི་དག་ཐམས་ཅད་ངོ་བོ་སྟོང་པ་ཡིན་ཏེ་སྟོང་པ་ལ་དངོས་པོར་འཛིན་པའི་ཤེས་རིག་ནི་སེམས་ཡིན་པས་སེམས་དབྱིངས་སུ་སྤར།  དངོས་པོ་རོ་རུ་བསྒྱུར་ནས།  གཏོང་མཁན་བདག་སྒྱུ་མ་མཁན་ལྟ་བུར་ཤེས་པ་དང་།  ལུས་འདོད་རྒུར་བསྒྱུར་བ་སྒྱུ་མའི་དགའ་སྟོན་ལྟ་བུ་དང་།  གཏོང་ཡུལ་སྒྱུ་མའི་འཕྲུལ་གྱི་ཁྲོམ་ཚོགས་ལྟ་བུར་ཤེས་ནས།  ནངས་པར་དཀར་པོར་འགྱེད་པ་དཀར་གསུམ་མངར་གསུམ་གྱི་ཕུང་པོར་བསྒྱུར་ནས་དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་ཀྱི་མགྲོན་དཀར་ཕྱོགས་སྐྱོང་བའི་ལྷ་འདྲེ་དང་བཅས་པ་ལ་འབུལ།  ཉིན་གུང་ཁྲ་བོར་འགྱེད་པ་འདོད་རྒུའི་དཔལ་ཡོན་ཏུ་འཕྲུལ་ནས་མགྲོན་བཞི་ཡོངས་ལ་འགྱེད།  དགོང་མོ་དམར་པོར་འགྱེད་པ་ཤ་རི་ཁྲག་གི་རྒྱ་མཚོར་འཕྲུལ་ནས་ལྷ་སྲིན་སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་ལ་སྦྱིན།  ནམ་ཕྱེད་ནག་པོར་འགྱེད་པ་ནད་གདོན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་ནག་པོར་འཕྲུལ་ཏེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པར་བྱ་བ་རྣམས་ནི་དུས་བཞིར་སྦྱར་ཏེ་གཏོང་བ་དང་།  གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་།  རང་གི་བདེ་བ་གཞན་ལ་གཏོང་བའི་བསམ་པ་ལ་ནན་ཏན་བྱ།  དབང་སྡུད་ཟིལ་གནོན་གྱི་རྐང་གླིང་ནི།  ཕཊ་ཨེ་ཧཱུྃ།  སྤྱན་འདྲེན་ལ།  ཛཿཧཱུྃ་བཾ་ཧོཿ དང་པོས་མགྲོན་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ། གཉིས་པས་སྤྱན་དྲངས།  གསུམ་པས་ཐམས་ཅད་ཐིབ་ཀྱིས་འདུས།  བཞི་པས་གཞན་དུ་མི་གཡོ་བར་ཚོགས་ཞིང་དུ་བསྒོམ་པའོ།  །མཆོད་འབུལ་ལ།  པཱུ་ཛ་ཧོཿ དང་པོས་མཆོད། གཉིས་པས་ཐོབ།  གསུམ་པས་ཟག་མེད་ཀྱི་བདེ་བས་ཚིམས་པར་བསམ།  དབང་སྡུད་དང་སྤྱན་འདྲེན་མཆོད་པའི་ཕཊ་ཀྱང་དེ་བཞིན་ནོ།  །བསྲེ་བ་ལ་ཕཊ་དང་པོས་བདག་དང་ལྷ་འདྲེའི་རྒྱུད་བསྲེས།  གཉིས་པས་སྐུ་གསུམ་གྱི་ཀློང་དུ་སད།  གསུམ་པས་གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་བརྡལ་བའོ།  །གཏོར་བ་ལ་ཕཊ་དང་པོས་འཁོར་བ་མྱང་འདས་སྤྲུལ་སྐུའི་ཀློང་དུ་བཤིག།  གཉིས་པས་ལོངས་སྐུའི་ཀློང་དུ་བཤིག།  གསུམ་པས་ཆོས་སྐུའི་ཀློང་དུ་མཉམ་པར་བཤིག་གོ།  །དེ་ལྟར་བདུད་གཅོད་ཟབ་མོ་ཉམས་སུ་ལེན་པ་ལ།  དང་པོ་ཟབ་མོ་སྟོང་པ་ཉིད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བ་ནི་གཅོད་ཀྱི་གཞི་ངེས་པ་ཡིན་པ་དང་།  མཐར་ནི་འཁོར་འདས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འུབ་ཀྱིས་ཆུབ་པའི་དོན་གཤིས་ཐོག་ཏུ་ཕེབས་པར་བྱ་བ་མཐར་ཐུག་དོན་གྱི་འཇོག་སོ་བླ་ན་མེད་པ་ཡིན་ནོ།  །གནད་འདི་ཚུལ་བཞིན་དུ་མ་ཤེས་ན་གཅོད་ཅེས་ཁ་རུ་བརྗོད་པ་དང་ཌཱ་དྲིལ་བསྒྲགས་པ་ཙམ་ལ་མི་བྱའོ།  །མདོར་ན་ལྟ་བའི་སྟངས་མ་ཤོར་བ།  སྒོམ་པའི་གདིང་མ་ཤོར་བ།  སྤྱོད་པ་བག་མེད་དུ་མི་ཤོར་བ་གནད་དམ་པ་ཡིན།  སྐབས་གཉིས་པའོ།  །  གསུམ་པ་ཐོར་བུའི་དམིགས་པ་ནི།  གཟུགས་ཅན་གཟུགས་མེད་གང་ཡིན་ངོ་མ་ཤེས་ཤིང་ཐག་མི་ཆོད་ན།  རང་གི་སེམས་དང་ཕ་རོལ་པོའི་སེམས་རྒྱུད་གཉིས་གཉིས་མེད་དུ་བསྲེས་ཏེ་དམིགས་པ་གསལ་བའི་ངང་ནས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་ཕཊ་སྒྲ་ཉེར་གཅིག་གིས་བསྲེ་འཕོ་བྱས་པས་གཟུགས་མེད་ནི་མི་ཡལ་མི་སྲིད་པས།  ད་དུང་ཡང་མི་ཡལ་ན་གཟུགས་ཅན་དུ་ངེས་སོ།  །མཐར་རང་གི་རྣམ་ཤེས་ཁྲོས་མར་གྱུར་ཏེ་ཤ་ཁྲག་སྦྱིན་པར་བཏང་།  ཁོའི་རྣམ་ཤེས་དམིགས་མེད་དུ་བཞག་གོ།  ཐོག་དམིགས་ནི་ནམ་མཁར་སེར་སྤྲིན་དྲག་པོ་འཁྲིགས་བྱུང་བའི་དུས་ན།  རང་ཉིད་ཁྲོས་མ་ནག་མོའི་སྤྱི་གཙུག་ཏུ་སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་རིམ་པར་བསྐྱེད།  དེའི་སྟེང་དུ་པདྨ་འབྱུང་གནས་སམ་ཕྱག་ན་རྡོ་རྗེ་སྐུ་ཆེ་བརྗིད་རི་རབ་ཙམ་གྱི་དབུ་འོག་མིན་གྱི་གནས་སུ་སླེབ་པ་སྐུ་ཡིས་སྣང་སྲིད་ཁྱབ་པར་བསྒོམ་ནས་དེའི་གནས་ཐམས་ཅད་སེང་གེ་ལྕགས་སྡིག་ཁྱུང་ལྔ་མཚོན་ཐུན་སྣ་ཚོགས་སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས་པས་སྤྲིན་གྱི་ནང་ཐམས་ཅད་ཁྱབ་ཧཱུྃ་དམར་ནག་མེ་འབར་གྱིས་སྤྲིན་མེའི་རང་བཞིན་དུ་བསྒྱུར་བར་བསྒོམ།  སྟེང་གི་ནམ་མཁའ་ལ་འབྲུག་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྐད་ཅིག་ཀྱང་རྒྱུ་བའི་གནས་མེད་པར་བསམ་ལ།  རྒྱུ་བར་གྱུར་པ་ཐམས་ཅད་ཐལ་བ་རླུང་གིས་གཏོར་བ་ལྟར་དཔག་ཚད་གསུམ་གྱི་ཕ་མཐའ་རུ་བསྐྲད་པར་བསམ།  འོག་ཐམས་ཅད་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་ས་གཞི་ཡངས་པ་བར་སྣང་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཁྱབ་པར་བསྒོམ།  ནི་ནཱ་ག་ཛ་མུན་ཏི་ཨཱཿཞེས་བཟླས་ཏེ་འཁོར་འདས་འུབ་ཆུབ་ཀྱི་ངང་དུ་མཉམ་པར་བཞག་པས་ངེས་པར་གནོད་པ་མི་འབྱུང་།  ཆོས་ཉིད་དོན་གྱི་གནས་ལུགས་ངེས་པར་རྟོགས་པའི་རྣལ་འབྱོར་པ་རྣམས་ལ་འཇིགས་པ་གང་གིས་ཀྱང་མི་འཇིགས་ཏེ།  གདིང་མ་ཐོབ་པ་རྣམས་ཀྱིས་གནམ་ལྕགས་ཐོག་གི་འཇིགས་པ་ལ་ནི་དམིགས་པ་གཟབ་པར་བྱ།  གཞན་ལ་ནི་འཁུ་འཕྲིག་རེ་དོགས་བསྲུང་བཟློག་ལྷ་བསྒོམ་སྔགས་བཟླས་ཐུན་བྲབ་ཐམས་ཅད་སྤངས་ནས་རོ་སྙོམས་པའི་ངང་དུ་ལྷུག་པར་འཇོག་པ་ནི་གནད་དམ་པའི་ཡང་སྙིང་ཡིན་པས་ཤེས་པར་བྱ།  ལར་གང་ལ་རེ་བ་སྐྱེས་ཚད་ནི་འདོད་པའི་ཕྱོགས་ཐམས་ཅད་འཇོམས་པའི་འགོང་པོ་ཡིན་པས་རེ་བ་བཅད།  གང་ལ་དོགས་པ་སྐྱེས་ཚད་ནི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འགུགས་པར་བྱེད་པའི་ཕོ་ཉ་ཡིན་པས་དོགས་པ་མི་བྱ།  དེའི་ཕྱིར་རེ་དོགས་དང་ཕན་གནོད་རོ་སྙོམས་པར་བདེ་སྡུག་གཏོང་ལེན་བྱེད་པ་ནི་རྐྱེན་ངན་དངོས་གྲུབ་དང་།  ལྟས་ངན་གཡང་ལེན་གྱི་མན་ངག་ཟབ་མོ་ཡིན།  ནད་བྱུང་ཚེ་དུས་ལྔར་ཉམས་ལེན་གྱི་དམིགས་པ་ནི།  སྔ་དྲོ་འཁོར་འདས་ཡོངས་ཀྱི་དབང་མོ་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་ཞེ་སྡང་འཇོམས་མཛད་མཁའ་འགྲོ་དཀར་མོ་སྦྲུལ་གྱི་གདོང་པ་ཅན།  ཉིན་གུང་ང་རྒྱལ་འཇོམས་མཛད་སེར་མོ་རྟ་ཡི་གདོང་པ་ཅན།  དགོང་མོ་འདོད་ཆགས་འཇོམས་མཛད་དམར་མོ་བྱ་རྒོད་ཀྱི་གདོང་པ་ཅན།  སྲོད་དུ་ཕྲག་དོག་འཇོམས་མཛད་ལྗང་མོ་ཁྱི་ཡི་གདོང་པ་ཅན།  ཐོ་རངས་གཏི་མུག་འཇོམས་མཛད་ནག་མོ་ཕག་གི་གདོང་པ་ཅན།  བར་སྐབས་སུ་ལྕགས་སྡིག་དང་།  རེ་འགའ་བྱ་ཁྱུང་དཀར་ནག།  རེ་འགའ་ཕག་དཀར་ནག།  རེ་འགའ་ཁྲོ་བོ་ཁྲོ་མོ།  རེ་འགའ་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་ནད་ན་ས་དང་བཅས་པ་ཇུར་མིད་དུ་ཟོས་ནས་རྗེས་ཤུལ་ཙམ་ཡང་མེད་པར་ཡང་ཡང་བསམ་པའི་མཐར་ལུས་སྦྱིན་ཡང་གྲངས་དང་དཔག་མཐར་དམིགས་མེད་ཀྱི་ངང་དུ་བཞག་པས་ངེས་པར་སེལ་བ་ཡིན།  དེ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ནད་དེ་ལ་ཐིམ་པར་བསམ་ལ་བྱ།  རིམས་ཡམས་འགོ་ནད་ཐམས་ཅད་ལ་རང་ལུས་ཀེང་རུས་སྐམ་པོ་ཤ་མེད་པ་བུ་ག་དགུ་ནས་བཙན་དུག་གི་ངད་རླངས་དང་རྡོ་རྗེ་མེ་འབར་བ་ཞིག་ཏུ་བསྒོམས་ཏེ།  ང་ལ་ཤ་མེད་ཀྱི་རུས་པ་ལ་ནད་འཇུག་པའི་ཡུལ་མེད་པ་འདི་ཕུང་རེ་ཆེ།  ང་ལ་སྒྲིབ་པ་སྦྱོང་བ་དང་ལན་ཆགས་བྱང་བའི་ཕྱིར་ནད་ངན་འདི་བྱུང་ན་ཅི་མ་རུང་སྙམ་ནས་རེ་བའི་ཚུལ་གྱིས་སྡོད་པས་སེལ།  ནད་ཀྱི་ཁྲོད་དུ་ཤ་ཁྲག་སྤང་བར་བྱ།  མདོར་ན་ན་དགའ་ཤི་སྐྱིད་བདེ་སྡུག་གཏོང་ལེན་བྱ་བ་གནད་དམ་པ་ཡིན།  གལ་ཏེ་གཉན་སའི་ལྷ་འདྲེ་བྱང་ཆེ་དྲག་རྣལ་འབྱོར་པ་ནུས་པ་ཆུང་བས་སློང་མི་ནུས་སམ།  རྣལ་འབྱོར་པ་ལྟ་དགོངས་མཐོ་བ་ལྷ་འདྲེ་བྱང་ཆུང་བས་སློང་མི་ནུས་གང་ལྟར་ཡང་མཐའ་གཏད་ཀྱི་དམིགས་སྤྱོད་ཟབ་མོ་འབྱེད་པར་འགྱུར་བས།  རང་གི་མགུལ་དུ་ཐག་པ་བཏགས་ཏེ་སྣེ་རྟེན་གཉན་པོ་ལ་བཏགས་པའམ།  ལྷ་འདྲེ་ལ་ཕར་འཕང་ལ་འདི་ལྟར་བརྗོད།  ཀྭིའི་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཁྱེད་རྣམས་འདིར་ཤོག།  འདིར་འདུས་ཤིག།  ལན་གསུམ་བརྗོད་ཅིང་དམིགས་པ་འདི་ལྟར་བྱ།  རང་གི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནས་དེའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་ཉ་མོ་ལྕགས་ཀྱུས་འཐེན་པ་ལྟར་མདུན་དུ་བཀུག་ནས་བྲོས་ཐར་གབ་ཡུལ་མེད་པར་བསམ་ལ།  སྙེམས་ཐག་བཅད་ནས་གནས་དེའི་ལྷ་འདྲེ་དྲག་རྩལ་ཅན་ཁྱེད་རྣམས་ལ་ངས་བཅོལ་ལས་ནི།  རབ་ན་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས་ཤིག།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་ཤི་མིན་གསོན་མིན་ཞིག་གྱིས་ཤིག།  ཅེས་ཟེར་ཞིང་སེམས་ཀྱིས་ཀྱང་ཡ་ང་བག་ཚ་འཁུ་འཕྲིག་སྤང་ལ་ཞེ་ཐག་པ་ནས་བསམ་པས།  ལྷ་འདྲེས་ངུ་འབོད་སྐོར་རྒྱུག་སོགས་བྱས་ནས་སློང་ཚད་ངེས་པར་འབྱུང་ངོ་།  །ཕན་མེད་ནད་ཀྱིས་གདུང་ནས་ཅིས་ཀྱང་མ་ཕན་ནའང་།  ཡང་སྐྲ་སེན་ལུས་དྲེག་སོགས་བསྲེག་ཅིང་ཐབ་གཞོབ་ཆེན་པོ་བྱས་ཏེ་འབོད་དམིགས་གོང་ལྟར་བྱས་ཏེ།  ང་ནི་མི་ཤོར་ནད་ཀྱིས་བཏབ་ནས་ཟླ་ཞག་གྲངས་མང་སོང་།  ཅིས་ཀྱང་ཕན་ཐབས་བྱས་ཀྱང་མ་ཕན།  སྤུན་ཟླ་བཟའ་མི་རྣམས་ཀྱིས་ཀྱང་ཤི་ན་ཅི་མ་རུང་ཟེར།  ཡུལ་མི་ཁྱིམ་མཚེས་དག་གིས་ཤི་སྨོན་བྱེད་ཀྱིན་འདུག།  ང་རང་ལ་ཡང་ད་ལྟ་ཤི་ན་དེ་ལས་དགའ་བ་ཚེ་རབས་ཐམས་ཅད་ན་མེད།  རབ་ན་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས་ཤིག།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་ཤི་མིན་གསོན་མིན་ཞིག་གྱིས་ཤིག།  ཅེས་ཟེར་ཞིང་ཀྭི་བཏབ་ཐུན་ཆུང་རེ་ལ་ཉལ།  ཡང་འབོད་བཅོལ་བྱ།  སྙེམས་ཐག་བཅད་ལ་ཤི་དགའ་བསྒོམ།  རྟགས་བྱུང་ན་འགྱེད་བཞི་དུས་ཚོད་དང་སྦྱར་ལ་རིམ་བཞིན་བྱ།  རྗེས་སུ་ཕྱི་ནོན་བྱ་བ་ལག་ལེན་ནོ།  ཆོམ་རྐུན་གྱི་འཇིགས་པ་བྱུང་ན།  གཉན་སར་ཕྱིན་ཏེ་ཟན་གྱི་སྤྲེའུ་དམར་ལག་སྦྲེལ་གྱི་སྟེང་དུ་མི་རོ་བཀལ་ནས་དགྲའི་ཕུག་ཏུ་མཆོང་རྒྱུག་བྱེད་པར་བསམ་ལ།  ཀྭིའི་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཁྱེད་རྣམས་ཀྱིས་ངའི་དགྲ་བོ་ལ་སྤྲེལ་དམར་ལག་སྦྲེལ་རོ་ཁུར་གྱི་གཟུགས་ད་ལྟ་ཉིད་དུ་སྟོན་ཅིག།  མིན་ན་ད་ལྟ་ཉིད་དུ་སོད་ཅིག།  དེ་མིན་ན་བསྐལ་པ་ངས་བཤིག་རྒྱུ་མིན་རེ་ཞེས་ཟེར་ནས་ཉལ།  དེ་ལྟར་བྱས་ཀྱང་རྟགས་མ་བྱུང་ན་ལུས་དམར་འགྱེད་བྱས་ལ།  སྣང་སྲིད་ལྷ་འདྲེའི་དམག་དཔུང་བསྐྱེད།  །སྡང་བའི་དགྲ་ལ་དྲག་ཏུ་རྒྱུག།  ལྟས་ངན་གློ་བུར་ཡེ་འདྲོག་ཐོངས།  །རྗེས་ཤུལ་ཙམ་ཡང་མེད་པར་རློགས།  །ཅེས་མཁའ་འགྲོ་བཅུ་འགྱེད་ཀྱི་རེ་རེ་བཞིན་དུ་སྦྱར་ཏེ།  ཕྱོགས་མཚམས་སྟེང་འོག་གི་མཁའ་འགྲོ་མ་རྣམས་ལ་བཀའ་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་ལྷ་འདྲེའི་ཚོགས་དང་བཅས་པས་བསྐོར་ནས་ཆོ་སྒྲ་འུར་སྒྲ་སོད་རྒྱོབ་ཀྱི་སྒྲ་དང་བཅས་ཏེ་སོང་བར་ཡང་ཡང་བསམ།  ཡང་ན་ལབ་རྩེ་གཉན་པོ་གཏོར།  རླུང་རྟ་གདན་དུ་བཏིང་།  གོས་ཕྱི་ནང་བསྒྱུར།  སྙེམས་ཐག་བཅད་ནས།  ཀྭིའི་འདིར་གནས་ཀྱི་ལྷ་འདྲེ་ཟོ་དོར་གཉན་པོ་ཁྱེད་ཅག་གི་མིག་མ་ལོང་ན་ལྟོས།  རྣ་བ་མ་འོན་ན་ཉོན།  ཞ་བོ་མིན་ན་མགྱོགས།  ཤི་བོ་མིན་ན་ཤོག།  རོ་མིན་ན་ལོངས།  ང་ནི་དགྲ་བོས་བཅོམ་ནས་ཐལ།  ཉེས་པ་ནི་མ་བྱས།  ལན་ཆགས་ནི་མེད།  མ་ཉེས་པ་ལ་དགྲ་བྱུང་ནས་བཅོམ་པ་ཡིན།  ད་ནི་མུ་གེས་ཤི་བ་ལས་ད་ལྟ་ཤི་ན་དགའ།  རབ་ན་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས་ཤིག།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་སང་གི་ནམ་ལངས་ཚུན་ཆད་དུ་སོད་ཅིག།  ཡང་ན་དགྲ་བོ་དེ་མ་འགྱང་མ་ཐོགས་པར་སོད་ལ་དོན་སྙིང་མངོན་སུམ་དུ་ང་ལ་སྤྲོད་ཅིག།  ཅེས་སྨྲ་ཞིང་ཉལ།  ཟིལ་གནོན་ཡང་ཡང་བྱ།  གཞན་ཡང་ཚོགས་ལྷག་དང་གཏོར་མ་ལ་དགྲ་བོའི་མི་ནོར་འཁོར་བཅས་རྫོགས་པར་བསྒོམས་ཏེ་མགྲོན་གྱི་ཞལ་དུ་བསྟབས་པས་ཀྱང་ཐུབ།  རང་ཁྲོས་མའི་ང་རྒྱལ་དང་མ་བྲལ་བར་གཅེས།  དེ་ལྟར་དམིགས་པའི་རིམ་པ་མང་ཡང་ཡི་གེར་འཛེམ་ནས་མ་བྲིས་མདོར་བསྡུས་གཅིག་དྲིལ་ཡིན།  དུས་དང་རྣམ་པ་ཐམས་ཅད་དུ་ལྷ་འདྲེ་གཞན་དུ་བཟུང་ནས་གནོད་སེམས་སྡང་སེམས་དྲག་དམིགས་སོགས་བསམ་སྦྱོར་ངན་པ་ཐམས་ཅད་སྲོག་ལ་བབ་ཀྱང་མི་བྱ།  བྱས་ན་གཅོད་ལོག་ཡིན་པས་ཤེས་པར་བྱ།  གཉན་མིག་རེ་རེ་བཞིན་ཚོགས་བསྐང་སོགས་བྱ་བ་དང་།  སློང་ནས་ཚར་ཆོད་བྱུང་ན་གཉན་ས་དེར་མི་སྡོད་པ་གནད་དུ་ཤེས་པར་བྱ།  སྐབས་གསུམ་པའོ།  །བཞི་པ་གནས་འཕོ་བའི་དུས་ལ་བབ་པའི་ཚེ་ར་བ་དྲུག་པོ་བསྡུ་བ་ནི།  ཕཊ་ཕཊ་ཕཊ།  རང་ཉིད་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་སྤྲུལ་པའི་ར་བ་དྲུག་པོ་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ།  གནས་གསོ་བ་ནི།  སླར་ཡང་གནས་ཞིང་ཁམས་རྣམ་པར་དག་པ་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གནས་ཁང་མཛེས་ཤིང་ཡིད་དུ་འོང་བ་འདོད་རྒུའི་དཔལ་ཡོན་ཐམས་ཅད་རྒྱུན་མི་ཆད་པའི་རང་བཞིན་ཅན་དུ་གྱུར།  ཕཊ་ཕཊ་ཕཊ།  དེ་ནས་ཐོའི་ཡེ་ཤེས་པ་རྣམས་བསྡུ་བ་ནི།  དང་པོ་ཤར་གྱི་ཐོ་ལ།  ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ གསལ་སྟོང་ཟུང་འཇུག་དབྱིངས་སུ་གཤེགས༔ མེ་ལོང་ཡེ་ཤེས་ངང་དུ་བཞུགས༔ མི་འཇིགས་གདིང་ཐོབ་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ དེ་ནས་ལྷོའི་ཐོ།  ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ དག་མཉམ་ཆེན་པོའི་དབྱིངས་སུ་གཤེགས༔ མཉམ་ཉིད་ཡེ་ཤེས་ངང་དུ་བཞུགས༔ གཉིས་སྣང་བྲལ་བའི་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ དེ་ནས་ནུབ་ཀྱི་ཐོ།  ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་གྲོའི་ཚོགས་དང་བཅས༔ རང་བྱུང་ཡེ་ཤེས་དབྱིངས་སུ་གཤེགས༔ སོར་རྟོག་ཡེ་ཤེས་ངང་དུ་བཞུགས༔ ཟག་མེད་བདེ་ཆེན་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ དེ་ནས་བྱང་གི་ཐོ་ལ།  ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཕྲིན་ལས་ཡོངས་གྲུབ་དབྱིངས་སུ་གཤེགས༔ བྱ་གྲུབ་ཡེ་ཤེས་ངང་དུ་བཞུགས༔ རྟོགས་གྲོལ་གཉིས་ལྡན་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ ཅེས་ཐོ་རྣམས་བསྡུ།  དེ་ནས་བཙོན་བཀྲོལ་བ་ནི།  ཕཊ་ཕཊ་ཕཊ༔ རང་གི་གདན་དུ་བཏིང་བའི་མི་ནག་དེ་ཉིད་ཀྱི་ཡན་ལག་ལྔར་གཟེར་གྱིས་གདབ་པའི་ཕུར་པ་རྣམས་ལས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཤག་གིས་ཕྱུང་བ་ཙམ་གྱིས་ཁྲོལ་གྱིས་ཞིག་ནས་ལྷ་འདྲེ་དེ་དག་འཁྲུལ་པ་བག་ཆགས་ལས་སད་ཅིང་བདེ་ལྡན་ལྷའི་ལུས་ལྟ་བུ་ཤ་སྟག་ཏུ་གྱུར་ཏེ་རང་རང་གི་གནས་ཁང་དུ་འཁོད་ནས་དགའ་བདེ་ཟད་མི་ཤེས་པའི་གནས་ལ་བཀོད་པར་གྱུར༔ ཕཊ་ཕཊ་ཕཊ༔ ཐབ་ཀ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ།  དེ་ནས་རྟེན་བཞེངས་པ་ནི།  ཤུལ་དུ་ཐོ་ཞིག་བརྩིགས་ཏེ་སྐུ་གསུང་ཐུགས་རྟེན་གང་རུང་བཞེངས་ལ་རྩ་བརྒྱུད་ཀྱི་བླ་མ་དང་རྒྱལ་བ་སྲས་དང་བཅས་པ་རྣམས་བསྟིམ་ནས་ལྷ་འདྲེ་ལ་ཕྱག་མཆོད་བཀུར་སྟིའི་རྟེན་དུ་བསྒོམ།  དེ་ཡང་།  ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས།  ཀོ྅་ཧཾ་གིས།  རྟེན་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར།  སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞི་འཛུམ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་བ༔ སྣང་ལ་རང་བཞིན་མ་གྲུབ་པ་འཇའ་ལུས་སྒྱུ་མའི་སྐུ་རུ་གསལ་བའི་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྒྱ་མཚོ་ལ་ཁ་ཆར་བབས་པ་ལྟར་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ་པར་གྱུར༔ སརྦ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ བཛྲ་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨ་ཨ༔ ཞེས་དབྱངས་གསལ་རྟེན་སྙིང་བཅས་ལན་གསུམ་བརྗོད་མཐར༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ འདིར་གནས་ཀྱི་ལྷ་འདྲེ་ཐམས་ཅད་ཐར་པ་དང་རྣམ་མཁྱེན་གྱི་ས་ལ་མ་འགོད་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་རྟེན་འདི་ལ་བརྟན་པར་བཞུགས་སུ་གསོལ༔ བརྟན་པར་བཞུགས་ནས་ཀྱང་གང་ལ་གང་འདུལ་གྱི་ཐབས་དུ་མའི་སྒོ་ནས་ཆོས་སྟོན་ཅིང་འགྲོ་བ་འདྲེན་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བཀྲ་ཤིས་བརྗོད།  ལྷ་འདྲེ་ཐམས་ཅད་ཀྱིས་ཕྱག་སྐོར་མཆོད་གནས་བྱེད་པར་བསམ།  ཆོས་ཀྱི་སྦྱིན་པ་བྱ།  དེ་ནས་ཁུར་པོ་ཁུར་ནས་གོམ་པ་བདུན་དུ་ཕྱིན་ལ།  ལུས་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་ནས་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རྐང་དང་ལྷ་བ་ཚིལ་ཞུན་གྱི་མཚོ་མོ་འདོད་ཡོན་སྣ་ཚོགས་ཀྱི་ལྦུ་རླངས་འཁྲིགས་པ་ནམ་མཁའ་ལྟ་བུར་ཟད་མི་ཤེས་པའི་རང་བཞིན་དུ་བསྒོམ་ལ།  གནས་དེའི་ལྷ་འདྲེ་ཐམས་ཅད་ཀྱིས་ལོངས་སྤྱད་པར་བསམ་ལ།  གནས་བཅོལ་བ་ལ།  ཀྭིའི་ཀྭིའི།  བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་སྲིན་དྲེགས་པ་ཅན་ཁྱེད་རྣམས་ཀྱིས་ངའི་གནས་པོ་འདི་ལ་བསྲུང་སྐྱོབ་མེལ་རྩེ་མཛོད་ལ་འདིར་གནས་ཀྱི་ལྷ་འདྲེ་ཕྱི་ལ་མ་བཏང་།  སྔར་མེད་ཀྱི་ལྷ་འདྲེ་སླར་ལ་མ་བཙུད།  ཁྱེད་རྣམས་ལ་བཀས་གཏད་དོ།  །དམ་ཚིག་གིས་བཅོལ་ལོ།  །ནུས་མཐུ་ཅི་འདུག་བལྟའོ།  །ས་མ་ཡ།  ཞེས་ལན་གསུམ་བརྗོད།  རིག་པ་གཏད་མེད་ཀྱི་ངང་ནས་ཧ་ཧ།  ཧི་ཧི།  ཧེ་ཧེ།  ཧོ་ཧོ།  ཧཱུྃ་ཧཱུྃ།  ཕཊ་ཕཊ༔ ཅེས་གད་རྒྱངས་བཅུ་གཉིས་བསྒྲགས་བཞིན་འཆམ་སྟབས་ཀྱིས་ཅུང་ཟད་འགྲོ།  མིག་མཐོང་གང་ཙམ་དུ་ཕྱིན་ཏེ་ཐོ་ཞིག་བརྩིགས།  དེ་ལ་ཁྲོཾ་ཡིག་བྲིས་ཏེ།  ཨོཾ་སརྦ་དྷརྨ་ག་ག་ན་ཨ།  དམིགས་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར།  སྟོང་པའི་ངང་ལས་ཡི་གེ་ཁྲོཾཿཡོངས་སུ་གྱུར་པ་ལས།  ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ་རྭ་གཉིས་གནམ་དུ་གཟིང་ཞིང་རྭ་བར་ནས་ཡིད་བཞིན་གྱི་ནོར་བུ་ལས་སྒྲུབ་པ་པོ་ལ་དགོས་འདོད་ཀྱི་ཆར་འབེབས་པ་རལ་པ་དམར་སེར་སྲིད་པའི་རྩེ་མོ་ན་མེ་ལྟར་དུ་འབར་བ།  མིག་གཉིས་ཉི་ཟླའི་འོད་ཟེར་འཕྲོ་བ་ཁྲོ་ཆུ་ཞུན་མའི་ལུས་པོ་ལ་གནམ་ལྕགས་ཀྱི་མཆུ་སྡེར་བགྲད་པས་ས་བདག་ཀླུ་གཉན་རྣམས་ཀྱི་དོན་སྙིང་འདྲེན་པ་གཤོག་པས་བར་སྣང་ཁྱབ་ཅིང་མཇུག་མས་ས་གཞི་ཁེབས་པ།  ཀྲིཾ་ཀྲིཾ་གི་སྒྲ་སྒྲོགས་པས་ས་གསུམ་གཡོ་བར་བྱེད་པ།  ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་བཞུགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ།  །  ཨོཾ་བཛྲ་ག་རུ་ཌ་ཨ་ཝེ་ཤ་ཡ་ཨ་ཨ།  དབྱངས་གསལ་རྟེན་སྙིང་དང་བཅས་པས་རབ་ཏུ་གནས་ཤིང་བརྟན་པར་བྱས་ལ།  བདག་དང་ལྷ་འདྲེའི་མཚམས་བཅད་པར་བསམ་ལ།  བཀའ་དམ་གཏའ་རུ་བཞག་ནས་ཕྲིན་ལས་བཅོལ་བ་ནི།  འེ་འེ།  ཡེ་ཤེས་ཀྱི་བྱ་ཁྱུང་རྒྱལ་པོ་མཐུ་དང་ནུས་སྟོབས་ཀྱི་བདག་པོ་དགོངས་སུ་གསོལ།  བདག་གི་ཕྱི་ལམ་དུ་གནས་འདིའི་ལྷ་འདྲེ་ཐམས་ཅད་མ་བཏང་ཞིག་མཚམས་ཆོད་ཅིག།  ཨོཾ་བཛྲ་ག་རུ་ཌ་ས་མ་ཡ།  ཞེས་ལན་གསུམ་བརྗོད་ནས།  དང་པོ་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་ལམ་མཐིང་།  མེ་ལོང་ཡེ་ཤེས་འོད་དཀར།  མཉམ་ཉིད་ཡེ་ཤེས་འོད་སེར།  སོར་རྟོག་ཡེ་ཤེས་འོད་དམར།  བྱ་གྲུབ་ཡེ་ཤེས་འོད་ལྗང་དེ་དག་གི་ཀློང་དུ་རིམ་པ་བཞིན་དུ་གོམ་པ་བདུན་རེ་འགྲོ།  བདུན་ལྔ་རྫོགས་ཚེ་ཡང་གཉན་ཁྲོད་ལ་འགྲོ་ན་སྔ་ནོན་བཏང་ལ་འགྲོ་ཚུལ་སྔར་བཞིན་བྱ།  ངེས་མེད་དུ་འགྲོ་ན་རང་བཞིན་དུ་འགྲོ།  རང་ཁྱིམ་དུ་འགྲོ་ན་ཤ་ཁྲག་ས་གཞི་གང་བར་ཞིག།  རིག་པ་སྟེང་ཕྱོགས་འོག་མིན་གྱི་དབྱིངས་སུ་ཐིམ་པས།  མཁའ་འགྲོ་མ་ལྔར་དེངས་ནས་ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་ལྔར་ཕྱིན་ནས་སླར་འོད་གསལ་རྫོགས་པ་ཆེན་པོའི་ཀློང་དུ་རོ་གཅིག་ཏུ་འདྲེས་ཏེ་ཐིག་ལེ་དཀར་པོ་སྲན་མ་ཙམ་དུ་གྱུར་ནས་འོད་ཟེར་གྱི་ཐག་པར་བརྒྱུད་དེ་རང་གི་གནས་ཁང་གི་ཐོག་ཏུ་ཧྲི་ལི་ལི་འདྲིལ་ཏེ་བབས་པར་བསམ་ལ་འགྲོ།  ཕྱི་ནོན་རྗེས་གཅོད་ཟབ་མོ་སྟེ།  སྐབས་བཞི་པའི་བདག་ཉིད་ཅན་གྱིས་རྫོགས་པའོ།  །ཞེས་རང་གི་སློབ་མའི་ཚོགས་ལ་ཉེ་བར་མཁོ་བའི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག  །དགེའོ།  །དགེའོ།  །དགེའོ།།  །།   

}}
}}

Revision as of 09:31, 4 September 2025

Wylie title zab don gcod kyi cha lag gnyan sa'i dmigs pa phyag len mdor bsdus gsal ba'i me long khams gsum zil gnon TTDL-ZABTER-11-DA-012.pdf
Location bdud 'joms gling pa zab gter
Volume 11, Text 12, Pages 165-200 (Folios 1a1 to 18b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab don gcod kyi cha lag gnyan sa'i dmigs pa phyag len mdor bsdus gsal ba'i me long khams gsum zil gnon. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 165-200. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gnyan dmigs   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Practical Instructions - lag len - len thabs  ·  Severance Texts - gcod gzhung
Deity khros ma nag mo
Colophon

།ཞེས་རང་གི་སློབ་མའི་ཚོགས་ལ་ཉེ་བར་མཁོ་བའི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

/zhes rang gi slob ma'i tshogs la nye bar mkho ba'i ched du bdud 'joms rdo rjes bris pa yongs su dge bar gyur cig__/dge'o/__/dge'o/__/dge'o//

[edit]
༄༅། །ཟབ་དོན་གཅོད་ཀྱི་ཆ་ལག་གཉན་སའི་དམིགས་པ་ཕྱག་ལེན་མདོར་བསྡུས་གསལ་བའི་མེ་ལོང་ཁམས་གསུམ་ཟིལ་གནོན་ཞེས་བྱ་བ་བཞུགས་སོ། །