TTDL-ZABTER-07-JA-034: Difference between revisions

From Dudjom Wiki
TTDL-ZABTER-07-JA-034
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:37, 4 June 2024

Wylie title TTDL-ZABTER-07-JA-034.pdf
Location bdud 'joms gling pa zab gter
Volume 7, Text 34, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༦༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔

ནང་སྒྲུབ་སེང་གེའི་གདོང་ཅན་ལས༔ མཁའ་འགྲོའི་ སྤྱི་བསྐང་ཤེལ་གྱི་མེ་ལོང་བཞུགས་སོ༔

༠༠༠༠བརྡ་ཡིག༤༦༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༦༨མཁའ་འགྲོའི་སྤྱི་བསྐང་ཤེལ་གྱི་མེ་ལོང་ནི༔ ལག་ལེན་རིམ་པ་འབྱོར་ཚོགས་འདོད་ཡོན་བཤམས༔ སྣང་སྲིད་བློས་བླངས་བསྐང་བའི་རྫས་སུ་བཤམས༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྒྱུར༔ འགྲོ་རྣམས་ཚོགས་རྫོགས་སྒྲིབ་སྦྱངས་ཆེད་དུ་བསམ༔ བདུན་དུ་རབ་འབྱམས་རྒྱལ་བ་རྒྱ་མཚོ་བསྒོམ༔ དེ་ནས་བསྐང་རྫས་བྱིན་གྱིས་བརླབས་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་བ་སྒྱུ་འཕྲུལ་ལྷ་ཡི་ཞིང་༔ སྲིད་པ་ཐམས་ཅད་མཆོད་པའི་སྤྲིན༔ གདོད་ནས་ཚོགས་ཀྱི་འཁོར་ལོར་ཤར༔ ཟག་མེད་བདུད་རྩིའི་ངོ་བོར་གནས༔ འདོད་རྒུར་འཆར་བའི་ཆོ་འཕྲུལ་ཅན༔ མི་ཟད་ནམ་མཁའི་མཛོད་དུ་སྤེལ༔ ངོ་བོ་ཡེ་སྟོང་ཆོས་སྐུའི་མཁའ༔ རང་བཞིན་རྣམ་དག་མཆོད་པའི་སྤྲིན༔ ཐུགས་རྗེས་སྤྲུལ་པའི་ལྷ་མོ་ཡི༔ སྒྱུ་མའི་གར་གྱི་རོལ་པ་ལས༔ སྣང་སྲིད་འཁོར་འདས་ཀུན་ཁྱབ་བྱ༔ ནམ་མཁའ་མཛོད་སྔགས་ཕྱག་རྒྱས་སྤེལ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཧྲཱིཿརབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ན༔ བཞུགས་པའི་རྒྱལ་བ་སྲས་དང་བཅས༔ ཚོགས་ཀྱི་མཆོད་ཡུལ་མགྲོན་ལ་གཤེགས༔ འོག་མིན་ཞིང་དང་མཁའ་སྤྱོད་གནས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་ཚོགས༔ ཚོགས་ཀྱི་མཆོད་ཡུལ་མགྲོན་ལ་གཤེགས༔ རབ་འབྱམས་ཞིང་དང་དུར་ཁྲོད་བརྒྱད༔ གནས་ཡུལ་ལྔ་བཅུ་རྩ་དྲུག་ན༔ བཞུགས་པའི་དམ་ཅན་སྲུང་མའི་ཚོགས༔ ཚོགས་ཀྱི་མཆོད་ཡུལ་མགྲོན་ལ་གཤེགས༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ་ཧྲཱིཿའོག་མིན་མཁའ་སྤྱོད་མི་མཇེད་ཞིང་༔ གང་འདུལ་ཐབས་ཀྱི་སྟོན་པར་བཞེངས༔ དོན་ལ་ཀུན་བཟང་འོད་མི་འགྱུར༔ བརྒྱུད་གསུམ་བླ་མའི་ཐུགས་དམ་བསྐང་༔ དཔག་མེད་བསམ་ཡས་བརྗོད་འདས་ཀྱི༔ གཞི་དང་སྙིང་པོ་མེ་ཏོག་གིས༔ བརྒྱན་པའི་ཞིང་ཁམས་དཔག་མེད་ན༔ རབ་འབྱམས་མཐའ་ཡས་སྒྱུ་འཕྲུལ་གར༔ ཡེ་ཤེས་ཀློང་དུ་ཐ་མི་དད༔ ཀུན་བཟང་ཐུགས་ཀྱི་གདིང་རྩལ་གྱི༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་༔ འོག་མིན་ཆོས་ཀྱི་དབྱིངས་ཉིད་དང་༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ན༔ མ་ངེས་སྣ་ཚོགས་གར་བསྒྱུར་མཁན༔ འདས་དང་མ་འདས་མཁའ་འགྲོའི་ཚོགས༔ ཡེ་ཤེས་དབྱིངས་སུ་ཀུན་བཟང་མོ༔ རབ་འབྱམས་མཁའ་འགྲོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿའོག་མིན་ཆོས་དབྱིངས་ཕོ་བྲང་ན༔ རབ་འབྱམས་རྒྱལ་བ་བསྐྱེད་པའི་ཡུམ༔ ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་ཐུགས༴གསང་ལམ་བསྣོལ་བའི་དུར་ཁྲོད་ན༔ ལོངས་སྐུའི་རྒྱལ་བ་ཀུན་གྱི་ཡུམ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་ཐུགས༴གསང་ཆེན་རོལ་པའི་དུར་ཁྲོད་ན༔ འབུམ་ཕྲག་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཅན༔ འཇིགས་བྱེད་མཁའ་འགྲོ་སེང་གེའི་གདོང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར༔ སྣ་ཚོགས་སྤྲུལ་པ་ཅིར་ཡང་སྟོན༔ ཡེ་ཤེས་འཇིག་རྟེན་མགོན་པོ་དང་༔ བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་ཀྱི༔ གཉེན་པོ་སྟོབས་ཀྱི་ལྷ་རུ་ཤར༔ སེང་གདོང་འཁོར་བཅས་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས་འགྲེའོ༔ ཧཱུྃ་ཧྲཱིཿམངོན་པར་དགའ་བའི་ཞིང་ཁམས་ན༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེའི་རིགས་ཀྱི་དབང་ཕྱུག་མོ༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་༔ དཔལ་དང་ལྡན་པའི་ཞིང་ཁམས་ན༔ མཉམ་ཉིད་ཡེ་ཤེས་ངོ་བོ་ལས༔ རིན་ཆེན་རིགས་ཀྱི་དབང་ཕྱུག་མོ༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སོར་རྟོག་ཡེ་ཤེས་ངོ་བོ་ལས༔ པདྨ་རིགས་ཀྱི་དབང་ཕྱུག་མོ༔ པདྨ་མཁའ་འགྲོའི་ཐུགས་དམ་བསྐང་༔ ལས་རབ་རྫོགས་པའི་ཞིང་ཁམས་ན༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ལས་ཀྱི་རིགས་ཀྱི་དབང་ཕྱུག་མོ༔ ཀརྨ་མཁའ་འགྲོའི་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས་འགྲེའོ༔ ཧཱུྃ་ཧྲཱིཿཞེ་སྡང་དགྲ་བགེགས་འཇོམས་པའི་ཕྱིར༔ དཀར་མོ་ཁྱུང་གདོང་ཐུགས༴ང་རྒྱལ་དགྲ་བགེགས་འཇོམས་པའི་ཕྱིར༔ སེར་མོ་སྡིག་གདོང་ཐུགས༴འདོད་ཆགས་དགྲ་བགེགས༴དམར་མོ་འཕར་གདོང་ཐུགས༴ཕྲག་དོག་དགྲ་བགེགས༴ལྗང་མོ་ཁྱི་གདོང་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས་འགྲེའོ༔ ཧཱུྃ་ཧྲཱིཿདམ་ཉམས་ཞིང་བཅུ་སྒྲོལ་བའི་ཕྱིར༔ འུག་གདོང་དམར་མོའི་ཐུགས༴མི་སྲུན་ཤ་ཟའི་གཡུལ་བཟློག་ཕྱིར༔ ཁྭ་གདོང་སེར་མོའི་ཐུགས༴བདག་རྟོག་རོ་ལ་ཟ་བའི་ཕྱིར༔ དུར་བྱའི་གདོང་ཅན་ཐུགས༴སྲིད་པ་རུ་རློག་བྱེད་པའི་ཕྱིར༔ མཐིང་ནག་སྦྲུལ་གདོང་ཐུགས༴དེ་དག་འཁོར་དུ་གཏོགས་པ་ཡི༴མཁའ་འགྲོ་བརྒྱད་དང་དེ་ཡི་འཁོར༔ མི་སྲུན་སྡེ་བརྒྱད་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས༔ ཧཱུྃ་ཧྲཱིཿམེ་ལོང་ཡེ་ཤེས་རང་གདངས་རྩལ༔ སྙིང་རྗེའི་ཚད་མེད་ཞི་བའི་སྐུ༔ རང་འདྲའི་སྤྲུལ་པས་ཞེ་སྡང་འཇོམས༔ ལྕགས་ཀྱུ་མ་ཡི་ཐུགས༴མཉམ་ཉིད་ཡེ་ཤེས་གདངས་རྩལ་ལས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ རང་འདྲའི་སྤྲུལ་པས་ང་རྒྱལ་འཇོམས༔ ཞགས་པ་མ་ཡི་ཐུགས༴སོར་རྟོག་ཡེ་ཤེས་གདངས་རྩལ་ལས༔ དགའ་བ་ཚད་མེད་དབང་གི་སྐུ༔ རང་འདྲའི་སྤྲུལ་པས་འདོད་ཆགས་འཇོམས༔ ལྕགས་སྒྲོག་མ་ཡི་ཐུགས༴བྱ་གྲུབ་ཡེ་ཤེས་གདངས་རྩལ་ལས༔ བཏང་སྙོམས་ཚད་མེད་དྲག་མོའི་སྐུ༔ རང་འདྲའི་སྤྲུལ་པས་ཕྲག་དོག་འཇོམས༔ དྲིལ་བུ་མ་ཡི་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས༔ ཧཱུྃ་ཧྲཱིཿགཞན་ཡང་ཀུན་ཏུ་བཟང་མོ་ཡི༔ ཆོས་ཀྱི་དབྱིངས་ནས་གར་བསྒྱུར་བའི༔ སྒྱུ་འཕྲུལ་དབང་མོ་ཉི་ཤུ་བརྒྱད༔ དུར་ཁྲོད་གནས་ཡུལ་མཁའ་སྤྱོད་དུ༔ ཅིར་ཡང་མ་ངེས་ཆོ་འཕྲུལ་བསྒྱུར༔ མ་མོ་མཁའ་འགྲོ་ཤ་ཟ་མོ༔ ཤུགས་འགྲོ་ལ་སོགས་དམ་ཅན་གྱི༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་ལུས་མཁའ་འགྲོའི་ཚོགས་རྣམས་ཀྱི༔ ཐུགས་དམ་བསྐང་བའི་དམ་རྫས་སོགས༔ ཧཱུྃ་ཧྲཱིཿའཇིགས་རུང་དུར་ཁྲོད་བསིལ་བའི་ཚལ༔ དོན་ལ་དག་པ་མཁའ་སྤྱོད་ན༔ སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ འཁོར་འདས་དབང་མོའི་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས༔ ཧཱུྃ་ཧྲཱིཿབྱང་ཤར་མུ་ལེ་གཏིང་གི་རུང༔ ཁྲག་ཞག་རྦད་ཀློང་འཁྲིགས་པའི་མཚོར༔ སྔགས་བདག་སྲིད་པའི་རྒྱལ་མོ་ཆེ༔ རེ་མ་ཏཱི་ཡི་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས༔ ཧཱུྃ་ཧྲཱིཿརབ་འཇིགས་དུར་ཁྲོད་ཧེ་ཆེན་བརྡལ༔ བདེ་ཆེན་དབང་དྲག་རོལ་པ་ནས༔ ཁམས་གསུམ་དབང་སྡུད་ཧེ་རུ་ཀ༔ གནོད་སྦྱིན་དམར་ནག་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས༔ ཧཱུྃ་ཧྲཱིཿཕོ་བྲང་མཁའ་སྤྱོད་ཙཱ་རིའི་གནས༔ དོན་ལ་བདེ་ཆེན་པད་འོད་ནས༔ ཞིང་སྐྱོང་མགོན་པོ་ཆེ་བའི་མཆོག༔ ལྷོ་བཙན་ནག་པོའི་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་སོགས༔ ཧཱུྃ་ཧྲཱིཿགནས་ཡུལ་དུར་ཁྲོད་མཁའ་སྤྱོད་ཉུལ༔ ཟས་སུ་བསྟན་དགྲའི་ཤ་ལ་རྔམས༔ སྐོམ་དུ་དམ་ཉམས་སྙིང་ཁྲག་གསོལ༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་བྱེད༔ དཀོན་མཆོག་དབུ་འཕང་བསྟོད་ཅིང་བཏེགས༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་གྲོགས༔ དམ་ཉམས་སྲོག་གི་གཤེད་མར་ཆེ༔ དམ་ཅན་རྒྱ་མཚོའི་ཐུགས༴དྲེག་པ་ཕོ་མོའི་ཐུགས༴ལྷ་སྲིན་སྡེ་བརྒྱད་ཐུགས༴ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཀྱེ༔ དགོངས་ཤིག་རྩ་གསུམ་དམ་ཅན་ཚོགས༔ བདག་གི་འཁོར་ཚེ་ཐོག་མེད་ནས༔ མ་རིག་དབང་གྱུར་འཁྲུལ་པ་ཡིས༔ ཉེས་བྱས་ཉམས་ཆག་ཐམས་ཅད་ཀུན༔ མི་གསང་མི་སྦེད་མཐོལ་ལོ་བཤགས༔ གདོད་ནས་རང་རིག་ཀུན་བཟང་མོ༔ མ་བཅོས་སྐྱེ་མེད་ཆོས་སྐུར་གནས༔ མ་རྟོགས་ལོག་པའི་ལམ་ཞུགས་ཏེ༔ གཟུང་འཛིན་འཁྲུལ་པའི་ཉེས་བྱས་གང་༔ ཆོས་ཉིད་རོལ་པའི་ངང་དུ་བཤགས༔ སྨིན་གྲོལ་ལམ་གྱི་སྒོར་ཞུགས་ཏེ༔ ཁས་བླངས་སྡོམ་བཟུང་དམ་བཅས་པ༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ ཉམས་ཆག་འགལ་འཁྲུལ་གྱུར་པ་རྣམས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ བསྒྲུབ་དང་དཀྱིལ་འཁོར་སྒོར་ཞུགས་ནས༔ སྣང་བ་ལྷ་ཡི་དཀྱིལ་འཁོར་དང་༔ སྒྲ་གྲགས་སྔགས་ཀྱི་དཀྱིལ་འཁོར་དང་༔ དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་དུ༔ མ་རྟོགས་འཁྲུལ་པའི་ཉམས་ཆག་ཀུན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ ངོ་བོ་སྟོང་པའི་གཞལ་ཡས་སུ༔ རང་རིག་ཀུན་བཟང་ཆོས་ཀྱི་སྐུ༔ རྟོག་ཚོགས་འཁོར་གྱི་རོལ་པར་གནས༔ མ་རྟོགས་སྣང་བ་དངོས་པོར་བཟུང་༔ ཡུལ་ལ་གཉིས་སུ་འཛིན་པ་ཡིས༔ ལམ་ལོག་ལམ་སྟོར་འཁོར་བར་འཁྲུལ༔ ཉེས་བྱས་ཉམས་ཆག་འཁྲུལ་རྟོག་ཀུན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཚང་བར་བརྗོད༔ དེ་ལྟར་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཇུག་པའི་རྣལ་འབྱོར་གང་དག་གིས༔ ཉམས་ཆག་རྟོག་སྒྲིབ་སྦྱང་བ་དང་༔ བསོད་ནམས་ཚོགས་གཉིས་རྫོགས་པའི་ཕྱིར༔ གཉེན་པོ་བཞི་ཡི་སྟོབས་བསྐྱེད་ཅིང་༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བློས་བླངས་མཆོད་པའི་སྤྲིན་ཕུང་དུ༔ སྒྱུར་དེ་ཚོགས་ཀྱི་ཞིང་དུ་འབུལ༔ དེ་ལྟར་ཚུལ་བཞིན་གནད་ལྡན་པས༔ ཚོགས་རྫོགས་གང་བརྩམ་ཕྲིན་ལས་འགྲུབ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གཉེར༔ སྒྲུབ་པོའི་བར་ཆད་རྐྱེན་བཟློག་ཅིང་༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རང་སློབ་དམ་པ་ཀློང་ཆེན་ཞེས་བྱ་བ་དང་༔ ངག་དབང་ཕྲིན་ལས་གཉིས་ཀྱིས་འབད་པ་ཆེན་པོའི་སྒོ་ནས་ནན་དུ་བསྐུལ་ངོར་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་རིས་བྱེད་ཀྱང་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།