TTDL-ZABTER-02-KHA-037: Difference between revisions

From Dudjom Wiki
TTDL-ZABTER-02-KHA-037
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:36, 4 June 2024

Wylie title TTDL-ZABTER-02-KHA-037.pdf
Location bdud 'joms gling pa zab gter
Volume 2, Text 37, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠བརྡ་ཡིག༣༧༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་ཆེན་ཞིང་གི་སྒྲུབ་པ་ཟང་ཐལ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ༔

༠༠༠བརྡ་ཡིག༣༧༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༣༧༨རང་སྣང་བདེ་ཆེན་ཞིང་ཁམས་སུ༔ གནས་འགྱུར་གྲོལ་བའི་ཐབས་ཟབ་མོ༔ འདི་ལ་རྟག་ཏུ་བརྩོན་པར་གྱིས༔ རང་སར་གྲོལ་བ་ཟབ་མོའི་ལམ༔ བརྒྱུད་འཛིན་རྣམས་ཀྱི་སྐལ་བར་བསྔགས༔ འདི་ཡི་ལག་ལེན་རིམ་པ་ནི༔ བདག་བསྐྱེད་རང་བྱུང་དཀྱིལ་འཁོར་ལ༔ ཕྱི་ཡི་དཀྱིལ་འཁོར་གཏོར་མ་མེད༔ འཕོ་དང་བྱ་བ་ཁ་སྦྱོར་ལམ༔ རབ་མཛེས་སྨན་གྱི་དྲི་བརྡལ་བའི༔ དཀྱིལ་འཁོར་ཡངས་པར་པད་འདབ་བརྒྱད༔ ལྟེ་བར་ཚོམ་བུ་གསུམ་བཀོད་མཐར༔ འདབ་མ་བརྒྱད་ལ་ཚོམ་བུ་བརྒྱད༔ བཀོད་ནས་མཆོད་པའི་ཡོ་བྱད་བཤམ༔ ཡང་ན་གཏོར་མའི་དཀྱིལ་འཁོར་བྱ༔ ཡང་ན་རྟེན་གསུམ་ལ་བརྟེན་རུང་༔ སྔོན་འགྲོའི་རིམ་པ་སྤྱི་ལྟར་བྱ༔ དངོས་གཞི་ལྷར་གསལ་རིམ་པ་ནི༔ ཧཱུྃ༔ སྐད་ཅིག་རང་སྣང་གནས་གྱུར་ནས༔ ལྷུན་གྲུབ་བདེ་ཆེན་དག་པའི་ཞིང་༔ འོད་དང་འཇའ་ཚོན་དྲྭ་བ་འཁྲིགས༔ རིན་ཆེན་ས་གཞི་ཁོད་སྙོམས་ལ༔ ཡན་ལག་བརྒྱད་ལྡན་ཆུ་མཚོ་དང་༔ སྨན་གྱི་སྤང་རིར་མེ་ཏོག་བཞད༔ ཅང་ཤེས་བྱ་རིགས་ཆོས་སྒྲ་འུར༔ དྲི་ཞིམ་སྣ་ཚོགས་ངད་པ་འཐུལ༔ འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ དེ་དབུས་པདྨ་རཱ་ག་ལས༔ གྲུབ་པའི་གཞལ་ཡས་ཁང་ཆེན་པོ༔ དབྱིབས་ལེགས་ཚད་ལྡན་མཚན་ཉིད་རྫོགས༔ རྒྱན་དང་བཀོད་པ་ལྷུན་གྱིས་གྲུབ༔ དེ་དབུས་རྨ་བྱའི་ཁྲི་ཡི་ཁར༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་ཉིད་སངས་རྒྱས་འོད་དཔག་མེད༔ དམར་གསལ་ཞི་འཛུམ་མཚན་དཔེས་སྤྲས༔ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཆོས་གོས་རྣམ་པ་གསུམ་གྱིས་ཀླུབ༔ གཙུག་ཏོར་འོད་ཀྱིས་འཁོར་འདས་འགེངས༔ གཟི་བརྗིད་ཉི་མ་འབུམ་ལས་ལྷག༔ ཡེ་ཤེས་ཐིག་ལེ་འོད་དུ་འཁྲིགས༔ གཡས་སུ་འཕགས་མཆོག་སྤྱན་རས་གཟིགས༔ བཞེངས་སྟབས་ཕྱག་བཞིས་རིམ་པ་བཞིན༔ ཐལ་སྦྱར་ཤེལ་ཕྲེང་གཡོན་པདྨ༔ དཀར་གསལ་འོད་འབར་ཟླ་རྒྱས་མདོག༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ༔ སྔོན་པོ་རྡོ་རྗེ་དྲིལ་བུ་བསྣམས༔ ཞི་འཛུམ་བཞེངས་སྟབས་འོད་ཟེར་འབར༔ དེ་མཐར་ཉེ་བའི་སྲས་ཆེན་བརྒྱད༔ ཀུན་ཀྱང་བཞེངས་པའི་སྟབས་ཀྱིས་བཞུགས༔ རང་རྟགས་ཕྱག་མཚན་སྣ་ཚོགས་བསྣམས༔ ས་བཅུའི་སེམས་དཔའ་ཆེན་པོ་རྣམས༔ དབུ་རྒྱན་སྟོད་གཡོགས་སྨད་དཀྲིས་དང་༔ སྐུ་རེག་ཕྱག་གདུབ་དཔུང་རྒྱན་དང་༔ དོ་ཤལ་རིན་ཆེན་ཕྲེང་བས་བརྒྱན༔ དེ་མཐར་སེམས་དཔའ་སེམས་མ་དང་༔ མཆོད་པའི་ལྷ་མོ་བཅུ་དྲུག་སོགས༔ ཡེ་ཤེས་རང་མདངས་སྒྱུ་འཕྲུལ་འཁོར༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ༔ དེ་ལྟར་གསལ་བའི་སྟོན་འཁོར་ལྷའི༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས༔ ནུབ་ཕྱོགས་བདེ་ཆེན་པདྨ་བཀོད༔ དག་པའི་ཞིང་ནས་ཡེ་ཤེས་པ༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧྲཱིཿནུབ་ཕྱོགས་བདེ་ཆེན་པདྨ་བཀོད༔ ལྷུན་གྲུབ་དག་པའི་ཞིང་ཁམས་ནས༔ བཅོམ་ལྡན་སངས་རྒྱས་འོད་དཔག་མེད༔ བྱང་སེམས་འཕགས་པའི་འཁོར་དང་བཅས༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་དང་དབྱེར་མེད་པར༔ སྒོ་གསུམ་རྡོ་རྗེ་གསུམ་དུ་རོལ༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཡ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱིཿགཞི་དབྱིངས་སྐྱེ་མེད་ཆོས་སྐུའི་མཁར༔ གཞི་སྣང་རང་བྱུང་བདེ་ཆེན་ཞིང་༔ རང་གྲོལ་རོལ་པ་འོད་དཔག་མེད༔ ཡེ་རྫོགས་ཆེན་པོར་བརྟན་བཞུགས་གསོལ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ མ་བཅོས་ཁྱབ་བརྡལ་ཆོས་ཀྱི་སྐུ༔ མ་འགགས་རང་གདངས་ལོངས་སྤྱོད་རྫོགས༔ མ་བཙལ་རྫོགས་ལྡན་སྤྲུལ་པའི་སྐུ༔ གཉིས་མེད་མཉམ་པས་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ མཚན་ཐོས་ཙམ་གྱིས་སྲིད་ལས་སྒྲོལ༔ དྲན་པས་དགོངས་དོན་རྒྱུད་ལ་འཇུག༔ འོད་དཔག་མེད་ལ་ཕྱག་འཚལ་ལོ༔ གདོད་ནས་བདག་དང་ཡེ་ཤེས་ལྷ༔ གཉིས་མེད་རིག་པའི་དགའ་ཆེན་གྱིས༔ སྤྲུལ་པའི་རོལ་གར་རྣམ་འགྱུར་བའི༔ སྒྱུ་འཕྲུལ་རོལ་པས་ཕྱག་འཚལ་ལོ༔ ན་མོ་སརྦ་བུདྡྷ་ཡ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱིཿམི་མཇེད་བྱེ་བ་ཕྲག་བརྒྱ་ན༔ ཡོན་ཆབ་ཞབས་བསིལ་མེ་ཏོག་སྤོས༔ སྣང་གསལ་དྲི་ཆབ་ཞལ་ཟས་དང་༔ རོལ་མོ་དབྱངས་སྙན་མཆོད་པའི་རྫས༔ བསྡུས་ཏེ་འོད་དཔག་མེད་ལ་འབུལ༔ བཞེས་ནས་སངས་རྒྱས་ས་རུ་དྲོངས༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཡ་སརྦ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་སོགས་ནསཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧྲཱིཿམི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ན༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང་༔ རེག་བྱ་འཇམ་སོགས་འདོད་ཡོན་བྱེ་བྲག་ཀུན༔ བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ༔ བཞེས་ནས་བདག་གི་ཚོགས་རྫོགས་སྒྲིབ་སྦྱངས་ནས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཡ་སརྦ་ས་པ་རི་ཝཱ་ར་བཛྲ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧྲཱིཿམི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིན་རིན་ཆེན་བདུན༔ རྩི་བཅུད་འབྲས་བུ་སྨན་དང་རང་བྱུང་རྫས༔ ལྷ་མིའི་ལོངས་སྤྱོད་དཔལ་ཡོན་ཇི་སྙེད་ཚོགས༔ མ་ལུས་བསྡུས་ཏེ་བདེ་ཆེན་ཞིང་ཁམས་སུ༔ བཞུགས་པའི་སངས་རྒྱས་སྲས་དང་བཅས་ལ་འབུལ༔ བཞེས་ནས་བདག་ཅག་ཚོགས་རྫོགས་སྒྲིབ་སྦྱངས་ཏེ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཧྲཱིཿསརྦ་ས་པ་རི་ཝཱ་ར་སརྦ་རཏྣ་མངྒ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱིཿརང་སྣང་མ་བཅོས་ལྷུན་གྲུབ་བདེ་ཆེན་ཞིང་༔ བཀོད་པ་རབ་རྫོགས་གཞལ་ཡས་དམ་པ་འདིར༔ དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡོངས་རྫོགས་པའི༔ ཁྱབ་བདག་བཅོམ་ལྡན་རྒྱལ་བ་འོད་དཔག་མེད༔ གཉིས་མེད་སྤྲུལ་པའི་འཁོར་དུ་སྟོན་མཛད་ཅིང་༔ འགྲོ་ཀུན་རྗེས་སུ་འཛིན་ཕྱིར་གཟུགས་སྐུར་བཞེངས༔ སངས་རྒྱས་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ གདོད་ནས་ཆོས་དབྱིངས་སྤྲོས་པ་བྲལ་བའི་ངང་༔ ཞལ་ཕྱག་མཚན་མ་བྲལ་བ་ཆོས་ཀྱི་སྐུ༔ ཐབས་མཁས་ཐུགས་རྗེས་སྲིད་པ་དབུགས་འབྱིན་ཕྱིར༔ ཞིང་དང་སྟོན་འཁོར་ཅིར་ཡང་སྣང་བ་འཆར༔ ཞིང་ཁམས་རྒྱ་མཚོའི་བཀོད་པ་ཀློང་ནས་བཞེངས༔ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ངོ་བོ་ཆོས་སྐུ་སྐྱེ་བ་མེད་པའི་ངང་༔ རང་བཞིན་ལྷུན་གྲུབ་མ་འགགས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་གདུལ་བྱ་འདུལ་མཛད་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ དེ་ནས་ཛཔྲ་བཟླས་ནི༔ རང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀར་པདྨ་ཟླ་རྒྱས་སྟེང་༔ ཡེ་ཤེས་འོད་དང་འཇའ་ཐིག་ཀློང་༔ ཧྲཱིཿཡིག་དམར་པོ་འོད་འབར་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་ཟེར་དཔག་མེད་རབ་འཕྲོས་པས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་དག་མཉམ་རོལ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿགསལ་བའི་ངང་ལས་མི་འདའ་བར༔ སྔགས་ནི་བཟླ་བ་གནད་དུ་བསྣུན༔ དམིགས་གསལ་གནད་མེད་བླུན་པ་ཡིས༔ བསྐལ་བར་བཟླས་ཀྱང་གྲོལ་མི་འགྱུར༔ དམིགས་གསལ་གནད་དང་ལྡན་པས་ན༔ བཟླས་བརྗོད་མེད་ཀྱང་ངེས་པར་གྲོལ༔ གཞན་ལ་དབང་བསྐུར་བྱེད་པ་དང་༔ གཤིན་པོ་འདྲེན་ཆོག་བྱེད་པ་ལ༔ མདུན་བསྐྱེད་གོང་ལྟར་རིམ་གྱིས་བསྒོམ༔ ཡང་ན་ཛཔྲ་ཁང་ཕྱེས་ཀྱང་ལེགས༔ དབང་གི་བྱ་བ་བྱེད་འདོད་ན༔ དབང་རྫས་བུམ་པ་སྐུ་གཟུགས་དང་༔ སྔགས་དང་ཕྲེང་བ་གསུང་གི་རྟེན༔ ཐིག་ལེ་ཧྲཱིཿས་མཚན་དཀྱིལ་འཁོར་དང་༔ ཤེལ་རྡོ་རྣམས་ནི་ལེགས་པར་བཤམ༔ དང་པོ་སློབ་མ་གྲལ་འཁོད་དེ༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་རྒྱལ་བ་འོད་དཔག་མེད༔ བྱང་སེམས་འཕགས་པའི་དགེ་འདུན་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཁམས་གསུམ་འཁོར་བ་མ་སྟོང་བར༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་སེམས་ཅན་དོན་བསྒྲུབ་ཅིང་༔ སྲིད་ལས་བསྒྲལ་བར་དམ་བཅའོ༔ ལན་གསུམ་རེའི་མཐར༔ མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི༔ ཀྱཻ༔ བླ་མ་མགོན་པོ་འོད་དཔག་མེད༔ ཁྱོད་ལ་སྐྱབས་མཆི་སྡིག་པ་བཤགས༔ བདག་ནི་རྗེས་སུ་བཟུང་བའི་ཕྱིར༔ རྒྱལ་བ་འོད་དཔག་མེད་མགོན་གྱི༔ གསང་གསུམ་རྡོ་རྗེའི་དཀྱིལ་འཁོར་དུ༔ དབང་གིས་བདག་ནི་སྨིན་པར་མཛོད༔ ཅེས་ཞུས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཐར་བ་ཆེན་པོའི་གྲོང་འཇུག་ན༔ ཉེས་སྤྱོད་སྡོམ་ཞིང་དགེ་བ་བསྒྲུབ༔ དམ་ཚིག་རྣམས་ལ་གནས་པར་མཛོད༔ དེ་ནས་སློབ་མས༔ དཔལ་མགོན་བླ་མ་དགོངས་སུ་གསོལ༔ ཁྱོད་ཀྱིས་ཇི་ལྟར་བསྒོ་བ་བཞིན༔ བདག་གིས་དེ་ལྟར་བསྒྲུབ་པར་བགྱི༔ ཐར་བ་ཆེན་པོའི་གྲོང་བསྟན་གསོལ༔ དེ་ནས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཐར་བའི་གྲོང་དུ་འཇུག་འདོད་ན༔ སྒྲུབ་པ་ལྷུར་ལེན་ཁྱོད་ཀྱིས་མཛོད༔ ངས་ནི་དབང་མཆོག་བསྐུར་བར་བྱ༔ དེ་ནས་དམ་ཆུ་བྲན་ལ༔ ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩི་སྟེ༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ༔ ནམ་ཡང་འདའ་བར་མི་རུང་ངོ་༔ ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་བཅུག་གོ༔ དེ་ནསཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ ཧོཿགཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བདག་མེད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར༔ སྟོང་པའི་ངང་ལས་སྣང་བ་ཐམས་ཅད་བདེ་ཆེན་འོག་མིན་པདྨ་བཀོད་ཀྱི་ཞིང་ཁམས༔ སྲིད་པ་ཐམས་ཅད་དཔའ་བོ་དཔའ་མོའི་རོལ་པར་གསལ་བའི་དབུས་སུ་ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་བཀོད་པ་རབ་རྫོགས་ཀྱི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པད་ཟླའི་གདན་ལ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་བྱུང་བའི་སློབ་མ་དེ་ཉིད་སངས་རྒྱས་འོད་དཔག་ཏུ་མེད་པའི་སྐུ་ལ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྤྱན་དྲངས་ནས་མཚོ་ལ་ཁ་ཆར་བབས་པ་ལྟར་སིབ་སིབ་ཐིམ་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སངས་རྒྱས་པར་གྱུར༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཧྲཱིཿསརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ལན་གསུམ་གྱིས་ཡེ་ཤེས་པ་དབབ་སྟེ་ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ་ཧྲཱིཿཕྱི་ནི་རིན་ཆེན་བུམ་པའི་དབྱིབས༔ ནང་ལྟར་བདེ་ཆེན་པདྨ་བཀོད༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ནས༔ བདེ་ཆེན་ཞིང་གི་དཔལ་ཐོབ་ཤོག༔ ན་མོ་ཨ་མི་དྷེ་ཝ་ཧྲཱིཿསརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྐུ་གཟུགས་ཐོགས་ལ༔ ཧཱུྃ་ཧྲཱིཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཁྱབ་བདག་མགོན་པོ་འོད་དཔག་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བདེ་ཆེན་ཞིང་གི་དཔལ་ཐོབ་ཤོག༔ ན་མོ་ཨ་མི་དྷེ་ཝ་ཧྲཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྩ་སྔགས་ཐོགས་ལ༔ ཧཱུྃ

་ཧྲཱིཿརྒྱལ་བ་འོད་མཚན་སྟོང་འབར་བའི༔ གསུང་གི་གསང་ཆེན་སྔགས་འབྲུ་དྲུག༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་ཐོགས་ལ༔ ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གསང་བཟླས་པའི་དབང་བསྐུར་རོ༔ བདེ་ཆེན་ཞིང་གི་དཔལ་ཐོབ་སྟེ༔ འགྲོ་བ་རྣམས་འདྲེན་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀཱ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཐིག་ལེ་ཧྲཱིཿས་མཚན་ཐོགས་ལ༔ ཧཱུྃ་ཧྲཱིཿགཞི་དབྱིངས་འུབ་ཆུབ་ཐིག་ལེའི་ཀློང་༔ རྒྱལ་ཀུན་ཐུགས་གསང་ཡི་གེ་ཧྲཱིཿསྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དཀྱིལ་འཁོར་གཞལ་ཡས་ཐོགས་ལ༔ ཧཱུྃ་ཧྲཱིཿསྣང་མཐའི་ཐུགས་ཀྱི་བཀོད་པ་ཆེ༔ དཀྱིལ་འཁོར་གཞལ་ཡས་ལྷུན་རྫོགས་པའི༔ བདེ་ཆེན་ཞིང་གི་དབང་བསྐུར་རོ༔ རྟག་ཏུ་ལོངས་སྤྱོད་དཔལ་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ་ཧྲཱིཿཡེ་ཤེས་མདངས་ལྡན་འཇའ་ཤེལ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཀ་དག་ཚིག་གི་དབང་ཐོབ་སྟེ༔ བདེ་ཆེན་ཞིང་ལ་དབང་ཐོབ་ཤོག༔ རྩ་སྔགསསརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་བརྟེན་བཀྲ་ཤིས་རྫས་རྟགས་གཏད༔ བསྔོ་སྨོན་བཀྲ་ཤིས་བརྗོད་པར་བྱ༔ དབང་འདི་ལན་གཅིག་ཐོབ་ནས་ནི༔ ཞིང་ཁམས་བསྒོམ་བཟླས་གནད་བཅུན་ན༔ ཕྱི་མར་བདེ་ཆེན་ཞིང་ཁམས་སུ༔ དབུགས་འབྱིན་མཐར་ཐུག་རྫོགས་སངས་རྒྱས༔ ཐེ་ཚོམ་མེད་དོ་པདྨའི་བཀའ༔ བཀའ་སྲུང་ཀུན་དགའ་གཞོན་ནུས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་བདེ་ཆེན་ཞིང་གི་སྒྲུབ་པ་ཟང་ཐལ་སྒོ་འབྱེད་ཅེས་བྱ་བ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།