DJYD-SUNGTHORBU-01-AA-013: Difference between revisions

From Dudjom Wiki
DJYD-SUNGTHORBU-01-AA-013
No edit summary
No edit summary
 
Line 16: Line 16:
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|volumeLetter=AA
|volumeLetter=AA
|pdflink=File:DJYD-SUNGTHORBU-01-AA-011.pdf
|pdflink=File:DJYD-SUNGTHORBU-01-AA-013.pdf
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
}}
}}

Latest revision as of 21:16, 9 November 2026

Wylie title gar 'chams kyi tshul las brtsams pa'i nges brjod mdor bsdus
Location bdud 'joms rin po che'i gsung thor bu
Volume 1, Text 13, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gar 'chams kyi tshul las brtsams pa'i nges brjod mdor bsdus. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
  ༄༅། །གར་འཆམས་ཀྱི་ཚུལ་ལས་བརྩམས་པའི་ངེས་བརྗོད་མདོར་བསྡུས་བཞུགས་སོ།།

ཨོཾ་སྭ་སྟི། །དེའང་གསང་སྔགས་རིམ་གཉིས་ཀྱི་རྣལ་འབྱོར་དང་འབྲེལ་བར་རྡོ་རྗེ་ལུས་ཀྱི་གར་འཆམས་ཀྱི་ཚུལ་འདི་ནི་རྒྱུད་རྔམ་གློག་ལས། ཆོས་ཀུན་མཉམ་པའི་དོན་རྟོགས་ནས། །བསྒུལ་ཞིང་གསིགས་པ་ཐམས་ཅད་ཀུན། །ཕྱག་རྒྱ་ཡིན་པར་དཔའ་བོས་གསུངས། །རང་ནི་ལྷ་ཡི་ཏིང་འཛིན་གྱིས། །སྟངས་སྟབས་འདི་ལ་གང་གནས་པ། །སངས་རྒྱས་ཉིད་ཀྱང་སྐྲག་གྱུར་ན། །དྲེགས་པའི་ཚོགས་ལྟ་སྨོས་ཅི་དགོས། །ཞེས་དང༌། ཐབས་ཞགས་ལས། ཕྱག་རྒྱ་འདི་དག་བཅིངས་ནས་ནི། །སྟབས་ཆེན་དྲག་ཏུ་མཆོངས་བྱས་ན། །ཁམས་གསུམ་དག་ལས་མཆོངས་པར་འགྱུར། །གཞན་ཡང་གོ་འཕང་ཐམས་ཅད་ཀུན། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་སོགས་གསུངས་པ་ལྟར། སྔ་འགྱུར་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་ཀྱི་རྒྱུད་དང༌། འཇིག་རྟེན་འདས་མདོ། ཧེ་རུ་ཀ་གལ་པོ་སོགས་རྡོ་རྗེ་རིགས་ཀྱི་རྒྱུད་བླ་ན་མེད་པ་དག་ལས་གསུངས་པ་ཉིད་ལག་ཁྲིད་དུ་བསྡེབས་ཏེ། རྒྱལ་པོ་ཛཿནས་མཁས་པ་མི་གསུམ་དང༌། བོད་ཀྱི་ལོ་ཆེན་རྨ་གཉགས། གནུབས་ཆེན་ཡབ་སྲས། ཟུར་པ་མེས་དབོན། འདར་སྟོན་སྐུ་མཆེད་སོགས་ལས་བརྒྱུད་དེ། སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱིས་སླར་ཡང་གཙང་དག་གསལ་བདེར་སྤེལ་བར་མཛད་པའི་རྒྱུན་ཁྲག་འཐུང་རྩ་འཆམས་དང་བྲུབ་འཆམས། སུ་ར་ཏོ་བཅུ་དྲུག་གི་མཆོད་གར་སོགས་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་པྲ་ཁྲིད་རོང་ཟོམ་པཎྜི་ཏ་དང༌། སེ་དང་རོག་དང་འདར་གྱི་ཡིག་ཆ་རྙིང་པ་རྣམས་དང༌། ལོ་ཆེན་དྷརྨ་ཤྲཱིའི་འཆམས་ཡིག་ལེའུ་ཚན་སོགས་མང་བར་ཡོད་ཅིང༌། སྤྱིར་སྔ་འགྱུར་སྒྱུ་འཕྲུལ་ཁྲག་འཐུང་གི་འཆམས་ཀྱི་ཕྱག་བཞེས་ཟུར་ཆེ་ཆུང་ནས་རིམ་པར་འདར་ལ་བབས། འདར་སྟོན་གྱི་དྲུང་ནས་ས་སྐྱ་ཆོས་རྗེ་བསོད་རྒྱན་པའི་བཀའ་བཞིན་རྗེ་ཤེས་རབ་སྣང་བས་ཚུལ་འདི་ལ་མཁས་པར་སྦྱངས་ཏེ། དེས་ཆོས་རྗེ་ཨེ་ཝཾ་པའི་གདན་ས་པ་རྣམས་ལ་བསླབས་ནས་སླད་ཀྱི་ཕུར་འཆམས་སུ་བསྒྱུར་པ་ཡིན་པར་འཆམས་ཡིག་ལུས་འགྱུར་སྣང་བ་ལས། བདག་གིས་བླ་མའི་སྣང་བ་ཐོབ། །བཀའ་བཞིན་བགྲོད་དཀའི་གནས་སུ་ཕྱིན། །དགོངས་བཞིན་སློབ་དཔོན་དམ་པ་རྙེད། །ཚུལ་བཞིན་འདི་དོན་བརྩོན་པས་སྦྱངས། །བཞེད་བཞིན་ལུས་འགྱུར་ཇི་བཞིན་ལོན། །ཆོས་ཀྱི་རྗེ་ལ་གཟིགས་པར་ཕུལ། །ཇི་བཞིན་ཡིན་ཅེས་རྗེས་སུ་གནང༌། །བཀའ་འཁོར་དང་བཅས་རྣམས་ལ་བསླབ། །འདི་ལ་ཕྱག་ལེན་ལན་གཉིས་མཛད། །དེ་རྗེས་འབྱུང་བཞི་རཀྟ་དང༌། །ཀེང་རུས་གཞལ་ཡས་ཁང་རྣམས་བསྣན། །ཀཽ་རི་སིང་ཧའི་འཆམས་ཚུལ་རྣམས། །ཕྱག་བརྙན་ཕྲ་མེན་ཕྱག་རྒྱར་བསྒྱུར། །འདི་ལ་ཕྱག་ལེན་མང་དུ་མཛད། །ཅེས་གསུངས་པ་ལྟར་ཡིན་ལ། དེ་རྗེས་རིམ་པར་བཀའ་བརྒྱུད་པ་དང༌། དགེ་ལུགས་ཕྱོགས་སོ་སོ་ནས་བླངས་ཏེ་རང་རང་གི་གཞུང་ལ་སྦྱར་ཞིང་སྐབས་ཐོབ་བསྒྱུར་བཅོས་འཕྲི་བསྣན་མི་འདྲ་བ་ཅི་རིགས་དང་བཅས་དགོན་སྡེ་ཕལ་མོ་ཆེར་དར་ཁྱབ་བྱུང་བར་སྣང༌། ཡང་རྙིང་མའི་ཕྱོགས་སུ་ཐོག་མར་གུ་རུ་ཆོས་དབང་གིས་རྔ་ཡབ་དཔལ་རིའི་གཟིགས་སྣང་ངོ་མཚར་ཅན་གྱི་བཀོད་པ་ལ་བརྟེན་ཚེས་བཅུའི་མཆོད་པ་སྤྲོས་བཅས་དང་འབྲེལ་བར་མཚན་བརྒྱད་ཆོ་གའི་གར་འཆམས་ཀྱི་ལམ་སྲོལ་ཕྱེ་བར་མཛད་ཅིང༌། དེ་ནས་རིམ་པར་གཏེར་སྟོན་སྐྱེས་མཆོག་གཞན་སོ་སོས་ཀྱང་དག་སྣང་གི་ངེས་པ་དང་བསྟུན་པའི་ཚེས་བཅུའི་གར་འཆམས་ཀྱི་ཕྱག་ལེན་རྒྱས་བསྡུས་ཇི་སྙེད་ཅིག་བྱུང་སྟེ་ཁམས་བོད་སྔ་འགྱུར་བ་དང་བཀའ་བརྒྱུད་པའི་ཆོས་གྲྭ་ཕལ་ཆེར་དུ་དར་རྒྱས་སུ་གྱུར་པ་སྟེ། འདིའང་ཐུན་མོང་གི་གདུལ་བྱ་རྣམས་གུ་རུའི་རྣམ་ཐར་བཀོད་པ་མཐོང་ཐོས་ལ་བརྟེན་ནས་ཕན་བདེའི་ལམ་ལ་དཀྲི་བའི་ངོ་མཚར་ཕྲིན་ལས་ཀྱི་ཆ་ཤས་རྨད་དུ་བྱུང་བ་ཞིག་ཡིན་པར་གསུངས་སོ། །དེ་ལ་དཀྱིལ་འཁོར་ལྷའི་གར་འཆམས་འདི་རིགས་འཆམས་པ་པོ་དབང་ཐོབ་དམ་ཚིག་ལྡན་པ་གཞིར་བྱས། སྐབས་སུ་བབས་པའི་ཚེ་ཆས་གོས་ཕྱག་མཚན་ལ་སོགས་པ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་རང་སྣང་བར་བསམ་ཞིང༌། གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང༌། །ཞེས་དང༌། གང་དག་མ་སྨིན་འགྲོ་བ་ལ། །གསང་སྒྲོགས་ཉེས་པ་དོར་བའི་ཕྱིར། །ཡིད་ནི་དཀྱིལ་འཁོར་འདི་བསྒོམ་བྱ། །ཞེས་གསུངས་པ་ལྟར། ཆོས་ཀུན་རང་སྣང་གི་ཆོ་འཕྲུལ་དུ་གསལ་བར་རྟོགས་པ་ན། བསྟན་བྱའི་ཡུལ་དང༌། སྟོན་མཁན་གང་ཟག་གཉིས་སོ་སོར་མི་དམིགས་པའི་ཕྱིར། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་པའི་ཚུལ་གྱིས་གསང་སྒྲོགས་ཀྱི་ཉེས་མི་བྱུང་ནའང༌། རྣལ་འབྱོར་པ་རྟོགས་པའི་གདེང་མ་ཚུད་པ་རྣམས་ཀྱིས་གདོད་ནས་འགྲོ་བ་མ་ལུས་པ་དག་པའི་འཁོར་ལོར་གྲུབ་པར་མོས་པས་སྣོད་བཅུད་དཀྱིལ་འཁོར་དུ་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས། ལུས་འགྱུར་ལ་ཐུན་མོང་དུ་གཅེས་པའི་ཡན་ལག མགོ་བོ་ལ་བརྗིད་ཆགས་པ། རོ་སྟོད་ལ་སེང་ཆགས་པ། སྐེད་པ་ལ་འཁྲིལ་ཆགས་པ། སྒྱིད་པ་ལ་ལྡེམ་ཆགས་པ། ཚིགས་བཞི་ལ་འཕྲུལ་ཆགས་པ། རྐང་མགོ་ལ་བདེ་ཆགས་པ། ཞག་ཤ་ལ་ལྷོད་ཆགས་པ། རྣམ་འགྱུར་ལ་འགྱིང་ཆགས་པ། ཤ་འགྱུར་ལ་མེར་ཆགས་པ། སྤྱོད་པ་དལ་ལ་དོད་པ། ཕྱག་རྒྱ་གཡས་སུ་བཅས་པ་འགྲོལ་ན་གཡོན་དང༌། གཡོན་དུ་བཅས་པ་འགྲོལ་ན་གཡས་སུ་དང༌། དབུས་སུ་བཅའ་འགྲོལ་ལ་ཐད་ཀར་ལྟ་ཞིང་འགྱིང་བ་སྟེ་བཅའ་བསྒྱུར་བཤིག་པ་ལ་མཁས་པ། དེའང་ཕོད་ཀའི་ཐང་ཤ་བཅད། རལ་པའི་འཁྲིལ་བཤིག ལུས་ཀྱི་འཛུམ་བསྟན་པ་སྟེ། རིམ་པ་ཇི་ལྟ་བར་དཔེ་བྱ་ཁྱུང་མཁའ་ལ་ལྡིང་བ་དང༌། སེང་གེ་རལ་པ་སྤྲུགས་པ་དང༌། རྒྱ་སྟག་ནགས་ཚལ་དུ་འགྱིང་བ་ལྟ་བུའི་ཡོན་ཏན་དང་ལྡན་པ་དགོས་ལ། གཞན་ཡང་ཇི་སྐད་དུ། འཆམས་ཀྱི་གྲལ་རིམ་བར་ཐག་རྣམས། །ཕྲེང་བ་བརྒྱུས་འདྲ་དོ་ར་སྙོམས། །ཧ་ཅང་མི་དལ་མི་སྦྲེལ་ལ། །རྣམ་འགྱུར་མ་འཛིང་བདེ་ཞིང་འགྲིག །འགྱིང་དང་སྤྲུགས་སོགས་ལུས་འགྱུར་དག །ཉམས་ཀྱིས་ཀུན་ནས་མཛེས་པ་གཅེས། ཞེས་དང༌། འཆམས་ཀྱི་ལུས་འགྱུར་འགྲིག་པ་ཡང༌། རྔ་ཡི་སྒྲ་གདངས་ལ་བལྟོས་ཕྱིར། །ཐོག་མར་རྔ་བརྡུང་རིམ་པར་སློབ། །ཞི་དྲག་དལ་བྲེལ་སྐབས་ཐོབ་བཞིན། །ཆེ་སྐད་ཆུང་སྐད་ཐེན་པ་དང༌། །སྤྱིར་ན་རོལ་མོ་དལ་བ་མཛེས། །ཞེས་པ་ལྟར་འཆམས་པ་པོའི་ལུས་འགྱུར་སྟངས་སྟབས་དང༌། ཆོ་ག་པའི་དབྱངས་ཚིག་རོལ་མོའི་བརྡེག་ཕྱོགས་བཅས་ཕན་ཚུན་མ་འཁྲུག་མ་འཛིང་པར་འཆམས་ཚིག་སོ་སོའི་ངེས་པ་བཞིན་སློབ་དཔོན་མཁས་པའི་བསླབ་ཁྲིད་མཐོང་བརྒྱུད་ཀྱི་གནད་ལས་རྟོགས་པར་བྱས་ཏེ་ཤིན་ཏུ་བློ་ལ་བྱང་བར་གཅེས་སོ། །ཞེས་པའང་དོན་གཉེར་ཅན་འགའ་ཞིག་གིས་རྒྱུ་མཚན་དྲིས་པ་ལ་བརྟེན་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གར་འཆམས་སྤྱིའི་གོ་དོན་གསལ་འདེབས་ལམ་སྟོན་གླེང་གཞི་ཙམ་དུ་སྨྲས་པ་དགེ། །།