TTDL-ZABTER-02-KHA-005: Difference between revisions

From Dudjom Wiki
TTDL-ZABTER-02-KHA-005
m (Text replacement - "ཧོཿ" to "ཧོཿ ")
m (Text replacement - "༴" to "༴ ")
 
Line 44: Line 44:

ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  བདག་འདྲ་པད་འབྱུང་རྡོ་རྗེ་གཤོག་རྒོད་ངས༔ ལྔ་བདོའི་འགྲོ་བ་རྗེས་བཟུང་ཕྱིར༔ འཇམ་དཔལ་གསང་བ་འདུས་པ་ཡི༔ སྒྲུབ་པ་དཔག་བསམ་རྒྱས་པ་བསྟན༔ སྒྲུབ་པའི་གནས་མཆོག་རབ་དབེན་ཚལ༔ བསྒྲུབ་པའི་མཐུན་རྐྱེན་ཡོ་བྱད་ཚོགས༔ བསགས་ནས་ཐམས་ཅད་ཚང་བར་བྱ༔ གནས་ནི་གྲོང་དང་དགོན་ཆེན་སྤངས༔ སྣང་དང་མི་སྣང་ས་བདག་ལ༔ ཡོན་འབུལ་ས་བསླང་སྟ་གོན་བྱ༔ དེ་ནས་ལྟོ་ཆས་ཟས་ཀ་ཆ༔ བུད་ཤིང་ལ་སོགས་བསགས་བྱས་ཏེ༔ སྣོད་རྣམས་གས་སེར་མེད་པ་ཡང་༔ རྟེན་འབྲེལ་ཡིན་ཏེ་འབྱོར་དགོས་སོ༔ གྲོགས་ཀྱང་དམ་སེལ་མེད་པ་གཙོ༔ རང་ཡང་སྒྲུབ་པ་བྱེད་པའི་སྔོན༔ རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ༔ གཉེན་པོ་སྟོབས་བཞིའི་གནད་ལྡན་པས༔ ཞག་བདུན་བཤགས་སྦྱང་དག་ལ་འབད༔ དེ་ནས་ཚོགས་བསྐང་བཟང་པོ་བཏང་༔ སྡེ་བརྒྱད་འབྱུང་པོར་སྐྱེམས་མཆོད་བྱ༔ བརྒྱ་བཞི་འམ་ནི་འབར་མ་རྫོངས༔ དེ་ནས་སྒྲུབ་པའི་གནས་ཁང་ལ༔ ཁྲུས་བྱ་རྟེན་སྙིང་སྔགས་བཏབ་པའི༔ ཆུ་ཡིས་ནན་དུ་བྲན་ཅིང་བྱུག༔ ལྷ་ས་བསམ་ཡས་ཁྲ་འབྲུག་སོགས༔ བཀྲ་ཤིས་བྱིན་ཆགས་ས་སྣ་བསྡུས༔ ཆུ་རུ་བཏབ་སྟེ་དེས་སྦྲུས་པའི༔ ས་སྟེགས་གྲུ་བཞི་མདའ་གང་བའི༔ སྟེང་དུ་དྲི་སྨན་ཆུ་དང་ནི༔ རྟེན་སྙིང་སྔགས་ཆུས་རབ་ཏུ་བྱུག༔ དེ་ནས་མུ་ཁྱུད་དབུས་མ་རུ༔ པདྨ་འདབ་བཞི་མཛེས་པར་བྲི༔ དེ་མཐར་འཇའ་རིས་ལེགས་པར་བྲིས༔ ཕྱི་རིམ་གཞལ་ཡས་སྒོ་གྲུ་སོགས༔ སྤྱི་དང་མཐུན་པར་ཚོན་གྱིས་བཏབ༔ མཐར་ཡང་རྡོ་ར་མེ་རིས་བསྐོར༔ ཡང་ན་ཚོམ་བུ་དག་ལ་བརྟེན༔ ཡང་ན་གཏོར་མ་ལ་བརྟེན་རུང་༔ སྒྲུབ་རྟེན་བླ་རྡོ་ཙཀྲ་དང་༔ རིལ་བུ་བུམ་པ་དང་བཅས་བཞག༔ སྐུ་རྟེན་ཕྱག་རྒྱ་གསུང་ཡི་གེ༔ ཐུགས་རྟེན་རལ་གྲི་ལ་སོགས་པ༔ འབྲལ་བ་མེད་པའི་རྟེན་གསུམ་བཀོད༔ དར་ཚོན་སྣ་ལྔའི་ལྡིང་གུར་ཕུབས༔ རྩ་གསུམ་གཏོར་མ་སྤྱི་ལྟར་བཤམ༔ མཆོད་རྫས་སྨན་གཏོར་རཀྟ་དང་༔ ཉེར་སྤྱོད་འདོད་ཡོན་འབྱོར་ཚོགས་ཀུན༔ རིམ་བཞིན་མཛེས་པར་བཤམས་ནས་ཀྱང་༔ བདུད་རྩི་འཁྱིལ་བ་བསྐྱེད་བསྟིམས་པའི༔ ཆབ་ཀྱིས་ནན་དུ་བྲན་པ་ནི༔ བགེགས་ཀྱིས་རྒོལ་བ་མི་འབྱུང་གནད༔ བསྒྲུབ་དུས་ལྷ་སྔགས་གསང་རྒྱས་བཏབ༔ དཀྱིལ་འཁོར་དང་ནི་སྒྲུབ་པའི་རྫས༔ གཞན་ལ་སྦ་ཞིང་གསང་བར་བྱ༔ སླར་ཡང་སྒྲུབ་པའི་སྔོན་འགྲོ་ལ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་རིགས་ལ་དམར་མཆོད་བསྔོས༔ བར་ཆད་བཟློག་པའི་ཕྲིན་ལས་བཅོལ༔ དེ་ནས་བགེགས་ལ་ཆངས་གླུད་དང་༔ འབྲས་ཆན་ཟན་དུམ་ཤ་ཁྲག་སོགས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ སྔགས་དང་ཏིང་འཛིན་བྱིན་གྱིས་བརླབ༔ སོ་སོར་གང་ལ་ཅི་འདོད་ཀྱི༔ ལོངས་སྤྱོད་ཐོབ་ནས་ཕྱིར་བསྐྲད་བྱ༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པ་ཙམ་གྱིས་ནམ་མཁའ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་བཞིན་དུ༔ རང་གི་མདུན་གྱི་ནམ་མཁར་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཡོངས་འདུས་ཀྱི་ངོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་སེར་གཟི་བརྗིད་ཉི་མ་འབུམ་ལས་ལྷག་པའི་འོད་དང་འོད་ཟེར་འབར་བ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་འཇའ་ཚོན་འོད་ཀྱི་ཀློང་ནས་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཏེ་གཡས་རལ་གྲི་ཕྱར་ཞིང་གཡོན་གླེགས་བམ་བསྣམས་པ༔ ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་སྐུ་དབྱིངས་དྭངས་གསལ་མེ་ལོང་ལྟ་བུའི་ཀློང་དུ་གཟུགས་བརྙན་སྣང་བ་ལྟར་སངས་རྒྱས་ཀྱི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་རྣམ་པར་ཡོངས་སུ་རྫོགས་པར་བསྒོམ་ལ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དངོས༔ སྐུ་བཞིའི་བདག་ཉིད་འཇམ་དབྱངས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆིའོ༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ སྐྱབས་ཡུལ་གྱི་ལྷ་རྣམས་དཔང་དུ་བཙུགས་ཏེ༔ དེ་དག་གི་སྤྱན་སྔར་དམ་བཅའ་བ་ལ༔ བདག་གིས་སྲིད་པ་མཐའ་མེད་ཀྱི་འཁོར་ལོར་བཟོད་མེད་སྡུག་བསྔལ་ཆེན་པོས་གདུང་བའི་སེམས་ཅན་ཐམས་ཅད་བདག་གིས་ཐར་པ་དང་རྣམ་མཁྱེན་ལ་འགོད་པར་བྱའོ༔ དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་གོ་འཕང་ཐོབ་པར་བྱས་ཏེ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་བསམ་ཞིང་དམ་བཅའ་བཟུང་བ་སྨོན་སེམས་དང་༔ མཁའ་ཁྱབ་ཀྱི་སེམས་ཅན་གྱི་དོན་དུ་བསྒྲུབ་པ་ལ་ཞུགས་ཏེ་བཙོན་པ་ལྷུར་ལེན་པར་དམ་བཅའ་བ་ནི་འཇུག་སེམས་ཏེ༔ བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པར་བྱའོ༔ ཧོཿ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ མགོན་པོ་མཆོག་ཁྱོད་ངས་བསྒྲུབ་ཅིང་༔ གང་འདུལ་ཕྲིན་ལས་ཐབས་དུ་མས༔ འགྲོ་ཀུན་བསྒྲལ་བར་དམ་བཅའོ༔ ལན་གསུམ་མཐར༔ སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་སྐད་ཅིག་གིས་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་ཁྲི་ཁར་པདྨ་ཉི་མའི་གདན་ལ་རྒྱལ་བསེན་ཕོ་མོ་བསྣོལ་བའི་སྟེང་དུ་གཤིན་རྗེའི་གཤེད་པོ་རལ་གྲི་དང་ཞགས་པ་བསྣམས་ཤིང་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་པ་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་ཧཱུྃ་ཕཊ་ཀྱི་སྒྲ་བསྒྲགས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་འགུལ་ཞིང་གཡོ་བ༔ ཁྲོ་བོ་དང་ཁྲོ་མོ་མེ་དཔུང་དང་ཐུན་ཚོན་སྣ་ཚོགས་སེར་རླུང་ལྟར་འགྱེད་ཅིང་འཕྲོས་པས་གདོན་བགེགས་འབྱུང་པོ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་བྱེད་ཀྱི་མཐུ་ནུས་དང་ལྡན་པར་བསྐྱེད་དོ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃ་ཧཱུྃཧཱུྃ༔ ང་ནི་ལས་ཀྱི་ཆེ་མཆོག་གཤིན་རྗེའི་གཤེད༔ ཉོན་ཅིག་མ་རིག་འཁྲུལ་བའི་གདོན་བགེགས་ཚོགས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི་ལོངས་ལ༔ སོ་སོ་རང་རང་གནས་སུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་རོལ་རྩལ་རྡོ་རྗེ་འབར་བ་ཡིས༔ མགོ་བོ་ཚལ་པ་བརྒྱ་རུ་འགེམས་གྱུར་ཏེ༔ བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ༔ རྩ་སྔགས་དང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ ཅེས་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་མཐའ་ཡི་ལྕགས་རི་ནག་པོའི་རྒྱབ་གླིང་བར་མུན་པ་ཅན་གྱི་སྨག་རུམ་དུ་བསྐྲད་ནས་མགོ་འཁོར་ཞིང་འཐུམ༔ མེ་ཆུ་རླུང་གི་ར་བས་མཚམས་བཅད་དེ་སྤྲུལ་པ་ལས་ཀྱི་འཁྲུལ་འཁོར་ཐམས་ཅད་ཚུར་འདུས་པས་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ་རྣམ་པ་མཚོན་ཆ་ལྔ་དང་ཁྲོ་བོ་ཁྲོ་མོ་མེ་རླུང་ཆུ་ཡི་ར་གུར་དང་ར་བ་ལྷུན་གྱིས་གྲུབ་པར་བསྒོམ༔ ཧཱུྃ༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ དེ་ལྟར་མ་རྟོགས་འཁྲུལ་པ་ལས༔ སྣོད་བཅུད་དངོས་པོར་འཛིན་པའི་བགེགས༔ བདག་མེད་སྟོང་ཉིད་ཆེན་པོར་བཤིགས༔ ཡུལ་མེད་ཟང་ཐལ་ངང་དུ་བསྐྲད༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཧཱུྃ་བྷྲཱུྃ་རཾ་ཡཾ་ཁཾ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ འཁོར་འདས་སྟོང་ཉིད་ཆེན་པོར་རོ་གཅིག་པའི་ངང་ཚུལ་མ་རིག་གཟུང་འཛིན་གྱིས་སྒྲིབ་པའི་རྐྱེན་གྱིས་རང་ཞལ་སྒྲིབ་པ་ལ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱི་རང་ཞལ་མངོན་དུ་བྱ་བའོ༔ དེས་ཡེ་ཤེས་ཡོན་ཏན་གྱི་འཆར་སྒོ་བྱེད་དོ༔ ཧཱུྃ༔ གདོད་ནས་རང་རིག་ཆོས་སྐུའི་རོལ་པ་ལ༔ མ་རིག་དབང་གིས་གཉིས་འཛིན་དྲི་མས་སྒྲིབ༔ ད་ནི་མཁྱེན་གཉིས་ཡེ་ཤེས་སྟོབས་ཤུགས་ཀྱིས༔ སྐུ་གསུམ་ལྷུན་གྲུབ་མངོན་བྱེད་འཆར་སྒོ་ཕྱེས༔ ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ གདོད་ནས་འཁོར་འདས་དག་མཉམ་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པར་སངས་རྒྱས་ཀྱང་མ་རིག་པའི་དབང་གིས་སྒྲིབ་པ་ལ༔ འཕྲལ་དུ་རང་ངོ་རང་ཞལ་མཇལ་བ་ལ་ཤིན་ཏུ་ངོ་མཚར་བ་ནི་ལྟ་བ་མཇལ་བའི་ཕྱག་ཅེས་བྱའོ༔ ཧཱུྃ༔ འཁོར་འདས་དག་མཉམ་གདོད་མའི་མགོན་པོའི་དབྱིངས༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་རྗེའི་རོལ་རྩལ་རང་གྲོལ་ཡེ་ཤེས་ཀྱིས༔ རང་ངོ་རང་ཞལ་མཇལ་ཕྱིར་བརྡ་ཕྱག་འཚལ༔ ན་མོ་ན་མ་ཧོཿ དེ་ནས་བྱིན་ཆེན་དབབ་པ་ལ༔ རང་རང་རྣམས་ཀྱི་དད་པ་དང་མོས་གུས་དྲག་པོས་གདུང་ཤུགས་བསྐྱེད་པའི་མཐུ་ལས་གྱུར་པའི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་དང་རྒྱལ་སྲས་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་དམ་ཚིག་གིས་དབང་གིས་སྤྱན་དྲངས་ནས་སྐུ་ཕྱག་རྒྱ་ཕྲ་མོ༔ གསུང་ཡིག་འབྲུ་སྣ་ཚོགས༔ ཐུགས་ཕྱག་མཚན་སྣ་ཚོགས༔ འཇའ་འོད་དང་ཐིག་ལེའི་རྣམ་པར་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་བཞིན་དུ་རང་དང་བསྒྲུབ་རྫས་རྣམས་ལ་སིབ་སིབ་ཏུ་ཐིམ་ནས༔ ཞིང་ཁམས་གནས་ལ་ཐིམ་པས་གནས་ཞིང་ཁམས་རྣམ་པར་དག་པ་དང་༔ གཞལ་ཡས་ཁང་གནས་ཁང་ལ་ཐིམ་པས་ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ཁང་དུ་གྱུར་པ་དང་༔ སྐུ་གསུང་ཐུགས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སངས་རྒྱས་པ་དང་༔ དབང་བྱིན་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྫས་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་ཡོངས་སུ་རྫོགས་པའི་རང་བཞིན་ཅན་དུ་གྱུར་པར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་༔ རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ་དང་༔ པད་འབྱུང་སྐུ་ལྔ་མཚན་བརྒྱད་རྗེ་འབངས་སོགས༔ དགོངས་བརྡ་སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབ༔ འཇམ་དཔལ་རིགས་ལྔ་དབྱིངས་ཀྱི་ཡུམ་ཆེན་ལྔ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང་༔ བཀའ་སྡོད་ཆོས་སྐྱོང་སྲུང་མས་བྱིན་ཆེན་ཕོབ༔ གནས་འདི་རྣམ་དག་ཞིང་ཁམས་དམ་པ་རུ༔ སྐད་ཅིག་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་གཞལ་ཡས་སུ༔ སྒྲུབ་པའི་གནས་ཁང་བྱིན་གྱིས་བརླབ་ཏུ་གསོལ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཤ་སྟག་ཏུ༔ སྒྲུབ་མཆོག་རྣལ་འབྱོར་ཕོ་མོ་བྱིན་གྱིས་རློབས༔ དུས་གསུམ་རྒྱལ་བ་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པས༔ བསྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་འདིར་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ པྲཛྙཱ་ཛྙཱ་ན་མཉྫུ་ཤྲཱི་ཀུ་མ་རཱ་སརྦ་བུདྡྷཱ་བི་དྷི་ས་ཏྭ་ས་མ་ཡ་ཛ་ཛ༔ ཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ལ༔ འདི་ལྟར་མཆོད་རྫས་བཤམ་པའི་དངོས་པོ་རྣམས་དང་ཆབ་གཅིག་ཏུ་ཁམས་གསུམ་སྣོད་བཅུད་ཐམས་ཅད་འཇའ་ཚོན་ནམ་མཁའ་ལ་ཡལ་བ་བཞིན་དུ་སྟོང་པའི་དབྱིངས་སུ་ཞིག་པར་བསམ༔ རྒྱུ་དེས་སྟོང་པའི་དབྱིངས་ལས་སྒྱུ་མའི་སྤྲུལ་པ་བཞིན་དུ་ཕྱི་ཉེར་སྤྱོད་བདུན་དང་༔ ནང་འདོད་ཡོན་ལྔ་དང་༔ གསང་བ་སྨན་གཏོར་རཀྟ་གཞན་ཡང་རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་རྫས་རྟགས་དང་རྒྱལ་སྲིད་སྣ་བདུན་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པས་ནམ་མཁས་གར་ཁྱབ་ཐམས་ཅད་དུ་རྒྱུན་མི་འཆད་པར་སྤྲོས་ཏེ་ཁྱབ་པར་ཡིད་ལ་བྱའོ༔ ཨོཾ་ཨཱཿཧཱུྃ༔ སྣང་ཞིང་སྲིད་པའི་འཇིག་རྟེན་ཐམས་ཅད་ཀུན༔ བཤམས་པའི་དངོས་པོ་དང་བཅས་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྒྱུ་མའི་ཆོ་འཕྲུལ་བཞིན༔ མཆོད་སྤྲིན་མི་ཟད་ནམ་མཁའ་མཛོད་དུ་ཤར༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ནསཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ རཱུ་པ་ཤཔྡ་གནྡྷཱེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཡེ་སྭཱ་ཧཱ༔ མ་ཧཱ་བ་ལིཾ་ཏ་ཡེ་སྭཱ་ཧཱ༔ མ་ཧཱ་རཀྟ་ཡེ་སྭཱ་ཧཱ༔ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ༔ མ་དག་པ་ལས་ཀྱི་བསྐལ་པ་དབྱིངས་སུ་བཤིགས་ཏེ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་མངོན་དུ་བྱེད་པ་ནི༔ ཨ༔ གཟུང་དང་འཛིན་པས་བསྡུས་པའི་ཆོས་རྣམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་ངང་དུ་ཞིག༔ འཁོར་འདས་སྟོང་ཉིད་ཆེན་པོར་འབྱམས་ཀླས་སོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་བསྒོམ་པ་ལ༔ བདེ་བར་གཤེགས་པའི་སྙིང་པོ་དྭངས་གསལ་རྙོག་མ་དང་བྲལ་བ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཡེ་ཤེས་ཆེན་པོ་མངོན་དུ་བྱེད་པ་ནི༔ ཨ༔ ཆོས་ཉིད་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱི༔ གནས་ལུགས་ཡིན་ལུགས་འདྲེས་ཏེ་རང་དབང་བསྒྱུར༔ ཇི་སྙེད་གཟིགས་པའི་ཡེ་ཤེས་རྩལ་དུ་ཤར༔ ཡེ་གྲོལ་ཀ་དག་ཆེན་པོ་མངོན་དུ་གྱུར༔ དྷརྨ་དྷཱ་ཏུ་པྲཛྙཱ་ཛྙཱ་ན་ས་མ་ཏི་ཨ༔ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་བསྒོམ་པ་ལ༔ ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ནམ་མཁའ་རྣམ་པར་དག་པའི་དབྱིངས་ལས་མཁའ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་བཞིན་དུ་རང་གི་རིག་པ་དྷཱི༔ ཡིག་སེར་པོ་སྟོང་ཉིད་རྟེན་མེད་ཀྱི་དབྱིངས་སུ་འཆར་བར་བྱས་ཏེ༔ ཧཱུྃ༔ ཆོས་དབྱིངས་སྤྲོས་མཐའ་བྲལ་བའི་མཁའ་དབྱིངས་སུ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རང་རྩལ་ལས༔ དྭངས་གསལ་མཚོ་ལ་ཆུ་ཟླ་ཤར་བ་ལྟར༔ རང་རིག་དྷཱིཿཡིག་སེར་གསལ་རྒྱུ་རུ་ཤར༔ ཨོཾ་བཛྲ་ཛྙཱ་ན་ཙིཏྟ་ཧཱུྃ་ཨཱཿརྟེན་ཞིང་ཁམས་དང་གཞལ་ཡས་ཁང་བསྒོམ་པ་ལ༔ རང་གི་རིག་པ་དྷཱིཿཡིག་སེར་པོ་ལས་ཨེ་ཡིག་མཐིང་ནག་གཅིག་འཕྲོས་པས་ཁྱབ་བརྡལ་ནམ་མཁའ་རྣམ་པར་དག་པའི་རང་བཞིན་དུ་བསྒོམ༔ ཡཾ་ཡིག་ལྗང་ནག་གཅིག་འོག་ཏུ་འཕྲོས་པ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་སུ་གྱུར༔ བཾ་ཡིག་དཀར་པོ་འཕྲོས་པས་ཞི་བ་གསལ་དག་གི་རྒྱ་མཚོ་དྭངས་གསལ་རྙོག་མ་དང་བྲལ་བ་ཟླུམ་ལ་འཁྱིལ་བར་གྱུར༔ ལཾ་ཡིག་སེར་པོ་འཕྲོས་པས་དབང་ཆེན་གསེར་གྱི་ས་གཞི་གྲུ་བཞི་བའི་རྣམ་པར་གྱུར༔ རཾ་ཡིག་དམར་པོ་གཅིག་འཕྲོས་པས་འབྱུང་བཞིའི་གཤིས་སུ་ཡེ་ཤེས་མེ་ཡི་དྲོད་ཀྱིས་རྒྱས་ཐེབས་པར་བསམ༔ སླར་ཡང་འོད་ཕུང་སེར་པོ་འཕྲོས་པས་ས་གཞིའི་སྟེང་དུ་འོད་ཀྱི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པ་ཁྱབ་བརྡལ་ནམ་མཁའི་ཁྱོན་ལ་བསྙེགས་པ་ཞིང་ཁམས་རྣམ་པར་དག་པ་རྒྱ་ཡོངས་སུ་མ་ཆད་པར་བསྐོར་བའི་དབུས་སུ་ས་གཞི་རྩུབ་རེག་ཐམས་ཅད་དང་བྲལ་བ་ངོས་འཇམ་ཞིང་ཁོད་སྙོམས་པའི་ངོས་ལ་སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་འབར་བའི་མེ་ཏོག་པདྨོ་བཞད་པས་ཡོངས་སུ་ཁེབས་པ༔ འཇའ་ཚོན་འོད་ཀྱི་དྲྭ་མིག་རིས་སུ་བྲིས་པ༔ ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་དཔའ་བོ་དང་དཔའ་མོ་མང་པོས་གླུ་གར་བྱེད་ཅིང་༔ སྤྲུལ་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པས་མཆོད་པའི་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད་པར་བྱེད་པའི་དབུས་སུ་དྷཱིཿཡིག་ལས་ཡི་གེ་བྷྲཱུཾ་གཅིག་ཆད་དེ་བབས་པ་ལས་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ༔ རྣམ་པ་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ་དབྱིབས་མཛེས་ཤིང་བཀོད་ལེགས་པ་གྲུ་བཞི་སྒོ་བཞི་དང་ལྡན་པའི་ཤར་གྱི་ངོས་ལོགས་ཐམས་ཅད་དཀར་པོ་ཤེལ་ལྟར་གསལ་ཞིང་དྭངས་ལ༔ དེ་བཞིན་དུ་ལྷོ་གསེར་ལྟར་སེར་ཞིང་གསེར་གྱི་ཁ་དོག་འབར་བ༔ ནུབ་པདྨ་རཱ་ག་ལྟར་དམར་ཞིང་རཱ་གའི་རྣམ་པར་གསལ་བ༔ བྱང་ཨིནྡྲ་ནཱི་ལ་ལྟར་ལྗང་ལ་ཨིནྡྲ་ནཱི་ལའི་རྣམ་པར་དྭངས་ཤིང་གསལ་བ༔ དབུས་ཀྱི་ཡ་ཕུབ་ཐམས་ཅད་མཐིང་ག་བཻ་ཌཱུཪྻའི་ཁ་དོག་ལྟར་གསལ་ཞིང་བཻ་ཌཱུཪྻའི་རྣམ་པ་ཅན་དེ་དག་ཐམས་ཅད་ཡེ་ཤེས་ལྔ་ཡི་ངོ་བོ་ལ་རྣམ་པ་གཞལ་ཡས་ཁང་དུ་སྣང་བའོ༔ ཤར་སྒོ་ཟླུམ་པོ༔ ལྷོ་སྒོ་གྲུ་བཞི༔ ནུབ་སྒོ་ཟླ་གམ༔ བྱང་སྒོ་གྲུ་གསུམ་པ་དེ་དག་ནི་ཕྲིན་ལས་རྣམ་པ་བཞི་དང་ཚད་མེད་པ་བཞི་མཚོན་བྱེད་དུ་ཤེས་པར་བྱའོ༔ གཞན་ཡང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཕྲེང་བའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ༔ དྲིལ་བུ་དང་གཡེར་ཁ་ལས་ཆོས་ཀྱི་སྒྲ་འབྱུང་བ༔ ནང་གི་གཞི་ཐམས་ཅད་རིན་པོ་ཆེ་འཇའ་ཤེལ་གྱི་རང་བཞིན་ཅན་ཏེ༔ ཕྱོགས་བཞིར་ཉི་མ་དང་ཟླ་བའི་སྐར་ཁུང་བྱས་པས་འོད་ཕུང་འཇའ་ཤེལ་གྱི་ས་གཞི་ལ་ཕོག་པས་ཉིན་མོ་འཇའ་འཁྲིགས་ཤིང་མཚན་མོ་འོད་འབར་བ༔ སྒོ་བཞི་རུ་རྒྱུ་དང་འབྲས་བུའི་རྟ་བབ་བང་རིམ་བཞི་བཞིས་མཛེས་པ༔ སྟེང་དུ་རི་རབ་བང་རིམ་གསུམ་གྱི་འོག་མ་སེར་པོ༔ བར་མ་དཀར་པོ༔ སྟེང་མ་ལྗང་གུའི་སྟེང་དུ་བུམ་པ་དང་བྲེ་དང་ཆོས་འཁོར་དང་གདུགས་ཉི་ཟླ་ནོར་བུའི་ཏོག་དང་བཅས་པ་གསལ་ལ༔ ཕྱོགས་བཞི་ན་དག་བྱེད་ཀྱི་བདུད་རྩིའི་འོབས་ཆེན་པོ་བཞི་ཡོད་པ༔ གཞལ་ཡས་ཁང་གི་ཕྱོགས་བཞི་ནས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་ཞམ་ཆུ་འབབ་པ༔ ཕྱི་རིམ་དཔག་ཚད་བརྒྱད་ཀྱི་ཚད༔ ཕྱོགས་བཞིར་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་བཞི་ཡོད་པ༔ རྒྱ་མཚོ་དེ་དག་གི་མཚམས་སུ་འཚོ་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་མིག་བཞི་ཡོད་པ༔ མཚོ་དང་རྫིང་བུ་མང་པོའི་བར་མཚམས་ཐོ་ཕྱི་ཉེ་འཁོར་ཐམས་ཅད་དུ་གཡུ་ཡི་ནེའུ་སིང་གསེར་གྱི་བྱེ་མ་ནོར་བུ་རིན་པོ་ཆེའི་གྲམ་པ་དང་༔ ཤིན་ཏུ་མཛེས་ཤིང་ཡིད་འཕྲོག་པའི་མེ་ཏོག་སྣ་ཚོགས་རབ་ཏུ་རྒྱས་པ༔ དཔག་བསམ་གྱི་ལྗོན་ཤིང་ཡལ་ག་དང་ལོ་འདབ་རྒྱས་པ་མང་པོའི་ནགས་ཚལ་ཧ་ཅང་ལྷུན་མི་འཐུག་ཅིང་༔ ཁོར་ཡུག་ཏུ་རྒྱ་ཡོངས་སུ་མ་ཆད་པ་འབྲས་བུ་དང་མེ་ཏོག་རྒྱས་པའོ༔ སྐྱེད་མོས་ཚལ་ཆེན་པོ་དེ་ནང་སྤྲུལ་པའི་བྱ་ཚོགས་རྣམ་པ་སྣ་ཚོགས་པ་དུང་གི་མདོག་ལྟར་དཀར་བ༔ གསེར་གྱི་མདོག་ལྟར་སེར་བ༔ བྱི་རུའི་མདོག་ལྟར་དམར་བ༔ ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ༔ བཻ་ཌཱུཪྻའི་མདོག་ལྟར་སྔོ་བ༔ འཇའ་ཚོན་ལྟ་བུའི་ཁ་དོག་སྣ་ལྔ་བཀྲ་ཞིང་བྱ་རིགས་རྣམ་པ་སྣ་ཚོགས་པས་མཛེས་པའི་གཟུགས་ངོམས་ཤིང་དམ་པ་ཆོས་ཀྱི་སྒྲ་སྒྲོགས་པ༔ གཞན་ཡང་རི་དྭགས་སྤུ་སྡུག་ཡིད་དུ་འོང་བ་སྣ་ཚོགས་པས་རྩེ་འཇོ་རོལ་པ་འདོད་ཡོན་མཆོད་པའི་སྤྲིན་ཕུང་སྣ་ཚོགས་ཀྱིས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་ཞིང་ཁྱབ་པར་བསྒོམ་ལ༔ དྷཱིཿལས་ཡི་གེ་འབྲུ་ལྔ་རབ་འཕྲོས་པས༔ འབྱུང་བ་རིམ་བརྩེགས་འོད་ཀྱི་ས་བཞི་ནི༔ རྒྱ་ཆེ་ཁྱོན་ཡངས་ཁོད་སྙོམས་ཡིད་འོང་ལ༔ སྨན་གྱི་སྤང་རིར་དྲི་བཟང་ན་བུན་འཐུལ༔ རབ་མཛེས་ཡིད་འཕྲོག་མེ་ཏོག་པདྨོ་བཞད༔ མཚོ་དང་རྫིང་བུ་དཔག་བསམ་ལོ་འདབ་རྒྱས༔ རིན་ཆེན་གྲམ་ཁྲོད་གསེར་གྱི་བྱེ་མ་དང་༔ གཡུ་ཡི་ནེའུ་སིང་སྨན་གྱི་དྲི་ངད་ལྡང་༔ སྤྲུལ་པའི་བྱ་རིགས་སྙན་པའི་ཆོས་སྒྲ་སྒྲོགས༔ དེ་དབུས་དྷཱིཿལས་བྷྲུྃ་གྱི་ཡི་གེ་འཕྲོས༔ ཡོངས་གྱུར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་ཉི་ཟླའི་སྐར་ཁུང་གསལ༔ རིན་ཆེན་ཕྲེང་བའི་དྲྭ་བ་དྲྭ་ཕྱེད་སྤྲས༔ སྒོ་གྲུ་རྟ་བབས་མིག་མང་རིས་སུ་མཛེས༔ རིན་ཆེན་ཀཱ་བ་ཉི་ཟླའི་གདུང་མ་དང་༔ རྒྱུ་སྐར་དྲལ་ཕྱམ་བཻ་ཌཱུཪྻའི་ཡ་ཕུབ་བྱས༔ རི་རབ་རིམ་གསུམ་བུམ་པ་བྲེ་ཆོས་འཁོར༔ གདུགས་དང་དར་དཔྱངས་བཀྲ་ཤིས་རྟགས་ཀྱིས་བརྒྱན༔ ཉི་ཟླ་ནོར་བུའི་ཏོག་ལས་འདོད་རྒུ་འབྱུང་༔ མི་ནུབ་རྒྱལ་མཚན་རབ་མཛེས་གདུགས་ཆེན་དང་༔ དྲིལ་བུ་གཡེར་ཁས་དམ་པའི་ཆོས་སྒྲ་འབྱུང་༔ རི་དྭགས་ཆོས་ཉན་སྤྲུལ་པའི་བྱ་ཚོགས་འདུ༔ རྒྱན་དང་ཁོར་ཡུག་མཚན་ཉིད་བཀོད་པ་རྫོགས༔ དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི༔ སླར་ཡང་དྷཱིཿལས་འོད་འཕྲོས་པས་སྣ་ཚོགས་པདྨ་འདབ་བརྒྱད་གྱེས་པའི་གདན་ནི་འཁོར་བར་མ་ཆགས་པའི་མཚོན་བྱེད་དུ་ཤེས་པར་བྱ་བ་དང་༔ སྐྱོན་ཐམས་ཅད་དང་བྲལ་བའི་མཚོན་བྱེད་ཤེས་རབ་ཀྱི་ཆ་ཉི་མའི་གདན་དང་༔ སྐྱོན་དང་བག་ཆགས་ཀྱི་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ཐབས་ཀྱི་ཆའི་མཚོན་བྱེད་ཟླ་བའི་གདན་གསལ་བའོ༔ སླར་ཡང་དྷཱིཿཡིག་དམར་སེར་པད་ཟླའི་གདན་ལ་བབས་པ་ལས་འོད་ཟེར་ཡར་འཕྲོས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་ཚུལ་འདུས་དྷཱིཿཡིག་ལ་ཐིམ༔ ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་མི་ཤེས་པ་གདོད་མའི་མགོན་པོའི་ཀློང་ཀ་དག་མཉམ་པ་ཉིད་ཀྱི་དབྱིངས་སུ་བསྒྲལ་ནས༔ སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དང་འབྱུང་བ་ལྔ་ཡི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཐུགས་སྲོག་ས་བོན་ལ་ཐིམ་པས་འཁོར་འདས་དག་མཉམ་ཆེན་པོར་སྦྱོར་བའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆེན་པོའི་ངོ་བོ་ལ་རྣམ་པ་དྷཱིཿཡིག་གནས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་གཞོན་ནུ་དམར་སེར་གུར་གུམ་གྱི་མདོག་ལྟ་བུ༔ སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་དང་བྲལ་བའི་མཚོན་བྱེད་གཞོན་ནུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན༔ ཡེ་ཤེས་དང་ཡོན་ཏན་གྱི་ངང་རབ་ཏུ་རྒྱས་ཤིང་འཁོར་འདས་གཉིས་ལ་དབང་བསྒྱུར་བའི་མཚོན་བྱེད་དམར་བའི་མདངས་ཆགས་པའོ༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་མཚོན་བྱེད་སྤྱན་གཡས་པ་དང་༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་མཚོན་བྱེད་སྤྱན་གཡོན་པ༔ དོན་དམ་བདེན་པའི་མཚོན་བྱེད་སྙན་གཡས་པ༔ ཀུན་རྫོབ་བདེན་པའི་མཚོན་བྱེད་སྙན་གཡོན་པ་དང་༔ རང་དོན་ཆོས་སྐུའི་མཚོན་བྱེད་ཤངས་བུག་གཡས་པ་དང་༔ གཞན་དོན་གཟུགས་སྐུའི་མཚོན་བྱེད་ཤངས་བུག་གཡོན་པ་དང་༔ མཉམ་ཉིད་བདེ་བ་ཆེན་པོའི་མཚོན་བྱེད་ཞལ་དང་༔ འཁོར་འདས་མཉམ་པར་སྒྲོལ་བའི་ལྗགས་དང་༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་མཚོན་བྱེད་ཚེམས་ཕྲེང་ཟླ་ལྟར་དཀར་བ༔ ཐབས་བདེ་བ་ཆེན་པོའི་མཚོན་བྱེད་ཕྱག་གཡས་པ་ན་ཀུན་ཁྱབ་ཡེ་ཤེས་ཀྱི་རང་གཟུགས་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་ཞིང་གདེངས་པ༔ ཤེས་རབ་སྟོང་ཉིད་ཆེན་པོའི་མཚོན་བྱེད་ཕྱག་གཡོན་པ་ན་ཀུན་མཁྱེན་ཡེ་ཤེས་ཆེན་པོའི་མཚོན་བྱེད་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ་དང་༔ སྲིད་པའི་མཐའ་ལ་མི་གནས་པའི་མཚོན་བྱེད་ཞབས་གཡས་པ་དང་༔ ཞི་བའི་མཐའ་ལ་མི་གནས་པའི་མཚོན་བྱེད་དུ་ཞབས་གཡོན་པ་དང༔ དུས་གསུམ་འཕོ་འགྱུར་བྲལ་བའི་མཚོན་བྱེད་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་རབ་ཏུ་རྒྱས་པའི་མཚོན་བྱེད་དུ་འཇའ་ཚོན་འོད་ལྔའི་ཀློང་དུ་བཞུགས་པའོ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་དུ་རང་རྫོགས་མཚོན་བྱེད་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་རྫོགས་པའོ༔ ཐབས་ཀྱི་རང་བཞིན་ཡབ་གྲུབ་པའི་གཤིས་སུ་ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་ལ་རྣམ་པ་ཡུམ་རང་ཆས་སུ་གྲུབ་པ་ཡིན་པས་ཤེས་པར་བྱ་སྟེ༔ ནམ་མཁའི་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་ཡུམ་ཆེན་དབྱངས་ཅན་མ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་སུ་མེད་པའོ༔ དེ་དབུས་སྣ་ཚོགས་པདྨ་འདབ་བརྒྱད་སྟེང་༔ ཉི་མ་དང་ནི་ཟླ་རྒྱས་གདན་སྟེང་དུ༔ དྷཱིཿཡིག་དམར་སེར་བབ་པའི་འོད་ཟེར་གྱིས༔ རྒྱལ་བ་ཀུན་མཆོད་ཞིང་ཁམས་གཞལ་ཡས་ལྷ༔ མ་ལུས་ཚུར་འདུས་དྷཱིཿཡིག་ཉིད་ལ་ཐིམ༔ འོད་ཟེར་མར་འཕྲོས་ཁམས་གསུམ་སེམས་ཅན་ཀུན༔ ཀ་དག་འཁྲུལ་མི་ཤེས་པའི་ས་རུ་བསྒྲལ༔ ཚེ་བསོད་དཔལ་ཡོན་འབྱུང་ལྔའི་དྭངས་བཅུད་བཅས༔ ཚུར་འདུས་དྷཱིཿཡིག་ཡོངས་སུ་གྱུར་པ་ལས༔ རང་ཉིད་བཅོམ་ལྡན་མགོན་པོ་འཇམ་པའི་དབྱངས༔ ལོ་བརྒྱད་གཞོན་ནུ་རབ་མཛེས་གུར་གུམ་མདོག༔ ཞི་འཛུམ་མཚན་དང་དཔེ་བྱད་ལང་ཚོས་མཛེས༔ ཕྱག་གཡས་ཤེས་རབ་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་ཨུཏྤལ་བརྒྱད་སྟོང་གླེགས་བམ་བསྣམས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་སྤྲས༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཡེ་ཤེས་ལྔ་ལྡན་འཇའ་འོད་ཀློང་དུ་གསལ༔ དེ་ལྟར་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་ལྷ་སྐུར་ཤར་བའི་མདངས་བཞི་ཡེ་ཤེས་ཀྱི་ལྷ་རུ་ཤར་བ་ལ་ཤར་གྱི་འདབ་སྟེང་དུ་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཐུགས་ཀྱི་སྤྲུལ་པ་འཇམ་དཔལ་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ༔ ཆུ་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་དབྱངས་ཅན་དཀར་མོ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་སུ་མེད་པའི་བདག་ཉིད་དུ་བསྒོམ་ལ༔ ཤར་དུ་ཐུགས་ཀྱི་སྤྲུལ་པ་རྡོ་རྗེའི་རིགས༔ འཇམ་དབྱངས་དཀར་པོ་ཉ་རྒྱས་ཟླ་བའི་མདོག༔ ཞལ་གཅིག་ཕྱག་གཉིས་ལོ་བརྒྱད་གཞོན་ནུའི་ཚུལ༔ ཞི་འཛུམ་མཚན་དཔེས་རབ་མཛེས་ལོངས་སྤྱོད་རྫོགས༔ ཕྱག་གཡས་རྡོ་རྗེས་མཚན་པའི་རལ་གྲི་དང་༔ གཡོན་པས་ཨུཏྤལ་པོ་ཏི་ཐུགས་ཀར་བསྣམས༔ འཇའ་ཚོན་ཀློང་དུ་པད་ཟླར་སྐྱིལ་ཀྲུང་བཞུགས༔ ལྷོ་རུ་རང་ཉིད་ལྷ་ཡི་ཐུགས་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་ཡོན་ཏན་གྱི་སྤྲུལ་པ་འཇམ་དཔལ་སེར་པོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ས་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་དབྱངས་ཅན་སེར་མོ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་སུ་མེད་པར་བསྒོམ་ལ༔ ལྷོ་རུ་ཡོན་ཏན་སྤྲུལ་པ་འཇམ་པའི་དབྱངས༔ སེར་གསལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་༔ ཕྱག་གཡས་ནོར་བུས་མཚན་པའི་རལ་གྲི་དང་༔ གཡོན་པས་ཨུཏྤལ་པོ་ཏི་ཐུགས་ཀར་བསྣམས༔ ལོངས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཏེ༔ ཞི་བའི་ཚུལ་ལྡན་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འཇའ་ཚོན་འོད་ལྔའི་ཀློང་དུ་གསལ༔ ནུབ་ཏུ་སོར་རྟོག་ཡེ་ཤེས་ཀྱི་རང་གདངས་གསུང་གི་སྤྲུལ་པ་འཇམ་དཔལ་དམར་པོ་གཡས་རལ་གྲི་དང་གཡོན་ཨུཏྤལ་ལ་ཡི་སྟེང་དུ་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་ཤིང་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་འཇའ་ཚོན་འོད་ལྔའི་ཀློང་ན་མེ་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་དབྱངས་ཅན་དམར་མོ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་མེད་དུ་བཞུགས་པར་བསྒོམ་སྟེ༔ ནུབ་ཏུ་གསུང་གི་སྤྲུལ་པ་འཇམ་པའི་དབྱངས༔ དམར་གསལ་གཞོན་ནུ་མཚན་དཔེའི་ལང་ཚོ་ཅན༔ ཕྱག་གཡས་པདྨས་མཚན་པའི་རལ་གྲི་དང་༔ གཡོན་པས་ཨུཏྤལ་པོ་ཏི་ཐུགས་ཀར་བསྣམས༔ ལོངས་སྐུའི་རྒྱན་རྫོགས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འོད་ཕུང་འཁྲིགས་པའི་ཀློང་དུ་བསྐྱེད༔ ཀུན་ཀྱང་རང་རང་རིགས་ཀྱི་དབྱངས་ཅན་ཡུམ༔ རལ་གྲི་པོ་ཏི་བསྣམས་ནས་ཡབ་ལ་འཁྲིལ༔ མཚན་དཔེས་རབ་སྤྲས་གཞོན་ཚུལ་ལྟ་ན་སྡུག༔ ཁ་དོག་རང་རང་རིགས་ཀྱི་ཡབ་དང་མཚུངས༔ ཡེ་ཤེས་འཇའ་ཚོན་འོད་ལྔའི་ཀློང་དུ་བསྐྱེད༔ བྱང་དུ་བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་ཕྲིན་ལས་ཀྱི་སྤྲུལ་པ་འཇམ་དཔལ་ནག་པོ་གཡས་རལ་གྲི་དང་གཡོན་སྤྲུལ་ཞགས་བསྣམས་པ་ཞབས་གཉིས་ཕྱེད་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཤིན་ཏུ་ཁྲོས་ཤིང་གཏུམ་པ་སྐུ་སྟོད་ལ་དར་དཔྱངས་དང་སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ་མེ་དཔུང་དམར་ནག་གི་ཀློང་ན་རླུང་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་ནོར་རྒྱུན་མ་ལྗང་མོ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་མེད་དུ་བཞུགས་པར་བསྒོམ་ལ༔ བྱང་དུ་ཕྲིན་ལས་སྤྲུལ་པ་འཇམ་དཔལ་ནི༔ མཐིང་ནག་གཡས་པས་རལ་གྲི་མེ་འབར་དང་༔ གཡོན་པས་སྦྲུལ་རིགས་ལྔ་ཡི་ཆུན་པོ་བསྣམས༔ དེ་ཡི་པང་དུ་ནོར་རྒྱུན་ལྷ་མོ་ལྗང་༔ ཕྱག་གཡས་རལ་གྲི་གཡོན་པས་ནོར་བུ་བསྣམས༔ ཞི་མ་ཁྲོ་འཛུམ་རིན་ཆེན་རུས་རྒྱན་གསོལ༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དུ་བསྐྱེད༔ གཞིའི་གནས་ལུགས་རིག་པ་དང་༔ ལམ་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་ངང་རིག་ནས་གདིང་ཐོབ་པའི་ཆ་ནས་སེམས་ལས་འཕགས་པས་གཤིན་རྗེ་རིགས་བཞི་ནི་རིག་པ་རང་ཐོག་ཏུ་རང་ས་ཟིན་ཀྱང་མ་རིག་པ་རང་མལ་དུ་གསོད་པས་ཁྲོ་ཆེན་རྡོ་རྗེ་གནོད་སྦྱིན་ཏེ༔ ཤར་སྒོར་གཤིན་རྗེ་ཞི་བྱེད་ཆེན་པོ་དཀར༔ རལ་གྲི་ལྕགས་ཀྱུ་བསྣམས་ནས་ལྷ་བདུད་གནོན༔ ལྷོ་སྒོར་གཤིན་རྗེ་འཇིགས་བྱེད་ཆེན་པོ་སེར༔ རལ་གྲི་ཞགས་པ་བསྣམས་ནས་ཕུང་བདུད་གནོན༔ ནུབ་སྒོར་གཤིན་རྗེ་རྨོང་བྱེད་ཆེན་པོ་དམར༔ རལ་གྲི་ལྕགས་སྒྲོག་བསྣམས་ནས་ཉོན་བདུད་གནོན༔ བྱང་སྒོར་གཤིན་རྗེ་མྱོས་བྱེད་ཆེན་པོ་ནག༔ རལ་གྲི་དྲིལ་བུ་བསྣམས་ནས་འཆི་བདུད་གནོན༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་རབ་ཏུ་འཇིགས༔ དུར་ཁྲོད་ཆས་རྫོགས་གར་གྱི་ཉམས་དང་ལྡན༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བསྒྲད༔ ཡེ་ཤེས་མེ་ཕུང་རབ་འབར་ཀློང་དུ་བསྐྱེད༔ སྤྱི་བོར་ཨོཾ་དཀར་པོ་འོད་ཟེར་རབ་ཏུ་འབར་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འདུས་ཤིང་རྫོགས་པར་བསྒོམ༔ མགྲིན་པར་ཨཱཿདམར་པོ་འོད་ཟེར་རབ་ཏུ་འབར་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འདུས་ཤིང་རྫོགས་པར་བསམ༔ ཐུགས་ཀར་ཧཱུ་མཐིང་ག་འོད་ཟེར་རབ་ཏུ་འབར་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འདུས་ཤིང་རྫོགས་པར་བསམ༔ སྐུ་གསུང་ཐུགས་ཀྱི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་ཏེ་བུམ་ཆུས་སྤྱི་བོ་ནས་དབང་བསྐུར༔ ནད་གདོན་སྡིག་སྒྲིབ་བག་ཆགས་ལས་ཉོན་ཐམས་ཅད་སངས་ཀྱིས་དག་སྟེ་སྐུ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིས་ལྟེམ་གྱིས་གང་༔ ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསམ་ལ༔ ཨོཾཨཱཿཧཱུྃ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ མ་ལུས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ༔ བུམ་ཆུས་དབང་བསྐུར་སྐུ་གང་དྲི་མ་དག༔ ཆུ་ལྷག་ཡར་ལུད་སྣང་མཐས་དབུ་རྒྱན་གྱུར༔ སླར་ཡང་དབང་ལྷ་འོད་ཞུ་རང་ལ་ཐིམ༔ རྡོ་རྗེ་གསུམ་གྱི་ངོ་བོར་རྒྱས་གདབ་གྱུར༔ ་ཨཱཿཨོཾཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾཿསརྦ་ཏ་ཐཱ་ག་ཏ་ཧཱུྃ་ཨཱཿསརྦ་པཱ་པཾ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨོཾ་སརྦ་བུདྡྷ་དྷ་ར་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་དྷ་ར་ཨ་བྷི་ཥིཉྩ་ཏྲཱཾཿཔདྨ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཀརྨ་དྷ་ར་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྤྱན་འདྲེན་པ་ལ༔ སྤྱི་བོར་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་སྤྲུལ་སྐུའི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ མགྲིན་པར་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་ཆོས་སྐུའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཡི་རྣམ་པར་གྱུར་ཏེ་མཚོ་ཆེན་པོ་ལ་ཁ་བ་བབ་པ་ལྟར་བསྐྱེད་པའི་དཀྱིལ་འཁོར་ལ་སིབ་སིབ་ཏུ་ཐིམ་པར་བསྒོམ་ལ༔ ཧཱུྃ་ཧྲཱིཿའོག་མིན་ཟག་བྲལ་བདེ་ཆེན་ཞིང་ཁམས་ནས༔ མགོན་པོ་སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་གཞལ་ཡས་ནས༔ འཕགས་མཆོག་མཁྱེན་རབ་དབང་ཕྱུག་གཤེགས་སུ་གསོལ༔ རྒྱ་ནག་རི་བོ་རྩེ་ལྔའི་གནས་མཆོག་ནས༔ འཇམ་དཔལ་རིགས་ལྔ་འཁོར་བཅས་གཤེགས་སུ་གསོལ༔ གཞན་ཡང་སྐུ་གསུམ་དག་པའི་ཞིང་ཁམས་ནས༔ མཁྱེན་གཟིགས་ཡེ་ཤེས་དབང་པོ་གཤེགས་སུ་གསོལ༔ སྟོང་གསུམ་མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ ཀུན་ཁྱབ་ཀུན་གཟིགས་དབང་པོ་གཤེགས་སུ་གསོལ༔ བདག་ཅག་སྒྲུབ་མཆོག་རྣལ་འབྱོར་འཁོར་བཅས་ཀྱི༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ བྱིན་གྱིས་རློབས་ལ་སྨིན་ཅིང་གྲོལ་བར་མཛོད༔ ན་མོ་མཉྫུ་ཤྲཱི་པཉྩ་བཛྲ་ས་མ་ཡ་ཛཿཛཿདེ་ནས་བཞུགས་སུ་གསོལ་བ་ལ༔ འཇམ་དཔལ་རིགས་ལྔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྟེང་གི་ནམ་མཁའ་ལ་སྤྱན་དྲངས་ཏེ་རང་རང་དགྱེས་པའི་གདན་ཁྲི་ཕུང་ལྔའི་སྒྲིབ་པ་ལ་གཤེགས་པ་ལྔ་དང་༔ ཁམས་ལྔའི་སྒྲིབ་པ་ལ་ཡུམ་ལྔ༔ བདུད་བཞིའི་གདན་ལ་ཧེ་རུ་ཀ་བཞི་འཁོད་ཅིང་བཞུགས་པས་འཁོར་བའི་སྒོ་འཕར་ཐམས་ཅད་མནན་ཏེ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་དུ་གྱུར་ཅིང་དབང་བསྒྱུར་བར་བསྒོམ་ལ༔ ཧཱུྃ་ཧྲཱིཿརྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཆེན་པོ་རུ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ་ཚོགས་ཀུན༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་༔ སྐུ་དང་ཡེ་ཤེས་རོལ་པར་སྨིན་གྲོལ་མཛོད༔ ན་མོ་མཉྫུ་ཤྲཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ རང་ཉིད་ལྷར་གསལ་བའི་སྐུ་ཡི་ཆ་ཐམས་ཅད་ནས་ཐ་མལ་གྱི་ལུས་ཞིང་གི་རྡུལ་རྙེད་ཀྱི་གྲངས་ཙམ་འཕྲོས་ཏེ་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ནས་མ་རིག་ལས་ཉོན་གྱི་དབང་གིས་འཁོར་བ་མཐའ་མེད་དུ་འཁྱམས་པ་ལ་འགྱོད་སེམས་དྲག་པོ་བསྐྱེད་པ་དང་༔ སྡིག་པ་མི་དགེ་བའི་ལས་བགྱིས་ཏེ་བསགས་པ་ཐམས་ཅད་མི་འཆབ་མི་སྦེད་པར་བཤགས་པར་བྱ་བ་དང་༔ ཕྱིན་ཆད་སྡོམ་སེམས་ཀྱི་དམ་བཅའ་བྱས་པའི་སྒོ་ནས་ཕྱག་འཚལ་བས་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས་སླར་ཡང་བདག་ཉིད་ལྷར་གསལ་བའི་སྐུ་ཡི་འོད་ཟེར་ཕོག་པས་རང་འདྲ་བའི་ཡེ་ཤེས་ཀྱི་ལྷ་ཤ་སྟག་ཏུ་གྱུར་ཏེ་རང་ལ་ཐིམ་པས་སྐུའི་ནུས་པ་བསྐྱེད་པར་བསྒོམ་ལ༔ ན་མོ༔ བླ་མེད་བླ་མ་སྐྱབས་གནས་དཀོན་མཆོག་གསུམ༔ སྐུ་གསུམ་ངོ་བོ་རྩ་གསུམ་རྒྱལ་དང་སྲས༔ ཡོངས་འདུས་བདག་ཉིད་འཇམ་དཔལ་དཀྱིལ་འཁོར་ལ༔ རྣམ་གསུམ་དད་པའི་སྒོ་ནས་ཕྱག་འཚལ་ལོ༔ ཨོཾ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་པ་འབུལ་བ་ལ༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པར་གྱུར་ནས་དཀྱིལ་འཁོར་ལྷའི་སྐུ་གསུང་ཐུགས་ལ་ཐིམ་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་གསང་བ་གསུམ་གྱི་ནུས་པ་རབ་ཏུ་བསྐྱེད་པར་བསམ་མོ༔ གཞན་ཡང་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ་བདག་ཉིད་ལྷར་གསལ་བའི་སྐུའི་ཆ་ཐམས་ཅད་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་རང་རང་གི་མཆོད་རྫས་དུ་མ་ཐོགས་ནས་བདག་ཉིད་ཡི་དམ་གྱི་སྐུ་གསུང་ཐུགས་ལ་ཐིམ་པས་བདེ་སྟོང་ཟག་པ་མེད་པའི་རོས་མྱོས་པར་བསམ༔ སྐུ་བསིལ་བའི་མཆོད་ཡོན༔ ཞབས་བསིལ་བའི་ཞབས་བསིལ༔ གདན་མེ་ཏོག་པདྨོ༔ ཤངས་ལ་བདུག་སྤོས༔ སྤྱན་ལ་སྣང་གསལ༔ སྐུ་ལ་དྲི་ཆབ༔ ཞལ་ལ་རོ་བརྒྱའི་ཞལ་ཟས་སྣ་ཚོགས༔ སྙན་ལ་སྙན་པའི་གླུ་གར་རོལ་མོ་སྣ་ཚོགས་པ་ཕྱིའི་མཆོད་པའོ༔ སྤྱན་ལ་གཟུགས་མཛེས་པ་སྣ་ཚོགས༔ སྙན་པ་སྙན་པའི་སྒྲ་སྣ་ཚོགས༔ ཤངས་ལ་དྲི་ཞིམ་པ་སྣ་ཚོགས༔ ལྗགས་ལ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་རོ་སྣ་ཚོགས༔ སྐུ་ལ་རེག་འཇམ་བདེ་བའི་རེག་བྱ་རྣམ་པ་སྣ་ཚོགས་པ་ནང་གི་མཆོད་པའོ༔ ཁམས་གསུམ་འབྲུ་གསུམ་གྱི་བདུད་རྩིར་ཞུ་བའི་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་བདུད་རྩི༔ སྣང་སྲིད་བཅུད་དུ་དྲིལ་བའི་གཏོར་མ་འདོད་རྒུ་ཀུན་འབྱུང་དུ་བསྒྱུར་ཏེ་འབུལ་བ་དང་༔ ཁམས་གསུམ་འཁོར་བ་རཀྟའི་རྒྱ་མཚོར་ཞུ་བའི་རཀྟ་དམར་གྱི་མཆོད་པ༔ གཞན་ཡང་སྣང་སྟོང་སྦྱར་བའི་བདེ་བ་ཆེན་པོའི་བཅུད་ཀྱི་བྱང་སེམས༔ མ་དག་འཁོར་བའི་སྣང་སེམས་ཆོས་ཉིད་དུ་བསྒྲལ་བའི་མཛད་པ་རྨད་དུ་བྱུང་བ་སྒྲོལ་བའི་མཆོད་པའོ༔ གཞན་ཡང་བཀྲ་ཤིས་རྫས་རྟགས་དང་རྒྱལ་སྲིད་སྣ་བདུན་ནོར་བུ་ཆ་བདུན་དང་༔ གཞན་ཡང་ལྷ་ཀླུ་མི་ཡི་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་ཁྱབ་ཅིང་གང་བར་བསམ་ལ༔ ་ཨོཾཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ ཆོས་ཀྱི་དབྱིངས་ལས་ཡེ་ཤེས་རོལ་བའི་འཕྲུལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་ཀྱིས༔ དུས་གསུམ་རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་གྱུར༔ འགྲོ་ཀུན་ཚོགས་རྫོགས་སྐུ་གཉིས་མྱུར་ཐོབ་ཤོག༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ དྭངས་བསིལ་རྙོག་བྲལ་ཡན་ལག་བརྒྱད་ལྡན་ཆུ༔ མཆོད་ཡོན་དང་ནི་ཞབས་བསིལ་ཅི་མཆིས་པ༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾབཛྲ་ཨརྒྷཾ་པཱདྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ རབ་མཛེས་ཡིད་དུ་འོང་བའི་མེ་ཏོག་རིགས༔ དྲི་ཞིམ་ངད་དང་ལྡན་པའི་བདུག་སྤོས་ཚོགས༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ོཾཨོཾ་བཛྲ་པུཥྤེ་དྷུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ རབ་མཛེས་ཡིད་འོང་སྣང་གསལ་རིགས་རྣམས་དང་༔ དྲི་ཞིམ་ངད་ལྡན་བདུད་རྩི་དྲི་ཆབ་ཀུན༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ རོ་བརྒྱའི་དཔལ་འཛིན་ཞལ་ཟས་སྣ་ཚོགས་དང་༔ ཡིད་འཕྲོག་སྙན་པའི་སྒྲ་དབྱངས་རོལ་མོའི་རིགས༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾ་བཛྲ་ནཻ་ཝིདྱ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ དེ་ནས་ནང་གི་མཆོད་པ་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ རབ་མཛེས་གཟུགས་ཀྱི་བྱེ་བྲག་ཇི་སྙེད་དང་༔ སྙན་པའི་སྒྲ་སྐད་རྣམ་པ་སྣ་ཚོགས་ཀུན༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾ་ཨཱཿབཛྲ་རཱུ་པ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ ཡིད་དུ་འོང་བའི་དྲི་ཡི་བྱེ་བྲག་དང་༔ རོ་བརྒྱ་ནུས་པ་སྟོང་ལྡན་རོ་མཆོག་ཀུན༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾ་ཨཱཿབཛྲ་གནྡྷེ་རཱ་ས་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ རབ་མཛེས་འཇམ་སྲབ་བདེ་བའི་རེག་བྱ་ཀུན༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཇི་ལྟ་ཇི་སྙེད་ཤེས་རབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་སྤཪྵེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཁམས་གསུམ་བདུད་རྩིར་ཞུ་བའི་སྨན་ཆེན་པོ༔ སྣང་སྲིད་བཅུད་དུ་དྲིལ་བའི་བ་ལིཾ་ཏ༔ དུག་གསུམ་དབྱིངས་སུ་བསྒྲལ་བའི་ཁྲག་ཆེན་པོ༔ འཇམ་དཔལ་སྒྱུ་འཕྲུལ་གསང་འདུས་ལྷ་ལ་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་སརྦ་པཱུ་ཛ་ ཧོཿ  སྣང་སྟོང་རིག་སྟོང་གསལ་སྟོང་མཉམ་སྦྱོར་བའི༔ བདེ་སྟོང་བཅུད་ཀྱི་དམ་པ་བྱང་ཆུབ་སེམས༔ མཁྱེན་དང་གཟིགས་པའི་ཡེ་ཤེས་རྒྱན་དུ་འབུལ༔ འབྱུང་ཕྲན་འབྱུང་ཆེན་དྭངས་མར་འཕོས་པ་ལས༔ གཉིས་སྣང་རཱུ་དྲ་ཕོ་མོ་ཤུགས་སྒྲོལ་གྱི༔ ཤ་ཁྲག་སྲོག་དབུགས་ཕུང་ཁམས་སྐྱེ་མཆེད་ཀུན༔ འཇམ་དཔལ་སྒྱུ་འཕྲུལ་གསང་འདུས་ལྷ་ལ་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ ཧོཿ  རཱུ་དྲ་ཧ་ལ་པཉྩ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་སརྦ་པཱུ་ཛ་ ཧོཿ  དེ་ནས་བསྟོད་པ་བྱ་བ་ལ༔ རང་ཉིད་འཇམ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསལ་བའི་སྐུ་ལས་སྤྲུལ་པའི་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པས་ནམ་མཁའ་དང་བར་སྣང་ས་གཞི་ཐམས་ཅད་དུ་སྐུ་མཛེས་པའི་གར་འཁྱུགས༔ ཕྱག་ནས་སྙན་པའི་རོལ་མོ་འཁྲོལ༔ ངག་ནས་ཚངས་པའི་དབྱངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཡོན་ཏན་དྲན་པའི་སྒོ་ནས་བསྟོད་པ་དང་༔ བསྔགས་པ་བརྗོད་ཅིང་མཐར་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་རྒྱ་ཆེ་དཔག་ཏུ་མེད་པ་བསྐྱེད་ནས་འཁོར་འདས་ཐུགས་ཀྱི་ཐིག་ལེར་དབང་བསྒྱུར་ཏེ༔ ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མངོན་དུ་གྱུར་པར་བསྒོམ་ལ༔ ཧཱུྃ་ཧྲཱིཿཀ་དག་སྐྱེ་མེད་ཆོས་སྐུ་ཀུན་ཏུ་བཟང་༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ གདུལ་བྱ་འདུལ་བྱེད་སྤྲུལ་པའི་སྐུར་སྣང་བ༔ སྒྱུ་འཕྲུལ་འཁོར་ལོའི་དཔལ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཇི་ལྟ་ཇི་སྙེད་ཤེས་རབ་ཡེ་ཤེས་ཀུན༔ ངོ་བོ་གཅིག་བསྡུས་མཁྱེན་རབ་དབང་པོའི་སྐུ༔ འཇིག་རྟེན་མགོན་པོ་མཆོག་ལ་ཕྱག་འཚལ་བསྟོད༔ གཞོན་ནུའི་ཚུལ་འཆང་སྐྱེ་འཆི་བསྒྲེས་རྒུད་བྲལ༔ གདུལ་དཀའ་འདུལ་མཛད་ཡེ་ཤེས་སྒྱུ་མའི་སྐུ༔ མཚན་དཔེས་རབ་སྤྲས་ཡེ་ཤེས་འོད་ཕུང་འབར༔ ཐུགས་རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པའི་མཛོད༔ ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས༔ སྲིད་པར་དུབ་པའི་སྐྱེ་འགྲོ་མལ་ནས་སློང་༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་གསུང་ལ་བསྟོད༔ ཁྱབ་བརྡལ་ནམ་མཁའ་ལྟ་བུའི་ཐུགས་ཀློང་དུ༔ རིགས་དང་དཀྱིལ་འཁོར་མ་ལུས་ཡོངས་སུ་རྫོགས༔ མཁྱེན་གཉིས་ཡེ་ཤེས་རྩལ་གྱིས་འགྲོ་ཀུན་སྒྲོལ༔ ཀ་དག་ཀུན་ཏུ་བཟང་པོའི་ཐུགས་ལ་བསྟོད༔ སྐུ་ལྔའི་རང་གདངས་རིགས་ལྔ་གངས་ཆེན་མཚོ༔ ཡེ་ཤེས་རིགས་ལྔའི་གསང་ཆེན་ཡུམ་ལྔར་ཤར༔ སྲིད་ལས་རྣམ་པར་རྒྱལ་བའི་སྒོ་སྐྱོང་ཚོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ལ༔ ཡི་དམ་གྱི་ལྷ་དེ་དག་རྟེན་གྱི་སྟོབས་སུ་བཙུགས་ཏེ༔ ཚེ་རབས་ཐམས་ཅད་དུ་མ་རིག་འཁྲུལ་བའི་འཁོར་ལོར་འཁྱམས་བའི་ལས་བསགས་པ་ལ་གནོང་འགྱོད་དྲག་པོས་མཐོལ་བཤགས་བྱེད་པ་ཉེས་པ་སུན་འབྱིན་པའི་སྟོབས་དང་༔ ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ་པར་བགྱིའོ་སྙམ་པ་ཉེས་པ་ལས་བཟློག་པའི་སྟོབས་དང་༔ སྡིག་པ་མི་དགེ་བའི་གཉེན་པོ་སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱངས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་རྣམས་དྲན་པར་བྱས་ཏེ༔ ཧོཿ བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་ཚེ་རབས་ཚེ་བརྒྱུད་ཐམས་ཅད་དུ༔ སྒོ་གསུམ་མི་དགེའི་ལས་ངན་ཅི་བསགས་པ༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ ཞེས་ཡི་གེ་བརྒྱ་པ་བརྗོད་ཅིང་བཤགས་སོ༔ སླར་ཡང་རྣལ་འབྱོར་པའི་ཉམས་ཆག་བཤགས་པ་དང་༔ རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལ༔ ཤ་དང་ཆང་ནི་རྫས་གཙོ་བོར་གྱུར་པ་ཡིན་ལ༔ གཞན་ཡང་གང་འབྱོར་བའི་ཡོ་བྱད་ཟས་ཚོགས་ཐམས་ཅད་བསགས་ཏེ་བཤམས་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་དམར་པོ་ལས་མེ་བྱུང་བས་སེར་སྣ་ལ་སོགས་པའི་འབག་རྩོག་ཐམས་ཅད་བསྲེག༔ ཡཾ་ཡིག་ལྗང་ནག་ལས་རླུང་བྱུང་བས་འབག་རྩོག་ཐམས་ཅད་གཏོར༔ ཁཾ་ཡིག་ལས་ཆུ་བྱུང་བས་མ་དག་པའི་དྲི་མ་དང་འབག་རྩོག་ཐམས་ཅད་བཀྲུས་ཏེ་སྦྱངས་པར་བསམ༔ སྟོང་པ་ཉིད་དུ་ཡལ༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་ལྟར་ཨཱཿལས་ཀཱ་པ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་དབུས་སུ་དྲི་ཆེན་དང་མི་ཤ༔ ཤར་དུ་དྲི་ཆུ་དང་གླང་པོ་ཆེའི་ཤ༔ ལྷོ་རུ་ཀླད་པ་དང་རྟ་ཤ༔ ནུབ་དུ་བྱང་སེམས་དང་རྨ་བྱའི་ཤ༔ བྱང་དུ་རཀྟ་དང་ཁྱི་ཤ༔ སླར་ཡང་མི་ཤའི་སྟེང་དུ་ཨོཾ༔ དྲི་ཆེན་གྱི་སྟེང་དུ་མཱུཾ༔ དེ་བཞིན་དུ་གླང་པོ་ཆེའི་ཤ་ལ་ཧཱུྃ་༔ དྲི་ཆུ་ལ་ལཱཾ༔ རྟ་ཤ་ལ་ཏྲཱཾཿཀླད་པ་ལ་མཱཾ༔ རྨ་བྱའི་ཤ་ལ་ཧྲཱིཿབྱང་སེམས་ལ་པཱཾ༔ ཁྱི་ཤ་ལ་ཨཱཿརཀྟ་ལ་ཏཱཾ་རྣམས་འོད་ཀྱི་ཐིག་ལེ་མཐིང་དཀར་སེར་དམར་ལྗང་གི་ཀློང་དུ་བསྐྱེད་པ་ལ་བདུད་རྩི་བྱང་སེམས་ཀྱི་རྒྱུན་བབས་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་དུ་བསྒྱུར༔ ཐོད་པའི་འོག་ཏུ་ཡཾ་ཡིག་ལས་རླུང་གཡོས༔ རཾ་ཡིག་ལས་མེ་འབར་བས་ཐོད་པའི་བདུད་རྩི་ཁོལ་ཞིང་ལུད་པ་ལས་ལྦུ་བ་སྤྱིར་བྱུང་བས་ཕྱི་རོལ་ཐམས་ཅད་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་པ་དང་༔ མཐར་ཡིག་འབྲུ་རྣམས་བདུད་རྩིར་ཐིམ་པས་མྱོང་གྲོལ་ཡེ་ཤེས་ཀྱིས་བདུད་རྩིའི་རོལ་པར་གྱུར༔ རླངས་པས་ནམ་མཁའ་བར་སྣང་དང་ས་གཞི་ཐམས་ཅད་ལ་ན་བུན་ལྟ་བུར་ཁྱབ་པ་ལས་བྱུང་བའི་ཕྱི་ཉེར་སྤྱོད་བདུན་གྱི་མཆོད་པ༔ ནང་འདོད་ཡོན་ལྔའི་ཕུང་པོ༔ གསང་བ་སྨན་གཏོར་རཀྟ༔ ལྷ་ཀླུ་མིའི་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་འདས་ཡོངས་ལ་ཁྱབ་ཅིང་བརྡལ་བར་བསམ་ལ༔  

ཧཱུྃ་༔ རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ འབྱུང་བའི་སྙིང་པོ་ཡི་གེ་འབྲུ་གསུམ་འཕྲོས༔ རཾ་ལས་མེ་བྱུང་ཚོགས་ཀྱི་ཉེས་སྐྱོན་བསྲེགས༔ ཡཾ་ལས་རླུང་བྱུང་མི་གཙང་དྲི་མ་གཏོར༔ ཁཾ་ལས་ཆུ་བྱུང་བག་ཆགས་དྲི་མ་སྦྱངས༔ རཾ་ཡཾ་ཁཾ༔ སླར་ཡང་རླུང་མེ་ཐོད་སྒྱེད་གསུམ་གྱི་ཁར༔ ཨཱཿལས་ཐོད་པ་ཕྱི་དཀར་ནང་དམར་བ༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་༔ ཁམས་གསུམ་བཅུད་དུ་དྲིལ་བའི་ཤ་ལྔ་དང་༔ འབྱུང་བའི་དྭངས་བཅུད་བདུད་རྩི་རྣམ་པ་ལྔ༔ བྱིན་རླབས་ཡེ་ཤེས་སྙིང་པོ་ཡིག་འབྲུ་བཅུ༔ ཞུ་བས་མྱོང་གྲོལ་བདེ་སྟོང་ཡེ་ཤེས་ཀྱི༔ བདུད་རྩིར་གྱུར་པ་བྱིན་རླབས་ཡེ་ཤེས་རླུང་༔ གཏུམ་མོ་ཡེ་ཤེས་མེ་དང་འཐབ་པ་ལས༔ བདུད་རྩིར་ཁོལ་བས་སྐུ་གསུམ་དབྱིངས་ཀུན་ཁྱབ༔ རླངས་པ་ལས་བྱུང་འདོད་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་སྤྲོས་ཤིང་མཆོད༔ ཧཱུྃ་་ཨོཾ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ མ་ཧཱ་གྷ་ཎ་ཙཀྲ་སརྦ་པཱུ་ཛ་ ཧོཿ  ཨོཾ་ཨཱཿཧཱུྃ་༔ ལན་གསུམ་བརྗོད༔ དེ་ནས་སྤྱན་འདྲེན་པ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བརྒྱུད་པ་དགུ་ལྡན་གྱི་བླ་མ་དམ་པ་རྣམས་དང་ཁྱད་པར་དུ་འཇམ་དཔལ་སྒྱུ་འཕྲུལ་རོལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་སློབ་མར་བཅས་པས་བསྐོར་བ་དང་བཅས་པ་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་ཏེ་ཚོགས་ཀྱི་ཞིང་དུ་བཞུགས་པར་བསམ་ལ༔ ཧཱུྃ་༔ ཀ་དག་སྤྲོས་མཐའ་བྲལ་བའི་ཀློང་ཡངས་ནས༔ སྐྱེ་མེད་ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་དཀྱིལ་འཁོར་ནས༔ འགགས་མེད་ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ ཀུན་ཁྱབ་ཡེ་ཤེས་ཐུགས་རྗེའི་ཀློང་དཀྱིལ་ནས༔ འགྲོ་འདུལ་སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ འོག་མིན་རྣམ་པར་མཛེས་པའི་ཞིང་ཁམས་ནས༔ བཅོམ་ལྡན་འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ༔ བདེ་ཆེན་མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མཁྱེན་རབ་དབང་པོ་གཤེགས་སུ་གསོལ༔ རྒྱ་ནག་རི་བོ་རྩེ་ལྔའི་རྩེ་མོ་ནས༔ འགྲོ་འདུལ་འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཀྱིལ་འཁོར་ནས༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་གཤེགས་སུ་གསོལ༔ གནས་མཆོག་ཉེར་བཞི་ཡུལ་ཆེན་སོ་གཉིས་དང་༔ ཧེ་རུ་ཀ་ཡི་གནས་བཅུའི་དཀྱིལ་འཁོར་ནས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཆེན་དབབ་པ་དང་༔ བསྒྲུབ་པའི་རྫས་རྣམས་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་དང་དངོས་གྲུབ་སྩོལ༔ ཚོགས་རྫས་མྱོང་གྲོལ་བདུད་རྩིར་བྱིན་གྱིས་རློབས༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་ཆུ་ལ་ཉི་ཟེར་ཕོག་པ་ལྟ་བུའི་སྦུབས་ནས་ཚོགས་ཀྱི་བཅུད་རོལ་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་དགྱེས་པར་བསམ༔ ཡེ་ཤེས་ཀ་པཱ་ལ་ཡི་སྣོད་མཆོག་ཏུ༔ བདེ་སྟོང་ཡེ་ཤེས་བདུད་རྩི་བཅུད་དུ་འཁྱིལ༔ རྩ་གསུམ་ཆོས་སྐྱོང་སྲུང་མར་བཅས་ལ་འབུལ༔ སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་དུ༔ འདོད་རྒུའི་དཔལ་ཡོན་མི་ཟད་ནམ་མཁའི་གཏེར༔ ཆོས་ཉིད་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུར༔ ཡེ་ཤེས་སྒྱུ་འཕྲུལ་གསང་ཆེན་ལྷ་ལ་འབུལ༔ ཆོས་ཉིད་སྒྱུ་འཕྲུལ་རོལ་པའི་ཆོ་འཕྲུལ་ལས༔ ཡེ་ཤེས་ཀ་པཱ་ལ་ཡི་སྣོད་མཆོག་ཏུ༔ ཤ་ལྔ་བདུད་རྩི་ལྔ་དང་གསང་ཆེན་བཅུད༔ ཕྱི་ནང་གསང་མཆོད་མི་ཟད་རྒྱན་འཁོར་ཚོགས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་ལྷ་ལ་འབུལ༔ སྣང་བ་མཐའ་བྲལ་ཡངས་པའི་སྣོད་མཆོག་ཏུ༔ སྲིད་པ་ཐམས་ཅད་འདོད་ཡོན་ཚོགས་སུ་བཤམས༔ བདེ་སྟོང་ཡེ་ཤེས་ཆེན་པོས་རྒྱས་བཏབ་སྟེ༔ མི་ཟད་འདོད་ཡོན་རང་བྱུང་ཚོགས་འཁོར་འདི༔ ཡེ་ཤེས་སྒྱུ་འཕྲུལ་གསང་ཆེན་ལྷ་ལ་འབུལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བརྒྱའི་ཟས༔ རེག་བྱའི་རིགས་དང་ཕྱི་ནང་གསང་མཆོད་ཚོགས༔ རྩ་གསུམ་དམ་ཅན་སྲུང་མར་བཅས་ལ་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ རང་རང་རྣམས་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ཐམས་ཅད་བཤགས་པའི་ཆེད་དུ་ལུས་དང་ལོངས་སྤྱོད་བསོད་ནམས་དགེ་བའི་དངོས་པོ་དང་བཅས་པ་ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་ལ་བཅུད་དུ་དྲིལ་ཏེ་འབུལ་བར་བྱའོ༔ ཧོཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ དམ་ཅན་ནོར་ལྷ་གཏེར་བདག་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ རྩ་བ་ལག་ཡག་དམ་ཚིག་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྒྲལ་བ་ལ༔ ཚོགས་སྣོད་དེ་ཉིད་བྱད་མ་དགྲ་བགེགས་ཀྱི་ལས་ལས་གྲུབ་པའི་བཙོན་ཁང་ནག་པོ་འཇིགས་སུ་རུང་བ༔ ནང་དུ་ཚུད་པ་ཙམ་གྱིས་དྲན་མེད་དུ་བརྒྱལ་ཏེ་མྱོས་པར་བྱེད་པའི་རང་བཞིན་ཅན་དུ་བསྒོམ་པའི་ནང་དུ་ཚོགས་རྫས་དེ་ཉིད་དགྲ་བགེགས་གདུག་པ་ཅན་ཀུན་འདུས་པའི་ངོ་བོ་ལ་མི་གཟུགས་ཉམ་ཐག་པ་རྐང་ལག་ལྕགས་སྒྲོག་གིས་བསྡམ་པ་སྲོག་མ་ཆད་ཙམ་དབུགས་དང་མ་བྲལ་ཙམ་དུ་བསྒོམ་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་ཐམས་ཅད་ནམ་མཁའ་ནས་བྱིའུ་ཁྲ་ཡིས་དེད་པ་དང་༔ བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་༔ ས་གཞི་ནས་ར་ལུག་འཕར་སྦྱང་གིས་དེད་པ་ལྟར་ལས་ཀྱི་རླུང་དམར་དྲག་པོ་དང་༔ ཕོ་ཉ་ལས་མཁན་རྣམས་ཀྱིས་དེད་བཞིན་དུ་བྱུང་ནས་གཟུགས་ལ་ཐིམ་པར་བསྒོམས་ཏེ༔ བསྒྲལ་ལས་བྱེད་པ་ལ༔ ཕུར་པ་སྲས་མཆོག་དངོས་སུ་བསྐྱེད་ལ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་ཐིམ་པར་བསྒོམ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཕུར་པ་གཡས་དང་གཡོན་དུ་བསྐོར་བས་དགྲ་བགེགས་ཀྱི་བླ་ཡི་ངོ་བོ་ལ་རྣམ་པ་ནྲྀ་དང་ཏྲི་དམར་ནག་ཏུ་གྱུར་པ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་ཕུར་པ་དེ་བཀྲག་མདངས་གཟི་བརྗིད་དག་ལྡན་པར་བསམ་པའོ༔ ཡང་དགྲ་བགེགས་ཀྱི་ཚེ་བསོད་ཀྱི་ངོ་བོ་འོ་མ་ལས་མར་ཐོན་པ་བཞིན་དུ་ནྲྀཿཡིག་ལྗང་སེར་ཞིག་ཏུ་གྱུར་ཏེ་ཆུ་ཐིག་ཧུབ་ཀྱིས་བཏབ་པ་ལྟར་ཕུར་བའི་རྩེ་མོར་འདུས་ཏེ་ཁོང་གསེང་ནས་བརྒྱུད་པས་སྐྱོན་དང་དྲི་མ་སྦྱངས་ཏེ་འཛམ་བུའི་ཆུ་གསེར་ལྟ་བུར་གྱུར་ནས་བདག་ཡི་དམ་གྱི་ཐུགས་ཀར་ཐིམ་པས་ཚེ་བསོད་ནམས་ཐམས་ཅད་བསྐྱེད་ཅིང་རྒྱས་པར་བསྒོམ་པའོ༔ ཁྲུས་ལུང་བྱ་བ་ལ༔ ཕུར་པའི་རྩེ་མོ་ནས་འོད་འཕྲོས་པས་ཁོ་ཡི་རྒྱུད་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བྱས༔ གནས་ལུང་བྱ་བ་ལ༔ ཁོ་ཡི་རྣམ་པར་ཤེས་པ་ཨ་དཀར་པོ་ཆུ་ཤེལ་ལྟར་གསལ་ལ་འཚེར་བ་ཞིག་ཏུ་བསྒོམ་སྟེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་བརྒྱུད་པས་མ་རིག་པའི་དྲི་མ་སྦྱངས་ཏེ་ཚོགས་ཞིང་གི་གཙོ་བོའི་ཐུགས་ཀར་བསྟིམས་པར་བསྒོམ་པའོ༔ ལུས་ཤ་ཁྲག་གི་ཕུང་པོ་ལ་གཟུང་འཛིན་གྱིས་བསྡུས་པའི་སེམས་སྣང་བག་ཆགས་ཁམས་གསུམ་གྱི་འཁྲུལ་འཁོར་ཐམས་ཅད་འདུས་པར་བསམ་ལ༔ ཧཱུྃ་༔ ཀ་དག་བརྡལ་ཁྱབ་གཞལ་ཡས་ནས༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷས༔ གཟུང་འཛིན་རཱུ་དྲ་ཞིང་བཅུའི་དགྲ༔ བདག་མེད་རྟོགས་པའི་མཚོན་གྱིས་བསྒྲལ༔ འཁོར་བ་མྱང་འདས་ཆེན་པོར་བསད༔ ཧཱུྃ་༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་ནི༔ ཉོན་མོངས་དུག་ལྔའི་སྲོག་ལ་གདབ༔ འཁོར་བའི་བླ་ཆེན་དབྱིངས་སུ་སྡུད༔ ཚེ་དང་བསོད་ནམས་རང་ལ་བསྡུས༔ འོད་ཀྱིས་སྒྲིབ་གཉིས་དྲི་མ་སྦྱངས༔ རྣམ་ཤེས་མདུན་བསྐྱེད་ཐུགས་སུ་བསྲེ༔ ཤ་ཁྲག་འཁོར་བའི་རྒྱ་མཚོར་དམིགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད་སོད༔ དེ་ནས་བསྟབས་པ་ལ༔ མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཞལ་མཉམ་ཉིད་བདེ་བ་ཆེན་པོའི་ཀློང་དུ་དགྲ་བགེགས་ཀྱི་སེམས་དང་སྣང་བ་ཐམས་ཅད་བསྟབས་པ་ཙམ་གྱིས་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་ཆོས་སྐུ་ཀུན་ཏུ་བཟང་པོའི་མཁའ་དབྱིངས་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་ཅིང་འཁྲུལ་མི་ཤེས་པའི་ངང་དུ་བརྟན་པ་ཐོབ་པར་བསྒོམ་ལ༔ ཧཱུྃ་༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷ༔ སྟོང་ཉིད་ཡངས་པའི་ཞལ་ཕྱེས་ཤིག༔ ཁམས་གསུམ་འཁོར་བའི་སེམས་སྣང་ཆོས༔ བདག་མེད་སྟོང་ཉིད་ཞལ་དུ་བསྟབ༔ འཁྲུལ་པ་མེད་པའི་རྒྱས་བཏབ་སྟེ༔ བདེ་བར་གཤེགས་པའི་ས་ཐོབ་ཤོག༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི༔ དེ་ནས་དྲང་བ་ལ༔ ཚོགས་མཆོག་ཡེ་ཤེས་ཀྱི་བདུད་རྩིས་ལྷ་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམས་ནས་སྒྲུབ་པ་པོའི་དམ་ཚིག་ཉམས་ཆག་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དགྱེས་ཤིང་ཚིམས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་དང་ལྡན་པ་འཇའ་སྤྲིན་གཏིབས་པ་ལྟར་བྱུང་ནས་རང་གི་སྒོ་གསུམ་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ་བསྒྱུར་བར་བསམ་ལ༔ ལས་ཀྱི་རྡོ་རྗེས༔ ཧོཿ གསང་སྔགས་ཟབ་མོའི་མྱུར་ལམ་ལ༔ བརྟེན་པའི་ཚོགས་ཀྱི་འཁོར་ལོ་ཡིས༔ ཉམས་ཆག་ཉེས་ལྟུང་ཀུན་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་དངོས་གྲུབ༔ ཡེ་ཤེས་འོད་ཀྱི་ཕུང་པོ་ཅན༔ བདག་གི་སྒོ་གསུམ་ལ་ཞུགས་པས༔ རྡོ་རྗེ་གསུམ་གྱི་རོལ་པར་འཕོས༔ མཆོག་གི་དངོས་གྲུབ་སྐལ་བ་བཟང་༔ ཨ་ལ་ལ་ ཧོཿ  དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཧོཿ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཡེ་ཤེས་བདུད་རྩིའི་ཚོགས་ལ་རོལ༔ ཟག་མེད་བདེ་བ་ཆེན་པོར་བཞེས༔ ཨ་ལ་ལ་སིདྡྷི་ཕ་ལ་ ཧོཿ  དེ་ནས་མཆེད་ལྕམ་གྱིས༔ ཀྱཻ༔ གསང་སྔགས་བླ་ན་མེད་པའི་རྫས༔ གཙང་རྨེ་གཉིས་འཛིན་དང་བྲལ་བས༔ གདན་གསུམ་དཀྱིལ་འཁོར་དགྱེས་ཕྱིར་རོལ༔ མཆོག་ཐུན་དངོས་གྲུབ་དམ་པའོ༔ ཨ་ལ་ལ་ ཧོཿ  དེ་ནས་སྨོན་ལམ་ནི༔ ཧོཿ གསང་སྔགས་བླ་མེད་དཀྱིལ་འཁོར་དུ༔ ཚོགས་མཆོད་ཕུལ་བའི་བསོད་ནམས་དགེས༔ བདག་སོགས་འདུས་པ་རྒྱ་མཚོ་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་ལྷག་མ་འབུལ་བ་ལ༔ ཚོགས་ཀྱི་ལྷག་མ་ཉལ་ཉིལ་རྣམས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་འདུས་ཏེ་ཤ་ཡི་རི་བོ༔ ཁྲག་གི་རྒྱ་མཚོ༔ རུས་པའི་གྲམ་ཁྲོད་ཆེན་པོ་དང་༔ དཀར་གསུམ་མངར་གསུམ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོའི་ཕུད་ཀྱིས་ལྷག་སྐྱོང་མཁའ་འགྲོ་དམ་ཅན༔ བར་པས་བཀའ་སྲུང་སྡེ་བརྒྱད༔ སྙིགས་མས་སྣང་སྲིད་ལྷ་འདྲེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐོབ་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་གཉིད་བཙན་ཐབས་ཀྱིས་སད་པ་བཞིན་དུ་འཁྲུལ་མི་ཤེས་པའི་དབྱིངས་སུ་སད་ཅིང་བདེ་ཆེན་འཕོ་འགྱུར་མེད་པའི་ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་དབང་འབྱོར་པར་བསམ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ༴ཅེས་བརྗོད་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམས༔ ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པ་ཉིད་དུ་སྦྱངས༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་འཕྲུལ་དགའི་ལྷའི་ལོངས་སྤྱོད་ལྟ་བུར་སྐད་ཅིག་གིས་སྣང་བར་བྱས་ཏེ༔ ཧཱུྃ་་བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཅོམ་ལྡན་སྤྱི་དཔལ་ཆེན་པོ་ཡིས༔ བཀའ་ཉན་རོལ་བའི་ལྷག་སྡུད་མ༔ དབང་ཕྱུག་འབར་མ་གིང་ལང་ཀ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ ཕྲིན་ལས་བསྒྲུབ་ལ་བར་ཆད་སོལ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དང་༔ ཆོས་སྐྱོང་དྲེགས་པ་སྡེ་བརྒྱད་ཚོགས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ དགྲ་བགེགས་གདུག་པ་ཚར་གཅོད་མཛོད༔ རིགས་དྲུག་སེམས་ཅན་སྣང་སྲིད་ཀྱི༔ ལྷ་འདྲེ་བགེགས་རིགས་ལན་ཆགས་བདག༔ ཀུན་ཀྱང་འདོད་ཡོན་ལྷག་མ་རོལ༔ གཏན་དུ་བདེ་བའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་ཤ་མཁོན་དག་གྱུར་ཅིག༔ འགྲོ་དྲུག་སྡུག་བསྔལ་བྱང་གྱུར་ཅིག༔ ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག༔ ས་མ་ཡ༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་འཇིགས་པའི་ཆ་ལུགས་ཅན་དཔག་ཏུ་མེད་པས་ནམ་མཁའ་བར་སྣང་ས་བཞིའི་ཁམས་ཐམས་ཅད་གང་སྟེ་དགྲ་འདྲེ་འདུག་པ་ཅན་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་བརླག་ནས་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་འཁྲུལ་མི་ཤེས་པའི་དབྱིངས་སུ་བཤིགས་ཅིང་བརྡལ་ཏེ་བསྒྲལ་བར་བསམ༔ སྐུ་དང་ཡེ་ཤེས་ཀྱི་ཤུགས་དང་སྟོབས་ཆེན་པོས་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་ཆོས་སྐྱོང་སྣང་སྲིད་ལྷ་འདྲེ་ཡུལ་ལྷ་ཟོ་དོར་ཐམས་ཅད་བཙན་ཐབས་སུ་བསླང་སྟེ་བཀའ་བསྒོས་ནས་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་ཚེ་བླ་སྲོག་གསུམ་མི་ཕྱུགས་འཁོར་དང་བཅས་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བརླག་ཅིང་གསོད་གཅོད་དྲག་པོའི་ལས་བྱེད་པར་བསྒོམ༔ སླར་ཡང་ཆད་མདོ་བཏང་བ་ལ༔ གཏོར་མའི་སྣོད་འཆི་བདག་ལས་ཀྱི་གཤིན་རྗེའི་བཤའ་ཁང་ནག་པོའི་ནང་དུ་གཏོར་མ་དེ་ཉིད་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་ཞིག་ཏུ་བསྒོམ་སྟེ༔ བདག་མདུན་གྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་ཤིན་ཏུ་མི་སྲུན་འཇིགས་པའི་ཆ་ལུགས་ཅན་དཔག་ཏུ་མེད་པ་འཕྲོས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཡོངས་སུ་གང་ཞིང་ཁྱབ་ནས་འབྱུང་ལྔ་སྣོད་བཅུད་ཀྱི་ཁམས་ཀྱི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ལས་ལ་བཀོལ་ཏེ་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བྱིའུ་ཆུང་ཁྲས་དེད་པ་བཞིན་དུ་བཀུག་ནས་གཏོར་མ་ལ་ཐིམ་པར་བསམ་ལ༔ འགུགས་གཞུག་ལན་གསུམ་བྱས་ཏེ་མཐར༔ རང་གི་ཐུགས་ཀ་ནས་ཛཿཡིག་དམར་པོ་འཕྲོས་ཏེ་དགྲ་བགེགས་ཀྱི་ཁ་ནས་ཞུགས༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཛཿཡིག་ནག་པོ་གཅིག་འཕྲོས་ཏེ་གཤང་ལམ་ནས་ཞུགས་ཛཿཡིག་གཉིས་པོ་སྙིང་གར་སླེབས་པ་ཙམ་གྱིས་ཛཿདམར་པོ་ལས་ཟངས་ཀྱི་འཁོར་ལོ་རྣོ་བའི་ངར་དང་ལྡན་པ་གཡས་སུ་འཁོར་བ་དང་༔ ཛཿནག་པོ་ལས་གནམ་ལྕགས་ཀྱི་འཁོར་ལོ་དེ་བཞིན་གཡོན་དུ་འཁོར་བ་གཉིས་པོ་སོ་འཐབ་པའི་བར་ན་དགྲ་བགེགས་ཀྱི་བླ་སྲོག་དོན་སྙིང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དམར་ཉི་ལི་ལི་འཐག་ཅིང་གཏུབ་པས་ཚེ་བསོད་ནམས་ནྲྀ་ལྗང་འོད་དང་བཅས་པའི་རྣམ་པར་རང་ལ་ཐིམ་པར་བསམ་པ་དང་༔ རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར་ཏེ་མེ་སྟག་ཡར་བ་ལྟར་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པས་སངས་རྒྱས་པར་བསམ་པ་དང་༔ འཁོར་ལོ་དྲག་ཏུ་འཁོར་བས་དགྲ་བོའི་མི་ནོར་དཀོར་ཁང་དང་བཅས་པ་ཐམས་ཅད་དམར་ཉི་ལི་ལི་གཏུབ་པས་ཤའི་རི་བོ༔ ཁྲག་གི་རྒྱ་མཚོ༔ རུས་པའི་གྲམ་ཁྲོད༔ རྐང་ལྷ་ཚིལ་ཞུན་གྱི་བྲག་རི་ཆེན་པོ་བཀའ་སྲུང་ཆོས་སྐྱོང་གཞི་བདག་སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཡིད་ལ་གང་དྲན་པ་ཙམ་གྱིས་དེ་དག་སྣང་བར་བྱེད་པའི་རང་བཞིན་ཅན་དུ་བསྒོམ༔ ཐམས་ཅད་དགྱེས་ཤིང་ཚིམས་ནས་ཁྱོད་ཀྱི་བཀའ་ཉན་ཅིང་གསུང་སྡོད་ཕྲིན་ལས་རབ་འབྱམས་རྟག་ཏུ་སྒྲུབ་པར་མི་བྱེད་རེ་ཞེས་དམ་བླང་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསྒོམ་ལ༔ ཧཱུྃ་བྷྱོ་ཛཿསྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ༔ འཁོར་བ་དང་ནི་འདས་པའི་རྒྱབ་གྱིས་ཚེ༔ འཁོར་འདས་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀས༔ གདུལ་དཀའ་ཐབས་ཀྱིས་འདུལ་བའི་དགོངས་སྤྱོད་ཀྱི༔ བླ་མེད་རྡོ་རྗེ་ཐེག་པའི་སྒྱུ་འཕྲུལ་གྱིས༔ གང་འདུལ་སྣ་ཚོགས་ཐབས་ལ་འཆོས་པའི་ཚེ༔ སྤྲུལ་པ་ལས་ཀྱི་ཕོ་ཉ་བཀའ་སྡོད་འགྱེད༔ དེ་དག་རྣམས་ཀྱང་རང་རང་སྤྲུལ་པའི་གཞི༔ དཔལ་ཆེན་སྤྱན་སྔར་འཁོད་ཅིང་གུས་པས་འདུད༔ སངས་རྒྱས་བསྟན་བསྲུང་རྣལ་འབྱོར་བར་ཆད་ཟློག༔ སྒྲུབ་པའི་དྲོད་བསྲུང་ཕྲིན་ལས་རབ་འབྱམས་བསྒྲུབ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པར་ཆད༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་རྡོ་རྗེ་འཆང་ཆེན་གསང་བའི་བདག༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ་ཆེན་པོས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན༔ མི་སྲུན་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ དེ་ཚེ་བཀའ་སྡོད་དྲེགས་པ་ཆེ་འབྲིང་ཆུང་༔ མ་ལུས་འདུས་ཤིང་རང་དམ་གཉེར་བླངས་པ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པ་དང་༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སེལ་བ་དང་༔ རབ་འབྱམས་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཁས་བླངས་དམ་བཅས་ཇི་བཞིན་ཕྲིན་ལས་བསྒྲུབ༔ ཐ་མ་སྐུ་གསུམ་དག་པའི་དབྱིངས་རུམ་ནས༔ འགྲོ་བའི་དཔལ་མགོན་ཨོ་རྒྱན་རིན་པོ་ཆེ༔ སྐྱེ་འགྲོ་ཐུགས་རྗེས་སྐྱོང་བའི་གཉེར་བླངས་ཚེ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཕོ་མོ་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས༔ རང་རང་སྲོག་སྙིང་ཕུལ་ནས་དམ་བཅས་པ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པ་དང་༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཁས་བླང་བཞིན༔ ཆད་དོན་ཕྲིན་ལས་ཡོངས་སུ་གྲུབ་པར་མཛོད༔ དེ་འོག་དོན་གྱི་འོག་མིན་པདྨ་བཀོད༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ༔ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ ཨོ་རྒྱན་ཆེ་མཆོག་པདྨ་ཐོད་ཕྲེང་གིས༔ སྨོན་ལམ་ལས་ཀྱི་སྤྲུལ་པའི་རིག་འཛིན་ལ༔ ཟབ་གསང་གཉན་པོའི་ཀློང་མཛོད་གཏད་པའི་ཚེ༔ ཡེ་ཤེས་ལས་དང་འཇིག་རྟེན་སྲུང་མའི་ཚོགས༔ ཀུན་ཀྱང་རང་རང་སྲོག་སྙིང་མངོན་ཕུལ་ནས༔ ཟབ་གསང་བསྟན་པ་གཉན་པོ་བསྲུང་བ་དང་༔ བསྟན་འཛིན་སྐྱེས་བུའི་འདོད་དོན་བསྒྲུབ་པ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་དམ་བཅས་བཞིན༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཟབ་གསང་བསྟན་པའི་མངའ་ཐང་སྤེལ་བ་དག༔ བསྟན་འཛིན་སྐྱེས་བུ་སྡེ་དང་བཅས་པ་སྐྱོངས༔ དགྲ་བགེགས་མ་ལུས་བརླག་པའི་ཕྲིན་ལས་མཛོད༔ ད་ལྟ་རང་སྣང་བཀོད་པ་ལྷུན་གྲུབ་པའི༔ གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་འདིར༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་གྱིས༔ སྒྱུ་འཕྲུལ་རྡོ་རྗེའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ ཡེ་ཤེས་ལྷ་བསྒྲུབ་ཕྱི་ནང་མཆོད་པས་མཉེས༔ ཞིང་ཆེན་གཡང་གཞིར་ཐོད་པའི་གཏོར་སྣོད་དུ༔ དགྲ་བགེགས་ཐབས་ཀྱི་བསྒྲལ་བའི་གཟུགས་ཕུང་ལས༔ ཤ་ཁྲག་དམར་གྱི་གཏོར་མ་རྒྱ་ཆེར་བཤམས༔ ཡེ་ཤེས་བདུད་རྩིའི་ངོ་བོར་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྃ༔ ཛཿཆད་མདོ་དམ་ཅན་སྲུང་མ་ཐམས་ཅད་ཀུན༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ ཟབ་གསང་གཉན་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ ཕྱི་ནང་གསང་བའི་རྐྱེན་ངན་བར་ཆད་བཟློག༔ རབ་འབྱམས་ཕྲིན་ལས་ཐོགས་མེད་བསྒྲུབ་པ་དང་༔ བསྟན་དགྲ་སྡེ་དང་བཅས་པ་རྡུལ་དུ་རློག༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་དམར་གྱི་གཏོར་མ་བཏང་བ་ནི༔ ཨོཾ་ཨཱཿཧཱུྃ༔ གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་དཔེར་ན་དགའ་ལྡན་ལྷའི་ལོངས་སྤྱོད་ལྟ་བུ་མ་ཚང་བ་མེད་པ་མ་མོ་བརྟན་མའི་ཚོགས་ཀྱི་སྤྱོད་ཡུལ་དུ་སྐད་ཅིག་གིས་སྣང་བར་བྱས་ཏེ༔ བཀའ་དང་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་བཀའ་ཉན་གསུང་སྡོད་ཕྲིན་ལས་གང་བརྩམ་ཐམས་ཅད་བསྒྲུབ་པར་ཁས་བླངས་མནའ་ཐོ་བྱེད་པར་བསམ་ལ༔ ཧཱུྃ་༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་མནའ་ཐོ་ཆད༔ བསྟན་དང་བསྟན་འཛིན་སྐྱོང་ཞིང་བསྲུང་མཛད་མ༔ མ་མོ་བརྟན་མ་བཅུ་གཉིས་འཁོར་དང་གཡོག༔ སྡེ་རིས་འབངས་འཁོར་ཡང་འཁོར་བཅས་པ་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པའི་མངའ་ཐང་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུའི་ཚེ་བསྲིང་འདོད་དོན་སྒྲུབས༔ མི་ནད་ནོར་གྱི་གོད་ཡམས་ཐམས་ཅད་ཟློག༔ དགྲ་བགེགས་སྡེ་དང་བཅས་པ་རྡུལ་དུ་བཟློག༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་ནས་འདྲེ་འགུགས་བྱ་ཞིང་བྲོ་མནན་བྱ་བ་ལ༔ གཏོར་གཞོང་སྦུབས་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་དང་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅད་མར་མེ་རླུང་གིས་བསད་པ་ལྟར་ནུབ་པར་བསམ༔ གཏོར་གཞོང་གི་འོག་གི་ས་གཞི་གས་ཏེ་འོག་གཞི་རླུང་གི་དཀྱིལ་འཁོར་ལ་མ་ཐུག་གི་བར་དུ་ཐ་ལེར་ཡོད་པར་བསམ༔ བདེན་པའི་སྟོབས་བརྗོད་ནས་འགུགས་པའི་ཚེ་གནོད་བྱེད་དམ་སྲི་རྒབ་འདྲེ་ཉུལ་ལེ་ཕོ་མོ་ཐམས་ཅད་ས་གཞི་དང་མཉམ་པའི་འོད་ནག་པོས་ཡར་དྲིལ༔ ནམ་མཁའ་དང་མཉམ་པའི་འོད་ནག་པོས་མར་དྲིལ་ཏེ་དོང་ནང་དུ་རྡོ་འཕང་བ་ལྟར་གཏོར་གཞོང་གི་ཞབས་སུ་སོང་ནས་འོག་གཞི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ལྷུང་བའི་རྐང་ལག་མགོ་དང་བཅས་པ་ལ་གནམ་ལྕགས་འབར་བའི་ཕུར་བུ་རི་རབ་ཙམ་རེས་གཟེར་གདབ་པས་འཕར་ལྡང་གཡོ་འགུལ་ཙམ་ཡང་མི་ནུས་པར་བསམ་ལ༔ དེའི་སྙིང་ཀའི་སྟེང་དུ་མཆོད་རྟེན་ནག་པོ་རི་རབ་ཙམ་གྱིས་མནན་ནས་བྱམས་པ་མགོན་པོའི་བསྟན་པ་མ་བྱུང་གི་བར་དུ་བདེ་བ་སྐྱེས་ཏེ་ཞེན་པ་མེད་པའི་ངང་དུ་བརྒྱལ་བར་བསམ༔ མཆོད་རྟེན་གྱི་མཐར་ཡེ་ཤེས་ཀྱི་ཁྲོ་བོ་མང་པོས་བྲོ་འཁྲབ་པས་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་རྩྭ་སྦུར་ཕྲ་མོ་རྡོག་པས་བཅོམ་པ་བཞིན་དུ་བཅོམ་ནས་བཏུལ་བར་བསམ་ལ༔ ཧཱུྃ་༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ལྷའི༔ དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གླུ་ལེན་འུ་རུ་རུ༔ བདག་ལྟའི་རཱུ་ཏྲའི་མགོ་ལ་ཆེམ༔ འཁྲུལ་མེད་ཆོས་ཉིད་ཀློང་དུ་བྲུབ༔ ཧཱུྃ་༔ རང་སྣང་དོན་གྱི་འོག་མིན་ནས༔ སྒྱུ་འཕྲུལ་རོལ་པའི་ལྷ་ཚོགས་ཀྱིས༔ ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས༔ དུག་ལྔའི་མགོ་ལ་ཆེམས་སེ་ཆེམ༔ ཕུང་ལྔའི་འཁྲུལ་འཁོར་དབྱིངས་སུ་བཤིག༔ གཟུང་དང་འཛིན་པའི་རྣམ་རྟོག་བགེགས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན་ནན༔ གཏོར་གཞོང་གི་ཁ་ཡར་བཟེད་པ་ཙམ་གྱིས་དགྲ་བགེགས་ཀྱི་ཚེ་བསོད་ནམས་དཔལ་ཡོན་ལོངས་སྤྱོད་ཐམས་ཅད་བདག་ལ་ཐོབ་ནས་དབང་འབྱོར་པར་བསམ་པས་རང་གི་ཚེ་བསོད་ལོངས་སྤྱོད་ཐམས་ཅད་རབ་ཏུ་རྒྱས་ཤིང་འཕེལ་བར་བསམ་མོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ དང་པོ་དངོས་གྲུབ་ཀྱི་སྣོད་དུ་རུང་བའི་ཕྱིར་རང་གི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་བསྐྱེད་ལ༔ མདུན་གྱི་ནམ་མཁར་བླ་མའི་ངོ་བོ་ལ་རྣམ་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་ཉི་མ་དང་ཉི་ཟེར་གྱི་ཚུལ་དུ་བཞུགས་པར་བསམ་ལ༔ དབང་དང་དངོས་གྲུབ་ཀྱི་འབྱུང་གནས་དེ་དག་གི་སྤྱི་བོར་ཨོཾ་དཀར་པོ་བཅོ་ལྔའི་ཟླ་རྒྱས་ལྟར་དཀར་ཞིང་འོད་འབར་བ༔ མགྲིན་པར་ཨཱཿཡིག་དམར་པོ་ཉི་མའི་འོད་ལྟར་འབར་བ༔ ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་རི་བོ་ལ་ཉི་མ་འབུམ་གྱི་འོད་ཀྱིས་བརྡལ་བ་ལྟར་འོད་དང་འོད་ཟེར་རབ་ཏུ་འབར་བར་གསལ་ལ༔ དབང་དང་དངོས་གྲུབ་བླང་བའི་དུས་སུ་ལྷ་རྣམས་ཀྱི་སྤྱི་བོར་ཨོཾཡིག་དཀར་པོ་ལས་སྐུ་བུམ་པའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་བྱུང་ནས་སྤྱི་བོ་ནས་ལུས་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་ནས་ལུས་རྡོ་རྗེ་སྐུའི་རོལ་པ་རུ་འཕོས་པར་བསམ་སྟེ་རྫས་སྤྱི་བོར་གཏུགས༔ མགྲིན་པའི་ཨཱཿལས་འོད་ཕུང་དམར་པོ་འཕྲོས་ཏེ་རང་གི་མགྲིན་པ་ནས་ཞུགས་ཏེ་ངག་ལ་ཐིམ་པས་ངག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་ནས་ངག་རྡོ་རྗེ་གསུང་གི་རོལ་པར་འཕོས་ཤིང་གྲོལ་བར་བསམ༔ ཐུགས་ཀའི་ཧཱུྃ་ལས་འོད་ཕུང་མཐིང་ནག་འཕྲོས་པས་རང་གི་སྙིང་ག་ནས་ཡིད་ལ་ཐིམ་པས་ཡིད་ཀྱི་ཉེས་སྐྱོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་སྟེ་ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་འཕོས་ཤིང་སྨིན་པར་བསམ༔ སླར་ཡང་གནས་ལྔ་ནས་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་འཐིབས་པ་བཞིན་དུ་རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་ཅིང་རིག་འཛིན་རྣམ་པ་བཞིའི་གོ་འཕང་གཅིག་ཆར་དུ་ཐོབ་པས་སྐུ་བཞིའི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་གྱུར་པར་བསམ་ལ༔ ཧཱུྃ་༔ དཀྱིལ་འཁོར་ལྷ་ཚོགས་དབང་དང་དངོས་གྲུབ་མཛོད༔ རབ་འབྱམས་ཕྲིན་ལས་གྲུབ་བརྒྱད་ཚེ་དབང་འབྱོར༔ ཡི་དམ་ལྷ་ཡི་གོ་འཕང་མངོན་གྱུར་སོགས༔ མཆོག་ཐུན་དངོས་གྲུབ་མ་ལུས་དུས་འདིར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཨཱཿཞེས་རྒྱས་པར་སྤྲོ་ན་རྩ་སྔགས་རེ་དང་སྦྲགས༔ དེ་ནས་བཤགས་པ་བྱ་བ་ལ༔ མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དཔང་དུ་བཙུགས་ཏེ༔ དེ་དག་གི་སྤྱན་སྔར་རང་གིས་སྔར་བྱས་ཀྱི་སྡིག་པ་དང་༔ དམ་ཚིག་ཆག་ཉམས་ཐམས་ཅད་དང་༔ དཀྱིལ་འཁོར་གྱི་ལྷ་ཚོགས་བསྒོམ་བསྒྲུབ་བྱེད་པ་ལ་བར་དུ་གཅོད་པའི་དམ་ཚིག་ཆག་ཉམས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་སྡོམ་ནས་གནོང་འགྱོད་དྲག་པོའི་སྒོ་ནས་མི་འཆབ་མི་སྦེད་པར་མཐོལ་ལོ་བཤགས་སོ༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་པར་བགྱིའོ་སྙམ་ཞིང་༔ གཉེན་པོ་ཡི་གེ་བརྒྱ་བའི་བཤགས་པ་བཏང་བ་ལ༔ ཧོཿ དཀྱིལ་འཁོར་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ༔ བསྒྲུབ་དང་དཀྱིལ་འཁོར་ཟབ་མོའི་སྒོར་ཞུགས་ཀྱང་༔ ཚོར་དང་མ་ཚོར་མ་རིག་དབང་གྱུར་པས༔ ཚུལ་དང་མི་མཐུན་པ་ཡི་ལས་རྣམས་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་ནི༔ མཐོལ་ལོ་བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་འགྱིད་དོ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་ཅི་མང་བརྗོད་དོ༔ དེ་ནས་བསྔོ་སྨོན་བྱ་བ་ལ༔ རང་གི་སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་བསགས་པའི་དགེ་རྩ་ཅི་དང་ཅི་མཆིས་པ་ཐམས་ཅད་དུས་དེ་རང་གི་བསྐྱེད་རྫོགས་བསྒོམ་བཟླས་བྱས་པའི་དགེ་བ་འདི་དང་ལྷན་གཅིག་ཏུ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྔོའོ༔ སྦྱིན་ནོ༔ བཏང་ངོ་༔ དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་རྗེས་སུ་མཐུན་པར་བསྔོའོ་བསམ་ལ༔ ན་མོ༔ བདག་གིས་དུས་གསུམ་བསགས་པའི་རྣམ་དཀར་དགེ༔ ནམ་མཁའི་མཐའ་ཁྱབ་སེམས་ཅན་ཡོངས་ལ་བསྔོ༔ ཀུན་ཀྱང་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ ཆོས་སྐུ་གདོད་མའི་མགོན་པོར་སངས་རྒྱས་ཤོག༔ ལན་གསུམ་བརྗོད་དོ༔ དེ་ནས་བསྡུ་བའི་རིམ་པས་རྟག་པའི་མཐའ་བསལ་བ་ནི༔ སྣང་ཞིང་སྲིད་པ་ལྷ་དང་ཞིང་ཁམས་གཞལ་ཡས་ཁང་དུ་བསྒོམ་པ་ཐམས་ཅད་རང་ཉིད་ལྷར་གསལ་པ་ལ་ཐིམ་པར་བྱས༔ རང་ཡང་ཐུགས་ཀའི་སྔགས་འཁོར་ལ་ཐིམ༔ སྔགས་རྣམས་ཐུགས་སྲོག་ལ་བསྟིམ༔ ཐུགས་སྲོག་ཀྱང་ནམ་མཁའ་སྟོང་པ་ལ་ཐིམ་པས་ཁྱབ་བརྡལ་དུ་བཞག་གོ༔ ཧཱུྃ་༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་བསྡུ༔ དེ་ཡང་ཐུགས་སྲོག་སྙིང་པོར་བསྡུ༔ དེ་ཡང་སྟོང་ཉིད་ནམ་མཁའི་ངང་༔ ཨ་ཨ་ཨ༔ སླར་ཡང་ཆད་པའི་མཐའ་བསལ་བ་ནི༔ སྐད་ཅིག་གིས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་རང་ཉིད་འཇམ་དཔལ་དམར་སེར་གཡས་རལ་གྲི་དང་གཡོན་པས་པོ་ཏི་བསྣམས་པ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་འོད་དང་འཇའ་ཚོན་འཁྱིལ་བའི་ཀློང་དུ་བསྐྱེད་ལ༔ ཧཱུྃ་༔ སྐད་ཅིག་སྟོང་པའི་དབྱིངས་རུམ་ནས༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ རང་ཉིད་འཇམ་དཔལ་གཞོན་ནུའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་སྤྲས༔ རྩ་སྔགས་ལན་གསུམ་བརྗོད་ནས་རྗེས་ཐོབ་ལུ་གུ་རྒྱུད་དུ་སྦྲེལ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ རང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དཔའ་བོ་དང་དཔའ་མོའི་རོལ་པར་བཞེངས་ཏེ་ནམ་མཁའ་ལས་སྐུ་མཛེས་པའི་གར་མཛད༔ ཕྱག་ནས་མེ་ཏོག་གི་ཆར་ཤར་ནས་དཀར་པོ༔ ལྷོ་ནས་སེར་པོ༔ ནུབ་ནས་དམར་པོ༔ བྱང་ནས་ལྗང་ནག༔ དབུས་ནས་སྔོན་པོ་ལ་སོགས་པ་སྣ་ཚོགས་ཀྱི་ཆར་ཕབ་སྟེ་རང་དང་མགྲིན་གཅིག་ཏུ་བཀྲ་ཤིས་བའི་བདེན་ཚིག་འུར་དི་རི་རི་སྒྲོག་པར་ཡིད་ལ་བྱས་ཏེ༔ ཧཱུྃ་༔ ཆོས་སྐུ་བརྡལ་ཁྱབ་འཁོར་འདས་མངའ་དབང་བསྒྱུར༔ ལྷུན་གྲུབ་འགགས་མེད་ལོངས་སྤྱོད་རྫོགས་པའི་དཔལ༔ རང་གྲོལ་རོལ་པ་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མངོན་གྱུར་བཀྲ་ཤིས་ཤོག༔ དག་པ་རབ་འབྱམས་སྤྲུལ་པའི་ཞིང་ཁམས་འདིར༔ མདོ་སྔགས་བསྟན་པའི་མངའ་ཐང་རབ་རྒྱས་ཤིང་༔ བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་གང་སྟེ༔ བསྟན་པའི་སྦྱིན་བདག་ལོངས་སྤྱོད་འབྱོར་པ་རྒྱས༔ རྒྱལ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག༔ ཧཱུྃ་༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་དུ་འཕོས༔ སྲིད་པ་ཐམས་ཅད་ལྷ་དང་ལྷ་མོའི་སྐུ༔ དྲན་རྟོག་ཐམས་ཅད་ཡེ་ཤེས་རོལ་པར་སྨིན༔ ཐམས་ཅད་དག་པ་རབ་འབྱམས་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་ཅི་རིགས་བརྗོད་དོ༔ དེ་ལྟར་གཞི་བདེ་བར་གཤེགས་པའི་སྙིང་པོ་ཀ་དག་སྤྲོས་མཐའ་དང་བྲལ་བའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཇམ་དཔལ་དམར་སེར་ལྷུན་གྱིས་གྲུབ་པའི་རྒྱལ་པོ༔ རང་བཞིན་རང་གསལ་གྱི་བདག་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་འཇམ་དཔལ་དཀར་པོ་དྲི་མ་བྲལ་བའི་རྒྱལ་པོ༔ ཡོན་ཏན་ཡོངས་སུ་རྫོགས་པའི་ཆ་ལས་འཇམ་དཔལ་སེར་པོ་རིན་པོ་ཆེའི་རྒྱལ་པོ༔ ཆགས་བྲལ་བདེ་བ་ཆེན་པོའི་རང་གདངས་འཇམ་དཔལ་དམར་པོ་དབང་ཆེན་དཔལ་འབར༔ ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་འཇམ་དཔལ་ནག་པོ་འཁོར་བ་ཡོངས་སྒྲོལ༔ ནམ་མཁའ་རྣམ་པར་དག་པའི་རང་གདངས་སངས་རྒྱས་དབྱངས་ཅན་མཐིང་ག༔ ཆུ་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་རྡོ་རྗེ་དབྱིངས་ཅན་དཀར་མོ༔ ས་ཁམས་གནས་སུ་དག་པའི་འབྱུང་ཆེན་པོའི་རང་གདངས་རིན་ཆེན་དབྱངས་ཅན་སེར་མོ༔ མེ་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་པདྨ་དབྱངས་ཅན་དམར་མོ༔ རླུང་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་ཀརྨ་དབྱངས་ཅན་མ་ལྗང་ནག༔ ཞི་བའི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་སྙིང་རྗེ་ཆེན་པོའི་རང་གཟུགས་གཤིན་རྗེ་དཀར་པོ༔ རྒྱས་པའི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་བྱམས་པ་ཆེན་པོའི་རང་གཟུགས་གཤིན་རྗེ་ཁྱབ་བྱེད་སེར་པོ༔ དབང་གི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་དགའ་བ་ཆེན་པོའི་རང་གཟུགས་གཤིན་རྗེ་དབང་ཆེན་དམར་པོ༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རང་གདངས་བཏང་སྙོམས་ཆེན་པོའི་རང་གཟུགས་གཤིན་རྗེ་གསོད་བྱེད་ནག་པོའོ༔ གཞི་རང་གི་གནས་ལུགས་མངོན་དུ་གྱུར་བའི་ཕྱིར་དུ་འཁོར་བའི་སྣང་སེམས་ཞིང་ཁམས་དང་གཞལ་ཡས་ཁང་ལྷ་སྐུའི་རོལ་པར་བསྒོམ་ནས་ཡི་དམ་ལྷའི་ང་རྒྱལ་བརྟན་པ་དང་༔ སྣང་སྲིད་དག་པ་རབ་འབྱམས་ཀྱི་རོལ་པ་རུ་བསྒོམ་ཞིང་གསལ་བའི་ངང་དང་མི་འབྲལ་བས་འཁོར་བའི་མངོན་ཞེན་ལྡོག་སྟེ་སྣོད་བཅུད་སྐུ་གསུམ་གྱི་རོལ་པར་མངོན་དུ་གྱུར་ཏེ་སངས་རྒྱས་པའི་གནད་ཟབ་ཁྱད་ཅན་ཡོད་པས་ཤིན་ཏུ་རབ་ཏུ་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོའི་སྒོ་ནས་ཉམས་སུ་བླང་བར་བྱའོ༔ དོན་དམ་པར་སྟོང་ཉིད་ཀྱི་ལྟ་བ་ཟབ་མོ་གཏན་ལ་ཕབ་སྟེ་གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཆོས་ཉིད་མངོན་དུ་བྱས་པས་རང་ཐོག་ཏུ་རང་ངོར་སངས་པ་ཆོས་སྐུ་ཀུན་ཏུ་བཟང་པོར་སངས་རྒྱས་པར་འགྱུར་བ་ལ་ཚེགས་མེད་དོ༔ ལས་དང་ཉོན་མོངས་པའི་དབང་གིས་དེ་ལྟར་རྩོལ་བ་དང་བྲལ་བའི་ཆོས་ལ་ཡིད་ཆེས་དང་བློ་གཏོད་མེད་པའི་གང་ཟག་རྣམས་ཀྱིས་འདིར་མྱོང་ཞེན་མཚན་མ་ཅན་གྱི་ལྷ་དང་ཞིང་ཁམས་བསྒོམ་པའི་ཆོས་སྐུ་མཚན་མ་དང་བྲལ་བའི་དབྱིངས་སུ་ཁ་དྲངས་པར་འགྱུར་རོ༔ ཁྱད་པར་དུ་འདི་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་ཡིན་ཏེ་བསྒོམ་ཞིང་བཟླས་པ་བྱས་ཙམ་ནས་ཤེས་རབ་དང་ཡེ་ཤེས་ཀྱི་རྩ་ཁ་འབྱེད་ཅིང་ཚེ་འདིར་རྣམ་པར་གྲོལ་བའི་ས་ལ་འགོད་པར་གདོན་མི་ཟའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ ཇི་ལྟ་ཇི་སྙེད་ཤེས་རབ་དབང་པོ་མཆོག༔ འཇམ་དཔལ་གསང་བ་འདུས་པའི་བསྒྲུབ་པ་འདི༔ བསྐྱེད་དང་བཟླས་པ་ཡ་མ་བྲལ་བའི་ངང་༔ གང་གིས་ཉམས་སུ་ལེན་པའི་སྐྱེས་བུ་རྣམས༔ བར་མ་ཆད་པར་ལོ་གསུམ་ཟླ་གསུམ་གྱིས༔ ཆོས་སྐུ་རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བསྐྱེད་པའི་གནད་མེད་ཤེས་པ་གཞན་དུ་གཡེང་༔ ངག་གི་བཟླས་པ་གཅིག་པུར་གདིང་བྱས་ནས༔ བསྐལ་པར་བསྒྲུབ་ཀྱང་འབྲས་བུ་འབྱིན་མི་འགྱུར༔ དེ་ཕྱིར་ཤེས་པ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ང་རྒྱལ་གསལ་བའི་གཟེར་གནད་བསྟེན༔ ཁྱད་པར་མ་དག་འཁོར་བའི་སྒོ་གསུམ་པོ༔ རྡོ་རྗེ་གསུམ་གྱིས་རོལ་པར་དག་སྦྱོར་ལམ༔ གནད་ཀྱི་ཡང་གཅེས་གསལ་བའི་གཟེར་མཆོག་བསྟེན༔ བསྒྲུབ་པའི་སྲོག་དང་ཡང་སྙིང་དམ་པ་ཡིན༔ ཤེས་པར་གྱིས་ཤིག་བསྒྲུབ་པའི་སྐྱེས་བུ་རྣམས༔ ལྔ་བརྒྱ་དུས་ཀྱི་བསྐལ་བའི་མར་གཤམ་དུ༔ ལོ་གསུམ་དམ་རྒྱས་བསྒྲུབ་པ་ཙམ་མེད་ཀྱང་༔ རང་གི་ངང་ཚུལ་ཚོད་ལ་མི་ལྟ་བར༔ བསྐྱེད་རིམ་མེད་པས་ཟླ་ཞག་འགའ་ཞིག་ཏུ༔ ཁ་ཡིས་བཟླས་པ་ཙམ་ལ་གདིང་འཆའ་ཞིང་༔ ཆོས་ལ་ལོག་ལྟ་གདམགས་ངག་རྫུན་དུ་ཁྱེར༔ རང་སྐྱོན་མི་མཐོང་དམུས་ལོང་མགོ་རྨོངས་ཀྱིས༔ ཁ་འགུལ་ཙམ་གྱིས་བསོད་ནམས་བསགས་ཙམ་ལས༔ མཆོག་གི་དངོས་གྲུབ་སྤུ་རྩེ་ཙམ་མི་མཐོང་༔ དེ་ཚུལ་ཤེས་མཛོད་བསྐྱེད་རིམ་གནད་མཆོག་ཟུངས༔ འདི་ལྟར་སྙིགས་དུས་དམུས་ལོང་ཤ་སྟག་ལས༔ གནད་འདི་ཤེས་པ་ཤིན་ཏུ་དཀོན་པའི་ཕྱིར༔ ཆེད་དུ་ཡང་ཡང་བརྗོད་པ་དོན་དེ་ཕྱིར༔ འདི་ལ་ནན་ཆེར་ལྟོས་ཤིག་ཡིད་ལ་ཟུངས༔ དེ་ཕྱིར་བསྐྱེད་པའི་གནད་འདི་གཙོ་བོར་གཟུང༔ ཤེས་པ་གཞན་དུ་མི་ཡེངས་གསལ་གཟེར་བརྟན༔ ལྷ་ཡི་ང་རྒྱལ་བརྟན་པོས་བསྒྲུབ་པར་འབུང་༔ རིང་པོར་མི་ཐོགས་མྱུར་དུ་གྲོལ་བ་ཐོབ༔ བཀའ་འདི་གནོད་སྦྱིན་ཤན་པ་དམར་ནག་དང༔ ལྷ་ཆེན་དབང་ཕྱུག་འཁོར་དང་བཅས་ལ་གཏད༔ ཐུབ་པར་བསྲུང་ལ་བསྟན་པ་འཕེལ་རྒྱས་མཛོད༔ བཀའ་དང་དམ་ལ་མ་མདའ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་བསྐལ་པ་ལུག་གི་ལོ་ཁྱིམ་དགུན་ཟླ་འབྲིང་པོའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་སྤྱན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་། དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ཡང་ཡང་ནན་ཏུ་བསྐུལ་བའི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཞལ་ཕྱེས་ཏེ་དག་པར་ཕབ་པའི་ཡེ་གེ་པ་ནི་ཀུན་བཟང་ཆོས་གྲགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།  ཟབ་གསང་སྙིང་པོའི་བསྟན་པ་འདི་ཉིད་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།}}
ཧཱུྃ་༔ རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ འབྱུང་བའི་སྙིང་པོ་ཡི་གེ་འབྲུ་གསུམ་འཕྲོས༔ རཾ་ལས་མེ་བྱུང་ཚོགས་ཀྱི་ཉེས་སྐྱོན་བསྲེགས༔ ཡཾ་ལས་རླུང་བྱུང་མི་གཙང་དྲི་མ་གཏོར༔ ཁཾ་ལས་ཆུ་བྱུང་བག་ཆགས་དྲི་མ་སྦྱངས༔ རཾ་ཡཾ་ཁཾ༔ སླར་ཡང་རླུང་མེ་ཐོད་སྒྱེད་གསུམ་གྱི་ཁར༔ ཨཱཿལས་ཐོད་པ་ཕྱི་དཀར་ནང་དམར་བ༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་༔ ཁམས་གསུམ་བཅུད་དུ་དྲིལ་བའི་ཤ་ལྔ་དང་༔ འབྱུང་བའི་དྭངས་བཅུད་བདུད་རྩི་རྣམ་པ་ལྔ༔ བྱིན་རླབས་ཡེ་ཤེས་སྙིང་པོ་ཡིག་འབྲུ་བཅུ༔ ཞུ་བས་མྱོང་གྲོལ་བདེ་སྟོང་ཡེ་ཤེས་ཀྱི༔ བདུད་རྩིར་གྱུར་པ་བྱིན་རླབས་ཡེ་ཤེས་རླུང་༔ གཏུམ་མོ་ཡེ་ཤེས་མེ་དང་འཐབ་པ་ལས༔ བདུད་རྩིར་ཁོལ་བས་སྐུ་གསུམ་དབྱིངས་ཀུན་ཁྱབ༔ རླངས་པ་ལས་བྱུང་འདོད་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་སྤྲོས་ཤིང་མཆོད༔ ཧཱུྃ་་ཨོཾ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ མ་ཧཱ་གྷ་ཎ་ཙཀྲ་སརྦ་པཱུ་ཛ་ ཧོཿ  ཨོཾ་ཨཱཿཧཱུྃ་༔ ལན་གསུམ་བརྗོད༔ དེ་ནས་སྤྱན་འདྲེན་པ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བརྒྱུད་པ་དགུ་ལྡན་གྱི་བླ་མ་དམ་པ་རྣམས་དང་ཁྱད་པར་དུ་འཇམ་དཔལ་སྒྱུ་འཕྲུལ་རོལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་སློབ་མར་བཅས་པས་བསྐོར་བ་དང་བཅས་པ་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་ཏེ་ཚོགས་ཀྱི་ཞིང་དུ་བཞུགས་པར་བསམ་ལ༔ ཧཱུྃ་༔ ཀ་དག་སྤྲོས་མཐའ་བྲལ་བའི་ཀློང་ཡངས་ནས༔ སྐྱེ་མེད་ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་དཀྱིལ་འཁོར་ནས༔ འགགས་མེད་ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ ཀུན་ཁྱབ་ཡེ་ཤེས་ཐུགས་རྗེའི་ཀློང་དཀྱིལ་ནས༔ འགྲོ་འདུལ་སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ འོག་མིན་རྣམ་པར་མཛེས་པའི་ཞིང་ཁམས་ནས༔ བཅོམ་ལྡན་འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ༔ བདེ་ཆེན་མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མཁྱེན་རབ་དབང་པོ་གཤེགས་སུ་གསོལ༔ རྒྱ་ནག་རི་བོ་རྩེ་ལྔའི་རྩེ་མོ་ནས༔ འགྲོ་འདུལ་འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཀྱིལ་འཁོར་ནས༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་གཤེགས་སུ་གསོལ༔ གནས་མཆོག་ཉེར་བཞི་ཡུལ་ཆེན་སོ་གཉིས་དང་༔ ཧེ་རུ་ཀ་ཡི་གནས་བཅུའི་དཀྱིལ་འཁོར་ནས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཆེན་དབབ་པ་དང་༔ བསྒྲུབ་པའི་རྫས་རྣམས་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་དང་དངོས་གྲུབ་སྩོལ༔ ཚོགས་རྫས་མྱོང་གྲོལ་བདུད་རྩིར་བྱིན་གྱིས་རློབས༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་ཆུ་ལ་ཉི་ཟེར་ཕོག་པ་ལྟ་བུའི་སྦུབས་ནས་ཚོགས་ཀྱི་བཅུད་རོལ་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་དགྱེས་པར་བསམ༔ ཡེ་ཤེས་ཀ་པཱ་ལ་ཡི་སྣོད་མཆོག་ཏུ༔ བདེ་སྟོང་ཡེ་ཤེས་བདུད་རྩི་བཅུད་དུ་འཁྱིལ༔ རྩ་གསུམ་ཆོས་སྐྱོང་སྲུང་མར་བཅས་ལ་འབུལ༔ སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་དུ༔ འདོད་རྒུའི་དཔལ་ཡོན་མི་ཟད་ནམ་མཁའི་གཏེར༔ ཆོས་ཉིད་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུར༔ ཡེ་ཤེས་སྒྱུ་འཕྲུལ་གསང་ཆེན་ལྷ་ལ་འབུལ༔ ཆོས་ཉིད་སྒྱུ་འཕྲུལ་རོལ་པའི་ཆོ་འཕྲུལ་ལས༔ ཡེ་ཤེས་ཀ་པཱ་ལ་ཡི་སྣོད་མཆོག་ཏུ༔ ཤ་ལྔ་བདུད་རྩི་ལྔ་དང་གསང་ཆེན་བཅུད༔ ཕྱི་ནང་གསང་མཆོད་མི་ཟད་རྒྱན་འཁོར་ཚོགས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་ལྷ་ལ་འབུལ༔ སྣང་བ་མཐའ་བྲལ་ཡངས་པའི་སྣོད་མཆོག་ཏུ༔ སྲིད་པ་ཐམས་ཅད་འདོད་ཡོན་ཚོགས་སུ་བཤམས༔ བདེ་སྟོང་ཡེ་ཤེས་ཆེན་པོས་རྒྱས་བཏབ་སྟེ༔ མི་ཟད་འདོད་ཡོན་རང་བྱུང་ཚོགས་འཁོར་འདི༔ ཡེ་ཤེས་སྒྱུ་འཕྲུལ་གསང་ཆེན་ལྷ་ལ་འབུལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བརྒྱའི་ཟས༔ རེག་བྱའི་རིགས་དང་ཕྱི་ནང་གསང་མཆོད་ཚོགས༔ རྩ་གསུམ་དམ་ཅན་སྲུང་མར་བཅས་ལ་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ རང་རང་རྣམས་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ཐམས་ཅད་བཤགས་པའི་ཆེད་དུ་ལུས་དང་ལོངས་སྤྱོད་བསོད་ནམས་དགེ་བའི་དངོས་པོ་དང་བཅས་པ་ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་ལ་བཅུད་དུ་དྲིལ་ཏེ་འབུལ་བར་བྱའོ༔ ཧོཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ དམ་ཅན་ནོར་ལྷ་གཏེར་བདག་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ རྩ་བ་ལག་ཡག་དམ་ཚིག་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྒྲལ་བ་ལ༔ ཚོགས་སྣོད་དེ་ཉིད་བྱད་མ་དགྲ་བགེགས་ཀྱི་ལས་ལས་གྲུབ་པའི་བཙོན་ཁང་ནག་པོ་འཇིགས་སུ་རུང་བ༔ ནང་དུ་ཚུད་པ་ཙམ་གྱིས་དྲན་མེད་དུ་བརྒྱལ་ཏེ་མྱོས་པར་བྱེད་པའི་རང་བཞིན་ཅན་དུ་བསྒོམ་པའི་ནང་དུ་ཚོགས་རྫས་དེ་ཉིད་དགྲ་བགེགས་གདུག་པ་ཅན་ཀུན་འདུས་པའི་ངོ་བོ་ལ་མི་གཟུགས་ཉམ་ཐག་པ་རྐང་ལག་ལྕགས་སྒྲོག་གིས་བསྡམ་པ་སྲོག་མ་ཆད་ཙམ་དབུགས་དང་མ་བྲལ་ཙམ་དུ་བསྒོམ་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་ཐམས་ཅད་ནམ་མཁའ་ནས་བྱིའུ་ཁྲ་ཡིས་དེད་པ་དང་༔ བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་༔ ས་གཞི་ནས་ར་ལུག་འཕར་སྦྱང་གིས་དེད་པ་ལྟར་ལས་ཀྱི་རླུང་དམར་དྲག་པོ་དང་༔ ཕོ་ཉ་ལས་མཁན་རྣམས་ཀྱིས་དེད་བཞིན་དུ་བྱུང་ནས་གཟུགས་ལ་ཐིམ་པར་བསྒོམས་ཏེ༔ བསྒྲལ་ལས་བྱེད་པ་ལ༔ ཕུར་པ་སྲས་མཆོག་དངོས་སུ་བསྐྱེད་ལ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་ཐིམ་པར་བསྒོམ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཕུར་པ་གཡས་དང་གཡོན་དུ་བསྐོར་བས་དགྲ་བགེགས་ཀྱི་བླ་ཡི་ངོ་བོ་ལ་རྣམ་པ་ནྲྀ་དང་ཏྲི་དམར་ནག་ཏུ་གྱུར་པ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་ཕུར་པ་དེ་བཀྲག་མདངས་གཟི་བརྗིད་དག་ལྡན་པར་བསམ་པའོ༔ ཡང་དགྲ་བགེགས་ཀྱི་ཚེ་བསོད་ཀྱི་ངོ་བོ་འོ་མ་ལས་མར་ཐོན་པ་བཞིན་དུ་ནྲྀཿཡིག་ལྗང་སེར་ཞིག་ཏུ་གྱུར་ཏེ་ཆུ་ཐིག་ཧུབ་ཀྱིས་བཏབ་པ་ལྟར་ཕུར་བའི་རྩེ་མོར་འདུས་ཏེ་ཁོང་གསེང་ནས་བརྒྱུད་པས་སྐྱོན་དང་དྲི་མ་སྦྱངས་ཏེ་འཛམ་བུའི་ཆུ་གསེར་ལྟ་བུར་གྱུར་ནས་བདག་ཡི་དམ་གྱི་ཐུགས་ཀར་ཐིམ་པས་ཚེ་བསོད་ནམས་ཐམས་ཅད་བསྐྱེད་ཅིང་རྒྱས་པར་བསྒོམ་པའོ༔ ཁྲུས་ལུང་བྱ་བ་ལ༔ ཕུར་པའི་རྩེ་མོ་ནས་འོད་འཕྲོས་པས་ཁོ་ཡི་རྒྱུད་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བྱས༔ གནས་ལུང་བྱ་བ་ལ༔ ཁོ་ཡི་རྣམ་པར་ཤེས་པ་ཨ་དཀར་པོ་ཆུ་ཤེལ་ལྟར་གསལ་ལ་འཚེར་བ་ཞིག་ཏུ་བསྒོམ་སྟེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་བརྒྱུད་པས་མ་རིག་པའི་དྲི་མ་སྦྱངས་ཏེ་ཚོགས་ཞིང་གི་གཙོ་བོའི་ཐུགས་ཀར་བསྟིམས་པར་བསྒོམ་པའོ༔ ལུས་ཤ་ཁྲག་གི་ཕུང་པོ་ལ་གཟུང་འཛིན་གྱིས་བསྡུས་པའི་སེམས་སྣང་བག་ཆགས་ཁམས་གསུམ་གྱི་འཁྲུལ་འཁོར་ཐམས་ཅད་འདུས་པར་བསམ་ལ༔ ཧཱུྃ་༔ ཀ་དག་བརྡལ་ཁྱབ་གཞལ་ཡས་ནས༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷས༔ གཟུང་འཛིན་རཱུ་དྲ་ཞིང་བཅུའི་དགྲ༔ བདག་མེད་རྟོགས་པའི་མཚོན་གྱིས་བསྒྲལ༔ འཁོར་བ་མྱང་འདས་ཆེན་པོར་བསད༔ ཧཱུྃ་༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་ནི༔ ཉོན་མོངས་དུག་ལྔའི་སྲོག་ལ་གདབ༔ འཁོར་བའི་བླ་ཆེན་དབྱིངས་སུ་སྡུད༔ ཚེ་དང་བསོད་ནམས་རང་ལ་བསྡུས༔ འོད་ཀྱིས་སྒྲིབ་གཉིས་དྲི་མ་སྦྱངས༔ རྣམ་ཤེས་མདུན་བསྐྱེད་ཐུགས་སུ་བསྲེ༔ ཤ་ཁྲག་འཁོར་བའི་རྒྱ་མཚོར་དམིགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད་སོད༔ དེ་ནས་བསྟབས་པ་ལ༔ མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཞལ་མཉམ་ཉིད་བདེ་བ་ཆེན་པོའི་ཀློང་དུ་དགྲ་བགེགས་ཀྱི་སེམས་དང་སྣང་བ་ཐམས་ཅད་བསྟབས་པ་ཙམ་གྱིས་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་ཆོས་སྐུ་ཀུན་ཏུ་བཟང་པོའི་མཁའ་དབྱིངས་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་ཅིང་འཁྲུལ་མི་ཤེས་པའི་ངང་དུ་བརྟན་པ་ཐོབ་པར་བསྒོམ་ལ༔ ཧཱུྃ་༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷ༔ སྟོང་ཉིད་ཡངས་པའི་ཞལ་ཕྱེས་ཤིག༔ ཁམས་གསུམ་འཁོར་བའི་སེམས་སྣང་ཆོས༔ བདག་མེད་སྟོང་ཉིད་ཞལ་དུ་བསྟབ༔ འཁྲུལ་པ་མེད་པའི་རྒྱས་བཏབ་སྟེ༔ བདེ་བར་གཤེགས་པའི་ས་ཐོབ་ཤོག༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི༔ དེ་ནས་དྲང་བ་ལ༔ ཚོགས་མཆོག་ཡེ་ཤེས་ཀྱི་བདུད་རྩིས་ལྷ་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམས་ནས་སྒྲུབ་པ་པོའི་དམ་ཚིག་ཉམས་ཆག་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དགྱེས་ཤིང་ཚིམས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་དང་ལྡན་པ་འཇའ་སྤྲིན་གཏིབས་པ་ལྟར་བྱུང་ནས་རང་གི་སྒོ་གསུམ་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ་བསྒྱུར་བར་བསམ་ལ༔ ལས་ཀྱི་རྡོ་རྗེས༔ ཧོཿ གསང་སྔགས་ཟབ་མོའི་མྱུར་ལམ་ལ༔ བརྟེན་པའི་ཚོགས་ཀྱི་འཁོར་ལོ་ཡིས༔ ཉམས་ཆག་ཉེས་ལྟུང་ཀུན་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་དངོས་གྲུབ༔ ཡེ་ཤེས་འོད་ཀྱི་ཕུང་པོ་ཅན༔ བདག་གི་སྒོ་གསུམ་ལ་ཞུགས་པས༔ རྡོ་རྗེ་གསུམ་གྱི་རོལ་པར་འཕོས༔ མཆོག་གི་དངོས་གྲུབ་སྐལ་བ་བཟང་༔ ཨ་ལ་ལ་ ཧོཿ  དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཧོཿ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཡེ་ཤེས་བདུད་རྩིའི་ཚོགས་ལ་རོལ༔ ཟག་མེད་བདེ་བ་ཆེན་པོར་བཞེས༔ ཨ་ལ་ལ་སིདྡྷི་ཕ་ལ་ ཧོཿ  དེ་ནས་མཆེད་ལྕམ་གྱིས༔ ཀྱཻ༔ གསང་སྔགས་བླ་ན་མེད་པའི་རྫས༔ གཙང་རྨེ་གཉིས་འཛིན་དང་བྲལ་བས༔ གདན་གསུམ་དཀྱིལ་འཁོར་དགྱེས་ཕྱིར་རོལ༔ མཆོག་ཐུན་དངོས་གྲུབ་དམ་པའོ༔ ཨ་ལ་ལ་ ཧོཿ  དེ་ནས་སྨོན་ལམ་ནི༔ ཧོཿ གསང་སྔགས་བླ་མེད་དཀྱིལ་འཁོར་དུ༔ ཚོགས་མཆོད་ཕུལ་བའི་བསོད་ནམས་དགེས༔ བདག་སོགས་འདུས་པ་རྒྱ་མཚོ་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་ལྷག་མ་འབུལ་བ་ལ༔ ཚོགས་ཀྱི་ལྷག་མ་ཉལ་ཉིལ་རྣམས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་འདུས་ཏེ་ཤ་ཡི་རི་བོ༔ ཁྲག་གི་རྒྱ་མཚོ༔ རུས་པའི་གྲམ་ཁྲོད་ཆེན་པོ་དང་༔ དཀར་གསུམ་མངར་གསུམ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོའི་ཕུད་ཀྱིས་ལྷག་སྐྱོང་མཁའ་འགྲོ་དམ་ཅན༔ བར་པས་བཀའ་སྲུང་སྡེ་བརྒྱད༔ སྙིགས་མས་སྣང་སྲིད་ལྷ་འདྲེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐོབ་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་གཉིད་བཙན་ཐབས་ཀྱིས་སད་པ་བཞིན་དུ་འཁྲུལ་མི་ཤེས་པའི་དབྱིངས་སུ་སད་ཅིང་བདེ་ཆེན་འཕོ་འགྱུར་མེད་པའི་ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་དབང་འབྱོར་པར་བསམ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ༴ ཅེས་བརྗོད་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམས༔ ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པ་ཉིད་དུ་སྦྱངས༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་འཕྲུལ་དགའི་ལྷའི་ལོངས་སྤྱོད་ལྟ་བུར་སྐད་ཅིག་གིས་སྣང་བར་བྱས་ཏེ༔ ཧཱུྃ་་བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཅོམ་ལྡན་སྤྱི་དཔལ་ཆེན་པོ་ཡིས༔ བཀའ་ཉན་རོལ་བའི་ལྷག་སྡུད་མ༔ དབང་ཕྱུག་འབར་མ་གིང་ལང་ཀ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ ཕྲིན་ལས་བསྒྲུབ་ལ་བར་ཆད་སོལ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དང་༔ ཆོས་སྐྱོང་དྲེགས་པ་སྡེ་བརྒྱད་ཚོགས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ དགྲ་བགེགས་གདུག་པ་ཚར་གཅོད་མཛོད༔ རིགས་དྲུག་སེམས་ཅན་སྣང་སྲིད་ཀྱི༔ ལྷ་འདྲེ་བགེགས་རིགས་ལན་ཆགས་བདག༔ ཀུན་ཀྱང་འདོད་ཡོན་ལྷག་མ་རོལ༔ གཏན་དུ་བདེ་བའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་ཤ་མཁོན་དག་གྱུར་ཅིག༔ འགྲོ་དྲུག་སྡུག་བསྔལ་བྱང་གྱུར་ཅིག༔ ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག༔ ས་མ་ཡ༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་འཇིགས་པའི་ཆ་ལུགས་ཅན་དཔག་ཏུ་མེད་པས་ནམ་མཁའ་བར་སྣང་ས་བཞིའི་ཁམས་ཐམས་ཅད་གང་སྟེ་དགྲ་འདྲེ་འདུག་པ་ཅན་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་བརླག་ནས་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་འཁྲུལ་མི་ཤེས་པའི་དབྱིངས་སུ་བཤིགས་ཅིང་བརྡལ་ཏེ་བསྒྲལ་བར་བསམ༔ སྐུ་དང་ཡེ་ཤེས་ཀྱི་ཤུགས་དང་སྟོབས་ཆེན་པོས་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་ཆོས་སྐྱོང་སྣང་སྲིད་ལྷ་འདྲེ་ཡུལ་ལྷ་ཟོ་དོར་ཐམས་ཅད་བཙན་ཐབས་སུ་བསླང་སྟེ་བཀའ་བསྒོས་ནས་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་ཚེ་བླ་སྲོག་གསུམ་མི་ཕྱུགས་འཁོར་དང་བཅས་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བརླག་ཅིང་གསོད་གཅོད་དྲག་པོའི་ལས་བྱེད་པར་བསྒོམ༔ སླར་ཡང་ཆད་མདོ་བཏང་བ་ལ༔ གཏོར་མའི་སྣོད་འཆི་བདག་ལས་ཀྱི་གཤིན་རྗེའི་བཤའ་ཁང་ནག་པོའི་ནང་དུ་གཏོར་མ་དེ་ཉིད་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་ཞིག་ཏུ་བསྒོམ་སྟེ༔ བདག་མདུན་གྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་ཤིན་ཏུ་མི་སྲུན་འཇིགས་པའི་ཆ་ལུགས་ཅན་དཔག་ཏུ་མེད་པ་འཕྲོས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཡོངས་སུ་གང་ཞིང་ཁྱབ་ནས་འབྱུང་ལྔ་སྣོད་བཅུད་ཀྱི་ཁམས་ཀྱི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ལས་ལ་བཀོལ་ཏེ་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བྱིའུ་ཆུང་ཁྲས་དེད་པ་བཞིན་དུ་བཀུག་ནས་གཏོར་མ་ལ་ཐིམ་པར་བསམ་ལ༔ འགུགས་གཞུག་ལན་གསུམ་བྱས་ཏེ་མཐར༔ རང་གི་ཐུགས་ཀ་ནས་ཛཿཡིག་དམར་པོ་འཕྲོས་ཏེ་དགྲ་བགེགས་ཀྱི་ཁ་ནས་ཞུགས༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཛཿཡིག་ནག་པོ་གཅིག་འཕྲོས་ཏེ་གཤང་ལམ་ནས་ཞུགས་ཛཿཡིག་གཉིས་པོ་སྙིང་གར་སླེབས་པ་ཙམ་གྱིས་ཛཿདམར་པོ་ལས་ཟངས་ཀྱི་འཁོར་ལོ་རྣོ་བའི་ངར་དང་ལྡན་པ་གཡས་སུ་འཁོར་བ་དང་༔ ཛཿནག་པོ་ལས་གནམ་ལྕགས་ཀྱི་འཁོར་ལོ་དེ་བཞིན་གཡོན་དུ་འཁོར་བ་གཉིས་པོ་སོ་འཐབ་པའི་བར་ན་དགྲ་བགེགས་ཀྱི་བླ་སྲོག་དོན་སྙིང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དམར་ཉི་ལི་ལི་འཐག་ཅིང་གཏུབ་པས་ཚེ་བསོད་ནམས་ནྲྀ་ལྗང་འོད་དང་བཅས་པའི་རྣམ་པར་རང་ལ་ཐིམ་པར་བསམ་པ་དང་༔ རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར་ཏེ་མེ་སྟག་ཡར་བ་ལྟར་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པས་སངས་རྒྱས་པར་བསམ་པ་དང་༔ འཁོར་ལོ་དྲག་ཏུ་འཁོར་བས་དགྲ་བོའི་མི་ནོར་དཀོར་ཁང་དང་བཅས་པ་ཐམས་ཅད་དམར་ཉི་ལི་ལི་གཏུབ་པས་ཤའི་རི་བོ༔ ཁྲག་གི་རྒྱ་མཚོ༔ རུས་པའི་གྲམ་ཁྲོད༔ རྐང་ལྷ་ཚིལ་ཞུན་གྱི་བྲག་རི་ཆེན་པོ་བཀའ་སྲུང་ཆོས་སྐྱོང་གཞི་བདག་སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཡིད་ལ་གང་དྲན་པ་ཙམ་གྱིས་དེ་དག་སྣང་བར་བྱེད་པའི་རང་བཞིན་ཅན་དུ་བསྒོམ༔ ཐམས་ཅད་དགྱེས་ཤིང་ཚིམས་ནས་ཁྱོད་ཀྱི་བཀའ་ཉན་ཅིང་གསུང་སྡོད་ཕྲིན་ལས་རབ་འབྱམས་རྟག་ཏུ་སྒྲུབ་པར་མི་བྱེད་རེ་ཞེས་དམ་བླང་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསྒོམ་ལ༔ ཧཱུྃ་བྷྱོ་ཛཿསྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ༔ འཁོར་བ་དང་ནི་འདས་པའི་རྒྱབ་གྱིས་ཚེ༔ འཁོར་འདས་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀས༔ གདུལ་དཀའ་ཐབས་ཀྱིས་འདུལ་བའི་དགོངས་སྤྱོད་ཀྱི༔ བླ་མེད་རྡོ་རྗེ་ཐེག་པའི་སྒྱུ་འཕྲུལ་གྱིས༔ གང་འདུལ་སྣ་ཚོགས་ཐབས་ལ་འཆོས་པའི་ཚེ༔ སྤྲུལ་པ་ལས་ཀྱི་ཕོ་ཉ་བཀའ་སྡོད་འགྱེད༔ དེ་དག་རྣམས་ཀྱང་རང་རང་སྤྲུལ་པའི་གཞི༔ དཔལ་ཆེན་སྤྱན་སྔར་འཁོད་ཅིང་གུས་པས་འདུད༔ སངས་རྒྱས་བསྟན་བསྲུང་རྣལ་འབྱོར་བར་ཆད་ཟློག༔ སྒྲུབ་པའི་དྲོད་བསྲུང་ཕྲིན་ལས་རབ་འབྱམས་བསྒྲུབ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པར་ཆད༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་རྡོ་རྗེ་འཆང་ཆེན་གསང་བའི་བདག༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ་ཆེན་པོས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན༔ མི་སྲུན་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ དེ་ཚེ་བཀའ་སྡོད་དྲེགས་པ་ཆེ་འབྲིང་ཆུང་༔ མ་ལུས་འདུས་ཤིང་རང་དམ་གཉེར་བླངས་པ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པ་དང་༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སེལ་བ་དང་༔ རབ་འབྱམས་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཁས་བླངས་དམ་བཅས་ཇི་བཞིན་ཕྲིན་ལས་བསྒྲུབ༔ ཐ་མ་སྐུ་གསུམ་དག་པའི་དབྱིངས་རུམ་ནས༔ འགྲོ་བའི་དཔལ་མགོན་ཨོ་རྒྱན་རིན་པོ་ཆེ༔ སྐྱེ་འགྲོ་ཐུགས་རྗེས་སྐྱོང་བའི་གཉེར་བླངས་ཚེ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཕོ་མོ་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས༔ རང་རང་སྲོག་སྙིང་ཕུལ་ནས་དམ་བཅས་པ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པ་དང་༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཁས་བླང་བཞིན༔ ཆད་དོན་ཕྲིན་ལས་ཡོངས་སུ་གྲུབ་པར་མཛོད༔ དེ་འོག་དོན་གྱི་འོག་མིན་པདྨ་བཀོད༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ༔ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ ཨོ་རྒྱན་ཆེ་མཆོག་པདྨ་ཐོད་ཕྲེང་གིས༔ སྨོན་ལམ་ལས་ཀྱི་སྤྲུལ་པའི་རིག་འཛིན་ལ༔ ཟབ་གསང་གཉན་པོའི་ཀློང་མཛོད་གཏད་པའི་ཚེ༔ ཡེ་ཤེས་ལས་དང་འཇིག་རྟེན་སྲུང་མའི་ཚོགས༔ ཀུན་ཀྱང་རང་རང་སྲོག་སྙིང་མངོན་ཕུལ་ནས༔ ཟབ་གསང་བསྟན་པ་གཉན་པོ་བསྲུང་བ་དང་༔ བསྟན་འཛིན་སྐྱེས་བུའི་འདོད་དོན་བསྒྲུབ་པ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་དམ་བཅས་བཞིན༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཟབ་གསང་བསྟན་པའི་མངའ་ཐང་སྤེལ་བ་དག༔ བསྟན་འཛིན་སྐྱེས་བུ་སྡེ་དང་བཅས་པ་སྐྱོངས༔ དགྲ་བགེགས་མ་ལུས་བརླག་པའི་ཕྲིན་ལས་མཛོད༔ ད་ལྟ་རང་སྣང་བཀོད་པ་ལྷུན་གྲུབ་པའི༔ གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་འདིར༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་གྱིས༔ སྒྱུ་འཕྲུལ་རྡོ་རྗེའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ ཡེ་ཤེས་ལྷ་བསྒྲུབ་ཕྱི་ནང་མཆོད་པས་མཉེས༔ ཞིང་ཆེན་གཡང་གཞིར་ཐོད་པའི་གཏོར་སྣོད་དུ༔ དགྲ་བགེགས་ཐབས་ཀྱི་བསྒྲལ་བའི་གཟུགས་ཕུང་ལས༔ ཤ་ཁྲག་དམར་གྱི་གཏོར་མ་རྒྱ་ཆེར་བཤམས༔ ཡེ་ཤེས་བདུད་རྩིའི་ངོ་བོར་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྃ༔ ཛཿཆད་མདོ་དམ་ཅན་སྲུང་མ་ཐམས་ཅད་ཀུན༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ ཟབ་གསང་གཉན་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ ཕྱི་ནང་གསང་བའི་རྐྱེན་ངན་བར་ཆད་བཟློག༔ རབ་འབྱམས་ཕྲིན་ལས་ཐོགས་མེད་བསྒྲུབ་པ་དང་༔ བསྟན་དགྲ་སྡེ་དང་བཅས་པ་རྡུལ་དུ་རློག༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་དམར་གྱི་གཏོར་མ་བཏང་བ་ནི༔ ཨོཾ་ཨཱཿཧཱུྃ༔ གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་དཔེར་ན་དགའ་ལྡན་ལྷའི་ལོངས་སྤྱོད་ལྟ་བུ་མ་ཚང་བ་མེད་པ་མ་མོ་བརྟན་མའི་ཚོགས་ཀྱི་སྤྱོད་ཡུལ་དུ་སྐད་ཅིག་གིས་སྣང་བར་བྱས་ཏེ༔ བཀའ་དང་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་བཀའ་ཉན་གསུང་སྡོད་ཕྲིན་ལས་གང་བརྩམ་ཐམས་ཅད་བསྒྲུབ་པར་ཁས་བླངས་མནའ་ཐོ་བྱེད་པར་བསམ་ལ༔ ཧཱུྃ་༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་མནའ་ཐོ་ཆད༔ བསྟན་དང་བསྟན་འཛིན་སྐྱོང་ཞིང་བསྲུང་མཛད་མ༔ མ་མོ་བརྟན་མ་བཅུ་གཉིས་འཁོར་དང་གཡོག༔ སྡེ་རིས་འབངས་འཁོར་ཡང་འཁོར་བཅས་པ་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པའི་མངའ་ཐང་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུའི་ཚེ་བསྲིང་འདོད་དོན་སྒྲུབས༔ མི་ནད་ནོར་གྱི་གོད་ཡམས་ཐམས་ཅད་ཟློག༔ དགྲ་བགེགས་སྡེ་དང་བཅས་པ་རྡུལ་དུ་བཟློག༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་ནས་འདྲེ་འགུགས་བྱ་ཞིང་བྲོ་མནན་བྱ་བ་ལ༔ གཏོར་གཞོང་སྦུབས་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་དང་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅད་མར་མེ་རླུང་གིས་བསད་པ་ལྟར་ནུབ་པར་བསམ༔ གཏོར་གཞོང་གི་འོག་གི་ས་གཞི་གས་ཏེ་འོག་གཞི་རླུང་གི་དཀྱིལ་འཁོར་ལ་མ་ཐུག་གི་བར་དུ་ཐ་ལེར་ཡོད་པར་བསམ༔ བདེན་པའི་སྟོབས་བརྗོད་ནས་འགུགས་པའི་ཚེ་གནོད་བྱེད་དམ་སྲི་རྒབ་འདྲེ་ཉུལ་ལེ་ཕོ་མོ་ཐམས་ཅད་ས་གཞི་དང་མཉམ་པའི་འོད་ནག་པོས་ཡར་དྲིལ༔ ནམ་མཁའ་དང་མཉམ་པའི་འོད་ནག་པོས་མར་དྲིལ་ཏེ་དོང་ནང་དུ་རྡོ་འཕང་བ་ལྟར་གཏོར་གཞོང་གི་ཞབས་སུ་སོང་ནས་འོག་གཞི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ལྷུང་བའི་རྐང་ལག་མགོ་དང་བཅས་པ་ལ་གནམ་ལྕགས་འབར་བའི་ཕུར་བུ་རི་རབ་ཙམ་རེས་གཟེར་གདབ་པས་འཕར་ལྡང་གཡོ་འགུལ་ཙམ་ཡང་མི་ནུས་པར་བསམ་ལ༔ དེའི་སྙིང་ཀའི་སྟེང་དུ་མཆོད་རྟེན་ནག་པོ་རི་རབ་ཙམ་གྱིས་མནན་ནས་བྱམས་པ་མགོན་པོའི་བསྟན་པ་མ་བྱུང་གི་བར་དུ་བདེ་བ་སྐྱེས་ཏེ་ཞེན་པ་མེད་པའི་ངང་དུ་བརྒྱལ་བར་བསམ༔ མཆོད་རྟེན་གྱི་མཐར་ཡེ་ཤེས་ཀྱི་ཁྲོ་བོ་མང་པོས་བྲོ་འཁྲབ་པས་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་རྩྭ་སྦུར་ཕྲ་མོ་རྡོག་པས་བཅོམ་པ་བཞིན་དུ་བཅོམ་ནས་བཏུལ་བར་བསམ་ལ༔ ཧཱུྃ་༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ལྷའི༔ དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གླུ་ལེན་འུ་རུ་རུ༔ བདག་ལྟའི་རཱུ་ཏྲའི་མགོ་ལ་ཆེམ༔ འཁྲུལ་མེད་ཆོས་ཉིད་ཀློང་དུ་བྲུབ༔ ཧཱུྃ་༔ རང་སྣང་དོན་གྱི་འོག་མིན་ནས༔ སྒྱུ་འཕྲུལ་རོལ་པའི་ལྷ་ཚོགས་ཀྱིས༔ ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས༔ དུག་ལྔའི་མགོ་ལ་ཆེམས་སེ་ཆེམ༔ ཕུང་ལྔའི་འཁྲུལ་འཁོར་དབྱིངས་སུ་བཤིག༔ གཟུང་དང་འཛིན་པའི་རྣམ་རྟོག་བགེགས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན་ནན༔ གཏོར་གཞོང་གི་ཁ་ཡར་བཟེད་པ་ཙམ་གྱིས་དགྲ་བགེགས་ཀྱི་ཚེ་བསོད་ནམས་དཔལ་ཡོན་ལོངས་སྤྱོད་ཐམས་ཅད་བདག་ལ་ཐོབ་ནས་དབང་འབྱོར་པར་བསམ་པས་རང་གི་ཚེ་བསོད་ལོངས་སྤྱོད་ཐམས་ཅད་རབ་ཏུ་རྒྱས་ཤིང་འཕེལ་བར་བསམ་མོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ དང་པོ་དངོས་གྲུབ་ཀྱི་སྣོད་དུ་རུང་བའི་ཕྱིར་རང་གི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་བསྐྱེད་ལ༔ མདུན་གྱི་ནམ་མཁར་བླ་མའི་ངོ་བོ་ལ་རྣམ་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་ཉི་མ་དང་ཉི་ཟེར་གྱི་ཚུལ་དུ་བཞུགས་པར་བསམ་ལ༔ དབང་དང་དངོས་གྲུབ་ཀྱི་འབྱུང་གནས་དེ་དག་གི་སྤྱི་བོར་ཨོཾ་དཀར་པོ་བཅོ་ལྔའི་ཟླ་རྒྱས་ལྟར་དཀར་ཞིང་འོད་འབར་བ༔ མགྲིན་པར་ཨཱཿཡིག་དམར་པོ་ཉི་མའི་འོད་ལྟར་འབར་བ༔ ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་རི་བོ་ལ་ཉི་མ་འབུམ་གྱི་འོད་ཀྱིས་བརྡལ་བ་ལྟར་འོད་དང་འོད་ཟེར་རབ་ཏུ་འབར་བར་གསལ་ལ༔ དབང་དང་དངོས་གྲུབ་བླང་བའི་དུས་སུ་ལྷ་རྣམས་ཀྱི་སྤྱི་བོར་ཨོཾཡིག་དཀར་པོ་ལས་སྐུ་བུམ་པའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་བྱུང་ནས་སྤྱི་བོ་ནས་ལུས་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་ནས་ལུས་རྡོ་རྗེ་སྐུའི་རོལ་པ་རུ་འཕོས་པར་བསམ་སྟེ་རྫས་སྤྱི་བོར་གཏུགས༔ མགྲིན་པའི་ཨཱཿལས་འོད་ཕུང་དམར་པོ་འཕྲོས་ཏེ་རང་གི་མགྲིན་པ་ནས་ཞུགས་ཏེ་ངག་ལ་ཐིམ་པས་ངག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་ནས་ངག་རྡོ་རྗེ་གསུང་གི་རོལ་པར་འཕོས་ཤིང་གྲོལ་བར་བསམ༔ ཐུགས་ཀའི་ཧཱུྃ་ལས་འོད་ཕུང་མཐིང་ནག་འཕྲོས་པས་རང་གི་སྙིང་ག་ནས་ཡིད་ལ་ཐིམ་པས་ཡིད་ཀྱི་ཉེས་སྐྱོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་སྟེ་ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་འཕོས་ཤིང་སྨིན་པར་བསམ༔ སླར་ཡང་གནས་ལྔ་ནས་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་འཐིབས་པ་བཞིན་དུ་རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་ཅིང་རིག་འཛིན་རྣམ་པ་བཞིའི་གོ་འཕང་གཅིག་ཆར་དུ་ཐོབ་པས་སྐུ་བཞིའི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་གྱུར་པར་བསམ་ལ༔ ཧཱུྃ་༔ དཀྱིལ་འཁོར་ལྷ་ཚོགས་དབང་དང་དངོས་གྲུབ་མཛོད༔ རབ་འབྱམས་ཕྲིན་ལས་གྲུབ་བརྒྱད་ཚེ་དབང་འབྱོར༔ ཡི་དམ་ལྷ་ཡི་གོ་འཕང་མངོན་གྱུར་སོགས༔ མཆོག་ཐུན་དངོས་གྲུབ་མ་ལུས་དུས་འདིར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཨཱཿཞེས་རྒྱས་པར་སྤྲོ་ན་རྩ་སྔགས་རེ་དང་སྦྲགས༔ དེ་ནས་བཤགས་པ་བྱ་བ་ལ༔ མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དཔང་དུ་བཙུགས་ཏེ༔ དེ་དག་གི་སྤྱན་སྔར་རང་གིས་སྔར་བྱས་ཀྱི་སྡིག་པ་དང་༔ དམ་ཚིག་ཆག་ཉམས་ཐམས་ཅད་དང་༔ དཀྱིལ་འཁོར་གྱི་ལྷ་ཚོགས་བསྒོམ་བསྒྲུབ་བྱེད་པ་ལ་བར་དུ་གཅོད་པའི་དམ་ཚིག་ཆག་ཉམས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་སྡོམ་ནས་གནོང་འགྱོད་དྲག་པོའི་སྒོ་ནས་མི་འཆབ་མི་སྦེད་པར་མཐོལ་ལོ་བཤགས་སོ༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་པར་བགྱིའོ་སྙམ་ཞིང་༔ གཉེན་པོ་ཡི་གེ་བརྒྱ་བའི་བཤགས་པ་བཏང་བ་ལ༔ ཧོཿ དཀྱིལ་འཁོར་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ༔ བསྒྲུབ་དང་དཀྱིལ་འཁོར་ཟབ་མོའི་སྒོར་ཞུགས་ཀྱང་༔ ཚོར་དང་མ་ཚོར་མ་རིག་དབང་གྱུར་པས༔ ཚུལ་དང་མི་མཐུན་པ་ཡི་ལས་རྣམས་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་ནི༔ མཐོལ་ལོ་བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་འགྱིད་དོ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་ཅི་མང་བརྗོད་དོ༔ དེ་ནས་བསྔོ་སྨོན་བྱ་བ་ལ༔ རང་གི་སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་བསགས་པའི་དགེ་རྩ་ཅི་དང་ཅི་མཆིས་པ་ཐམས་ཅད་དུས་དེ་རང་གི་བསྐྱེད་རྫོགས་བསྒོམ་བཟླས་བྱས་པའི་དགེ་བ་འདི་དང་ལྷན་གཅིག་ཏུ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྔོའོ༔ སྦྱིན་ནོ༔ བཏང་ངོ་༔ དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་རྗེས་སུ་མཐུན་པར་བསྔོའོ་བསམ་ལ༔ ན་མོ༔ བདག་གིས་དུས་གསུམ་བསགས་པའི་རྣམ་དཀར་དགེ༔ ནམ་མཁའི་མཐའ་ཁྱབ་སེམས་ཅན་ཡོངས་ལ་བསྔོ༔ ཀུན་ཀྱང་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ ཆོས་སྐུ་གདོད་མའི་མགོན་པོར་སངས་རྒྱས་ཤོག༔ ལན་གསུམ་བརྗོད་དོ༔ དེ་ནས་བསྡུ་བའི་རིམ་པས་རྟག་པའི་མཐའ་བསལ་བ་ནི༔ སྣང་ཞིང་སྲིད་པ་ལྷ་དང་ཞིང་ཁམས་གཞལ་ཡས་ཁང་དུ་བསྒོམ་པ་ཐམས་ཅད་རང་ཉིད་ལྷར་གསལ་པ་ལ་ཐིམ་པར་བྱས༔ རང་ཡང་ཐུགས་ཀའི་སྔགས་འཁོར་ལ་ཐིམ༔ སྔགས་རྣམས་ཐུགས་སྲོག་ལ་བསྟིམ༔ ཐུགས་སྲོག་ཀྱང་ནམ་མཁའ་སྟོང་པ་ལ་ཐིམ་པས་ཁྱབ་བརྡལ་དུ་བཞག་གོ༔ ཧཱུྃ་༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་བསྡུ༔ དེ་ཡང་ཐུགས་སྲོག་སྙིང་པོར་བསྡུ༔ དེ་ཡང་སྟོང་ཉིད་ནམ་མཁའི་ངང་༔ ཨ་ཨ་ཨ༔ སླར་ཡང་ཆད་པའི་མཐའ་བསལ་བ་ནི༔ སྐད་ཅིག་གིས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་རང་ཉིད་འཇམ་དཔལ་དམར་སེར་གཡས་རལ་གྲི་དང་གཡོན་པས་པོ་ཏི་བསྣམས་པ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་འོད་དང་འཇའ་ཚོན་འཁྱིལ་བའི་ཀློང་དུ་བསྐྱེད་ལ༔ ཧཱུྃ་༔ སྐད་ཅིག་སྟོང་པའི་དབྱིངས་རུམ་ནས༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ རང་ཉིད་འཇམ་དཔལ་གཞོན་ནུའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་སྤྲས༔ རྩ་སྔགས་ལན་གསུམ་བརྗོད་ནས་རྗེས་ཐོབ་ལུ་གུ་རྒྱུད་དུ་སྦྲེལ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ རང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དཔའ་བོ་དང་དཔའ་མོའི་རོལ་པར་བཞེངས་ཏེ་ནམ་མཁའ་ལས་སྐུ་མཛེས་པའི་གར་མཛད༔ ཕྱག་ནས་མེ་ཏོག་གི་ཆར་ཤར་ནས་དཀར་པོ༔ ལྷོ་ནས་སེར་པོ༔ ནུབ་ནས་དམར་པོ༔ བྱང་ནས་ལྗང་ནག༔ དབུས་ནས་སྔོན་པོ་ལ་སོགས་པ་སྣ་ཚོགས་ཀྱི་ཆར་ཕབ་སྟེ་རང་དང་མགྲིན་གཅིག་ཏུ་བཀྲ་ཤིས་བའི་བདེན་ཚིག་འུར་དི་རི་རི་སྒྲོག་པར་ཡིད་ལ་བྱས་ཏེ༔ ཧཱུྃ་༔ ཆོས་སྐུ་བརྡལ་ཁྱབ་འཁོར་འདས་མངའ་དབང་བསྒྱུར༔ ལྷུན་གྲུབ་འགགས་མེད་ལོངས་སྤྱོད་རྫོགས་པའི་དཔལ༔ རང་གྲོལ་རོལ་པ་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མངོན་གྱུར་བཀྲ་ཤིས་ཤོག༔ དག་པ་རབ་འབྱམས་སྤྲུལ་པའི་ཞིང་ཁམས་འདིར༔ མདོ་སྔགས་བསྟན་པའི་མངའ་ཐང་རབ་རྒྱས་ཤིང་༔ བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་གང་སྟེ༔ བསྟན་པའི་སྦྱིན་བདག་ལོངས་སྤྱོད་འབྱོར་པ་རྒྱས༔ རྒྱལ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག༔ ཧཱུྃ་༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་དུ་འཕོས༔ སྲིད་པ་ཐམས་ཅད་ལྷ་དང་ལྷ་མོའི་སྐུ༔ དྲན་རྟོག་ཐམས་ཅད་ཡེ་ཤེས་རོལ་པར་སྨིན༔ ཐམས་ཅད་དག་པ་རབ་འབྱམས་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་ཅི་རིགས་བརྗོད་དོ༔ དེ་ལྟར་གཞི་བདེ་བར་གཤེགས་པའི་སྙིང་པོ་ཀ་དག་སྤྲོས་མཐའ་དང་བྲལ་བའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཇམ་དཔལ་དམར་སེར་ལྷུན་གྱིས་གྲུབ་པའི་རྒྱལ་པོ༔ རང་བཞིན་རང་གསལ་གྱི་བདག་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་འཇམ་དཔལ་དཀར་པོ་དྲི་མ་བྲལ་བའི་རྒྱལ་པོ༔ ཡོན་ཏན་ཡོངས་སུ་རྫོགས་པའི་ཆ་ལས་འཇམ་དཔལ་སེར་པོ་རིན་པོ་ཆེའི་རྒྱལ་པོ༔ ཆགས་བྲལ་བདེ་བ་ཆེན་པོའི་རང་གདངས་འཇམ་དཔལ་དམར་པོ་དབང་ཆེན་དཔལ་འབར༔ ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་འཇམ་དཔལ་ནག་པོ་འཁོར་བ་ཡོངས་སྒྲོལ༔ ནམ་མཁའ་རྣམ་པར་དག་པའི་རང་གདངས་སངས་རྒྱས་དབྱངས་ཅན་མཐིང་ག༔ ཆུ་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་རྡོ་རྗེ་དབྱིངས་ཅན་དཀར་མོ༔ ས་ཁམས་གནས་སུ་དག་པའི་འབྱུང་ཆེན་པོའི་རང་གདངས་རིན་ཆེན་དབྱངས་ཅན་སེར་མོ༔ མེ་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་པདྨ་དབྱངས་ཅན་དམར་མོ༔ རླུང་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་ཀརྨ་དབྱངས་ཅན་མ་ལྗང་ནག༔ ཞི་བའི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་སྙིང་རྗེ་ཆེན་པོའི་རང་གཟུགས་གཤིན་རྗེ་དཀར་པོ༔ རྒྱས་པའི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་བྱམས་པ་ཆེན་པོའི་རང་གཟུགས་གཤིན་རྗེ་ཁྱབ་བྱེད་སེར་པོ༔ དབང་གི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་དགའ་བ་ཆེན་པོའི་རང་གཟུགས་གཤིན་རྗེ་དབང་ཆེན་དམར་པོ༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རང་གདངས་བཏང་སྙོམས་ཆེན་པོའི་རང་གཟུགས་གཤིན་རྗེ་གསོད་བྱེད་ནག་པོའོ༔ གཞི་རང་གི་གནས་ལུགས་མངོན་དུ་གྱུར་བའི་ཕྱིར་དུ་འཁོར་བའི་སྣང་སེམས་ཞིང་ཁམས་དང་གཞལ་ཡས་ཁང་ལྷ་སྐུའི་རོལ་པར་བསྒོམ་ནས་ཡི་དམ་ལྷའི་ང་རྒྱལ་བརྟན་པ་དང་༔ སྣང་སྲིད་དག་པ་རབ་འབྱམས་ཀྱི་རོལ་པ་རུ་བསྒོམ་ཞིང་གསལ་བའི་ངང་དང་མི་འབྲལ་བས་འཁོར་བའི་མངོན་ཞེན་ལྡོག་སྟེ་སྣོད་བཅུད་སྐུ་གསུམ་གྱི་རོལ་པར་མངོན་དུ་གྱུར་ཏེ་སངས་རྒྱས་པའི་གནད་ཟབ་ཁྱད་ཅན་ཡོད་པས་ཤིན་ཏུ་རབ་ཏུ་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོའི་སྒོ་ནས་ཉམས་སུ་བླང་བར་བྱའོ༔ དོན་དམ་པར་སྟོང་ཉིད་ཀྱི་ལྟ་བ་ཟབ་མོ་གཏན་ལ་ཕབ་སྟེ་གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཆོས་ཉིད་མངོན་དུ་བྱས་པས་རང་ཐོག་ཏུ་རང་ངོར་སངས་པ་ཆོས་སྐུ་ཀུན་ཏུ་བཟང་པོར་སངས་རྒྱས་པར་འགྱུར་བ་ལ་ཚེགས་མེད་དོ༔ ལས་དང་ཉོན་མོངས་པའི་དབང་གིས་དེ་ལྟར་རྩོལ་བ་དང་བྲལ་བའི་ཆོས་ལ་ཡིད་ཆེས་དང་བློ་གཏོད་མེད་པའི་གང་ཟག་རྣམས་ཀྱིས་འདིར་མྱོང་ཞེན་མཚན་མ་ཅན་གྱི་ལྷ་དང་ཞིང་ཁམས་བསྒོམ་པའི་ཆོས་སྐུ་མཚན་མ་དང་བྲལ་བའི་དབྱིངས་སུ་ཁ་དྲངས་པར་འགྱུར་རོ༔ ཁྱད་པར་དུ་འདི་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་ཡིན་ཏེ་བསྒོམ་ཞིང་བཟླས་པ་བྱས་ཙམ་ནས་ཤེས་རབ་དང་ཡེ་ཤེས་ཀྱི་རྩ་ཁ་འབྱེད་ཅིང་ཚེ་འདིར་རྣམ་པར་གྲོལ་བའི་ས་ལ་འགོད་པར་གདོན་མི་ཟའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ ཇི་ལྟ་ཇི་སྙེད་ཤེས་རབ་དབང་པོ་མཆོག༔ འཇམ་དཔལ་གསང་བ་འདུས་པའི་བསྒྲུབ་པ་འདི༔ བསྐྱེད་དང་བཟླས་པ་ཡ་མ་བྲལ་བའི་ངང་༔ གང་གིས་ཉམས་སུ་ལེན་པའི་སྐྱེས་བུ་རྣམས༔ བར་མ་ཆད་པར་ལོ་གསུམ་ཟླ་གསུམ་གྱིས༔ ཆོས་སྐུ་རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བསྐྱེད་པའི་གནད་མེད་ཤེས་པ་གཞན་དུ་གཡེང་༔ ངག་གི་བཟླས་པ་གཅིག་པུར་གདིང་བྱས་ནས༔ བསྐལ་པར་བསྒྲུབ་ཀྱང་འབྲས་བུ་འབྱིན་མི་འགྱུར༔ དེ་ཕྱིར་ཤེས་པ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ང་རྒྱལ་གསལ་བའི་གཟེར་གནད་བསྟེན༔ ཁྱད་པར་མ་དག་འཁོར་བའི་སྒོ་གསུམ་པོ༔ རྡོ་རྗེ་གསུམ་གྱིས་རོལ་པར་དག་སྦྱོར་ལམ༔ གནད་ཀྱི་ཡང་གཅེས་གསལ་བའི་གཟེར་མཆོག་བསྟེན༔ བསྒྲུབ་པའི་སྲོག་དང་ཡང་སྙིང་དམ་པ་ཡིན༔ ཤེས་པར་གྱིས་ཤིག་བསྒྲུབ་པའི་སྐྱེས་བུ་རྣམས༔ ལྔ་བརྒྱ་དུས་ཀྱི་བསྐལ་བའི་མར་གཤམ་དུ༔ ལོ་གསུམ་དམ་རྒྱས་བསྒྲུབ་པ་ཙམ་མེད་ཀྱང་༔ རང་གི་ངང་ཚུལ་ཚོད་ལ་མི་ལྟ་བར༔ བསྐྱེད་རིམ་མེད་པས་ཟླ་ཞག་འགའ་ཞིག་ཏུ༔ ཁ་ཡིས་བཟླས་པ་ཙམ་ལ་གདིང་འཆའ་ཞིང་༔ ཆོས་ལ་ལོག་ལྟ་གདམགས་ངག་རྫུན་དུ་ཁྱེར༔ རང་སྐྱོན་མི་མཐོང་དམུས་ལོང་མགོ་རྨོངས་ཀྱིས༔ ཁ་འགུལ་ཙམ་གྱིས་བསོད་ནམས་བསགས་ཙམ་ལས༔ མཆོག་གི་དངོས་གྲུབ་སྤུ་རྩེ་ཙམ་མི་མཐོང་༔ དེ་ཚུལ་ཤེས་མཛོད་བསྐྱེད་རིམ་གནད་མཆོག་ཟུངས༔ འདི་ལྟར་སྙིགས་དུས་དམུས་ལོང་ཤ་སྟག་ལས༔ གནད་འདི་ཤེས་པ་ཤིན་ཏུ་དཀོན་པའི་ཕྱིར༔ ཆེད་དུ་ཡང་ཡང་བརྗོད་པ་དོན་དེ་ཕྱིར༔ འདི་ལ་ནན་ཆེར་ལྟོས་ཤིག་ཡིད་ལ་ཟུངས༔ དེ་ཕྱིར་བསྐྱེད་པའི་གནད་འདི་གཙོ་བོར་གཟུང༔ ཤེས་པ་གཞན་དུ་མི་ཡེངས་གསལ་གཟེར་བརྟན༔ ལྷ་ཡི་ང་རྒྱལ་བརྟན་པོས་བསྒྲུབ་པར་འབུང་༔ རིང་པོར་མི་ཐོགས་མྱུར་དུ་གྲོལ་བ་ཐོབ༔ བཀའ་འདི་གནོད་སྦྱིན་ཤན་པ་དམར་ནག་དང༔ ལྷ་ཆེན་དབང་ཕྱུག་འཁོར་དང་བཅས་ལ་གཏད༔ ཐུབ་པར་བསྲུང་ལ་བསྟན་པ་འཕེལ་རྒྱས་མཛོད༔ བཀའ་དང་དམ་ལ་མ་མདའ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་བསྐལ་པ་ལུག་གི་ལོ་ཁྱིམ་དགུན་ཟླ་འབྲིང་པོའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་སྤྱན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་། དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ཡང་ཡང་ནན་ཏུ་བསྐུལ་བའི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཞལ་ཕྱེས་ཏེ་དག་པར་ཕབ་པའི་ཡེ་གེ་པ་ནི་ཀུན་བཟང་ཆོས་གྲགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།  ཟབ་གསང་སྙིང་པོའི་བསྟན་པ་འདི་ཉིད་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:10, 4 September 2025

Wylie title zab gsang mkha' 'gro'i snying thig las: 'jam dpal gsang ba 'dus pa yi: sgrub pa yid bzhin dbang rgyal: TTDL-ZABTER-02-KHA-005.pdf
Location bdud 'joms gling pa zab gter
Volume 2, Text 5, Pages 55-112 (Folios 1a1 to 29b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'jam dpal gsang ba 'dus pa yi sgrub pa yid bzhin dbang rgyal. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 55-112. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

ཞེས་པ་འདི་ནི་བསྐལ་པ་ལུག་གི་ལོ་ཁྱིམ་དགུན་ཟླ་འབྲིང་པོའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་སྤྱན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་། དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ཡང་ཡང་ནན་ཏུ་བསྐུལ་བའི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཞལ་ཕྱེས་ཏེ་དག་པར་ཕབ་པའི་ཡེ་གེ་པ་ནི་ཀུན་བཟང་ཆོས་གྲགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། ཟབ་གསང་སྙིང་པོའི་བསྟན་པ་འདི་ཉིད་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།།

zhes pa 'di ni bskal pa lug gi lo khyim dgun zla 'bring po'i tshes bcu'i nyin gser smad rnga la stag rtse'i g.yas logs shwa brag rdo rje nas spyan drangs te mi lo sum cu rtsa gcig gi bar du bka' rgyas btab ste mthar chos kyi bdag po kun bzang chos grags dang /dge 'dun rgya mtsho gnyis kyis yang yang nan tu bskul ba'i ngor khrag 'thung bdud 'joms rdo rje gro lod rtsal gyis zhal phyes te dag par phab pa'i ye ge pa ni kun bzang chos grags so/_/dge'o/_/dge'o/_/dge'o/_/sarba mang+ga laM//__zab gsang snying po'i bstan pa 'di nyid phyogs kun tu dar zhing rgyas la yun ring du gnas shing shin tu bkra shis par gyur cig_/mang+ga laM//_

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པ་ཡི༔ སྒྲུབ་པ་ཡིད་བཞིན་དབང་རྒྱལ་ཞེས་བྱ་བ་བཞུགས་སོ༔

ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བདག་འདྲ་པད་འབྱུང་རྡོ་རྗེ་གཤོག་རྒོད་ངས༔ ལྔ་བདོའི་འགྲོ་བ་རྗེས་བཟུང་ཕྱིར༔ འཇམ་དཔལ་གསང་བ་འདུས་པ་ཡི༔ སྒྲུབ་པ་དཔག་བསམ་རྒྱས་པ་བསྟན༔ སྒྲུབ་པའི་གནས་མཆོག་རབ་དབེན་ཚལ༔ བསྒྲུབ་པའི་མཐུན་རྐྱེན་ཡོ་བྱད་ཚོགས༔ བསགས་ནས་ཐམས་ཅད་ཚང་བར་བྱ༔ གནས་ནི་གྲོང་དང་དགོན་ཆེན་སྤངས༔ སྣང་དང་མི་སྣང་ས་བདག་ལ༔ ཡོན་འབུལ་ས་བསླང་སྟ་གོན་བྱ༔ དེ་ནས་ལྟོ་ཆས་ཟས་ཀ་ཆ༔ བུད་ཤིང་ལ་སོགས་བསགས་བྱས་ཏེ༔ སྣོད་རྣམས་གས་སེར་མེད་པ་ཡང་༔ རྟེན་འབྲེལ་ཡིན་ཏེ་འབྱོར་དགོས་སོ༔ གྲོགས་ཀྱང་དམ་སེལ་མེད་པ་གཙོ༔ རང་ཡང་སྒྲུབ་པ་བྱེད་པའི་སྔོན༔ རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ༔ གཉེན་པོ་སྟོབས་བཞིའི་གནད་ལྡན་པས༔ ཞག་བདུན་བཤགས་སྦྱང་དག་ལ་འབད༔ དེ་ནས་ཚོགས་བསྐང་བཟང་པོ་བཏང་༔ སྡེ་བརྒྱད་འབྱུང་པོར་སྐྱེམས་མཆོད་བྱ༔ བརྒྱ་བཞི་འམ་ནི་འབར་མ་རྫོངས༔ དེ་ནས་སྒྲུབ་པའི་གནས་ཁང་ལ༔ ཁྲུས་བྱ་རྟེན་སྙིང་སྔགས་བཏབ་པའི༔ ཆུ་ཡིས་ནན་དུ་བྲན་ཅིང་བྱུག༔ ལྷ་ས་བསམ་ཡས་ཁྲ་འབྲུག་སོགས༔ བཀྲ་ཤིས་བྱིན་ཆགས་ས་སྣ་བསྡུས༔ ཆུ་རུ་བཏབ་སྟེ་དེས་སྦྲུས་པའི༔ ས་སྟེགས་གྲུ་བཞི་མདའ་གང་བའི༔ སྟེང་དུ་དྲི་སྨན་ཆུ་དང་ནི༔ རྟེན་སྙིང་སྔགས་ཆུས་རབ་ཏུ་བྱུག༔ དེ་ནས་མུ་ཁྱུད་དབུས་མ་རུ༔ པདྨ་འདབ་བཞི་མཛེས་པར་བྲི༔ དེ་མཐར་འཇའ་རིས་ལེགས་པར་བྲིས༔ ཕྱི་རིམ་གཞལ་ཡས་སྒོ་གྲུ་སོགས༔ སྤྱི་དང་མཐུན་པར་ཚོན་གྱིས་བཏབ༔ མཐར་ཡང་རྡོ་ར་མེ་རིས་བསྐོར༔ ཡང་ན་ཚོམ་བུ་དག་ལ་བརྟེན༔ ཡང་ན་གཏོར་མ་ལ་བརྟེན་རུང་༔ སྒྲུབ་རྟེན་བླ་རྡོ་ཙཀྲ་དང་༔ རིལ་བུ་བུམ་པ་དང་བཅས་བཞག༔ སྐུ་རྟེན་ཕྱག་རྒྱ་གསུང་ཡི་གེ༔ ཐུགས་རྟེན་རལ་གྲི་ལ་སོགས་པ༔ འབྲལ་བ་མེད་པའི་རྟེན་གསུམ་བཀོད༔ དར་ཚོན་སྣ་ལྔའི་ལྡིང་གུར་ཕུབས༔ རྩ་གསུམ་གཏོར་མ་སྤྱི་ལྟར་བཤམ༔ མཆོད་རྫས་སྨན་གཏོར་རཀྟ་དང་༔ ཉེར་སྤྱོད་འདོད་ཡོན་འབྱོར་ཚོགས་ཀུན༔ རིམ་བཞིན་མཛེས་པར་བཤམས་ནས་ཀྱང་༔ བདུད་རྩི་འཁྱིལ་བ་བསྐྱེད་བསྟིམས་པའི༔ ཆབ་ཀྱིས་ནན་དུ་བྲན་པ་ནི༔ བགེགས་ཀྱིས་རྒོལ་བ་མི་འབྱུང་གནད༔ བསྒྲུབ་དུས་ལྷ་སྔགས་གསང་རྒྱས་བཏབ༔ དཀྱིལ་འཁོར་དང་ནི་སྒྲུབ་པའི་རྫས༔ གཞན་ལ་སྦ་ཞིང་གསང་བར་བྱ༔ སླར་ཡང་སྒྲུབ་པའི་སྔོན་འགྲོ་ལ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་རིགས་ལ་དམར་མཆོད་བསྔོས༔ བར་ཆད་བཟློག་པའི་ཕྲིན་ལས་བཅོལ༔ དེ་ནས་བགེགས་ལ་ཆངས་གླུད་དང་༔ འབྲས་ཆན་ཟན་དུམ་ཤ་ཁྲག་སོགས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ སྔགས་དང་ཏིང་འཛིན་བྱིན་གྱིས་བརླབ༔ སོ་སོར་གང་ལ་ཅི་འདོད་ཀྱི༔ ལོངས་སྤྱོད་ཐོབ་ནས་ཕྱིར་བསྐྲད་བྱ༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པ་ཙམ་གྱིས་ནམ་མཁའ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་བཞིན་དུ༔ རང་གི་མདུན་གྱི་ནམ་མཁར་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཡོངས་འདུས་ཀྱི་ངོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་སེར་གཟི་བརྗིད་ཉི་མ་འབུམ་ལས་ལྷག་པའི་འོད་དང་འོད་ཟེར་འབར་བ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་འཇའ་ཚོན་འོད་ཀྱི་ཀློང་ནས་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཏེ་གཡས་རལ་གྲི་ཕྱར་ཞིང་གཡོན་གླེགས་བམ་བསྣམས་པ༔ ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་སྐུ་དབྱིངས་དྭངས་གསལ་མེ་ལོང་ལྟ་བུའི་ཀློང་དུ་གཟུགས་བརྙན་སྣང་བ་ལྟར་སངས་རྒྱས་ཀྱི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་རྣམ་པར་ཡོངས་སུ་རྫོགས་པར་བསྒོམ་ལ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དངོས༔ སྐུ་བཞིའི་བདག་ཉིད་འཇམ་དབྱངས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆིའོ༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ སྐྱབས་ཡུལ་གྱི་ལྷ་རྣམས་དཔང་དུ་བཙུགས་ཏེ༔ དེ་དག་གི་སྤྱན་སྔར་དམ་བཅའ་བ་ལ༔ བདག་གིས་སྲིད་པ་མཐའ་མེད་ཀྱི་འཁོར་ལོར་བཟོད་མེད་སྡུག་བསྔལ་ཆེན་པོས་གདུང་བའི་སེམས་ཅན་ཐམས་ཅད་བདག་གིས་ཐར་པ་དང་རྣམ་མཁྱེན་ལ་འགོད་པར་བྱའོ༔ དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་གོ་འཕང་ཐོབ་པར་བྱས་ཏེ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་བསམ་ཞིང་དམ་བཅའ་བཟུང་བ་སྨོན་སེམས་དང་༔ མཁའ་ཁྱབ་ཀྱི་སེམས་ཅན་གྱི་དོན་དུ་བསྒྲུབ་པ་ལ་ཞུགས་ཏེ་བཙོན་པ་ལྷུར་ལེན་པར་དམ་བཅའ་བ་ནི་འཇུག་སེམས་ཏེ༔ བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པར་བྱའོ༔ ཧོཿ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ མགོན་པོ་མཆོག་ཁྱོད་ངས་བསྒྲུབ་ཅིང་༔ གང་འདུལ་ཕྲིན་ལས་ཐབས་དུ་མས༔ འགྲོ་ཀུན་བསྒྲལ་བར་དམ་བཅའོ༔ ལན་གསུམ་མཐར༔ སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་སྐད་ཅིག་གིས་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་ཁྲི་ཁར་པདྨ་ཉི་མའི་གདན་ལ་རྒྱལ་བསེན་ཕོ་མོ་བསྣོལ་བའི་སྟེང་དུ་གཤིན་རྗེའི་གཤེད་པོ་རལ་གྲི་དང་ཞགས་པ་བསྣམས་ཤིང་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་པ་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་ཧཱུྃ་ཕཊ་ཀྱི་སྒྲ་བསྒྲགས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་འགུལ་ཞིང་གཡོ་བ༔ ཁྲོ་བོ་དང་ཁྲོ་མོ་མེ་དཔུང་དང་ཐུན་ཚོན་སྣ་ཚོགས་སེར་རླུང་ལྟར་འགྱེད་ཅིང་འཕྲོས་པས་གདོན་བགེགས་འབྱུང་པོ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་བྱེད་ཀྱི་མཐུ་ནུས་དང་ལྡན་པར་བསྐྱེད་དོ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃ་ཧཱུྃཧཱུྃ༔ ང་ནི་ལས་ཀྱི་ཆེ་མཆོག་གཤིན་རྗེའི་གཤེད༔ ཉོན་ཅིག་མ་རིག་འཁྲུལ་བའི་གདོན་བགེགས་ཚོགས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི་ལོངས་ལ༔ སོ་སོ་རང་རང་གནས་སུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་རོལ་རྩལ་རྡོ་རྗེ་འབར་བ་ཡིས༔ མགོ་བོ་ཚལ་པ་བརྒྱ་རུ་འགེམས་གྱུར་ཏེ༔ བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ༔ རྩ་སྔགས་དང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ ཅེས་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་མཐའ་ཡི་ལྕགས་རི་ནག་པོའི་རྒྱབ་གླིང་བར་མུན་པ་ཅན་གྱི་སྨག་རུམ་དུ་བསྐྲད་ནས་མགོ་འཁོར་ཞིང་འཐུམ༔ མེ་ཆུ་རླུང་གི་ར་བས་མཚམས་བཅད་དེ་སྤྲུལ་པ་ལས་ཀྱི་འཁྲུལ་འཁོར་ཐམས་ཅད་ཚུར་འདུས་པས་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ་རྣམ་པ་མཚོན་ཆ་ལྔ་དང་ཁྲོ་བོ་ཁྲོ་མོ་མེ་རླུང་ཆུ་ཡི་ར་གུར་དང་ར་བ་ལྷུན་གྱིས་གྲུབ་པར་བསྒོམ༔ ཧཱུྃ༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ དེ་ལྟར་མ་རྟོགས་འཁྲུལ་པ་ལས༔ སྣོད་བཅུད་དངོས་པོར་འཛིན་པའི་བགེགས༔ བདག་མེད་སྟོང་ཉིད་ཆེན་པོར་བཤིགས༔ ཡུལ་མེད་ཟང་ཐལ་ངང་དུ་བསྐྲད༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཧཱུྃ་བྷྲཱུྃ་རཾ་ཡཾ་ཁཾ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ འཁོར་འདས་སྟོང་ཉིད་ཆེན་པོར་རོ་གཅིག་པའི་ངང་ཚུལ་མ་རིག་གཟུང་འཛིན་གྱིས་སྒྲིབ་པའི་རྐྱེན་གྱིས་རང་ཞལ་སྒྲིབ་པ་ལ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱི་རང་ཞལ་མངོན་དུ་བྱ་བའོ༔ དེས་ཡེ་ཤེས་ཡོན་ཏན་གྱི་འཆར་སྒོ་བྱེད་དོ༔ ཧཱུྃ༔ གདོད་ནས་རང་རིག་ཆོས་སྐུའི་རོལ་པ་ལ༔ མ་རིག་དབང་གིས་གཉིས་འཛིན་དྲི་མས་སྒྲིབ༔ ད་ནི་མཁྱེན་གཉིས་ཡེ་ཤེས་སྟོབས་ཤུགས་ཀྱིས༔ སྐུ་གསུམ་ལྷུན་གྲུབ་མངོན་བྱེད་འཆར་སྒོ་ཕྱེས༔ ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ གདོད་ནས་འཁོར་འདས་དག་མཉམ་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པར་སངས་རྒྱས་ཀྱང་མ་རིག་པའི་དབང་གིས་སྒྲིབ་པ་ལ༔ འཕྲལ་དུ་རང་ངོ་རང་ཞལ་མཇལ་བ་ལ་ཤིན་ཏུ་ངོ་མཚར་བ་ནི་ལྟ་བ་མཇལ་བའི་ཕྱག་ཅེས་བྱའོ༔ ཧཱུྃ༔ འཁོར་འདས་དག་མཉམ་གདོད་མའི་མགོན་པོའི་དབྱིངས༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་རྗེའི་རོལ་རྩལ་རང་གྲོལ་ཡེ་ཤེས་ཀྱིས༔ རང་ངོ་རང་ཞལ་མཇལ་ཕྱིར་བརྡ་ཕྱག་འཚལ༔ ན་མོ་ན་མ་ཧོཿ དེ་ནས་བྱིན་ཆེན་དབབ་པ་ལ༔ རང་རང་རྣམས་ཀྱི་དད་པ་དང་མོས་གུས་དྲག་པོས་གདུང་ཤུགས་བསྐྱེད་པའི་མཐུ་ལས་གྱུར་པའི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་དང་རྒྱལ་སྲས་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་དམ་ཚིག་གིས་དབང་གིས་སྤྱན་དྲངས་ནས་སྐུ་ཕྱག་རྒྱ་ཕྲ་མོ༔ གསུང་ཡིག་འབྲུ་སྣ་ཚོགས༔ ཐུགས་ཕྱག་མཚན་སྣ་ཚོགས༔ འཇའ་འོད་དང་ཐིག་ལེའི་རྣམ་པར་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་བཞིན་དུ་རང་དང་བསྒྲུབ་རྫས་རྣམས་ལ་སིབ་སིབ་ཏུ་ཐིམ་ནས༔ ཞིང་ཁམས་གནས་ལ་ཐིམ་པས་གནས་ཞིང་ཁམས་རྣམ་པར་དག་པ་དང་༔ གཞལ་ཡས་ཁང་གནས་ཁང་ལ་ཐིམ་པས་ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ཁང་དུ་གྱུར་པ་དང་༔ སྐུ་གསུང་ཐུགས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སངས་རྒྱས་པ་དང་༔ དབང་བྱིན་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྫས་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་ཡོངས་སུ་རྫོགས་པའི་རང་བཞིན་ཅན་དུ་གྱུར་པར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་༔ རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ་དང་༔ པད་འབྱུང་སྐུ་ལྔ་མཚན་བརྒྱད་རྗེ་འབངས་སོགས༔ དགོངས་བརྡ་སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབ༔ འཇམ་དཔལ་རིགས་ལྔ་དབྱིངས་ཀྱི་ཡུམ་ཆེན་ལྔ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང་༔ བཀའ་སྡོད་ཆོས་སྐྱོང་སྲུང་མས་བྱིན་ཆེན་ཕོབ༔ གནས་འདི་རྣམ་དག་ཞིང་ཁམས་དམ་པ་རུ༔ སྐད་ཅིག་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་གཞལ་ཡས་སུ༔ སྒྲུབ་པའི་གནས་ཁང་བྱིན་གྱིས་བརླབ་ཏུ་གསོལ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཤ་སྟག་ཏུ༔ སྒྲུབ་མཆོག་རྣལ་འབྱོར་ཕོ་མོ་བྱིན་གྱིས་རློབས༔ དུས་གསུམ་རྒྱལ་བ་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པས༔ བསྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་འདིར་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ པྲཛྙཱ་ཛྙཱ་ན་མཉྫུ་ཤྲཱི་ཀུ་མ་རཱ་སརྦ་བུདྡྷཱ་བི་དྷི་ས་ཏྭ་ས་མ་ཡ་ཛ་ཛ༔ ཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ལ༔ འདི་ལྟར་མཆོད་རྫས་བཤམ་པའི་དངོས་པོ་རྣམས་དང་ཆབ་གཅིག་ཏུ་ཁམས་གསུམ་སྣོད་བཅུད་ཐམས་ཅད་འཇའ་ཚོན་ནམ་མཁའ་ལ་ཡལ་བ་བཞིན་དུ་སྟོང་པའི་དབྱིངས་སུ་ཞིག་པར་བསམ༔ རྒྱུ་དེས་སྟོང་པའི་དབྱིངས་ལས་སྒྱུ་མའི་སྤྲུལ་པ་བཞིན་དུ་ཕྱི་ཉེར་སྤྱོད་བདུན་དང་༔ ནང་འདོད་ཡོན་ལྔ་དང་༔ གསང་བ་སྨན་གཏོར་རཀྟ་གཞན་ཡང་རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་རྫས་རྟགས་དང་རྒྱལ་སྲིད་སྣ་བདུན་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པས་ནམ་མཁས་གར་ཁྱབ་ཐམས་ཅད་དུ་རྒྱུན་མི་འཆད་པར་སྤྲོས་ཏེ་ཁྱབ་པར་ཡིད་ལ་བྱའོ༔ ཨོཾ་ཨཱཿཧཱུྃ༔ སྣང་ཞིང་སྲིད་པའི་འཇིག་རྟེན་ཐམས་ཅད་ཀུན༔ བཤམས་པའི་དངོས་པོ་དང་བཅས་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྒྱུ་མའི་ཆོ་འཕྲུལ་བཞིན༔ མཆོད་སྤྲིན་མི་ཟད་ནམ་མཁའ་མཛོད་དུ་ཤར༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ནསཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ རཱུ་པ་ཤཔྡ་གནྡྷཱེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཡེ་སྭཱ་ཧཱ༔ མ་ཧཱ་བ་ལིཾ་ཏ་ཡེ་སྭཱ་ཧཱ༔ མ་ཧཱ་རཀྟ་ཡེ་སྭཱ་ཧཱ༔ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ༔ མ་དག་པ་ལས་ཀྱི་བསྐལ་པ་དབྱིངས་སུ་བཤིགས་ཏེ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་མངོན་དུ་བྱེད་པ་ནི༔ ཨ༔ གཟུང་དང་འཛིན་པས་བསྡུས་པའི་ཆོས་རྣམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་ངང་དུ་ཞིག༔ འཁོར་འདས་སྟོང་ཉིད་ཆེན་པོར་འབྱམས་ཀླས་སོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་བསྒོམ་པ་ལ༔ བདེ་བར་གཤེགས་པའི་སྙིང་པོ་དྭངས་གསལ་རྙོག་མ་དང་བྲལ་བ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཡེ་ཤེས་ཆེན་པོ་མངོན་དུ་བྱེད་པ་ནི༔ ཨ༔ ཆོས་ཉིད་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱི༔ གནས་ལུགས་ཡིན་ལུགས་འདྲེས་ཏེ་རང་དབང་བསྒྱུར༔ ཇི་སྙེད་གཟིགས་པའི་ཡེ་ཤེས་རྩལ་དུ་ཤར༔ ཡེ་གྲོལ་ཀ་དག་ཆེན་པོ་མངོན་དུ་གྱུར༔ དྷརྨ་དྷཱ་ཏུ་པྲཛྙཱ་ཛྙཱ་ན་ས་མ་ཏི་ཨ༔ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་བསྒོམ་པ་ལ༔ ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ནམ་མཁའ་རྣམ་པར་དག་པའི་དབྱིངས་ལས་མཁའ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་བཞིན་དུ་རང་གི་རིག་པ་དྷཱི༔ ཡིག་སེར་པོ་སྟོང་ཉིད་རྟེན་མེད་ཀྱི་དབྱིངས་སུ་འཆར་བར་བྱས་ཏེ༔ ཧཱུྃ༔ ཆོས་དབྱིངས་སྤྲོས་མཐའ་བྲལ་བའི་མཁའ་དབྱིངས་སུ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རང་རྩལ་ལས༔ དྭངས་གསལ་མཚོ་ལ་ཆུ་ཟླ་ཤར་བ་ལྟར༔ རང་རིག་དྷཱིཿཡིག་སེར་གསལ་རྒྱུ་རུ་ཤར༔ ཨོཾ་བཛྲ་ཛྙཱ་ན་ཙིཏྟ་ཧཱུྃ་ཨཱཿརྟེན་ཞིང་ཁམས་དང་གཞལ་ཡས་ཁང་བསྒོམ་པ་ལ༔ རང་གི་རིག་པ་དྷཱིཿཡིག་སེར་པོ་ལས་ཨེ་ཡིག་མཐིང་ནག་གཅིག་འཕྲོས་པས་ཁྱབ་བརྡལ་ནམ་མཁའ་རྣམ་པར་དག་པའི་རང་བཞིན་དུ་བསྒོམ༔ ཡཾ་ཡིག་ལྗང་ནག་གཅིག་འོག་ཏུ་འཕྲོས་པ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་སུ་གྱུར༔ བཾ་ཡིག་དཀར་པོ་འཕྲོས་པས་ཞི་བ་གསལ་དག་གི་རྒྱ་མཚོ་དྭངས་གསལ་རྙོག་མ་དང་བྲལ་བ་ཟླུམ་ལ་འཁྱིལ་བར་གྱུར༔ ལཾ་ཡིག་སེར་པོ་འཕྲོས་པས་དབང་ཆེན་གསེར་གྱི་ས་གཞི་གྲུ་བཞི་བའི་རྣམ་པར་གྱུར༔ རཾ་ཡིག་དམར་པོ་གཅིག་འཕྲོས་པས་འབྱུང་བཞིའི་གཤིས་སུ་ཡེ་ཤེས་མེ་ཡི་དྲོད་ཀྱིས་རྒྱས་ཐེབས་པར་བསམ༔ སླར་ཡང་འོད་ཕུང་སེར་པོ་འཕྲོས་པས་ས་གཞིའི་སྟེང་དུ་འོད་ཀྱི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པ་ཁྱབ་བརྡལ་ནམ་མཁའི་ཁྱོན་ལ་བསྙེགས་པ་ཞིང་ཁམས་རྣམ་པར་དག་པ་རྒྱ་ཡོངས་སུ་མ་ཆད་པར་བསྐོར་བའི་དབུས་སུ་ས་གཞི་རྩུབ་རེག་ཐམས་ཅད་དང་བྲལ་བ་ངོས་འཇམ་ཞིང་ཁོད་སྙོམས་པའི་ངོས་ལ་སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་འབར་བའི་མེ་ཏོག་པདྨོ་བཞད་པས་ཡོངས་སུ་ཁེབས་པ༔ འཇའ་ཚོན་འོད་ཀྱི་དྲྭ་མིག་རིས་སུ་བྲིས་པ༔ ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་དཔའ་བོ་དང་དཔའ་མོ་མང་པོས་གླུ་གར་བྱེད་ཅིང་༔ སྤྲུལ་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པས་མཆོད་པའི་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད་པར་བྱེད་པའི་དབུས་སུ་དྷཱིཿཡིག་ལས་ཡི་གེ་བྷྲཱུཾ་གཅིག་ཆད་དེ་བབས་པ་ལས་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ༔ རྣམ་པ་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ་དབྱིབས་མཛེས་ཤིང་བཀོད་ལེགས་པ་གྲུ་བཞི་སྒོ་བཞི་དང་ལྡན་པའི་ཤར་གྱི་ངོས་ལོགས་ཐམས་ཅད་དཀར་པོ་ཤེལ་ལྟར་གསལ་ཞིང་དྭངས་ལ༔ དེ་བཞིན་དུ་ལྷོ་གསེར་ལྟར་སེར་ཞིང་གསེར་གྱི་ཁ་དོག་འབར་བ༔ ནུབ་པདྨ་རཱ་ག་ལྟར་དམར་ཞིང་རཱ་གའི་རྣམ་པར་གསལ་བ༔ བྱང་ཨིནྡྲ་ནཱི་ལ་ལྟར་ལྗང་ལ་ཨིནྡྲ་ནཱི་ལའི་རྣམ་པར་དྭངས་ཤིང་གསལ་བ༔ དབུས་ཀྱི་ཡ་ཕུབ་ཐམས་ཅད་མཐིང་ག་བཻ་ཌཱུཪྻའི་ཁ་དོག་ལྟར་གསལ་ཞིང་བཻ་ཌཱུཪྻའི་རྣམ་པ་ཅན་དེ་དག་ཐམས་ཅད་ཡེ་ཤེས་ལྔ་ཡི་ངོ་བོ་ལ་རྣམ་པ་གཞལ་ཡས་ཁང་དུ་སྣང་བའོ༔ ཤར་སྒོ་ཟླུམ་པོ༔ ལྷོ་སྒོ་གྲུ་བཞི༔ ནུབ་སྒོ་ཟླ་གམ༔ བྱང་སྒོ་གྲུ་གསུམ་པ་དེ་དག་ནི་ཕྲིན་ལས་རྣམ་པ་བཞི་དང་ཚད་མེད་པ་བཞི་མཚོན་བྱེད་དུ་ཤེས་པར་བྱའོ༔ གཞན་ཡང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཕྲེང་བའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ༔ དྲིལ་བུ་དང་གཡེར་ཁ་ལས་ཆོས་ཀྱི་སྒྲ་འབྱུང་བ༔ ནང་གི་གཞི་ཐམས་ཅད་རིན་པོ་ཆེ་འཇའ་ཤེལ་གྱི་རང་བཞིན་ཅན་ཏེ༔ ཕྱོགས་བཞིར་ཉི་མ་དང་ཟླ་བའི་སྐར་ཁུང་བྱས་པས་འོད་ཕུང་འཇའ་ཤེལ་གྱི་ས་གཞི་ལ་ཕོག་པས་ཉིན་མོ་འཇའ་འཁྲིགས་ཤིང་མཚན་མོ་འོད་འབར་བ༔ སྒོ་བཞི་རུ་རྒྱུ་དང་འབྲས་བུའི་རྟ་བབ་བང་རིམ་བཞི་བཞིས་མཛེས་པ༔ སྟེང་དུ་རི་རབ་བང་རིམ་གསུམ་གྱི་འོག་མ་སེར་པོ༔ བར་མ་དཀར་པོ༔ སྟེང་མ་ལྗང་གུའི་སྟེང་དུ་བུམ་པ་དང་བྲེ་དང་ཆོས་འཁོར་དང་གདུགས་ཉི་ཟླ་ནོར་བུའི་ཏོག་དང་བཅས་པ་གསལ་ལ༔ ཕྱོགས་བཞི་ན་དག་བྱེད་ཀྱི་བདུད་རྩིའི་འོབས་ཆེན་པོ་བཞི་ཡོད་པ༔ གཞལ་ཡས་ཁང་གི་ཕྱོགས་བཞི་ནས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་ཞམ་ཆུ་འབབ་པ༔ ཕྱི་རིམ་དཔག་ཚད་བརྒྱད་ཀྱི་ཚད༔ ཕྱོགས་བཞིར་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་བཞི་ཡོད་པ༔ རྒྱ་མཚོ་དེ་དག་གི་མཚམས་སུ་འཚོ་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་མིག་བཞི་ཡོད་པ༔ མཚོ་དང་རྫིང་བུ་མང་པོའི་བར་མཚམས་ཐོ་ཕྱི་ཉེ་འཁོར་ཐམས་ཅད་དུ་གཡུ་ཡི་ནེའུ་སིང་གསེར་གྱི་བྱེ་མ་ནོར་བུ་རིན་པོ་ཆེའི་གྲམ་པ་དང་༔ ཤིན་ཏུ་མཛེས་ཤིང་ཡིད་འཕྲོག་པའི་མེ་ཏོག་སྣ་ཚོགས་རབ་ཏུ་རྒྱས་པ༔ དཔག་བསམ་གྱི་ལྗོན་ཤིང་ཡལ་ག་དང་ལོ་འདབ་རྒྱས་པ་མང་པོའི་ནགས་ཚལ་ཧ་ཅང་ལྷུན་མི་འཐུག་ཅིང་༔ ཁོར་ཡུག་ཏུ་རྒྱ་ཡོངས་སུ་མ་ཆད་པ་འབྲས་བུ་དང་མེ་ཏོག་རྒྱས་པའོ༔ སྐྱེད་མོས་ཚལ་ཆེན་པོ་དེ་ནང་སྤྲུལ་པའི་བྱ་ཚོགས་རྣམ་པ་སྣ་ཚོགས་པ་དུང་གི་མདོག་ལྟར་དཀར་བ༔ གསེར་གྱི་མདོག་ལྟར་སེར་བ༔ བྱི་རུའི་མདོག་ལྟར་དམར་བ༔ ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ༔ བཻ་ཌཱུཪྻའི་མདོག་ལྟར་སྔོ་བ༔ འཇའ་ཚོན་ལྟ་བུའི་ཁ་དོག་སྣ་ལྔ་བཀྲ་ཞིང་བྱ་རིགས་རྣམ་པ་སྣ་ཚོགས་པས་མཛེས་པའི་གཟུགས་ངོམས་ཤིང་དམ་པ་ཆོས་ཀྱི་སྒྲ་སྒྲོགས་པ༔ གཞན་ཡང་རི་དྭགས་སྤུ་སྡུག་ཡིད་དུ་འོང་བ་སྣ་ཚོགས་པས་རྩེ་འཇོ་རོལ་པ་འདོད་ཡོན་མཆོད་པའི་སྤྲིན་ཕུང་སྣ་ཚོགས་ཀྱིས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་ཞིང་ཁྱབ་པར་བསྒོམ་ལ༔ དྷཱིཿལས་ཡི་གེ་འབྲུ་ལྔ་རབ་འཕྲོས་པས༔ འབྱུང་བ་རིམ་བརྩེགས་འོད་ཀྱི་ས་བཞི་ནི༔ རྒྱ་ཆེ་ཁྱོན་ཡངས་ཁོད་སྙོམས་ཡིད་འོང་ལ༔ སྨན་གྱི་སྤང་རིར་དྲི་བཟང་ན་བུན་འཐུལ༔ རབ་མཛེས་ཡིད་འཕྲོག་མེ་ཏོག་པདྨོ་བཞད༔ མཚོ་དང་རྫིང་བུ་དཔག་བསམ་ལོ་འདབ་རྒྱས༔ རིན་ཆེན་གྲམ་ཁྲོད་གསེར་གྱི་བྱེ་མ་དང་༔ གཡུ་ཡི་ནེའུ་སིང་སྨན་གྱི་དྲི་ངད་ལྡང་༔ སྤྲུལ་པའི་བྱ་རིགས་སྙན་པའི་ཆོས་སྒྲ་སྒྲོགས༔ དེ་དབུས་དྷཱིཿལས་བྷྲུྃ་གྱི་ཡི་གེ་འཕྲོས༔ ཡོངས་གྱུར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་ཉི་ཟླའི་སྐར་ཁུང་གསལ༔ རིན་ཆེན་ཕྲེང་བའི་དྲྭ་བ་དྲྭ་ཕྱེད་སྤྲས༔ སྒོ་གྲུ་རྟ་བབས་མིག་མང་རིས་སུ་མཛེས༔ རིན་ཆེན་ཀཱ་བ་ཉི་ཟླའི་གདུང་མ་དང་༔ རྒྱུ་སྐར་དྲལ་ཕྱམ་བཻ་ཌཱུཪྻའི་ཡ་ཕུབ་བྱས༔ རི་རབ་རིམ་གསུམ་བུམ་པ་བྲེ་ཆོས་འཁོར༔ གདུགས་དང་དར་དཔྱངས་བཀྲ་ཤིས་རྟགས་ཀྱིས་བརྒྱན༔ ཉི་ཟླ་ནོར་བུའི་ཏོག་ལས་འདོད་རྒུ་འབྱུང་༔ མི་ནུབ་རྒྱལ་མཚན་རབ་མཛེས་གདུགས་ཆེན་དང་༔ དྲིལ་བུ་གཡེར་ཁས་དམ་པའི་ཆོས་སྒྲ་འབྱུང་༔ རི་དྭགས་ཆོས་ཉན་སྤྲུལ་པའི་བྱ་ཚོགས་འདུ༔ རྒྱན་དང་ཁོར་ཡུག་མཚན་ཉིད་བཀོད་པ་རྫོགས༔ དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི༔ སླར་ཡང་དྷཱིཿལས་འོད་འཕྲོས་པས་སྣ་ཚོགས་པདྨ་འདབ་བརྒྱད་གྱེས་པའི་གདན་ནི་འཁོར་བར་མ་ཆགས་པའི་མཚོན་བྱེད་དུ་ཤེས་པར་བྱ་བ་དང་༔ སྐྱོན་ཐམས་ཅད་དང་བྲལ་བའི་མཚོན་བྱེད་ཤེས་རབ་ཀྱི་ཆ་ཉི་མའི་གདན་དང་༔ སྐྱོན་དང་བག་ཆགས་ཀྱི་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ཐབས་ཀྱི་ཆའི་མཚོན་བྱེད་ཟླ་བའི་གདན་གསལ་བའོ༔ སླར་ཡང་དྷཱིཿཡིག་དམར་སེར་པད་ཟླའི་གདན་ལ་བབས་པ་ལས་འོད་ཟེར་ཡར་འཕྲོས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་ཚུལ་འདུས་དྷཱིཿཡིག་ལ་ཐིམ༔ ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་མི་ཤེས་པ་གདོད་མའི་མགོན་པོའི་ཀློང་ཀ་དག་མཉམ་པ་ཉིད་ཀྱི་དབྱིངས་སུ་བསྒྲལ་ནས༔ སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དང་འབྱུང་བ་ལྔ་ཡི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཐུགས་སྲོག་ས་བོན་ལ་ཐིམ་པས་འཁོར་འདས་དག་མཉམ་ཆེན་པོར་སྦྱོར་བའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆེན་པོའི་ངོ་བོ་ལ་རྣམ་པ་དྷཱིཿཡིག་གནས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་གཞོན་ནུ་དམར་སེར་གུར་གུམ་གྱི་མདོག་ལྟ་བུ༔ སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་དང་བྲལ་བའི་མཚོན་བྱེད་གཞོན་ནུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན༔ ཡེ་ཤེས་དང་ཡོན་ཏན་གྱི་ངང་རབ་ཏུ་རྒྱས་ཤིང་འཁོར་འདས་གཉིས་ལ་དབང་བསྒྱུར་བའི་མཚོན་བྱེད་དམར་བའི་མདངས་ཆགས་པའོ༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་མཚོན་བྱེད་སྤྱན་གཡས་པ་དང་༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་མཚོན་བྱེད་སྤྱན་གཡོན་པ༔ དོན་དམ་བདེན་པའི་མཚོན་བྱེད་སྙན་གཡས་པ༔ ཀུན་རྫོབ་བདེན་པའི་མཚོན་བྱེད་སྙན་གཡོན་པ་དང་༔ རང་དོན་ཆོས་སྐུའི་མཚོན་བྱེད་ཤངས་བུག་གཡས་པ་དང་༔ གཞན་དོན་གཟུགས་སྐུའི་མཚོན་བྱེད་ཤངས་བུག་གཡོན་པ་དང་༔ མཉམ་ཉིད་བདེ་བ་ཆེན་པོའི་མཚོན་བྱེད་ཞལ་དང་༔ འཁོར་འདས་མཉམ་པར་སྒྲོལ་བའི་ལྗགས་དང་༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་མཚོན་བྱེད་ཚེམས་ཕྲེང་ཟླ་ལྟར་དཀར་བ༔ ཐབས་བདེ་བ་ཆེན་པོའི་མཚོན་བྱེད་ཕྱག་གཡས་པ་ན་ཀུན་ཁྱབ་ཡེ་ཤེས་ཀྱི་རང་གཟུགས་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་ཞིང་གདེངས་པ༔ ཤེས་རབ་སྟོང་ཉིད་ཆེན་པོའི་མཚོན་བྱེད་ཕྱག་གཡོན་པ་ན་ཀུན་མཁྱེན་ཡེ་ཤེས་ཆེན་པོའི་མཚོན་བྱེད་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ་དང་༔ སྲིད་པའི་མཐའ་ལ་མི་གནས་པའི་མཚོན་བྱེད་ཞབས་གཡས་པ་དང་༔ ཞི་བའི་མཐའ་ལ་མི་གནས་པའི་མཚོན་བྱེད་དུ་ཞབས་གཡོན་པ་དང༔ དུས་གསུམ་འཕོ་འགྱུར་བྲལ་བའི་མཚོན་བྱེད་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་རབ་ཏུ་རྒྱས་པའི་མཚོན་བྱེད་དུ་འཇའ་ཚོན་འོད་ལྔའི་ཀློང་དུ་བཞུགས་པའོ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་དུ་རང་རྫོགས་མཚོན་བྱེད་ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་རྫོགས་པའོ༔ ཐབས་ཀྱི་རང་བཞིན་ཡབ་གྲུབ་པའི་གཤིས་སུ་ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་ལ་རྣམ་པ་ཡུམ་རང་ཆས་སུ་གྲུབ་པ་ཡིན་པས་ཤེས་པར་བྱ་སྟེ༔ ནམ་མཁའི་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་ཡུམ་ཆེན་དབྱངས་ཅན་མ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་སུ་མེད་པའོ༔ དེ་དབུས་སྣ་ཚོགས་པདྨ་འདབ་བརྒྱད་སྟེང་༔ ཉི་མ་དང་ནི་ཟླ་རྒྱས་གདན་སྟེང་དུ༔ དྷཱིཿཡིག་དམར་སེར་བབ་པའི་འོད་ཟེར་གྱིས༔ རྒྱལ་བ་ཀུན་མཆོད་ཞིང་ཁམས་གཞལ་ཡས་ལྷ༔ མ་ལུས་ཚུར་འདུས་དྷཱིཿཡིག་ཉིད་ལ་ཐིམ༔ འོད་ཟེར་མར་འཕྲོས་ཁམས་གསུམ་སེམས་ཅན་ཀུན༔ ཀ་དག་འཁྲུལ་མི་ཤེས་པའི་ས་རུ་བསྒྲལ༔ ཚེ་བསོད་དཔལ་ཡོན་འབྱུང་ལྔའི་དྭངས་བཅུད་བཅས༔ ཚུར་འདུས་དྷཱིཿཡིག་ཡོངས་སུ་གྱུར་པ་ལས༔ རང་ཉིད་བཅོམ་ལྡན་མགོན་པོ་འཇམ་པའི་དབྱངས༔ ལོ་བརྒྱད་གཞོན་ནུ་རབ་མཛེས་གུར་གུམ་མདོག༔ ཞི་འཛུམ་མཚན་དང་དཔེ་བྱད་ལང་ཚོས་མཛེས༔ ཕྱག་གཡས་ཤེས་རབ་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་ཨུཏྤལ་བརྒྱད་སྟོང་གླེགས་བམ་བསྣམས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་སྤྲས༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཡེ་ཤེས་ལྔ་ལྡན་འཇའ་འོད་ཀློང་དུ་གསལ༔ དེ་ལྟར་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་ལྷ་སྐུར་ཤར་བའི་མདངས་བཞི་ཡེ་ཤེས་ཀྱི་ལྷ་རུ་ཤར་བ་ལ་ཤར་གྱི་འདབ་སྟེང་དུ་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཐུགས་ཀྱི་སྤྲུལ་པ་འཇམ་དཔལ་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ༔ ཆུ་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་དབྱངས་ཅན་དཀར་མོ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་སུ་མེད་པའི་བདག་ཉིད་དུ་བསྒོམ་ལ༔ ཤར་དུ་ཐུགས་ཀྱི་སྤྲུལ་པ་རྡོ་རྗེའི་རིགས༔ འཇམ་དབྱངས་དཀར་པོ་ཉ་རྒྱས་ཟླ་བའི་མདོག༔ ཞལ་གཅིག་ཕྱག་གཉིས་ལོ་བརྒྱད་གཞོན་ནུའི་ཚུལ༔ ཞི་འཛུམ་མཚན་དཔེས་རབ་མཛེས་ལོངས་སྤྱོད་རྫོགས༔ ཕྱག་གཡས་རྡོ་རྗེས་མཚན་པའི་རལ་གྲི་དང་༔ གཡོན་པས་ཨུཏྤལ་པོ་ཏི་ཐུགས་ཀར་བསྣམས༔ འཇའ་ཚོན་ཀློང་དུ་པད་ཟླར་སྐྱིལ་ཀྲུང་བཞུགས༔ ལྷོ་རུ་རང་ཉིད་ལྷ་ཡི་ཐུགས་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་ཡོན་ཏན་གྱི་སྤྲུལ་པ་འཇམ་དཔལ་སེར་པོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ས་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་དབྱངས་ཅན་སེར་མོ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་སུ་མེད་པར་བསྒོམ་ལ༔ ལྷོ་རུ་ཡོན་ཏན་སྤྲུལ་པ་འཇམ་པའི་དབྱངས༔ སེར་གསལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་༔ ཕྱག་གཡས་ནོར་བུས་མཚན་པའི་རལ་གྲི་དང་༔ གཡོན་པས་ཨུཏྤལ་པོ་ཏི་ཐུགས་ཀར་བསྣམས༔ ལོངས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཏེ༔ ཞི་བའི་ཚུལ་ལྡན་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འཇའ་ཚོན་འོད་ལྔའི་ཀློང་དུ་གསལ༔ ནུབ་ཏུ་སོར་རྟོག་ཡེ་ཤེས་ཀྱི་རང་གདངས་གསུང་གི་སྤྲུལ་པ་འཇམ་དཔལ་དམར་པོ་གཡས་རལ་གྲི་དང་གཡོན་ཨུཏྤལ་ལ་ཡི་སྟེང་དུ་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་ཤིང་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་འཇའ་ཚོན་འོད་ལྔའི་ཀློང་ན་མེ་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་དབྱངས་ཅན་དམར་མོ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་མེད་དུ་བཞུགས་པར་བསྒོམ་སྟེ༔ ནུབ་ཏུ་གསུང་གི་སྤྲུལ་པ་འཇམ་པའི་དབྱངས༔ དམར་གསལ་གཞོན་ནུ་མཚན་དཔེའི་ལང་ཚོ་ཅན༔ ཕྱག་གཡས་པདྨས་མཚན་པའི་རལ་གྲི་དང་༔ གཡོན་པས་ཨུཏྤལ་པོ་ཏི་ཐུགས་ཀར་བསྣམས༔ ལོངས་སྐུའི་རྒྱན་རྫོགས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འོད་ཕུང་འཁྲིགས་པའི་ཀློང་དུ་བསྐྱེད༔ ཀུན་ཀྱང་རང་རང་རིགས་ཀྱི་དབྱངས་ཅན་ཡུམ༔ རལ་གྲི་པོ་ཏི་བསྣམས་ནས་ཡབ་ལ་འཁྲིལ༔ མཚན་དཔེས་རབ་སྤྲས་གཞོན་ཚུལ་ལྟ་ན་སྡུག༔ ཁ་དོག་རང་རང་རིགས་ཀྱི་ཡབ་དང་མཚུངས༔ ཡེ་ཤེས་འཇའ་ཚོན་འོད་ལྔའི་ཀློང་དུ་བསྐྱེད༔ བྱང་དུ་བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་ཕྲིན་ལས་ཀྱི་སྤྲུལ་པ་འཇམ་དཔལ་ནག་པོ་གཡས་རལ་གྲི་དང་གཡོན་སྤྲུལ་ཞགས་བསྣམས་པ་ཞབས་གཉིས་ཕྱེད་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཤིན་ཏུ་ཁྲོས་ཤིང་གཏུམ་པ་སྐུ་སྟོད་ལ་དར་དཔྱངས་དང་སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ་མེ་དཔུང་དམར་ནག་གི་ཀློང་ན་རླུང་ཁམས་གནས་སུ་དག་པའི་ངོ་བོ་ཤེས་རབ་ཀྱི་རང་གདངས་ནོར་རྒྱུན་མ་ལྗང་མོ་དང་འཁྲིལ་བ་དོན་ལ་ཡབ་ཡུམ་གཉིས་མེད་དུ་བཞུགས་པར་བསྒོམ་ལ༔ བྱང་དུ་ཕྲིན་ལས་སྤྲུལ་པ་འཇམ་དཔལ་ནི༔ མཐིང་ནག་གཡས་པས་རལ་གྲི་མེ་འབར་དང་༔ གཡོན་པས་སྦྲུལ་རིགས་ལྔ་ཡི་ཆུན་པོ་བསྣམས༔ དེ་ཡི་པང་དུ་ནོར་རྒྱུན་ལྷ་མོ་ལྗང་༔ ཕྱག་གཡས་རལ་གྲི་གཡོན་པས་ནོར་བུ་བསྣམས༔ ཞི་མ་ཁྲོ་འཛུམ་རིན་ཆེན་རུས་རྒྱན་གསོལ༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དུ་བསྐྱེད༔ གཞིའི་གནས་ལུགས་རིག་པ་དང་༔ ལམ་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་ངང་རིག་ནས་གདིང་ཐོབ་པའི་ཆ་ནས་སེམས་ལས་འཕགས་པས་གཤིན་རྗེ་རིགས་བཞི་ནི་རིག་པ་རང་ཐོག་ཏུ་རང་ས་ཟིན་ཀྱང་མ་རིག་པ་རང་མལ་དུ་གསོད་པས་ཁྲོ་ཆེན་རྡོ་རྗེ་གནོད་སྦྱིན་ཏེ༔ ཤར་སྒོར་གཤིན་རྗེ་ཞི་བྱེད་ཆེན་པོ་དཀར༔ རལ་གྲི་ལྕགས་ཀྱུ་བསྣམས་ནས་ལྷ་བདུད་གནོན༔ ལྷོ་སྒོར་གཤིན་རྗེ་འཇིགས་བྱེད་ཆེན་པོ་སེར༔ རལ་གྲི་ཞགས་པ་བསྣམས་ནས་ཕུང་བདུད་གནོན༔ ནུབ་སྒོར་གཤིན་རྗེ་རྨོང་བྱེད་ཆེན་པོ་དམར༔ རལ་གྲི་ལྕགས་སྒྲོག་བསྣམས་ནས་ཉོན་བདུད་གནོན༔ བྱང་སྒོར་གཤིན་རྗེ་མྱོས་བྱེད་ཆེན་པོ་ནག༔ རལ་གྲི་དྲིལ་བུ་བསྣམས་ནས་འཆི་བདུད་གནོན༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་རབ་ཏུ་འཇིགས༔ དུར་ཁྲོད་ཆས་རྫོགས་གར་གྱི་ཉམས་དང་ལྡན༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བསྒྲད༔ ཡེ་ཤེས་མེ་ཕུང་རབ་འབར་ཀློང་དུ་བསྐྱེད༔ སྤྱི་བོར་ཨོཾ་དཀར་པོ་འོད་ཟེར་རབ་ཏུ་འབར་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འདུས་ཤིང་རྫོགས་པར་བསྒོམ༔ མགྲིན་པར་ཨཱཿདམར་པོ་འོད་ཟེར་རབ་ཏུ་འབར་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འདུས་ཤིང་རྫོགས་པར་བསམ༔ ཐུགས་ཀར་ཧཱུ་མཐིང་ག་འོད་ཟེར་རབ་ཏུ་འབར་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འདུས་ཤིང་རྫོགས་པར་བསམ༔ སྐུ་གསུང་ཐུགས་ཀྱི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་ཏེ་བུམ་ཆུས་སྤྱི་བོ་ནས་དབང་བསྐུར༔ ནད་གདོན་སྡིག་སྒྲིབ་བག་ཆགས་ལས་ཉོན་ཐམས་ཅད་སངས་ཀྱིས་དག་སྟེ་སྐུ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིས་ལྟེམ་གྱིས་གང་༔ ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསམ་ལ༔ ཨོཾཨཱཿཧཱུྃ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ མ་ལུས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ༔ བུམ་ཆུས་དབང་བསྐུར་སྐུ་གང་དྲི་མ་དག༔ ཆུ་ལྷག་ཡར་ལུད་སྣང་མཐས་དབུ་རྒྱན་གྱུར༔ སླར་ཡང་དབང་ལྷ་འོད་ཞུ་རང་ལ་ཐིམ༔ རྡོ་རྗེ་གསུམ་གྱི་ངོ་བོར་རྒྱས་གདབ་གྱུར༔ ་ཨཱཿཨོཾཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾཿསརྦ་ཏ་ཐཱ་ག་ཏ་ཧཱུྃ་ཨཱཿསརྦ་པཱ་པཾ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨོཾ་སརྦ་བུདྡྷ་དྷ་ར་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་དྷ་ར་ཨ་བྷི་ཥིཉྩ་ཏྲཱཾཿཔདྨ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཀརྨ་དྷ་ར་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྤྱན་འདྲེན་པ་ལ༔ སྤྱི་བོར་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་སྤྲུལ་སྐུའི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ མགྲིན་པར་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་ཆོས་སྐུའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཡི་རྣམ་པར་གྱུར་ཏེ་མཚོ་ཆེན་པོ་ལ་ཁ་བ་བབ་པ་ལྟར་བསྐྱེད་པའི་དཀྱིལ་འཁོར་ལ་སིབ་སིབ་ཏུ་ཐིམ་པར་བསྒོམ་ལ༔ ཧཱུྃ་ཧྲཱིཿའོག་མིན་ཟག་བྲལ་བདེ་ཆེན་ཞིང་ཁམས་ནས༔ མགོན་པོ་སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་གཞལ་ཡས་ནས༔ འཕགས་མཆོག་མཁྱེན་རབ་དབང་ཕྱུག་གཤེགས་སུ་གསོལ༔ རྒྱ་ནག་རི་བོ་རྩེ་ལྔའི་གནས་མཆོག་ནས༔ འཇམ་དཔལ་རིགས་ལྔ་འཁོར་བཅས་གཤེགས་སུ་གསོལ༔ གཞན་ཡང་སྐུ་གསུམ་དག་པའི་ཞིང་ཁམས་ནས༔ མཁྱེན་གཟིགས་ཡེ་ཤེས་དབང་པོ་གཤེགས་སུ་གསོལ༔ སྟོང་གསུམ་མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ ཀུན་ཁྱབ་ཀུན་གཟིགས་དབང་པོ་གཤེགས་སུ་གསོལ༔ བདག་ཅག་སྒྲུབ་མཆོག་རྣལ་འབྱོར་འཁོར་བཅས་ཀྱི༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ བྱིན་གྱིས་རློབས་ལ་སྨིན་ཅིང་གྲོལ་བར་མཛོད༔ ན་མོ་མཉྫུ་ཤྲཱི་པཉྩ་བཛྲ་ས་མ་ཡ་ཛཿཛཿདེ་ནས་བཞུགས་སུ་གསོལ་བ་ལ༔ འཇམ་དཔལ་རིགས་ལྔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྟེང་གི་ནམ་མཁའ་ལ་སྤྱན་དྲངས་ཏེ་རང་རང་དགྱེས་པའི་གདན་ཁྲི་ཕུང་ལྔའི་སྒྲིབ་པ་ལ་གཤེགས་པ་ལྔ་དང་༔ ཁམས་ལྔའི་སྒྲིབ་པ་ལ་ཡུམ་ལྔ༔ བདུད་བཞིའི་གདན་ལ་ཧེ་རུ་ཀ་བཞི་འཁོད་ཅིང་བཞུགས་པས་འཁོར་བའི་སྒོ་འཕར་ཐམས་ཅད་མནན་ཏེ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་དུ་གྱུར་ཅིང་དབང་བསྒྱུར་བར་བསྒོམ་ལ༔ ཧཱུྃ་ཧྲཱིཿརྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཆེན་པོ་རུ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ་ཚོགས་ཀུན༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་༔ སྐུ་དང་ཡེ་ཤེས་རོལ་པར་སྨིན་གྲོལ་མཛོད༔ ན་མོ་མཉྫུ་ཤྲཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ རང་ཉིད་ལྷར་གསལ་བའི་སྐུ་ཡི་ཆ་ཐམས་ཅད་ནས་ཐ་མལ་གྱི་ལུས་ཞིང་གི་རྡུལ་རྙེད་ཀྱི་གྲངས་ཙམ་འཕྲོས་ཏེ་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ནས་མ་རིག་ལས་ཉོན་གྱི་དབང་གིས་འཁོར་བ་མཐའ་མེད་དུ་འཁྱམས་པ་ལ་འགྱོད་སེམས་དྲག་པོ་བསྐྱེད་པ་དང་༔ སྡིག་པ་མི་དགེ་བའི་ལས་བགྱིས་ཏེ་བསགས་པ་ཐམས་ཅད་མི་འཆབ་མི་སྦེད་པར་བཤགས་པར་བྱ་བ་དང་༔ ཕྱིན་ཆད་སྡོམ་སེམས་ཀྱི་དམ་བཅའ་བྱས་པའི་སྒོ་ནས་ཕྱག་འཚལ་བས་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས་སླར་ཡང་བདག་ཉིད་ལྷར་གསལ་བའི་སྐུ་ཡི་འོད་ཟེར་ཕོག་པས་རང་འདྲ་བའི་ཡེ་ཤེས་ཀྱི་ལྷ་ཤ་སྟག་ཏུ་གྱུར་ཏེ་རང་ལ་ཐིམ་པས་སྐུའི་ནུས་པ་བསྐྱེད་པར་བསྒོམ་ལ༔ ན་མོ༔ བླ་མེད་བླ་མ་སྐྱབས་གནས་དཀོན་མཆོག་གསུམ༔ སྐུ་གསུམ་ངོ་བོ་རྩ་གསུམ་རྒྱལ་དང་སྲས༔ ཡོངས་འདུས་བདག་ཉིད་འཇམ་དཔལ་དཀྱིལ་འཁོར་ལ༔ རྣམ་གསུམ་དད་པའི་སྒོ་ནས་ཕྱག་འཚལ་ལོ༔ ཨོཾ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་པ་འབུལ་བ་ལ༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པར་གྱུར་ནས་དཀྱིལ་འཁོར་ལྷའི་སྐུ་གསུང་ཐུགས་ལ་ཐིམ་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་གསང་བ་གསུམ་གྱི་ནུས་པ་རབ་ཏུ་བསྐྱེད་པར་བསམ་མོ༔ གཞན་ཡང་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ་བདག་ཉིད་ལྷར་གསལ་བའི་སྐུའི་ཆ་ཐམས་ཅད་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་རང་རང་གི་མཆོད་རྫས་དུ་མ་ཐོགས་ནས་བདག་ཉིད་ཡི་དམ་གྱི་སྐུ་གསུང་ཐུགས་ལ་ཐིམ་པས་བདེ་སྟོང་ཟག་པ་མེད་པའི་རོས་མྱོས་པར་བསམ༔ སྐུ་བསིལ་བའི་མཆོད་ཡོན༔ ཞབས་བསིལ་བའི་ཞབས་བསིལ༔ གདན་མེ་ཏོག་པདྨོ༔ ཤངས་ལ་བདུག་སྤོས༔ སྤྱན་ལ་སྣང་གསལ༔ སྐུ་ལ་དྲི་ཆབ༔ ཞལ་ལ་རོ་བརྒྱའི་ཞལ་ཟས་སྣ་ཚོགས༔ སྙན་ལ་སྙན་པའི་གླུ་གར་རོལ་མོ་སྣ་ཚོགས་པ་ཕྱིའི་མཆོད་པའོ༔ སྤྱན་ལ་གཟུགས་མཛེས་པ་སྣ་ཚོགས༔ སྙན་པ་སྙན་པའི་སྒྲ་སྣ་ཚོགས༔ ཤངས་ལ་དྲི་ཞིམ་པ་སྣ་ཚོགས༔ ལྗགས་ལ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་རོ་སྣ་ཚོགས༔ སྐུ་ལ་རེག་འཇམ་བདེ་བའི་རེག་བྱ་རྣམ་པ་སྣ་ཚོགས་པ་ནང་གི་མཆོད་པའོ༔ ཁམས་གསུམ་འབྲུ་གསུམ་གྱི་བདུད་རྩིར་ཞུ་བའི་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་བདུད་རྩི༔ སྣང་སྲིད་བཅུད་དུ་དྲིལ་བའི་གཏོར་མ་འདོད་རྒུ་ཀུན་འབྱུང་དུ་བསྒྱུར་ཏེ་འབུལ་བ་དང་༔ ཁམས་གསུམ་འཁོར་བ་རཀྟའི་རྒྱ་མཚོར་ཞུ་བའི་རཀྟ་དམར་གྱི་མཆོད་པ༔ གཞན་ཡང་སྣང་སྟོང་སྦྱར་བའི་བདེ་བ་ཆེན་པོའི་བཅུད་ཀྱི་བྱང་སེམས༔ མ་དག་འཁོར་བའི་སྣང་སེམས་ཆོས་ཉིད་དུ་བསྒྲལ་བའི་མཛད་པ་རྨད་དུ་བྱུང་བ་སྒྲོལ་བའི་མཆོད་པའོ༔ གཞན་ཡང་བཀྲ་ཤིས་རྫས་རྟགས་དང་རྒྱལ་སྲིད་སྣ་བདུན་ནོར་བུ་ཆ་བདུན་དང་༔ གཞན་ཡང་ལྷ་ཀླུ་མི་ཡི་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་ཁྱབ་ཅིང་གང་བར་བསམ་ལ༔ ་ཨོཾཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ ཆོས་ཀྱི་དབྱིངས་ལས་ཡེ་ཤེས་རོལ་བའི་འཕྲུལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་ཀྱིས༔ དུས་གསུམ་རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་གྱུར༔ འགྲོ་ཀུན་ཚོགས་རྫོགས་སྐུ་གཉིས་མྱུར་ཐོབ་ཤོག༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ དྭངས་བསིལ་རྙོག་བྲལ་ཡན་ལག་བརྒྱད་ལྡན་ཆུ༔ མཆོད་ཡོན་དང་ནི་ཞབས་བསིལ་ཅི་མཆིས་པ༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾབཛྲ་ཨརྒྷཾ་པཱདྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ རབ་མཛེས་ཡིད་དུ་འོང་བའི་མེ་ཏོག་རིགས༔ དྲི་ཞིམ་ངད་དང་ལྡན་པའི་བདུག་སྤོས་ཚོགས༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ོཾཨོཾ་བཛྲ་པུཥྤེ་དྷུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ རབ་མཛེས་ཡིད་འོང་སྣང་གསལ་རིགས་རྣམས་དང་༔ དྲི་ཞིམ་ངད་ལྡན་བདུད་རྩི་དྲི་ཆབ་ཀུན༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ རོ་བརྒྱའི་དཔལ་འཛིན་ཞལ་ཟས་སྣ་ཚོགས་དང་༔ ཡིད་འཕྲོག་སྙན་པའི་སྒྲ་དབྱངས་རོལ་མོའི་རིགས༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾ་བཛྲ་ནཻ་ཝིདྱ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ དེ་ནས་ནང་གི་མཆོད་པ་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཐའ་ཡས་ན༔ རབ་མཛེས་གཟུགས་ཀྱི་བྱེ་བྲག་ཇི་སྙེད་དང་༔ སྙན་པའི་སྒྲ་སྐད་རྣམ་པ་སྣ་ཚོགས་ཀུན༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾ་ཨཱཿབཛྲ་རཱུ་པ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ ཡིད་དུ་འོང་བའི་དྲི་ཡི་བྱེ་བྲག་དང་༔ རོ་བརྒྱ་ནུས་པ་སྟོང་ལྡན་རོ་མཆོག་ཀུན༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཨོཾ་ཨཱཿབཛྲ་གནྡྷེ་རཱ་ས་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ རབ་མཛེས་འཇམ་སྲབ་བདེ་བའི་རེག་བྱ་ཀུན༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཇི་ལྟ་ཇི་སྙེད་ཤེས་རབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་སྤཪྵེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཁམས་གསུམ་བདུད་རྩིར་ཞུ་བའི་སྨན་ཆེན་པོ༔ སྣང་སྲིད་བཅུད་དུ་དྲིལ་བའི་བ་ལིཾ་ཏ༔ དུག་གསུམ་དབྱིངས་སུ་བསྒྲལ་བའི་ཁྲག་ཆེན་པོ༔ འཇམ་དཔལ་སྒྱུ་འཕྲུལ་གསང་འདུས་ལྷ་ལ་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་སརྦ་པཱུ་ཛ་ ཧོཿ སྣང་སྟོང་རིག་སྟོང་གསལ་སྟོང་མཉམ་སྦྱོར་བའི༔ བདེ་སྟོང་བཅུད་ཀྱི་དམ་པ་བྱང་ཆུབ་སེམས༔ མཁྱེན་དང་གཟིགས་པའི་ཡེ་ཤེས་རྒྱན་དུ་འབུལ༔ འབྱུང་ཕྲན་འབྱུང་ཆེན་དྭངས་མར་འཕོས་པ་ལས༔ གཉིས་སྣང་རཱུ་དྲ་ཕོ་མོ་ཤུགས་སྒྲོལ་གྱི༔ ཤ་ཁྲག་སྲོག་དབུགས་ཕུང་ཁམས་སྐྱེ་མཆེད་ཀུན༔ འཇམ་དཔལ་སྒྱུ་འཕྲུལ་གསང་འདུས་ལྷ་ལ་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ ཧོཿ རཱུ་དྲ་ཧ་ལ་པཉྩ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་སརྦ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ལ༔ རང་ཉིད་འཇམ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསལ་བའི་སྐུ་ལས་སྤྲུལ་པའི་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པས་ནམ་མཁའ་དང་བར་སྣང་ས་གཞི་ཐམས་ཅད་དུ་སྐུ་མཛེས་པའི་གར་འཁྱུགས༔ ཕྱག་ནས་སྙན་པའི་རོལ་མོ་འཁྲོལ༔ ངག་ནས་ཚངས་པའི་དབྱངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཡོན་ཏན་དྲན་པའི་སྒོ་ནས་བསྟོད་པ་དང་༔ བསྔགས་པ་བརྗོད་ཅིང་མཐར་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་རྒྱ་ཆེ་དཔག་ཏུ་མེད་པ་བསྐྱེད་ནས་འཁོར་འདས་ཐུགས་ཀྱི་ཐིག་ལེར་དབང་བསྒྱུར་ཏེ༔ ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མངོན་དུ་གྱུར་པར་བསྒོམ་ལ༔ ཧཱུྃ་ཧྲཱིཿཀ་དག་སྐྱེ་མེད་ཆོས་སྐུ་ཀུན་ཏུ་བཟང་༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ གདུལ་བྱ་འདུལ་བྱེད་སྤྲུལ་པའི་སྐུར་སྣང་བ༔ སྒྱུ་འཕྲུལ་འཁོར་ལོའི་དཔལ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཇི་ལྟ་ཇི་སྙེད་ཤེས་རབ་ཡེ་ཤེས་ཀུན༔ ངོ་བོ་གཅིག་བསྡུས་མཁྱེན་རབ་དབང་པོའི་སྐུ༔ འཇིག་རྟེན་མགོན་པོ་མཆོག་ལ་ཕྱག་འཚལ་བསྟོད༔ གཞོན་ནུའི་ཚུལ་འཆང་སྐྱེ་འཆི་བསྒྲེས་རྒུད་བྲལ༔ གདུལ་དཀའ་འདུལ་མཛད་ཡེ་ཤེས་སྒྱུ་མའི་སྐུ༔ མཚན་དཔེས་རབ་སྤྲས་ཡེ་ཤེས་འོད་ཕུང་འབར༔ ཐུགས་རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པའི་མཛོད༔ ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས༔ སྲིད་པར་དུབ་པའི་སྐྱེ་འགྲོ་མལ་ནས་སློང་༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་གསུང་ལ་བསྟོད༔ ཁྱབ་བརྡལ་ནམ་མཁའ་ལྟ་བུའི་ཐུགས་ཀློང་དུ༔ རིགས་དང་དཀྱིལ་འཁོར་མ་ལུས་ཡོངས་སུ་རྫོགས༔ མཁྱེན་གཉིས་ཡེ་ཤེས་རྩལ་གྱིས་འགྲོ་ཀུན་སྒྲོལ༔ ཀ་དག་ཀུན་ཏུ་བཟང་པོའི་ཐུགས་ལ་བསྟོད༔ སྐུ་ལྔའི་རང་གདངས་རིགས་ལྔ་གངས་ཆེན་མཚོ༔ ཡེ་ཤེས་རིགས་ལྔའི་གསང་ཆེན་ཡུམ་ལྔར་ཤར༔ སྲིད་ལས་རྣམ་པར་རྒྱལ་བའི་སྒོ་སྐྱོང་ཚོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ལ༔ ཡི་དམ་གྱི་ལྷ་དེ་དག་རྟེན་གྱི་སྟོབས་སུ་བཙུགས་ཏེ༔ ཚེ་རབས་ཐམས་ཅད་དུ་མ་རིག་འཁྲུལ་བའི་འཁོར་ལོར་འཁྱམས་བའི་ལས་བསགས་པ་ལ་གནོང་འགྱོད་དྲག་པོས་མཐོལ་བཤགས་བྱེད་པ་ཉེས་པ་སུན་འབྱིན་པའི་སྟོབས་དང་༔ ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ་པར་བགྱིའོ་སྙམ་པ་ཉེས་པ་ལས་བཟློག་པའི་སྟོབས་དང་༔ སྡིག་པ་མི་དགེ་བའི་གཉེན་པོ་སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱངས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་རྣམས་དྲན་པར་བྱས་ཏེ༔ ཧོཿ བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་ཚེ་རབས་ཚེ་བརྒྱུད་ཐམས་ཅད་དུ༔ སྒོ་གསུམ་མི་དགེའི་ལས་ངན་ཅི་བསགས་པ༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ ཞེས་ཡི་གེ་བརྒྱ་པ་བརྗོད་ཅིང་བཤགས་སོ༔ སླར་ཡང་རྣལ་འབྱོར་པའི་ཉམས་ཆག་བཤགས་པ་དང་༔ རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལ༔ ཤ་དང་ཆང་ནི་རྫས་གཙོ་བོར་གྱུར་པ་ཡིན་ལ༔ གཞན་ཡང་གང་འབྱོར་བའི་ཡོ་བྱད་ཟས་ཚོགས་ཐམས་ཅད་བསགས་ཏེ་བཤམས་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་དམར་པོ་ལས་མེ་བྱུང་བས་སེར་སྣ་ལ་སོགས་པའི་འབག་རྩོག་ཐམས་ཅད་བསྲེག༔ ཡཾ་ཡིག་ལྗང་ནག་ལས་རླུང་བྱུང་བས་འབག་རྩོག་ཐམས་ཅད་གཏོར༔ ཁཾ་ཡིག་ལས་ཆུ་བྱུང་བས་མ་དག་པའི་དྲི་མ་དང་འབག་རྩོག་ཐམས་ཅད་བཀྲུས་ཏེ་སྦྱངས་པར་བསམ༔ སྟོང་པ་ཉིད་དུ་ཡལ༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་ལྟར་ཨཱཿལས་ཀཱ་པ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་དབུས་སུ་དྲི་ཆེན་དང་མི་ཤ༔ ཤར་དུ་དྲི་ཆུ་དང་གླང་པོ་ཆེའི་ཤ༔ ལྷོ་རུ་ཀླད་པ་དང་རྟ་ཤ༔ ནུབ་དུ་བྱང་སེམས་དང་རྨ་བྱའི་ཤ༔ བྱང་དུ་རཀྟ་དང་ཁྱི་ཤ༔ སླར་ཡང་མི་ཤའི་སྟེང་དུ་ཨོཾ༔ དྲི་ཆེན་གྱི་སྟེང་དུ་མཱུཾ༔ དེ་བཞིན་དུ་གླང་པོ་ཆེའི་ཤ་ལ་ཧཱུྃ་༔ དྲི་ཆུ་ལ་ལཱཾ༔ རྟ་ཤ་ལ་ཏྲཱཾཿཀླད་པ་ལ་མཱཾ༔ རྨ་བྱའི་ཤ་ལ་ཧྲཱིཿབྱང་སེམས་ལ་པཱཾ༔ ཁྱི་ཤ་ལ་ཨཱཿརཀྟ་ལ་ཏཱཾ་རྣམས་འོད་ཀྱི་ཐིག་ལེ་མཐིང་དཀར་སེར་དམར་ལྗང་གི་ཀློང་དུ་བསྐྱེད་པ་ལ་བདུད་རྩི་བྱང་སེམས་ཀྱི་རྒྱུན་བབས་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་དུ་བསྒྱུར༔ ཐོད་པའི་འོག་ཏུ་ཡཾ་ཡིག་ལས་རླུང་གཡོས༔ རཾ་ཡིག་ལས་མེ་འབར་བས་ཐོད་པའི་བདུད་རྩི་ཁོལ་ཞིང་ལུད་པ་ལས་ལྦུ་བ་སྤྱིར་བྱུང་བས་ཕྱི་རོལ་ཐམས་ཅད་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་པ་དང་༔ མཐར་ཡིག་འབྲུ་རྣམས་བདུད་རྩིར་ཐིམ་པས་མྱོང་གྲོལ་ཡེ་ཤེས་ཀྱིས་བདུད་རྩིའི་རོལ་པར་གྱུར༔ རླངས་པས་ནམ་མཁའ་བར་སྣང་དང་ས་གཞི་ཐམས་ཅད་ལ་ན་བུན་ལྟ་བུར་ཁྱབ་པ་ལས་བྱུང་བའི་ཕྱི་ཉེར་སྤྱོད་བདུན་གྱི་མཆོད་པ༔ ནང་འདོད་ཡོན་ལྔའི་ཕུང་པོ༔ གསང་བ་སྨན་གཏོར་རཀྟ༔ ལྷ་ཀླུ་མིའི་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་འདས་ཡོངས་ལ་ཁྱབ་ཅིང་བརྡལ་བར་བསམ་ལ༔

ཧཱུྃ་༔ རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ འབྱུང་བའི་སྙིང་པོ་ཡི་གེ་འབྲུ་གསུམ་འཕྲོས༔ རཾ་ལས་མེ་བྱུང་ཚོགས་ཀྱི་ཉེས་སྐྱོན་བསྲེགས༔ ཡཾ་ལས་རླུང་བྱུང་མི་གཙང་དྲི་མ་གཏོར༔ ཁཾ་ལས་ཆུ་བྱུང་བག་ཆགས་དྲི་མ་སྦྱངས༔ རཾ་ཡཾ་ཁཾ༔ སླར་ཡང་རླུང་མེ་ཐོད་སྒྱེད་གསུམ་གྱི་ཁར༔ ཨཱཿལས་ཐོད་པ་ཕྱི་དཀར་ནང་དམར་བ༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་༔ ཁམས་གསུམ་བཅུད་དུ་དྲིལ་བའི་ཤ་ལྔ་དང་༔ འབྱུང་བའི་དྭངས་བཅུད་བདུད་རྩི་རྣམ་པ་ལྔ༔ བྱིན་རླབས་ཡེ་ཤེས་སྙིང་པོ་ཡིག་འབྲུ་བཅུ༔ ཞུ་བས་མྱོང་གྲོལ་བདེ་སྟོང་ཡེ་ཤེས་ཀྱི༔ བདུད་རྩིར་གྱུར་པ་བྱིན་རླབས་ཡེ་ཤེས་རླུང་༔ གཏུམ་མོ་ཡེ་ཤེས་མེ་དང་འཐབ་པ་ལས༔ བདུད་རྩིར་ཁོལ་བས་སྐུ་གསུམ་དབྱིངས་ཀུན་ཁྱབ༔ རླངས་པ་ལས་བྱུང་འདོད་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་སྤྲོས་ཤིང་མཆོད༔ ཧཱུྃ་་ཨོཾ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ མ་ཧཱ་གྷ་ཎ་ཙཀྲ་སརྦ་པཱུ་ཛ་ ཧོཿ ཨོཾ་ཨཱཿཧཱུྃ་༔ ལན་གསུམ་བརྗོད༔ དེ་ནས་སྤྱན་འདྲེན་པ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བརྒྱུད་པ་དགུ་ལྡན་གྱི་བླ་མ་དམ་པ་རྣམས་དང་ཁྱད་པར་དུ་འཇམ་དཔལ་སྒྱུ་འཕྲུལ་རོལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་སློབ་མར་བཅས་པས་བསྐོར་བ་དང་བཅས་པ་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་ཏེ་ཚོགས་ཀྱི་ཞིང་དུ་བཞུགས་པར་བསམ་ལ༔ ཧཱུྃ་༔ ཀ་དག་སྤྲོས་མཐའ་བྲལ་བའི་ཀློང་ཡངས་ནས༔ སྐྱེ་མེད་ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་དཀྱིལ་འཁོར་ནས༔ འགགས་མེད་ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ ཀུན་ཁྱབ་ཡེ་ཤེས་ཐུགས་རྗེའི་ཀློང་དཀྱིལ་ནས༔ འགྲོ་འདུལ་སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ འོག་མིན་རྣམ་པར་མཛེས་པའི་ཞིང་ཁམས་ནས༔ བཅོམ་ལྡན་འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ༔ བདེ་ཆེན་མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མཁྱེན་རབ་དབང་པོ་གཤེགས་སུ་གསོལ༔ རྒྱ་ནག་རི་བོ་རྩེ་ལྔའི་རྩེ་མོ་ནས༔ འགྲོ་འདུལ་འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཀྱིལ་འཁོར་ནས༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་གཤེགས་སུ་གསོལ༔ གནས་མཆོག་ཉེར་བཞི་ཡུལ་ཆེན་སོ་གཉིས་དང་༔ ཧེ་རུ་ཀ་ཡི་གནས་བཅུའི་དཀྱིལ་འཁོར་ནས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཆེན་དབབ་པ་དང་༔ བསྒྲུབ་པའི་རྫས་རྣམས་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་དང་དངོས་གྲུབ་སྩོལ༔ ཚོགས་རྫས་མྱོང་གྲོལ་བདུད་རྩིར་བྱིན་གྱིས་རློབས༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་ཆུ་ལ་ཉི་ཟེར་ཕོག་པ་ལྟ་བུའི་སྦུབས་ནས་ཚོགས་ཀྱི་བཅུད་རོལ་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་དགྱེས་པར་བསམ༔ ཡེ་ཤེས་ཀ་པཱ་ལ་ཡི་སྣོད་མཆོག་ཏུ༔ བདེ་སྟོང་ཡེ་ཤེས་བདུད་རྩི་བཅུད་དུ་འཁྱིལ༔ རྩ་གསུམ་ཆོས་སྐྱོང་སྲུང་མར་བཅས་ལ་འབུལ༔ སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་དུ༔ འདོད་རྒུའི་དཔལ་ཡོན་མི་ཟད་ནམ་མཁའི་གཏེར༔ ཆོས་ཉིད་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུར༔ ཡེ་ཤེས་སྒྱུ་འཕྲུལ་གསང་ཆེན་ལྷ་ལ་འབུལ༔ ཆོས་ཉིད་སྒྱུ་འཕྲུལ་རོལ་པའི་ཆོ་འཕྲུལ་ལས༔ ཡེ་ཤེས་ཀ་པཱ་ལ་ཡི་སྣོད་མཆོག་ཏུ༔ ཤ་ལྔ་བདུད་རྩི་ལྔ་དང་གསང་ཆེན་བཅུད༔ ཕྱི་ནང་གསང་མཆོད་མི་ཟད་རྒྱན་འཁོར་ཚོགས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་ལྷ་ལ་འབུལ༔ སྣང་བ་མཐའ་བྲལ་ཡངས་པའི་སྣོད་མཆོག་ཏུ༔ སྲིད་པ་ཐམས་ཅད་འདོད་ཡོན་ཚོགས་སུ་བཤམས༔ བདེ་སྟོང་ཡེ་ཤེས་ཆེན་པོས་རྒྱས་བཏབ་སྟེ༔ མི་ཟད་འདོད་ཡོན་རང་བྱུང་ཚོགས་འཁོར་འདི༔ ཡེ་ཤེས་སྒྱུ་འཕྲུལ་གསང་ཆེན་ལྷ་ལ་འབུལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བརྒྱའི་ཟས༔ རེག་བྱའི་རིགས་དང་ཕྱི་ནང་གསང་མཆོད་ཚོགས༔ རྩ་གསུམ་དམ་ཅན་སྲུང་མར་བཅས་ལ་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ རང་རང་རྣམས་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ཐམས་ཅད་བཤགས་པའི་ཆེད་དུ་ལུས་དང་ལོངས་སྤྱོད་བསོད་ནམས་དགེ་བའི་དངོས་པོ་དང་བཅས་པ་ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་ལ་བཅུད་དུ་དྲིལ་ཏེ་འབུལ་བར་བྱའོ༔ ཧོཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ དམ་ཅན་ནོར་ལྷ་གཏེར་བདག་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ རྩ་བ་ལག་ཡག་དམ་ཚིག་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྒྲལ་བ་ལ༔ ཚོགས་སྣོད་དེ་ཉིད་བྱད་མ་དགྲ་བགེགས་ཀྱི་ལས་ལས་གྲུབ་པའི་བཙོན་ཁང་ནག་པོ་འཇིགས་སུ་རུང་བ༔ ནང་དུ་ཚུད་པ་ཙམ་གྱིས་དྲན་མེད་དུ་བརྒྱལ་ཏེ་མྱོས་པར་བྱེད་པའི་རང་བཞིན་ཅན་དུ་བསྒོམ་པའི་ནང་དུ་ཚོགས་རྫས་དེ་ཉིད་དགྲ་བགེགས་གདུག་པ་ཅན་ཀུན་འདུས་པའི་ངོ་བོ་ལ་མི་གཟུགས་ཉམ་ཐག་པ་རྐང་ལག་ལྕགས་སྒྲོག་གིས་བསྡམ་པ་སྲོག་མ་ཆད་ཙམ་དབུགས་དང་མ་བྲལ་ཙམ་དུ་བསྒོམ་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་ཐམས་ཅད་ནམ་མཁའ་ནས་བྱིའུ་ཁྲ་ཡིས་དེད་པ་དང་༔ བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་༔ ས་གཞི་ནས་ར་ལུག་འཕར་སྦྱང་གིས་དེད་པ་ལྟར་ལས་ཀྱི་རླུང་དམར་དྲག་པོ་དང་༔ ཕོ་ཉ་ལས་མཁན་རྣམས་ཀྱིས་དེད་བཞིན་དུ་བྱུང་ནས་གཟུགས་ལ་ཐིམ་པར་བསྒོམས་ཏེ༔ བསྒྲལ་ལས་བྱེད་པ་ལ༔ ཕུར་པ་སྲས་མཆོག་དངོས་སུ་བསྐྱེད་ལ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་ཐིམ་པར་བསྒོམ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཕུར་པ་གཡས་དང་གཡོན་དུ་བསྐོར་བས་དགྲ་བགེགས་ཀྱི་བླ་ཡི་ངོ་བོ་ལ་རྣམ་པ་ནྲྀ་དང་ཏྲི་དམར་ནག་ཏུ་གྱུར་པ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་ཕུར་པ་དེ་བཀྲག་མདངས་གཟི་བརྗིད་དག་ལྡན་པར་བསམ་པའོ༔ ཡང་དགྲ་བགེགས་ཀྱི་ཚེ་བསོད་ཀྱི་ངོ་བོ་འོ་མ་ལས་མར་ཐོན་པ་བཞིན་དུ་ནྲྀཿཡིག་ལྗང་སེར་ཞིག་ཏུ་གྱུར་ཏེ་ཆུ་ཐིག་ཧུབ་ཀྱིས་བཏབ་པ་ལྟར་ཕུར་བའི་རྩེ་མོར་འདུས་ཏེ་ཁོང་གསེང་ནས་བརྒྱུད་པས་སྐྱོན་དང་དྲི་མ་སྦྱངས་ཏེ་འཛམ་བུའི་ཆུ་གསེར་ལྟ་བུར་གྱུར་ནས་བདག་ཡི་དམ་གྱི་ཐུགས་ཀར་ཐིམ་པས་ཚེ་བསོད་ནམས་ཐམས་ཅད་བསྐྱེད་ཅིང་རྒྱས་པར་བསྒོམ་པའོ༔ ཁྲུས་ལུང་བྱ་བ་ལ༔ ཕུར་པའི་རྩེ་མོ་ནས་འོད་འཕྲོས་པས་ཁོ་ཡི་རྒྱུད་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བྱས༔ གནས་ལུང་བྱ་བ་ལ༔ ཁོ་ཡི་རྣམ་པར་ཤེས་པ་ཨ་དཀར་པོ་ཆུ་ཤེལ་ལྟར་གསལ་ལ་འཚེར་བ་ཞིག་ཏུ་བསྒོམ་སྟེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་བརྒྱུད་པས་མ་རིག་པའི་དྲི་མ་སྦྱངས་ཏེ་ཚོགས་ཞིང་གི་གཙོ་བོའི་ཐུགས་ཀར་བསྟིམས་པར་བསྒོམ་པའོ༔ ལུས་ཤ་ཁྲག་གི་ཕུང་པོ་ལ་གཟུང་འཛིན་གྱིས་བསྡུས་པའི་སེམས་སྣང་བག་ཆགས་ཁམས་གསུམ་གྱི་འཁྲུལ་འཁོར་ཐམས་ཅད་འདུས་པར་བསམ་ལ༔ ཧཱུྃ་༔ ཀ་དག་བརྡལ་ཁྱབ་གཞལ་ཡས་ནས༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷས༔ གཟུང་འཛིན་རཱུ་དྲ་ཞིང་བཅུའི་དགྲ༔ བདག་མེད་རྟོགས་པའི་མཚོན་གྱིས་བསྒྲལ༔ འཁོར་བ་མྱང་འདས་ཆེན་པོར་བསད༔ ཧཱུྃ་༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་ནི༔ ཉོན་མོངས་དུག་ལྔའི་སྲོག་ལ་གདབ༔ འཁོར་བའི་བླ་ཆེན་དབྱིངས་སུ་སྡུད༔ ཚེ་དང་བསོད་ནམས་རང་ལ་བསྡུས༔ འོད་ཀྱིས་སྒྲིབ་གཉིས་དྲི་མ་སྦྱངས༔ རྣམ་ཤེས་མདུན་བསྐྱེད་ཐུགས་སུ་བསྲེ༔ ཤ་ཁྲག་འཁོར་བའི་རྒྱ་མཚོར་དམིགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད་སོད༔ དེ་ནས་བསྟབས་པ་ལ༔ མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཞལ་མཉམ་ཉིད་བདེ་བ་ཆེན་པོའི་ཀློང་དུ་དགྲ་བགེགས་ཀྱི་སེམས་དང་སྣང་བ་ཐམས་ཅད་བསྟབས་པ་ཙམ་གྱིས་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་ཆོས་སྐུ་ཀུན་ཏུ་བཟང་པོའི་མཁའ་དབྱིངས་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་ཅིང་འཁྲུལ་མི་ཤེས་པའི་ངང་དུ་བརྟན་པ་ཐོབ་པར་བསྒོམ་ལ༔ ཧཱུྃ་༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷ༔ སྟོང་ཉིད་ཡངས་པའི་ཞལ་ཕྱེས་ཤིག༔ ཁམས་གསུམ་འཁོར་བའི་སེམས་སྣང་ཆོས༔ བདག་མེད་སྟོང་ཉིད་ཞལ་དུ་བསྟབ༔ འཁྲུལ་པ་མེད་པའི་རྒྱས་བཏབ་སྟེ༔ བདེ་བར་གཤེགས་པའི་ས་ཐོབ་ཤོག༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི༔ དེ་ནས་དྲང་བ་ལ༔ ཚོགས་མཆོག་ཡེ་ཤེས་ཀྱི་བདུད་རྩིས་ལྷ་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམས་ནས་སྒྲུབ་པ་པོའི་དམ་ཚིག་ཉམས་ཆག་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དགྱེས་ཤིང་ཚིམས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་དང་ལྡན་པ་འཇའ་སྤྲིན་གཏིབས་པ་ལྟར་བྱུང་ནས་རང་གི་སྒོ་གསུམ་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ་བསྒྱུར་བར་བསམ་ལ༔ ལས་ཀྱི་རྡོ་རྗེས༔ ཧོཿ གསང་སྔགས་ཟབ་མོའི་མྱུར་ལམ་ལ༔ བརྟེན་པའི་ཚོགས་ཀྱི་འཁོར་ལོ་ཡིས༔ ཉམས་ཆག་ཉེས་ལྟུང་ཀུན་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་དངོས་གྲུབ༔ ཡེ་ཤེས་འོད་ཀྱི་ཕུང་པོ་ཅན༔ བདག་གི་སྒོ་གསུམ་ལ་ཞུགས་པས༔ རྡོ་རྗེ་གསུམ་གྱི་རོལ་པར་འཕོས༔ མཆོག་གི་དངོས་གྲུབ་སྐལ་བ་བཟང་༔ ཨ་ལ་ལ་ ཧོཿ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཧོཿ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཡེ་ཤེས་བདུད་རྩིའི་ཚོགས་ལ་རོལ༔ ཟག་མེད་བདེ་བ་ཆེན་པོར་བཞེས༔ ཨ་ལ་ལ་སིདྡྷི་ཕ་ལ་ ཧོཿ དེ་ནས་མཆེད་ལྕམ་གྱིས༔ ཀྱཻ༔ གསང་སྔགས་བླ་ན་མེད་པའི་རྫས༔ གཙང་རྨེ་གཉིས་འཛིན་དང་བྲལ་བས༔ གདན་གསུམ་དཀྱིལ་འཁོར་དགྱེས་ཕྱིར་རོལ༔ མཆོག་ཐུན་དངོས་གྲུབ་དམ་པའོ༔ ཨ་ལ་ལ་ ཧོཿ དེ་ནས་སྨོན་ལམ་ནི༔ ཧོཿ གསང་སྔགས་བླ་མེད་དཀྱིལ་འཁོར་དུ༔ ཚོགས་མཆོད་ཕུལ་བའི་བསོད་ནམས་དགེས༔ བདག་སོགས་འདུས་པ་རྒྱ་མཚོ་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་ལྷག་མ་འབུལ་བ་ལ༔ ཚོགས་ཀྱི་ལྷག་མ་ཉལ་ཉིལ་རྣམས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་འདུས་ཏེ་ཤ་ཡི་རི་བོ༔ ཁྲག་གི་རྒྱ་མཚོ༔ རུས་པའི་གྲམ་ཁྲོད་ཆེན་པོ་དང་༔ དཀར་གསུམ་མངར་གསུམ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོའི་ཕུད་ཀྱིས་ལྷག་སྐྱོང་མཁའ་འགྲོ་དམ་ཅན༔ བར་པས་བཀའ་སྲུང་སྡེ་བརྒྱད༔ སྙིགས་མས་སྣང་སྲིད་ལྷ་འདྲེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐོབ་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་གཉིད་བཙན་ཐབས་ཀྱིས་སད་པ་བཞིན་དུ་འཁྲུལ་མི་ཤེས་པའི་དབྱིངས་སུ་སད་ཅིང་བདེ་ཆེན་འཕོ་འགྱུར་མེད་པའི་ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་དབང་འབྱོར་པར་བསམ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ༴ ཅེས་བརྗོད་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམས༔ ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པ་ཉིད་དུ་སྦྱངས༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་འཕྲུལ་དགའི་ལྷའི་ལོངས་སྤྱོད་ལྟ་བུར་སྐད་ཅིག་གིས་སྣང་བར་བྱས་ཏེ༔ ཧཱུྃ་་བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཅོམ་ལྡན་སྤྱི་དཔལ་ཆེན་པོ་ཡིས༔ བཀའ་ཉན་རོལ་བའི་ལྷག་སྡུད་མ༔ དབང་ཕྱུག་འབར་མ་གིང་ལང་ཀ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ ཕྲིན་ལས་བསྒྲུབ་ལ་བར་ཆད་སོལ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དང་༔ ཆོས་སྐྱོང་དྲེགས་པ་སྡེ་བརྒྱད་ཚོགས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ དགྲ་བགེགས་གདུག་པ་ཚར་གཅོད་མཛོད༔ རིགས་དྲུག་སེམས་ཅན་སྣང་སྲིད་ཀྱི༔ ལྷ་འདྲེ་བགེགས་རིགས་ལན་ཆགས་བདག༔ ཀུན་ཀྱང་འདོད་ཡོན་ལྷག་མ་རོལ༔ གཏན་དུ་བདེ་བའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་ཤ་མཁོན་དག་གྱུར་ཅིག༔ འགྲོ་དྲུག་སྡུག་བསྔལ་བྱང་གྱུར་ཅིག༔ ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག༔ ས་མ་ཡ༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་འཇིགས་པའི་ཆ་ལུགས་ཅན་དཔག་ཏུ་མེད་པས་ནམ་མཁའ་བར་སྣང་ས་བཞིའི་ཁམས་ཐམས་ཅད་གང་སྟེ་དགྲ་འདྲེ་འདུག་པ་ཅན་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་བརླག་ནས་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་འཁྲུལ་མི་ཤེས་པའི་དབྱིངས་སུ་བཤིགས་ཅིང་བརྡལ་ཏེ་བསྒྲལ་བར་བསམ༔ སྐུ་དང་ཡེ་ཤེས་ཀྱི་ཤུགས་དང་སྟོབས་ཆེན་པོས་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་ཆོས་སྐྱོང་སྣང་སྲིད་ལྷ་འདྲེ་ཡུལ་ལྷ་ཟོ་དོར་ཐམས་ཅད་བཙན་ཐབས་སུ་བསླང་སྟེ་བཀའ་བསྒོས་ནས་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་ཚེ་བླ་སྲོག་གསུམ་མི་ཕྱུགས་འཁོར་དང་བཅས་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བརླག་ཅིང་གསོད་གཅོད་དྲག་པོའི་ལས་བྱེད་པར་བསྒོམ༔ སླར་ཡང་ཆད་མདོ་བཏང་བ་ལ༔ གཏོར་མའི་སྣོད་འཆི་བདག་ལས་ཀྱི་གཤིན་རྗེའི་བཤའ་ཁང་ནག་པོའི་ནང་དུ་གཏོར་མ་དེ་ཉིད་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་ཞིག་ཏུ་བསྒོམ་སྟེ༔ བདག་མདུན་གྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་ཤིན་ཏུ་མི་སྲུན་འཇིགས་པའི་ཆ་ལུགས་ཅན་དཔག་ཏུ་མེད་པ་འཕྲོས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཡོངས་སུ་གང་ཞིང་ཁྱབ་ནས་འབྱུང་ལྔ་སྣོད་བཅུད་ཀྱི་ཁམས་ཀྱི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ལས་ལ་བཀོལ་ཏེ་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བྱིའུ་ཆུང་ཁྲས་དེད་པ་བཞིན་དུ་བཀུག་ནས་གཏོར་མ་ལ་ཐིམ་པར་བསམ་ལ༔ འགུགས་གཞུག་ལན་གསུམ་བྱས་ཏེ་མཐར༔ རང་གི་ཐུགས་ཀ་ནས་ཛཿཡིག་དམར་པོ་འཕྲོས་ཏེ་དགྲ་བགེགས་ཀྱི་ཁ་ནས་ཞུགས༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཛཿཡིག་ནག་པོ་གཅིག་འཕྲོས་ཏེ་གཤང་ལམ་ནས་ཞུགས་ཛཿཡིག་གཉིས་པོ་སྙིང་གར་སླེབས་པ་ཙམ་གྱིས་ཛཿདམར་པོ་ལས་ཟངས་ཀྱི་འཁོར་ལོ་རྣོ་བའི་ངར་དང་ལྡན་པ་གཡས་སུ་འཁོར་བ་དང་༔ ཛཿནག་པོ་ལས་གནམ་ལྕགས་ཀྱི་འཁོར་ལོ་དེ་བཞིན་གཡོན་དུ་འཁོར་བ་གཉིས་པོ་སོ་འཐབ་པའི་བར་ན་དགྲ་བགེགས་ཀྱི་བླ་སྲོག་དོན་སྙིང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དམར་ཉི་ལི་ལི་འཐག་ཅིང་གཏུབ་པས་ཚེ་བསོད་ནམས་ནྲྀ་ལྗང་འོད་དང་བཅས་པའི་རྣམ་པར་རང་ལ་ཐིམ་པར་བསམ་པ་དང་༔ རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར་ཏེ་མེ་སྟག་ཡར་བ་ལྟར་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པས་སངས་རྒྱས་པར་བསམ་པ་དང་༔ འཁོར་ལོ་དྲག་ཏུ་འཁོར་བས་དགྲ་བོའི་མི་ནོར་དཀོར་ཁང་དང་བཅས་པ་ཐམས་ཅད་དམར་ཉི་ལི་ལི་གཏུབ་པས་ཤའི་རི་བོ༔ ཁྲག་གི་རྒྱ་མཚོ༔ རུས་པའི་གྲམ་ཁྲོད༔ རྐང་ལྷ་ཚིལ་ཞུན་གྱི་བྲག་རི་ཆེན་པོ་བཀའ་སྲུང་ཆོས་སྐྱོང་གཞི་བདག་སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཡིད་ལ་གང་དྲན་པ་ཙམ་གྱིས་དེ་དག་སྣང་བར་བྱེད་པའི་རང་བཞིན་ཅན་དུ་བསྒོམ༔ ཐམས་ཅད་དགྱེས་ཤིང་ཚིམས་ནས་ཁྱོད་ཀྱི་བཀའ་ཉན་ཅིང་གསུང་སྡོད་ཕྲིན་ལས་རབ་འབྱམས་རྟག་ཏུ་སྒྲུབ་པར་མི་བྱེད་རེ་ཞེས་དམ་བླང་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསྒོམ་ལ༔ ཧཱུྃ་བྷྱོ་ཛཿསྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ༔ འཁོར་བ་དང་ནི་འདས་པའི་རྒྱབ་གྱིས་ཚེ༔ འཁོར་འདས་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀས༔ གདུལ་དཀའ་ཐབས་ཀྱིས་འདུལ་བའི་དགོངས་སྤྱོད་ཀྱི༔ བླ་མེད་རྡོ་རྗེ་ཐེག་པའི་སྒྱུ་འཕྲུལ་གྱིས༔ གང་འདུལ་སྣ་ཚོགས་ཐབས་ལ་འཆོས་པའི་ཚེ༔ སྤྲུལ་པ་ལས་ཀྱི་ཕོ་ཉ་བཀའ་སྡོད་འགྱེད༔ དེ་དག་རྣམས་ཀྱང་རང་རང་སྤྲུལ་པའི་གཞི༔ དཔལ་ཆེན་སྤྱན་སྔར་འཁོད་ཅིང་གུས་པས་འདུད༔ སངས་རྒྱས་བསྟན་བསྲུང་རྣལ་འབྱོར་བར་ཆད་ཟློག༔ སྒྲུབ་པའི་དྲོད་བསྲུང་ཕྲིན་ལས་རབ་འབྱམས་བསྒྲུབ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པར་ཆད༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་རྡོ་རྗེ་འཆང་ཆེན་གསང་བའི་བདག༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ་ཆེན་པོས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན༔ མི་སྲུན་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ དེ་ཚེ་བཀའ་སྡོད་དྲེགས་པ་ཆེ་འབྲིང་ཆུང་༔ མ་ལུས་འདུས་ཤིང་རང་དམ་གཉེར་བླངས་པ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པ་དང་༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སེལ་བ་དང་༔ རབ་འབྱམས་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཁས་བླངས་དམ་བཅས་ཇི་བཞིན་ཕྲིན་ལས་བསྒྲུབ༔ ཐ་མ་སྐུ་གསུམ་དག་པའི་དབྱིངས་རུམ་ནས༔ འགྲོ་བའི་དཔལ་མགོན་ཨོ་རྒྱན་རིན་པོ་ཆེ༔ སྐྱེ་འགྲོ་ཐུགས་རྗེས་སྐྱོང་བའི་གཉེར་བླངས་ཚེ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཕོ་མོ་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས༔ རང་རང་སྲོག་སྙིང་ཕུལ་ནས་དམ་བཅས་པ༔ བཀའ་ཡི་ཕམ་ཕབ་གཏོར་མ་ལེན་པ་དང་༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཁས་བླང་བཞིན༔ ཆད་དོན་ཕྲིན་ལས་ཡོངས་སུ་གྲུབ་པར་མཛོད༔ དེ་འོག་དོན་གྱི་འོག་མིན་པདྨ་བཀོད༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ༔ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ ཨོ་རྒྱན་ཆེ་མཆོག་པདྨ་ཐོད་ཕྲེང་གིས༔ སྨོན་ལམ་ལས་ཀྱི་སྤྲུལ་པའི་རིག་འཛིན་ལ༔ ཟབ་གསང་གཉན་པོའི་ཀློང་མཛོད་གཏད་པའི་ཚེ༔ ཡེ་ཤེས་ལས་དང་འཇིག་རྟེན་སྲུང་མའི་ཚོགས༔ ཀུན་ཀྱང་རང་རང་སྲོག་སྙིང་མངོན་ཕུལ་ནས༔ ཟབ་གསང་བསྟན་པ་གཉན་པོ་བསྲུང་བ་དང་༔ བསྟན་འཛིན་སྐྱེས་བུའི་འདོད་དོན་བསྒྲུབ་པ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་དམ་བཅས་བཞིན༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཟབ་གསང་བསྟན་པའི་མངའ་ཐང་སྤེལ་བ་དག༔ བསྟན་འཛིན་སྐྱེས་བུ་སྡེ་དང་བཅས་པ་སྐྱོངས༔ དགྲ་བགེགས་མ་ལུས་བརླག་པའི་ཕྲིན་ལས་མཛོད༔ ད་ལྟ་རང་སྣང་བཀོད་པ་ལྷུན་གྲུབ་པའི༔ གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་འདིར༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་གྱིས༔ སྒྱུ་འཕྲུལ་རྡོ་རྗེའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ ཡེ་ཤེས་ལྷ་བསྒྲུབ་ཕྱི་ནང་མཆོད་པས་མཉེས༔ ཞིང་ཆེན་གཡང་གཞིར་ཐོད་པའི་གཏོར་སྣོད་དུ༔ དགྲ་བགེགས་ཐབས་ཀྱི་བསྒྲལ་བའི་གཟུགས་ཕུང་ལས༔ ཤ་ཁྲག་དམར་གྱི་གཏོར་མ་རྒྱ་ཆེར་བཤམས༔ ཡེ་ཤེས་བདུད་རྩིའི་ངོ་བོར་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྃ༔ ཛཿཆད་མདོ་དམ་ཅན་སྲུང་མ་ཐམས་ཅད་ཀུན༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ ཟབ་གསང་གཉན་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ ཕྱི་ནང་གསང་བའི་རྐྱེན་ངན་བར་ཆད་བཟློག༔ རབ་འབྱམས་ཕྲིན་ལས་ཐོགས་མེད་བསྒྲུབ་པ་དང་༔ བསྟན་དགྲ་སྡེ་དང་བཅས་པ་རྡུལ་དུ་རློག༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་དམར་གྱི་གཏོར་མ་བཏང་བ་ནི༔ ཨོཾ་ཨཱཿཧཱུྃ༔ གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་དཔེར་ན་དགའ་ལྡན་ལྷའི་ལོངས་སྤྱོད་ལྟ་བུ་མ་ཚང་བ་མེད་པ་མ་མོ་བརྟན་མའི་ཚོགས་ཀྱི་སྤྱོད་ཡུལ་དུ་སྐད་ཅིག་གིས་སྣང་བར་བྱས་ཏེ༔ བཀའ་དང་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་བཀའ་ཉན་གསུང་སྡོད་ཕྲིན་ལས་གང་བརྩམ་ཐམས་ཅད་བསྒྲུབ་པར་ཁས་བླངས་མནའ་ཐོ་བྱེད་པར་བསམ་ལ༔ ཧཱུྃ་༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་མནའ་ཐོ་ཆད༔ བསྟན་དང་བསྟན་འཛིན་སྐྱོང་ཞིང་བསྲུང་མཛད་མ༔ མ་མོ་བརྟན་མ་བཅུ་གཉིས་འཁོར་དང་གཡོག༔ སྡེ་རིས་འབངས་འཁོར་ཡང་འཁོར་བཅས་པ་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པའི་མངའ་ཐང་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུའི་ཚེ་བསྲིང་འདོད་དོན་སྒྲུབས༔ མི་ནད་ནོར་གྱི་གོད་ཡམས་ཐམས་ཅད་ཟློག༔ དགྲ་བགེགས་སྡེ་དང་བཅས་པ་རྡུལ་དུ་བཟློག༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་ནས་འདྲེ་འགུགས་བྱ་ཞིང་བྲོ་མནན་བྱ་བ་ལ༔ གཏོར་གཞོང་སྦུབས་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་དང་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅད་མར་མེ་རླུང་གིས་བསད་པ་ལྟར་ནུབ་པར་བསམ༔ གཏོར་གཞོང་གི་འོག་གི་ས་གཞི་གས་ཏེ་འོག་གཞི་རླུང་གི་དཀྱིལ་འཁོར་ལ་མ་ཐུག་གི་བར་དུ་ཐ་ལེར་ཡོད་པར་བསམ༔ བདེན་པའི་སྟོབས་བརྗོད་ནས་འགུགས་པའི་ཚེ་གནོད་བྱེད་དམ་སྲི་རྒབ་འདྲེ་ཉུལ་ལེ་ཕོ་མོ་ཐམས་ཅད་ས་གཞི་དང་མཉམ་པའི་འོད་ནག་པོས་ཡར་དྲིལ༔ ནམ་མཁའ་དང་མཉམ་པའི་འོད་ནག་པོས་མར་དྲིལ་ཏེ་དོང་ནང་དུ་རྡོ་འཕང་བ་ལྟར་གཏོར་གཞོང་གི་ཞབས་སུ་སོང་ནས་འོག་གཞི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ལྷུང་བའི་རྐང་ལག་མགོ་དང་བཅས་པ་ལ་གནམ་ལྕགས་འབར་བའི་ཕུར་བུ་རི་རབ་ཙམ་རེས་གཟེར་གདབ་པས་འཕར་ལྡང་གཡོ་འགུལ་ཙམ་ཡང་མི་ནུས་པར་བསམ་ལ༔ དེའི་སྙིང་ཀའི་སྟེང་དུ་མཆོད་རྟེན་ནག་པོ་རི་རབ་ཙམ་གྱིས་མནན་ནས་བྱམས་པ་མགོན་པོའི་བསྟན་པ་མ་བྱུང་གི་བར་དུ་བདེ་བ་སྐྱེས་ཏེ་ཞེན་པ་མེད་པའི་ངང་དུ་བརྒྱལ་བར་བསམ༔ མཆོད་རྟེན་གྱི་མཐར་ཡེ་ཤེས་ཀྱི་ཁྲོ་བོ་མང་པོས་བྲོ་འཁྲབ་པས་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་རྩྭ་སྦུར་ཕྲ་མོ་རྡོག་པས་བཅོམ་པ་བཞིན་དུ་བཅོམ་ནས་བཏུལ་བར་བསམ་ལ༔ ཧཱུྃ་༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ལྷའི༔ དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གླུ་ལེན་འུ་རུ་རུ༔ བདག་ལྟའི་རཱུ་ཏྲའི་མགོ་ལ་ཆེམ༔ འཁྲུལ་མེད་ཆོས་ཉིད་ཀློང་དུ་བྲུབ༔ ཧཱུྃ་༔ རང་སྣང་དོན་གྱི་འོག་མིན་ནས༔ སྒྱུ་འཕྲུལ་རོལ་པའི་ལྷ་ཚོགས་ཀྱིས༔ ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས༔ དུག་ལྔའི་མགོ་ལ་ཆེམས་སེ་ཆེམ༔ ཕུང་ལྔའི་འཁྲུལ་འཁོར་དབྱིངས་སུ་བཤིག༔ གཟུང་དང་འཛིན་པའི་རྣམ་རྟོག་བགེགས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན་ནན༔ གཏོར་གཞོང་གི་ཁ་ཡར་བཟེད་པ་ཙམ་གྱིས་དགྲ་བགེགས་ཀྱི་ཚེ་བསོད་ནམས་དཔལ་ཡོན་ལོངས་སྤྱོད་ཐམས་ཅད་བདག་ལ་ཐོབ་ནས་དབང་འབྱོར་པར་བསམ་པས་རང་གི་ཚེ་བསོད་ལོངས་སྤྱོད་ཐམས་ཅད་རབ་ཏུ་རྒྱས་ཤིང་འཕེལ་བར་བསམ་མོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ དང་པོ་དངོས་གྲུབ་ཀྱི་སྣོད་དུ་རུང་བའི་ཕྱིར་རང་གི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་བསྐྱེད་ལ༔ མདུན་གྱི་ནམ་མཁར་བླ་མའི་ངོ་བོ་ལ་རྣམ་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་ཉི་མ་དང་ཉི་ཟེར་གྱི་ཚུལ་དུ་བཞུགས་པར་བསམ་ལ༔ དབང་དང་དངོས་གྲུབ་ཀྱི་འབྱུང་གནས་དེ་དག་གི་སྤྱི་བོར་ཨོཾ་དཀར་པོ་བཅོ་ལྔའི་ཟླ་རྒྱས་ལྟར་དཀར་ཞིང་འོད་འབར་བ༔ མགྲིན་པར་ཨཱཿཡིག་དམར་པོ་ཉི་མའི་འོད་ལྟར་འབར་བ༔ ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་བཻ་ཌཱུཪྻའི་རི་བོ་ལ་ཉི་མ་འབུམ་གྱི་འོད་ཀྱིས་བརྡལ་བ་ལྟར་འོད་དང་འོད་ཟེར་རབ་ཏུ་འབར་བར་གསལ་ལ༔ དབང་དང་དངོས་གྲུབ་བླང་བའི་དུས་སུ་ལྷ་རྣམས་ཀྱི་སྤྱི་བོར་ཨོཾཡིག་དཀར་པོ་ལས་སྐུ་བུམ་པའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་བྱུང་ནས་སྤྱི་བོ་ནས་ལུས་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་ནས་ལུས་རྡོ་རྗེ་སྐུའི་རོལ་པ་རུ་འཕོས་པར་བསམ་སྟེ་རྫས་སྤྱི་བོར་གཏུགས༔ མགྲིན་པའི་ཨཱཿལས་འོད་ཕུང་དམར་པོ་འཕྲོས་ཏེ་རང་གི་མགྲིན་པ་ནས་ཞུགས་ཏེ་ངག་ལ་ཐིམ་པས་ངག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་ནས་ངག་རྡོ་རྗེ་གསུང་གི་རོལ་པར་འཕོས་ཤིང་གྲོལ་བར་བསམ༔ ཐུགས་ཀའི་ཧཱུྃ་ལས་འོད་ཕུང་མཐིང་ནག་འཕྲོས་པས་རང་གི་སྙིང་ག་ནས་ཡིད་ལ་ཐིམ་པས་ཡིད་ཀྱི་ཉེས་སྐྱོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་སྟེ་ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་འཕོས་ཤིང་སྨིན་པར་བསམ༔ སླར་ཡང་གནས་ལྔ་ནས་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་འཐིབས་པ་བཞིན་དུ་རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་ཅིང་རིག་འཛིན་རྣམ་པ་བཞིའི་གོ་འཕང་གཅིག་ཆར་དུ་ཐོབ་པས་སྐུ་བཞིའི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་གྱུར་པར་བསམ་ལ༔ ཧཱུྃ་༔ དཀྱིལ་འཁོར་ལྷ་ཚོགས་དབང་དང་དངོས་གྲུབ་མཛོད༔ རབ་འབྱམས་ཕྲིན་ལས་གྲུབ་བརྒྱད་ཚེ་དབང་འབྱོར༔ ཡི་དམ་ལྷ་ཡི་གོ་འཕང་མངོན་གྱུར་སོགས༔ མཆོག་ཐུན་དངོས་གྲུབ་མ་ལུས་དུས་འདིར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཨཱཿཞེས་རྒྱས་པར་སྤྲོ་ན་རྩ་སྔགས་རེ་དང་སྦྲགས༔ དེ་ནས་བཤགས་པ་བྱ་བ་ལ༔ མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དཔང་དུ་བཙུགས་ཏེ༔ དེ་དག་གི་སྤྱན་སྔར་རང་གིས་སྔར་བྱས་ཀྱི་སྡིག་པ་དང་༔ དམ་ཚིག་ཆག་ཉམས་ཐམས་ཅད་དང་༔ དཀྱིལ་འཁོར་གྱི་ལྷ་ཚོགས་བསྒོམ་བསྒྲུབ་བྱེད་པ་ལ་བར་དུ་གཅོད་པའི་དམ་ཚིག་ཆག་ཉམས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་སྡོམ་ནས་གནོང་འགྱོད་དྲག་པོའི་སྒོ་ནས་མི་འཆབ་མི་སྦེད་པར་མཐོལ་ལོ་བཤགས་སོ༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་པར་བགྱིའོ་སྙམ་ཞིང་༔ གཉེན་པོ་ཡི་གེ་བརྒྱ་བའི་བཤགས་པ་བཏང་བ་ལ༔ ཧོཿ དཀྱིལ་འཁོར་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ༔ བསྒྲུབ་དང་དཀྱིལ་འཁོར་ཟབ་མོའི་སྒོར་ཞུགས་ཀྱང་༔ ཚོར་དང་མ་ཚོར་མ་རིག་དབང་གྱུར་པས༔ ཚུལ་དང་མི་མཐུན་པ་ཡི་ལས་རྣམས་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་ནི༔ མཐོལ་ལོ་བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་འགྱིད་དོ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་ཅི་མང་བརྗོད་དོ༔ དེ་ནས་བསྔོ་སྨོན་བྱ་བ་ལ༔ རང་གི་སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་བསགས་པའི་དགེ་རྩ་ཅི་དང་ཅི་མཆིས་པ་ཐམས་ཅད་དུས་དེ་རང་གི་བསྐྱེད་རྫོགས་བསྒོམ་བཟླས་བྱས་པའི་དགེ་བ་འདི་དང་ལྷན་གཅིག་ཏུ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྔོའོ༔ སྦྱིན་ནོ༔ བཏང་ངོ་༔ དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་རྗེས་སུ་མཐུན་པར་བསྔོའོ་བསམ་ལ༔ ན་མོ༔ བདག་གིས་དུས་གསུམ་བསགས་པའི་རྣམ་དཀར་དགེ༔ ནམ་མཁའི་མཐའ་ཁྱབ་སེམས་ཅན་ཡོངས་ལ་བསྔོ༔ ཀུན་ཀྱང་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ ཆོས་སྐུ་གདོད་མའི་མགོན་པོར་སངས་རྒྱས་ཤོག༔ ལན་གསུམ་བརྗོད་དོ༔ དེ་ནས་བསྡུ་བའི་རིམ་པས་རྟག་པའི་མཐའ་བསལ་བ་ནི༔ སྣང་ཞིང་སྲིད་པ་ལྷ་དང་ཞིང་ཁམས་གཞལ་ཡས་ཁང་དུ་བསྒོམ་པ་ཐམས་ཅད་རང་ཉིད་ལྷར་གསལ་པ་ལ་ཐིམ་པར་བྱས༔ རང་ཡང་ཐུགས་ཀའི་སྔགས་འཁོར་ལ་ཐིམ༔ སྔགས་རྣམས་ཐུགས་སྲོག་ལ་བསྟིམ༔ ཐུགས་སྲོག་ཀྱང་ནམ་མཁའ་སྟོང་པ་ལ་ཐིམ་པས་ཁྱབ་བརྡལ་དུ་བཞག་གོ༔ ཧཱུྃ་༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་བསྡུ༔ དེ་ཡང་ཐུགས་སྲོག་སྙིང་པོར་བསྡུ༔ དེ་ཡང་སྟོང་ཉིད་ནམ་མཁའི་ངང་༔ ཨ་ཨ་ཨ༔ སླར་ཡང་ཆད་པའི་མཐའ་བསལ་བ་ནི༔ སྐད་ཅིག་གིས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་རང་ཉིད་འཇམ་དཔལ་དམར་སེར་གཡས་རལ་གྲི་དང་གཡོན་པས་པོ་ཏི་བསྣམས་པ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་འོད་དང་འཇའ་ཚོན་འཁྱིལ་བའི་ཀློང་དུ་བསྐྱེད་ལ༔ ཧཱུྃ་༔ སྐད་ཅིག་སྟོང་པའི་དབྱིངས་རུམ་ནས༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ རང་ཉིད་འཇམ་དཔལ་གཞོན་ནུའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་སྤྲས༔ རྩ་སྔགས་ལན་གསུམ་བརྗོད་ནས་རྗེས་ཐོབ་ལུ་གུ་རྒྱུད་དུ་སྦྲེལ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ རང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དཔའ་བོ་དང་དཔའ་མོའི་རོལ་པར་བཞེངས་ཏེ་ནམ་མཁའ་ལས་སྐུ་མཛེས་པའི་གར་མཛད༔ ཕྱག་ནས་མེ་ཏོག་གི་ཆར་ཤར་ནས་དཀར་པོ༔ ལྷོ་ནས་སེར་པོ༔ ནུབ་ནས་དམར་པོ༔ བྱང་ནས་ལྗང་ནག༔ དབུས་ནས་སྔོན་པོ་ལ་སོགས་པ་སྣ་ཚོགས་ཀྱི་ཆར་ཕབ་སྟེ་རང་དང་མགྲིན་གཅིག་ཏུ་བཀྲ་ཤིས་བའི་བདེན་ཚིག་འུར་དི་རི་རི་སྒྲོག་པར་ཡིད་ལ་བྱས་ཏེ༔ ཧཱུྃ་༔ ཆོས་སྐུ་བརྡལ་ཁྱབ་འཁོར་འདས་མངའ་དབང་བསྒྱུར༔ ལྷུན་གྲུབ་འགགས་མེད་ལོངས་སྤྱོད་རྫོགས་པའི་དཔལ༔ རང་གྲོལ་རོལ་པ་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མངོན་གྱུར་བཀྲ་ཤིས་ཤོག༔ དག་པ་རབ་འབྱམས་སྤྲུལ་པའི་ཞིང་ཁམས་འདིར༔ མདོ་སྔགས་བསྟན་པའི་མངའ་ཐང་རབ་རྒྱས་ཤིང་༔ བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་གང་སྟེ༔ བསྟན་པའི་སྦྱིན་བདག་ལོངས་སྤྱོད་འབྱོར་པ་རྒྱས༔ རྒྱལ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག༔ ཧཱུྃ་༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་དུ་འཕོས༔ སྲིད་པ་ཐམས་ཅད་ལྷ་དང་ལྷ་མོའི་སྐུ༔ དྲན་རྟོག་ཐམས་ཅད་ཡེ་ཤེས་རོལ་པར་སྨིན༔ ཐམས་ཅད་དག་པ་རབ་འབྱམས་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་ཅི་རིགས་བརྗོད་དོ༔ དེ་ལྟར་གཞི་བདེ་བར་གཤེགས་པའི་སྙིང་པོ་ཀ་དག་སྤྲོས་མཐའ་དང་བྲལ་བའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཇམ་དཔལ་དམར་སེར་ལྷུན་གྱིས་གྲུབ་པའི་རྒྱལ་པོ༔ རང་བཞིན་རང་གསལ་གྱི་བདག་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་འཇམ་དཔལ་དཀར་པོ་དྲི་མ་བྲལ་བའི་རྒྱལ་པོ༔ ཡོན་ཏན་ཡོངས་སུ་རྫོགས་པའི་ཆ་ལས་འཇམ་དཔལ་སེར་པོ་རིན་པོ་ཆེའི་རྒྱལ་པོ༔ ཆགས་བྲལ་བདེ་བ་ཆེན་པོའི་རང་གདངས་འཇམ་དཔལ་དམར་པོ་དབང་ཆེན་དཔལ་འབར༔ ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་འཇམ་དཔལ་ནག་པོ་འཁོར་བ་ཡོངས་སྒྲོལ༔ ནམ་མཁའ་རྣམ་པར་དག་པའི་རང་གདངས་སངས་རྒྱས་དབྱངས་ཅན་མཐིང་ག༔ ཆུ་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་རྡོ་རྗེ་དབྱིངས་ཅན་དཀར་མོ༔ ས་ཁམས་གནས་སུ་དག་པའི་འབྱུང་ཆེན་པོའི་རང་གདངས་རིན་ཆེན་དབྱངས་ཅན་སེར་མོ༔ མེ་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་པདྨ་དབྱངས་ཅན་དམར་མོ༔ རླུང་ཁམས་གནས་སུ་དག་པའི་འབྱུང་བ་ཆེན་པོའི་རང་གདངས་ཀརྨ་དབྱངས་ཅན་མ་ལྗང་ནག༔ ཞི་བའི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་སྙིང་རྗེ་ཆེན་པོའི་རང་གཟུགས་གཤིན་རྗེ་དཀར་པོ༔ རྒྱས་པའི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་བྱམས་པ་ཆེན་པོའི་རང་གཟུགས་གཤིན་རྗེ་ཁྱབ་བྱེད་སེར་པོ༔ དབང་གི་ཕྲིན་ལས་ཡོངས་སུ་གྲུབ་པའི་རང་གདངས་དགའ་བ་ཆེན་པོའི་རང་གཟུགས་གཤིན་རྗེ་དབང་ཆེན་དམར་པོ༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རང་གདངས་བཏང་སྙོམས་ཆེན་པོའི་རང་གཟུགས་གཤིན་རྗེ་གསོད་བྱེད་ནག་པོའོ༔ གཞི་རང་གི་གནས་ལུགས་མངོན་དུ་གྱུར་བའི་ཕྱིར་དུ་འཁོར་བའི་སྣང་སེམས་ཞིང་ཁམས་དང་གཞལ་ཡས་ཁང་ལྷ་སྐུའི་རོལ་པར་བསྒོམ་ནས་ཡི་དམ་ལྷའི་ང་རྒྱལ་བརྟན་པ་དང་༔ སྣང་སྲིད་དག་པ་རབ་འབྱམས་ཀྱི་རོལ་པ་རུ་བསྒོམ་ཞིང་གསལ་བའི་ངང་དང་མི་འབྲལ་བས་འཁོར་བའི་མངོན་ཞེན་ལྡོག་སྟེ་སྣོད་བཅུད་སྐུ་གསུམ་གྱི་རོལ་པར་མངོན་དུ་གྱུར་ཏེ་སངས་རྒྱས་པའི་གནད་ཟབ་ཁྱད་ཅན་ཡོད་པས་ཤིན་ཏུ་རབ་ཏུ་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོའི་སྒོ་ནས་ཉམས་སུ་བླང་བར་བྱའོ༔ དོན་དམ་པར་སྟོང་ཉིད་ཀྱི་ལྟ་བ་ཟབ་མོ་གཏན་ལ་ཕབ་སྟེ་གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཆོས་ཉིད་མངོན་དུ་བྱས་པས་རང་ཐོག་ཏུ་རང་ངོར་སངས་པ་ཆོས་སྐུ་ཀུན་ཏུ་བཟང་པོར་སངས་རྒྱས་པར་འགྱུར་བ་ལ་ཚེགས་མེད་དོ༔ ལས་དང་ཉོན་མོངས་པའི་དབང་གིས་དེ་ལྟར་རྩོལ་བ་དང་བྲལ་བའི་ཆོས་ལ་ཡིད་ཆེས་དང་བློ་གཏོད་མེད་པའི་གང་ཟག་རྣམས་ཀྱིས་འདིར་མྱོང་ཞེན་མཚན་མ་ཅན་གྱི་ལྷ་དང་ཞིང་ཁམས་བསྒོམ་པའི་ཆོས་སྐུ་མཚན་མ་དང་བྲལ་བའི་དབྱིངས་སུ་ཁ་དྲངས་པར་འགྱུར་རོ༔ ཁྱད་པར་དུ་འདི་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་ཡིན་ཏེ་བསྒོམ་ཞིང་བཟླས་པ་བྱས་ཙམ་ནས་ཤེས་རབ་དང་ཡེ་ཤེས་ཀྱི་རྩ་ཁ་འབྱེད་ཅིང་ཚེ་འདིར་རྣམ་པར་གྲོལ་བའི་ས་ལ་འགོད་པར་གདོན་མི་ཟའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ ཇི་ལྟ་ཇི་སྙེད་ཤེས་རབ་དབང་པོ་མཆོག༔ འཇམ་དཔལ་གསང་བ་འདུས་པའི་བསྒྲུབ་པ་འདི༔ བསྐྱེད་དང་བཟླས་པ་ཡ་མ་བྲལ་བའི་ངང་༔ གང་གིས་ཉམས་སུ་ལེན་པའི་སྐྱེས་བུ་རྣམས༔ བར་མ་ཆད་པར་ལོ་གསུམ་ཟླ་གསུམ་གྱིས༔ ཆོས་སྐུ་རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བསྐྱེད་པའི་གནད་མེད་ཤེས་པ་གཞན་དུ་གཡེང་༔ ངག་གི་བཟླས་པ་གཅིག་པུར་གདིང་བྱས་ནས༔ བསྐལ་པར་བསྒྲུབ་ཀྱང་འབྲས་བུ་འབྱིན་མི་འགྱུར༔ དེ་ཕྱིར་ཤེས་པ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ང་རྒྱལ་གསལ་བའི་གཟེར་གནད་བསྟེན༔ ཁྱད་པར་མ་དག་འཁོར་བའི་སྒོ་གསུམ་པོ༔ རྡོ་རྗེ་གསུམ་གྱིས་རོལ་པར་དག་སྦྱོར་ལམ༔ གནད་ཀྱི་ཡང་གཅེས་གསལ་བའི་གཟེར་མཆོག་བསྟེན༔ བསྒྲུབ་པའི་སྲོག་དང་ཡང་སྙིང་དམ་པ་ཡིན༔ ཤེས་པར་གྱིས་ཤིག་བསྒྲུབ་པའི་སྐྱེས་བུ་རྣམས༔ ལྔ་བརྒྱ་དུས་ཀྱི་བསྐལ་བའི་མར་གཤམ་དུ༔ ལོ་གསུམ་དམ་རྒྱས་བསྒྲུབ་པ་ཙམ་མེད་ཀྱང་༔ རང་གི་ངང་ཚུལ་ཚོད་ལ་མི་ལྟ་བར༔ བསྐྱེད་རིམ་མེད་པས་ཟླ་ཞག་འགའ་ཞིག་ཏུ༔ ཁ་ཡིས་བཟླས་པ་ཙམ་ལ་གདིང་འཆའ་ཞིང་༔ ཆོས་ལ་ལོག་ལྟ་གདམགས་ངག་རྫུན་དུ་ཁྱེར༔ རང་སྐྱོན་མི་མཐོང་དམུས་ལོང་མགོ་རྨོངས་ཀྱིས༔ ཁ་འགུལ་ཙམ་གྱིས་བསོད་ནམས་བསགས་ཙམ་ལས༔ མཆོག་གི་དངོས་གྲུབ་སྤུ་རྩེ་ཙམ་མི་མཐོང་༔ དེ་ཚུལ་ཤེས་མཛོད་བསྐྱེད་རིམ་གནད་མཆོག་ཟུངས༔ འདི་ལྟར་སྙིགས་དུས་དམུས་ལོང་ཤ་སྟག་ལས༔ གནད་འདི་ཤེས་པ་ཤིན་ཏུ་དཀོན་པའི་ཕྱིར༔ ཆེད་དུ་ཡང་ཡང་བརྗོད་པ་དོན་དེ་ཕྱིར༔ འདི་ལ་ནན་ཆེར་ལྟོས་ཤིག་ཡིད་ལ་ཟུངས༔ དེ་ཕྱིར་བསྐྱེད་པའི་གནད་འདི་གཙོ་བོར་གཟུང༔ ཤེས་པ་གཞན་དུ་མི་ཡེངས་གསལ་གཟེར་བརྟན༔ ལྷ་ཡི་ང་རྒྱལ་བརྟན་པོས་བསྒྲུབ་པར་འབུང་༔ རིང་པོར་མི་ཐོགས་མྱུར་དུ་གྲོལ་བ་ཐོབ༔ བཀའ་འདི་གནོད་སྦྱིན་ཤན་པ་དམར་ནག་དང༔ ལྷ་ཆེན་དབང་ཕྱུག་འཁོར་དང་བཅས་ལ་གཏད༔ ཐུབ་པར་བསྲུང་ལ་བསྟན་པ་འཕེལ་རྒྱས་མཛོད༔ བཀའ་དང་དམ་ལ་མ་མདའ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་བསྐལ་པ་ལུག་གི་ལོ་ཁྱིམ་དགུན་ཟླ་འབྲིང་པོའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་སྤྱན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་། དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ཡང་ཡང་ནན་ཏུ་བསྐུལ་བའི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཞལ་ཕྱེས་ཏེ་དག་པར་ཕབ་པའི་ཡེ་གེ་པ་ནི་ཀུན་བཟང་ཆོས་གྲགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། ཟབ་གསང་སྙིང་པོའི་བསྟན་པ་འདི་ཉིད་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།